དགོན་གསར་དགོན་དགའ་ལྡན་འཇམ་དབྱངས་གླིང༌།

མཚན་ཉིད་དགོན་གྱི་སྒྲུབ་སྡེ་དགོན་གསར་དགའ་ལྡན་འཇམ་དབྱངས་གླིང༌ནི།

རྔ་བ་མཁར་རིས་སུ་གྲགས་པ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁ་གྱ་དགེ་བཤེས་མན་ངག་གསུམ་ལ་མཁས་པ་བློ་བཟང་ཚུལ་ཁྲིམས་ཀྱིས་བཏབ། གཞན་ཡང་དགའ་ལྡན་ཤར་རྩེ་སོག་པ་རབ་འབྱམས་པ་བློ་བཟང་ཕུན་ཚོགས་ཀྱིས་བཏབ་ཀྱང་ཟེར། ཁ་གྱ་དགེ་བཤེས་ཀྱིས་བསོད་གྲགས་པའི་གསང་འདུས་བསྐྱེད་རྫོགས་དཔར་དུ་བསྐྲུན། ལྷ་མོའི་ཀིརྟིའི་རྒྱུད་ཁྲི་མཛད། མངོན་སྤྱོད་ཀྱི་ལས་སྒྲུབ་པར་ཆོས་རྒྱལ་རང་བཞིན་དུ་འཁོར། སངས་རྒྱས་ལོག་པར་དད་སེལ་གྱི་ཞིང་ནས་བྱོན་པ་ཡིན་ཞེས་ཞལ་ལས་གསུངས། རྗེས་ནས་ཨ་མཆོག་རིམ་བྱོན་གྱིས་བསྐྱངས། ཨ་མཆོག་པཎྜི་ཏའི་སློབ་མ་ཀཱིརྟི་དགེ་བཤེས་བློ་བཟང་བྱམས་པས་བཤད་སྒྲུབ་མང་དུ་མཛད། ཁོང་གིས་བཞེངས་པའི་བྱམས་སྐུ་དང་རྗེའི་སྐུ་སོགས་སྐུ་རྟེན་མང་བོ། བཀའ་འགྱུར་དང་ལྔ་བའི་གསུང་འབུམ་སོགས་རྟེན་གསུམ་མཐའ་ཡས་བཞུགས་སོ། །གྲྭ་གྲངས་བཅུ་ཕྲག་གསུམ་ལྷག་ཡོད། དགེ་འདུན་སྤྲུལ་སྐུས་བསྐྱང༌། སྤྲུལ་སྐུ་འདི་བ་འཁྲུངས་པའི་ཡུལ་ནི་ཝ་བན་ཚང་གི་ནང་དུ་ཡབ་ཨ་དར་དང་ཡུམ་ཀུན་འཛོམས་གཉིས་ཀྱི་སྲས་སུ་༡༩༦༢ རབ་རྒྱལ་གྱི་བགྲང་བྱ་ཉེར་ལྔ་བ་ཆུ་སྟག་ལོར་སྐུ་འཁྲུངས། དགུང་ལོ་བཅུ་ནས་སུམ་ཅུའི་བར་སློབ་ཆུང་སློབ་གྲྭ་ཆེན་པོའི་བར་མཁས་པར་སྦྱངས།༡༩༩༢ ལོར་ཀན་ལྷོ་ཁུལ་ནས། མི་དོན་ཅུས་ནས་ལས་དོན་སྒྲུབ། ཁོང་གི་མཚན་ལ་བསྟན་འཛིན་རྒྱ་མཚོ་ཞེས་གསོལ། ཁྲི་ཆེན་གུང་ཐང་བ་རྗེ་བཙུན་དམ་པ་བསྟན་པའི་དབང་ཕྱུག་མཆོག་གི་ཞལ་སྔ་ནས་གོང་མའི་མཆོག་སྤྲུལ་དུ་དངོས་བཟུང་། འཇམ་དབྱངས་སྨྲ་སེང་གླིང་གི་ཆོས་གྲལ་དུ་ཞུགས་ནས་བཀའ་པོད་ལྔ་ལ་ཐོས་བསམ་ཚུལ་བཞིན་བྱས་དེ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེང་གེ་གླིང་གི་མཁན་རབས་༦༡ལས་འགན་གནང་བཞིན་པའོ།།

དཔྱད་མཆན་སྤེལ།