རྒྱལ་བསྟན་གངས་ཀྱི་རི་ལ་གནས་བཅས་ཤིང་།།འཛིན་མའི་རྡུལ་ལས་བརྒལ་བའི་སྐྱེ་དགུའི་མགོན།།
ལུང་རིག་མཆེ་སྡེར་འབར་བའི་གདོང་ལྔ་བ།།བསྐལ་བ་རྒྱ་མཚོའི་བར་དུ་སྤྱི་བོར་འཛིན།།
གཞུ་ཤུབས་དགོན་དགའ་ལྡན་བསམ་གཏན་གླིང་ནི།རབ་བྱུང་བདུན་པའི་ལྕགས་ཕོ་སྟག་སྤྱི་ལོ་ ༡༤༡༠ལོར་རྗེའི་དངོས་སློབ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་དབེན་དགོན་བརྒྱ་དང་བརྒྱད་བཏབས་པའི་ནང་ཚན་ཨ་ཁྱམས་ཡུལ་གྱི་གྱ་གྱུའི་ལམ་གྱི་གཡོན་ཟུར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གནས་ཏེ་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གསལ་ཞིང་མཛེས་པ་དེར། གྱ་གྱུའི་དགོན་གསང་སྔགས་དར་རྒྱས་གླིང་བཏབ། དེར་ལྷ་ཁང་དང་འདུ་ཁང་རྣམས་སུ་རྟེན་གཙོ་འཇིགས་བྱེད་རང་བྱོན། སྐྱེས་རབས་སོ་བཞི། རྟོགས་བརྗོད་བརྒྱ་བ། རྗེའི་རྣམ་ཐར་དང་མ་ཅིག་གི་རྣམ་ཐར། པཎ་ཆེན་རྣམ་ཐར། གཞན་ཡང་སྐུ་གསུང་ཐུགས་རྟེན་འདྲ་སྐུ་སོགས་བྱིན་ཅན་མང་བོ་དང་། བཀའ་བསྟན་བཅོས་སོགས་གསུང་རྟེན་སྣ་ཚོགས་ཡོད་ཀྱང་དམར་དམག་གིས་ལྷག་མེད་བཏང་། དེ་ནི་སེར་སྐྱེ་སྐུ་ཕྲེང་ ༡༣ གྱིས་བསྐྱངས། སེར་སྐྱེ་སྐུ་ཕྲེང་༡༤་བ་དགའ་ལྡན་ཤར་རྩེ་སོག་པ་མཁན་པོ་སེར་སྐྱེ་ལྷ་རམས་པ་ངག་དབང་ཆོས་འཛིན་གྱིས་གྱ་གྱུའི་དགོན་གྲོང་སྡེ་དང་ཉེ་ཚེ་བས་ཆོས་སྒྲུབ་པའི་གེགས་སུ་འགྲོ་བར་དགོངས་ནས་རྒྱང་གྲགས་ལས་བརྒལ་ཕྱིར་གྱ་གྱུའི་ལམ་གྱི་རྩེ་མོར་གནས་སྤོར་མཛད་དེ་གཞུ་ཤུབས་དགོན་དགའ་ལྡན་བསམ་གཏན་གླིང་ཞེས་མཚན་གསོལ་ཏེ་བཅའ་ཡིག་སོགས་མཛད་ནས་ལུང་དང་རྟོགས་པའི་བསྟན་པའི་དགའ་ཚལ་ཆེན་པོར་གྱུར། རིམ་བཞིན་སེར་སྐྱེ་སྐུ་ཕྲེང་ ༡༤ནས་༢༠ བར་་གྱིས་བསྐྱངས་པ་དང་།གཞན་ཡང་ཝ་འབའ་དགེ་བཤེས་ངག་དབང་ཕུན་ཚོགས་དང་དེའི་ཡང་སྤྲུལ་སེར་སྐྱེའི་ཚ་བུ་གཞུ་ཤུབས་སྤྲུལ་སྐུ་རིམ་བྱོན་སོགས་ཀྱིས་བསྐྱངས། ད་ལྟ་སེར་སྐྱེ་སྤྲུལ་སྐུ་སྐུ་ཕྲེང་༢༠ འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་སྐྱོངས་བཞིན་པའི་སྐབས་སོ། །རྟེན་གཙོ་འགའ་ཞིག་གི་རིམ་པ་ནི། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཐོག་ཚད་མ་རེ་རེ། ལི་ལས་གྲུབ་པའི་ཐུབ་སྐུ། གསེར་ལས་གྲུབ་པའི་གནས་བཅུ་རྒྱ་ནག་མ་དང་སྒྲོལ་མ་ཉེར་གཅིག ཨོ་རྒྱན་རིན་པོ་ཆེའི་སྐུ། ཡང་གནས་བརྟན་བཅུ་དྲུག་དང་ཨ་མཆོག་གི་སྐུ་བརྙན་སོགས་སྤོས་སྐུ་མཐོང་གྲོལ་མང་བོ། ཙན་དན་སོགས་ཤིང་ལས་གྲུབ་པའི་བྱམས་པ། སྤྱན་རས་གཟིགས་བཅུ་གཅིག་ཞལ་གཉིས། ཇོ་བོ་སོགས་ཤིང་སྐུ་སྣ་ཚོགས། གཞན་ཀླུང་རྡོལ་ཕྱག་ཚ་སོགས་འཇིམ་སྐུ་ཆེ་ཆུང་མཐའ་ཀླས་པ་ལ་གཟུངས་འབུལ་རྟེན་བཞུགས་རབ་གནས་སོགས་ཚད་ལྡན་མཛད་པའི་བྱིན་རླབས་ཀྱིས་འོད་འཚེར་བ་སོགས་སྐུ་རྟེན་སྣ་ཚོགས།སེར་སྐྱེས་དགའ་ལྡན་ནས་གདན་དྲངས་པའི་ཆོས་རྒྱལ་ཞལ་འབག་བྱིན་ཅན་དང་བསྭེ་ཁྲབ་ཀྱི་བཙན་མདུང་དང་བཙན་ཞགས་སོགས་བྱིན་ལྡན་མང་བོ། སྐྱེས་རབས་སོ་བཞི་ཚར་གཉིས་རྗེའི་རྣར་ཐར་དགུ་ཐང་གྱན་ཐང་སྣ་ཚོགས་དཀྱིལ་འཁོར་དང་ཞིང་བཀོད་བྲིས་སྐུ་བརྒྱ་ཕྲག་མང་བོ། གཞན་ཡང་སྡེ་དགེའི་བཀའ་འགྱུར་གཉིས།བསྟན་འགྱུར་གཉིས། རྩེ་ཤོད་བཀའ་འགྱུར་གསུམ། སྣར་ཐང་བཀའ་འགྱུར་གཅིག སྐད་གསུམ་ཤན་སྦྱར་གྱི་བརྒྱད་སྟོང་པ་ཚར་བརྒྱ། ཅོ་ནེའི་ཡུམ་གཅིག རྗེ་ཡབ་སྲས་ཀྱི་གསུང་འབུམ་འཇམ་དབྱངས་བཞད་པའི་གསུང་འབུམ། ཨ་མཆོག་གསུང་འབུམ། ཨ་ལགས་བླ་ཁོ་རིན་པོ་ཆེའི་གསུང་འབུམ། འཇིགས་མེད་དབང་བོའི་གསུང་འབུམ། བསྟན་པའི་སྒྲོན་མེའི་གསུང་འབུམ། ཨ་ཀྱཱ་སྔ་ཕྱིའི་གསུང་འབུམ། ལམ་སྔགས་བསྐྱེད་རྫོགས་སོགས་གསུང་རྟེན་གྲངས་མེད། སྐུ་གདུང་ཆེ་ཆུང་བདུན། གཞན་ལས་ཁྱད་འཕགས་དྲི་མེད་རྣམ་གཉིས་ཀྱི་སྒོ་ནས་བཏང་པའི་མཆོད་རྟེན་རྒྱལ་བའི་རང་བསྲེལ་དང་སྐུ་བརྙན་གསུང་རབ་སོགས་རྙེད་པར་བཀའ་
བའི་རྟེན་གདུང་ཆེན་མོ་སོགས་བཞུགས་ཀྱང་བསྟུད་མར་རྒྱ་དམག་འོང་ནས་ལྷག་མེད་དུ་གཏོར། འོན་ཀྱང་དུས་རབས་གསར་བའི་དགའ་སྟོན་འོག་སེར་སྐྱེ་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོའི་ཐུགས་རྗེ་ལས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་མཛད། ད་ལྟ་རྒྱུ་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་རྟེན། བྱམས་སྐུ་ཆེན་མོ་གསུམ་ཐོག་མ། ཉེ་སྲས་བརྒྱད་དང་ཇོ་བོ། རྗེ་ཡབ་སྲས་གསུམ་ཐུགས་རྗེ་ཆེན་པོ་སོགས་ཐོག་ཚད་རེ་རེ་དང་། གསང་འདུས། བདེ་མཆོག འཇིགས་བྱེད། བྱམས་པ། དཔའ་ཅིག ཆོས་སྐྱོང་སོགས་སྤྱི་ཁྲུ་གཉིས་ལྷག ཐུབ་སྐུ་ལི་མ་རྡོར་གདན་མ་དུ་མ། སྒྲོལ་སྐུ་ལི་མ། གནས་བརྟན་བཅུ་དྲུག་དུ་མ| ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་གཉིས་། འཇམ་དབྱངས་བཞད་པ། ཀློང་རྡོལ་ཐུགས་རྗེ་ཆེན་པོ། གཞན་དཔར་ཤིང་སྐུ་རྟེན་སྣ་ཚོགས།བྲིས་སྐུའི་རིམ་པ་ཡང་སྐྱེས་རབས་སོ་བཞི་བ་གཉིས་རྗེའི་རྣམ་ཐར། མ་ཅིག་རྣམ་ཐར། དགུ་ཐང་གཉིས་མཛད་བཅུ། ཨ་མཆོག་སྐྱེས་རབས། སེར་སྐྱེའི་སྐྱེས་རབས། ཞིང་བཀོད་སྣ་ཚོགས།གསང་བདེ་འཇིགས་གསུམ། ཀུན་རིག་མི་འཁྲུགས་པ། དུས་འཁོར། རྣམ་སྣང་མངོན་བྱང༌། འོད་དཔག་མེད། སྨན་བླ། ཚེ་ལྷ་རྣམ་གསུམ། རྒྱན་དྲུག་མཆོག་གཉིས། གནས་བཅུ། ཆོས་སྐྱོང་མང་བོའི་ཞལ་ཐང་དང་གྱན་ཐང་སོགས་མང་བོ། གསུང་རྟེན་ལ། སེར་སྐྱེ་ཚང་གིས་གནང་བའི་རྩེ་ཤོད་བཀའ་འགྱུར། འབར་ཁམས་བཀའ་འགྱུར་ཚར་གཉིས། །
བསྟན་འགྱུར། འབུམ། ལམ་སྔགས། རྗེ་ཡབ་སྲས་ཀྱི་གསུང་འབུམ། ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ངག་དབང་ཆོས་ལྡན་གྱི་གསུང་འབུམ། དངུལ་ཆུའི་གསུང་འབུམ་སོགས་པོ་ཏི་སྟོང་ཕྲག་མང་བོ། ཐུགས་རྟེན་ལ། སེར་སྐྱེ་ངག་དབང་ཆོས་འཛིན་གྱི་སྐུ་གདུང་། གཞུ་ཤུབས་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་རྒྱ་མཚོའི་སྐུ་གདུང་། པཎ་ཆེན་རིན་པོ་ཆེའི་སྐུ་གདུང་། གཞན་མཆོད་བརྒྱད་ཆ་ཚང་།རྟེན་གསུམ་གྱི་མཛོད་སྡེ་མཆོད་རྟེན་མཐོང་གྲོལ་ཆེན་མོའི་རྟེན་གསུམ་དཀར་ཆག་ལྟར་གྲངས་ཀྱིས་མི་ཟིན་པ་ལྟ་བུའོ། །གྲྭ་གྲངས་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་བཞི་ཙམ་བཞུགས། །
སྨྲས་པ། །
རྨད་བྱུང་གཙང་མའི་ཁྲིམས་ཀྱིས་ཉེར་མཛེས་པའི།
སྡེ་འདིའི་རྣམ་དཀར་སྤྲིན་སྟུག་བཀོད་པ་ལས།
སྐྱེ་དགུའི་གདུངས་སེལ་དམ་ཆོས་གྲུ་ཆར་གྱིས།།
རྣམ་ཀུན་མཁྱེན་པའི་ས་བོན་མྱུར་སྨིན་ཤོག །
མཐའ་བྲལ་སྐྱེ་བོས་གུས་མཆོད་ལྷུར་ལེན་ཀྱང་།།
བཤད་སྒྲུབ་འཁོར་ལོ་གསུམ་གྱིས་རྒྱལ་བའི་བསྟན།།
མི་ཉམས་སྲིད་མཐར་སྤེལ་བའི་དགའ་སྟོན་ལ།།
རྣམ་ཀུན་ལས་བཞི་ལྷུན་གྱིས་འགྲུབ་པར་ཤོག །