ཁང་ཚན་གྱི་གཉེར་པ།
འདུས་མང་གིས་འོས་བསྡུ། ལས་ཡུན་ལོ་གཅིག །མཚན་ཐོ་རྒན་རིམ་བཞིན་འཁུར་དགོས་པ་ཡིན། ལས་མི་གཉིས།
ལས་འགན་གཙོ་བོ་ནི། ཁང་ཚན་གཉེར་པའི་ཁོངས་ཀྱི་རྒྱུ་བཅའ་དངོས་ཡོད་ཚད་དང་། ཚོམས་ཁང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ལ་བདག་གཉེར་དོ་དམ། ཁང་ཚན་ལ་བསྙེན་བཀུར་དང་ཞབས་རིམ་སྒྲུབ་མཁན་དག་ལ་སྣེ་ལེན་བྱེད་པ། ཁང་ཚན་རང་ངམ་ཡང་ན་ཉག་རེ་ཁང་ཚན་གང་ཁེལ་བ་ཡིན་ན་གྲྭ་ཚང་དང་ཁང་ཚན་དུ་དགེ་བཤེས་གཏོང་སྒོ་སོགས་བསྙེན་བཀུར་འབུལ་མཁན་བྱུང་ཚེ་འགྲོ་རེས་གཏོང་བ་དང་བཞེས་ལག་ལ་ལྟ་རྟོག་བྱེད་པ། ཁང་ཚན་གྱི་ལོ་གཅིག་གི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལ་བཞེས་ལག་གོ་སྒྲིག་སོགས་འགན་ལེན་གཙང་མ་འཁུར་དགོས་པ། ཚོམས་ཁང་དང་རུང་ཁང་གཉེར་པའི་ལས་ཤག་སོགས་ལ་བདག་སྐྱོང་དང་ལོ་གཅིག་སོང་མཚམས་ཁང་ཚན་གཉེར་པའི་ཁོངས་གཏོགས་ཀྱི་བཅའ་དངོས་ཡོད་དོ་ཅོག་ལ་རྩིས་གཙང་འཐུས་སྒོ་ཚང་བ་ལས་བྱེད་ལྷན་ཚོགས་སུ་འབུལ་དགོས་པར་མ་ཟད། ལས་བྱེད་ལྷན་ཚོགས་ཀྱི་དགོངས་དོན་བཞིན་ལྷག་མཆོད་ཟབ་རྒྱས་བཏང་སྟེ། ཁང་ཚན་ཚོགས་དབུས་སུ་རྩིས་ཐོ་སྙན་སྒྲོན་གཙང་མ་བྱེད་དགོས།