བྲག་དཀར་དགོན་བཀྲ་ཤིས་དགེ་འཕེལ་གླིང་ནི། ཕྱོགས་བཞི་ཆོས་རྗེ་བསམ་འགྲུབ་ཚང་གིས་བཏབ། འདེབས་ལོ་གསལ་བོ་མ་ངེས་ནའང་། འདི་བ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སློབ་མ་ཡིན་པར་བཤད་པས། པཎ་ཆེན་འདི་བ་རབ་བྱུང་བཅུ་བའི་ལྕགས་སྟག་ལོར་འཁྲུངས་ཤིང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་འདས་པ་དང་བསྡུར་ན། རབ་ཕྱོགས་ཀྱི་སྨད་དམ་རབ་དྲག་གི་སྟོད་ཅིག་ཏུ་བཏབ་པར་འདྲ། མདོ་སྨད་ཆོས་འབྱུང་ལས་སྔོན་མ་ཞིག་གིས་བར་བཞིར་དགོན་པ་བཞི་བཏབ་གསུངས་པ་དེའི་འདེབས་པ་བོ་དང་དགོན་པ་བཞི་བོའི་མིང་ཙམ་ཡང་མི་ངེས། གང་ལྟར་ཡང་ཆོས་རྗེ་བསམ་འགྲུབ་ཚང་བར་བཞིའི་དགོན་པར་བཞུགས་པ་ན། འཛམ་ཐང་ཆོས་རྗེ་ཀོར་རྒྱལ་གྱིས་གྲུབ་མཐའི་དབང་གིས། མགོ་ལོག་དཔོན་ནག་ཐུར་བསྐུལ་བས་གནོད་འཚེ་དུ་མས་གཙེས་པ་ལ་བརྟེན་ནས་ཆོས་གོས་རྣམ་གསུམ་མནབ་བཞིན་མཁའ་ལ་འཕུར་ཏེ་རྔ་ཡུལ་ཕྱོགས་སུ་བྱོན་ནས། རྔ་སྟོད་དུ་རེ་ཞིག་བཞུགས། དེ་ནས་དགོན་འདི་བཏབ། དེའི་སྤྲུལ་སྐུ་ཕྱོགས་བཞི་བློ་བཟང་འཕྲིན་ལས་ཀྱིས་བཏབ་ཀྱང་ཟེར་གསུངས། དེའི་ཕྱོགས་བཞི་དགེ་བཤེས་བྱམས་པ་ཕུན་ཚོགས་ལ་གཏད། འདི་བ་སེར་སྨད་དུ་བྱོན་ནས་སློབ་གཉེར་མཛད་དེ་ལྷ་རམས་པ་ཐོན། རྒྱུད་སྨད་ནས་སྔགས་ཀྱི་དམ་བཅའ་དང་དགེ་བསྐོས་མཛད།རང་ཡུལ་དུ་བྱོན་ནས་ཕྱོགས་བཞི་བྱམས་པ་ཐར་འདོད་ཁྲིར་བསྐོས། ཉིད་ཐུགས་དམ་མཉམས་བཞེས་དང་། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཏབ་སྟེ་སྐལ་ལྡན་གྱི་གདུལ་བྱ་ཆེས་མང་བའི་རྒྱུད་སྨིན་པར་བྱས་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བཀོད། འདི་བར་སྐྱེ་བརྒྱུད་ཡོད་གསུངས། དེ་རྗེས་ཕྱོགས་བཞི་དཔོན་པོ་དཀོན་མཆོག་རྒྱ་མཚོ་སོགས་ཀྱིས་བསྐྱངས་ཞེས་གསུངས། ཕྱོགས་བཞི་དགེ་བཤེས་བྱམས་པ་ཕུན་ཚོགས་དང༌། ཕྱོགས་བཞི་བློ་བཟང་ཐོགས་མེད། ཕྱོགས་བཞི་བྱམས་པ་དགེ་ལེགས་གསུམ་ནི་སྐུ་སྤུན་ཡིན། ཕྱི་མས་སེ་ར་ནས་ཐོས་བསམ་བྱས། བླ་མ་བྱམས་པ་བསྟེན་ཏེ་འདུལ་བའི་བཅས་མཚམས་མཐའ་དག་མིག་གི་འབྲས་བུ་ལྟར་བསྲུངས། སྟོད་གངས་རིར་སྒྲུབ་པ་མཛད་་པའི་དུས། ཆོས་མཛད་ཐོགས་བློ་བཟང་ཐོག་མེད་དང་ཕྱོགས་བཞི་དགེ་བཤེས་གཉིས་འདི་བ་གདན་འདྲེན་དུ་བྱོན། ཁོང་ཕུར་ལྕོག་པའི་ཡོངས་འཛིན་ཡིན་སྟབས་གདན་འདྲེན་དཀའ་ཚེ། དགེ་བཤེས་ཀྱིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བཀའ་ཤོག་བླང་ནས་ཁོང་ལ་ཕུལ་བ་ལ་གཟིགས་པ་ན། དེར་མདོ་སྨད་དུ་ཕེབས་ན་བསྟན་འགྲོར་ཕན་པ་འབྱུང་ངེས་སོགས་མཐོང་བས་སྐྱོ་ཉམས་དང་བཅས་རང་ཡུལ་དུ་བྱོན། ལམ་དུ་སྤྱང་ལྟོགས་མི་ཟན་མང་དུ་འཕྲད་ཀྱང་ས་ལ་གནས་པའི་སེམས་དཔའ་ཆེན་པོ་ཡིན་པས་གནོད་པ་མ་བྱུང༌། རྭ་སྨད་དུ་བཀྲ་ཤིས་འབྱུང་ཞེས་པའི་རི་ཁྲོད་བཏབ། དེར་ཆོས་འཕེལ་དར་རྒྱས། །བ་མགོ་ཡོན་ཏན། མདོ་སྣ་ཚང་། བཅུད་ལེན་པ་ཨ་སིད་རི་ཁྲོད་པ། ཡེ་ཤེས་མཐའ་ཡས། འཕྲིན་ལས། ལྷ་མོའི་དགེ་སློང་བློ་བཟང་སོགས་འདུལ་བ་འཛིན་པ་བཅོ་ལྔ་ཙམ་འདུས་བ་སོགས། སྐུ་ཚེ་གང་བོར་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོའི་སྒོ་ནས་བསྐྱངས་པས་འཁོར་བའི་ཕུན་ཚོགས་མཐའ་དག་དུག་སྦྲུལ་གྱི་ཚང་དང་འདྲ་བ་མཐོང་སྟེ་ས་ལམ་གྱི་རྟོགས་པ་བཟང་བོ་མངོན་དུ་གྱུར་པ་ཤ་སྟག་གོ། ཁོང་ཏིང་ངེ་འཛིན་བརྟན་པས་ཐུན་གྱི་སྐབས་སུ་ཉེ་འཁོར་དུ་ཐོག་བབས་པ་མ་གསན།དགོན་འདིར་དམ་པ་དེ་ཉིད་ཀྱི་གདུང་རྟེན་དང་། རྒྱལ་དབང་སྐལ་བཟང་རྒྱ་མཚོས་ཕྱོགས་བཞི་ཆོས་མཛད་ཚང་ལ་གནང་པའི་ཐུབ་སྐུ་བྱིན་ཅན་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་འདྲ་སྐུ་གསུང་འབྱོན་མ། སྒྲོལ་མ་གསུང་འབྱོན་མ།ཤངས་མཚལ་གྱི་ཞལ་ཐང་། བཀའ་བསྟན་སོགས་རྟེན་གསུམ་ཤིན་ཏུ་མང་། ད་ལྟ་ཕྱོགས་བཞི་སྤྲུལ་སྐུ་ཀླུ་སྒྲུབ་རྒྱ་མཚོས་བསྐྱངས་བཞིན་པའི་སྐབས་ཡིན། འདི་བ་འཁྲུངས་ཡུལ་ཁྲོ་བཅུའི་ཡུལ་དུ་རབ་རྒྱལ་ས་སྟག་སྤྱི་ལོ་༡༩༣༧ལོར་འཁྲུངས། རྔ་ཡུལ་ཀིརྟིའི་ཆོས་གྲྭར་ཞུགས། ད་ལྟ་ཀིརྟི་དགོན་པའི་ཆོས་སྲིད་གཉིས་ཀྱི་གཙོ་འགན་བཞེས་ཏེ་བསྟན་འགྲོའི་བྱ་བ་རྒྱ་ཆེན་གྲུབ་དང་སྒྲུབ་བཞིན་ཞབས་པད་རྡོ་རྗེའི་ཁམས་སུ་བསྟན་པ་འདི་ལགས་སོ།།
བྲག་དཀར་དགོན་བཀྲ་ཤིས་དགེ་འཕེལ་གླིང་།
- Post author:GasharSockpa
- Post published:2020-02-18
- Post category:དགོན་སྡེ། / ལོ་རྒྱུས།