བཙུན་མའི་དགོན་བདེ་ཆེན་ཆོས་འཁོར་གླིང་།

ན་མོ་གུ་རུ་བཛྲ་ཊཱ་ཀི་ཎི་ཡེ།
ཟབ་གསལ་གཉིས་མེད་ཡེ་ཤེས་ཆེན་པོའི་སྐུ།།
རྣལ་འབྱོར་མ་མཆོག་པདྨས་རྗེས་བསྐྱངས་པའི།།
འགག་མེད་བདེ་བ་ཆེན་པོའི་ཡེ་ཤེས་གང་།།
བདེ་ལེགས་སྩོལ་མཛད་ལྷག་པའི་ལྷ་དེར་འདུད།།

དེ་ཡང་བཙུན་མའི་དགོན་བདེ་ཆེན་ཆོས་འཁོར་གླིང་ནི། རྔ་ཡུལ་བསུ་སྨད་མཁའ་འགྲོ་འདུ་གནས་སུ། རྗེ་ཁཱ་ཤཱི་དཔོན་སློབ་ངག་དབང་ཕུན་ཚོགས་རིན་པོ་ཆེའི་སྐུ་ཚེའི་སྨད་དུ་ཁུ་སིམ་དབེན་པའི་གནས་སུ་མཐོང་བར་ཁཱ་སྒོ་སྡུན་གཉིས་ཀྱིས་ཐོག་མར་གཟིམས་ཁང་ཆུང་ངུ་ཞིག་གསལ་དུ་བཞེངས། དེ་རྗེས་རྗེ་ཉིད་དཔལགསང་བ་འདུས་པའི་བསྙེན་འཚམས་སོགས་གསང་སྔགས་ཟབ་མོའི་ཐུན་མཚམས་སུ་རིམ་པར་དུས་ལས་འདའ་བར་བཞུགས་ཤིང་། དེ་རྗེས་སྐུ་ཚ་འདུལ་བ་མཁན་པོ་ཡང་ཁོང་གི་རྒྱུན་བསྐྱངས་ཏེ་སྒྲུབ་པ་མཛད། དེ་རྗེས་དེར་སྐྱབས་མགོན་དམ་པའི་་དངོས་སློབ་འགའ་ཡོད་ཅེས་སྨྲ་བ་ལས་ཨ་རྒན་ནས་འཁྲུངས་པའི་དབུས་ཀྱི་ལྷ་རམས་པ། ལྷ་མོའི་ཁྲི་མཛད་པ་རྗེ་བློ་བཟང་ཚུལ་ཁྲིམས་འདིར་བཞུགས་ནས་ཡ་མ་ར་ཛའི་བསྙེན་འཚམས་སོགས་སུ་བཞུགས། དེ་རྗེས་སྐྱབས་མགོན་སྐུ་ཕྲེང་གསུམ་པས་རྗེ་གོང་མའི་ཕྱག་བཞེས་ལྟར་འཇིགས་བྱེད་བསྙེན་འཚམས་དང་ན་རོ་མཁའ་སྤྱོད་མའི་གདམས་པ་ཉམས་བཞེས་མཛད་པས་མཁའ་སྤྱོད་མས་ཞལ་གཟིགས་པ་དང་། རི་ཁྲོད་དེ་མཁའ་སྤྱོད་མའི་གནས་སུ་བྱིན་གྱིས་རླབས། ཁོང་གིས་གཅོད་ཀྱི་གདམས་པ་མང་བོ་སྤེལ། དེ་དུས་ཨ་རྒན་དུ་ལབ་ཙེ་བཞགས། སྲས་ཀྱི་ཐུ་བོ་ཕ་མཐའ་ཆོས་རྒྱན་ལ་འདི་ནས་སྒྲུབ་པ་མཛད་དགོས་པའི་བཀའ་བསྩལ། དེ་རྗེས་ཕ་མཐའ་མཆོག་གིས་འགྲོ་དོན་འཕེལ་བ་ད་ལྟ་ཚད་ཐུབ་ལོ་རྒྱུས་རུ་སྐུ་ཕྲེང་རིམ་བྱོན་གསལ་བ་འདི་ཡིན་ཞིང་། རི་ཁྲོད་འདི་རྗེ་ཁཱ་ཤཱི་དཔོན་སློབ་ཀྱིས་དགོན་མ་ལག་སྒྲུབ་སྡེ་བརྒྱད་བཏབ་པའི་ནང་ཚན་ཡིན་པ་ལོ་རྒྱུས་དུ་མས་ར་སྤྲོད་བྱེད་འ དུག་ཅེས་ཁཱ་ཤེས་རབ་ཀྱིས་བརྩམས་པའི་ཁཱ་ཤཱི་དགོན་གྱི་ལོ་རྒྱུས་ལས་བཤད། ཕ་མཐའ་བློ་བཟང་ཆོས་རྒྱན་སྤྱི་ལོ་ ༡༨༩༠ ཡས་ཡས་མས་སུ་རི་ཁྲོད་དེར་བཞུགས་ནས། བཙུན་མ་ཁ་ཤས་ལ་རབ་བྱུང་སྒྲུབ་སྟེ་ཆོས་ལམ་ལ་བཀོད། སྐུ་འདས་ཁར་ཁོང་སྤྲོ་ཚིགས་དབོལ་བོ་ཚང་ལ་ཕེབས་དགོས་གསུངས་ཏེ་སྐུའི་བཀོད་པ་དབྱིངས་སུ་ཐིམ། སྤྱི་ལོ་ ༡༩༡༤ལོར་སྤྲོ་ཚིགས་དབོལ་བོ་ཚང་ལ་སྐུ་འཁྲུངས་ཏེ། པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མས་ངོས་འཛིན་མཛད། མཚན་འཇམ་དབྱངས་བསྟན་འཛིན་གསོལ། སྤྱི་ལོ་༡༩༧༥ ལོར་འདས། བློ་བཟང་འཕྲིན་ལས་ཚང་གླིང་འདིར་བཞུགས་ནས་རྣལ་འབྱོར་མའི་བསྙེན་ཆེན་མཛད་ནས་གནས་བྱིན་གྱིས་བརླབས། བློ་བཟང་འཕྲིན་ལས་ཀྱི་སློབ་མ་རྗེ་སྐལ་བ་བཟང་བོའི་སྐུ་འདས་ཁར་ཞལ་ཆེམས་ཀྱི་ཚུལ་དུ་ལུང་བསྟན་ལ། རྗེས་སུ་ཡབ་རྗེ་ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་འདི་ཕྱོགས་སུ་ཕེབས་ན་དགོན་མགོ་ཁོང་ལ་ཕུལ་ན་རི་ཁྲོད་འདི་དར་ཞིང་རྒྱས་པར་ལུང་བསྟན། སྤྱི་ལོ་ ༡༩༨༦ལོར་རྔ་བ་རྫོང་མི་དམངས་སྲིད་གཞུང་གིས་རི་ཁྲོད་འདིར་ཡང་ཆོས་སྒོ་ཕྱེས་ཤིང་ཆོས་ལུགས་བྱ་འགུལ་བྱེད་ཆོག་པའི་ཆོག་་མཆན་གནང་། དེའི་ཕྱི་ལོར་འདུ་ཁང་ཀ་བ་དྲུག་ཅན་བཞེངས། སྤྱི་ལོ་༡༩༨༨ ལོར་ཨ་མཆོག་སྤྲུལ་སྐུའི་ཆིབས་ཁ་འདི་ཕྱོགས་སུ་བསྒྱུར་སྐབས་ཁོང་ལ་དགོན་མགོ་ཕུལ་བའི་ཁོང་གིས་ཐུགས་དགྱེས་པ་ཆེན་པོས་ཞལ་བཞེས་གནང་བ་མ་ཟད་བཅའ་ཡིག་གསར་རྩོམ་མཛད་ནས་དགོན་འདི་ལ་བདེ་ཆེན་ཆོས་འཁོར་གླིང་ཞེས་མཚན་བསྩལ། དེའི་ཕྱི་ལོར་པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་ཨ་མཆོག་ཚང་པེ་ཅིན་ནང་བསྟན་སློབ་གྲྭས་གདན་འདྲེན་ཞུས་པ་ལྟར་ཕེབས། ཕེབས་ཁར་སེར་སྐྱེ་སྤྲུལ༌སྐུ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ལ་བཅོལ་གདམས་ནན་ཞུ་བྱས། སེར་སྐྱེ་སྤྲུལ་སྐུས་ཁོང་གི་བཀའ་བཞིན་ཆོས་སྲིད་གང་ཐད་ནས་ཐུགས་ཁུར་ལྷོད་མེད་གནང་། དགེ་ཚུལ་མའི་སྡོམ་རྒྱུན་རྣམ་པར་དག་པ་བསྩལ་པའི་བཙུན་མ་༢༧༠ལྷག་འདུས་པས་ཆོས་སྡེ་ཆེན་པོར་གྱུར། སེར་སྐྱེ་ཚང་གི་འཕྲིན་ལས་ལ་བརྟེན་ནས།

འདུ་ཁང་ཀ་བ་ཞེ་གཉིས་གསེར་ཚོན་སྤེན་པད་གསེར་ཟངས་ལས་གཉྫུ་ར་དང་བཅས་པ། ནང་རྟེན་གསེར་ཟངས་ཀྱི་རྣལ་འབྱོར་མའི་སྐུ་ཆེ་ཆུང་གཉིས། སྐུ་ཆེ་བ་ལ་ཁྲུ་ཙི་གསུམ་ལྷག་ཙམ་ཡོད། སྨན་སྤོས་ལས་གྲུབ་པའི་སྐུ་ཆེ་ཆུང་དུ་མ། ཞལ་ཐང་བརྒྱ་ཕྲག་ལྷག གྱན་ཐང་ཞལ་ཁེབ་ཅན་མང་བོ། གསུང་རྟེན་བཀའ་བསྟན་བཀའ་་འབུམ་མང་བོ། བཀའ་འགྱུར་དང་མ་ཎི་སོགས་ཀྱི་དུང་འཁོར་དང་འཁོར་འཕྲེང་དུ་མས་སྐོར་བ། ཚོགས་འདོན་གྱི་རིམ་པ་ནི། བླ་མཆོད། སྨོན་ལམ་ལྔ་སོགས་ཆོས་སྤྱོད་མང་བོ། སྨོན་ལམ་སྐབས་སུ་མཆོད་འཕྲེང་རྒྱས་པ། རྣལ་འབྱོར་མ་དང་ཁྲོས་ནག་གི་སྒྲུབ་མཆོད་དུས་བཞི་རེ་རེ་ལ་སྦྱིན་སྲེག་དང་བཅས་པ། ཟླ་རེ་བཞིན་ཚེས་བཅུ་དག་ཆགས་མེད། བཙུན་མ་རྒན་གཞོན་རྣམས་ཀྱིས་འགྲིག་ཁྲིམས་བརྩི་སྲུང་སོགས་ཆ་གང་ཐད་ནས། སྐལ་ལྡན་དྭངས་པ་འདྲེན་པའི་དམིགས་རྐྱེན་དང༌། འབྱོར་ལྡན་བསོད་ནམས་གསོག་པའི་ཡུལ་དུ་གྱུར་པའི་གྲགས་སྙན་ཀུན་ཏུ་རྒྱས་པ་འདིའོ། །གཞན་ཡང་ཡང་སེར་སྐྱེ་སྤྲུལ་སྐུ་དགུང་གྲངས་བརྒྱད་ཅུར་སླེབ་པའི་དུས་སུ་ཡང་། གླིང་འདིར་ལོ་རེ་བཞིན་ལན་དུ་མར་བྱོན་ནས་དབང་བཀའ་སོགས་འདོད་ཆོས་དུ་མས་རྒྱུད་སྨིན་པར་བྱེད་པ་མ་ཟད། ཆོས་ཁྲིམས་སོགས་ཀྱི་སྐོར་ལའང་གཟིགས་པ་ཚད་མེད་པས་བསྐྱངས་དང་སྐྱོང་བཞིན་པའི་སྐབས་འདི་ལགས་སོ།།