ཁྲི་ཟུར་མཁན་སྙིང་ཨ་ལགས་ཀྱིས་གསུངས། མཚམ་ཉིད་དགོན་པའི་ལོ་རྒྱུས།
ན་མོ་གུ་རུ་མཛྙུ་གྷོ་ཥ་ཡ། རྨད་བྱུང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས། ། ཉེས་བའི་དྲི་མ་མཐའ་དག་རྩད་ནས་སྤངས། ། ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཅན། །མཉམ་མེད་ཐུབ་པའི་དབང་བོ་མཆོག་དེར་འདུད། ། རབ་འབྱམས་རྒྱལ་བའི་ཡེ་ཤེས་རང་གཟུགས་ནི།།མཚུངས་མེད་བླ་མ་མཆོག་གི་སྐུ་ཤར་བ། །ཁམས་གསུམ་འགྲོ་བའི་སྐྱབས་གཅིག་བློ་བཟང་གྲགས། །རྗེ་བཙུན་ཙོང་ཁ་པ་ལ་སྙིང་ནས་འདུད། །འཇིགས་མེད་འཇམ་མགོན་རྒྱལ་བའི་བསྟན་པའི་གདུགས།། མི་དམན་ཐུགས་བསྐྱེད་བཤད་སྒྲུབ་དཔུང་བ་ཡིས། །དྲེགས་ལྡན་དབང་ཕྱུག་ལྷ་མིའི་གཙུག་གི་རྒྱན། །འདེགས་མཁས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་འདུད།། ཆེས་དཀོན་ཐེག་མཆོག་མདོ་སྔགས་ཟུང་འབྲེལ་གྱི། །བསྟན་པའི་ཆར་ཆེན་སྲིད་གསུམ་དབྱིག་འཛིན་ལྟོར། ། བསྐྱིལ་མཁས་རྒྱལ་བ་རྒྱ་མཚོའི་སྤྱི་གཟིགས་ཆེ། །མཚན་ལྡན་བླ་མའི་ཞབས་སེན་གཙུག་གིས་མཆོད། །འཇམ་དབྱངས་བླ་མའི་ལེགས་བཤད་གངྒཱ་མ། ། རྣམ་དཔྱོད་མཁྱེན་རབ་ཛ་ཧུའི་ཧུབ་གཅིག་གིས། །ཡོངས་བཞེས་རྒྱ་ཆེན་མཚོ་ལྟར་ཟབ་པའི་ཐུགས། །བཤེས་གཉེན་དྲང་སྲོང་མཆོག་ལ་སྙིང་ནས་གུས། །བློ་བཟང་ཐུབ་བསྟན་འདབ་སྟོང་བཞད་པའི་གཉེན། །འཁྲུལ་བྲལ་མཁྱེན་རབ་ཉི་མ་འོད་པོ་ཆེ། །མདོ་སྔགས་ཟིལ་མངར་གདམས་པའི་དགའ་སྟོན་མཆོག།།སྩོལ་མཁས་གདུལ་བྱ་རྒྱ་མཚོའི་མགོན་དེ་རྒྱལ། །གང་ལ་མ་སྦྱང་ཐ་མལ་རང་ག་བས། །ཐོག་མར་གང་ནས་འཇུག་པའི་ཉམས་ལེན་ནས། །མི་སློབ་ཟུང་འཇུག་བར་གྱི་ལམ་རིམ་རྣམས། །མ་ལུས་སྟོན་མཛད་བཤེས་གཉེན་རྣམས་ལ་འདུད། །ཐུབ་བསྟན་གངས་ཀྱི་རི་ལ་གནས་བཅས་ཤིང་།།ལུང་རིགས་སྨྲ་བའི་སེངྒེའི་ཁྱུ་ཚོགས་བཞད། །རྨད་བྱུང་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་སྡེའི། །
ལོ་རྒྱུས་མདོ་ཙམ་བསྙད་ལ་སྤྲོ་དགས་ཞུགས། །
དེ་ཡང་ལུས་ཅན་ཡོངས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་གཅིག་བུ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ལ།དེ་ཉིད་རིང་དུ་གནས་པ་ཡང་དགེ་འདུན་གྱི་སྡེ་ལ་རག་ལས་པས་ན། སྔོན་བྱོན་བསྟན་འཛིན་དམ་པ་རྣམས་ཀྱིས་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་དགེ་འདུན་གྱི་སྡེ་མང་དུ་སྤེལ་བར་མཛད་དོ། །མདོ་སྨད་ལྷོ་རྒྱུད་ཀྱི་ལྗོངས་འདི་ཉིད་ཀྱང་འགྲོ་བ་ཡོངས་ཀྱི་མཆོད་འོས་སུ་བསྒྲུབས་པར་མཛད་པ་ལས། རྒྱལ་བའི་ལུང་གིས་ཟིན་པའི་ཆོས་ཀྱི་སྡེ་ཆེན་པོ་མདོ་སྔགས་བསྟན་པའི་འབྱུང་གནས་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་ལོ་རྒྱུས་གཏམ་གྱི་དགའ་སྟོན་ཅུང་ཟད་སྤེལ་བ་ལ། སྤྱིར་གངས་ཅན་བོད་ཀྱི་ཞིང་ཁམས་སྤྱི་དང་བྱེ་བྲག་ཏུ་ཞིང་ཁྱད་པར་ཅན་དེར་ཨ་མཆོག་ཇི་ལྟར་བྱུང་ཚུལ་གཉིས། དང་པོ་ནི། བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། ། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། ། ཅེས་བསྔགས་པའི་པུར་རྒྱལ་བོད་ཀྱི་ཡུལ་འདི་ནི་བསྟན་པའི་བདག་པོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་ཡོད་ལ། དེ་ཡང་ལྗོངས་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀ་རིམ་གྱིས་ཆགས་ཤིང་། འདོད་རྒྱལ་གྱི་མིང་བོད་ཅེས་འབོད་པ་ཡིན་ཞེས་གསུངས། །
ཡུལ་འདིར་རི་ལུང་ཆགས་ནས་མིའི་འགྲོ་བ་མ་ཆགས་པའི་བར་དང༌། དེ་རྗེས་རིམ་གྱིས་སྲོག་ཆགས་རྣམས་གྲུབ་པ་ཡིན་ཏེ། དེ་ལ་སྟོད་སྨད་བར་གསུམ་ལས་སྟོད་མངའ་རིས་ཆ་ནི་གླང་བོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེལ་གྱི་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ་དུ་གྱུར་ནས་ལོ་ཆེས་མང་བོར་མིའི་འགྲོ་བ་མེད་དོ། ། རྗེས་སུ་ལྗོངས་འདིར་མིའི་འགྲོ་བ་ཆགས་ཚུལ་ནི་ཡུལ་དབུས་གཙང་གི་ཕྱོགས་ཤིག་ཏུ་ལྷོ་ཕྱོགས་ཀྱི་བྲག་མགོན་པོའི་རི་ལ་གནས་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། བྲག་སྲིན་མོ་གཉིས་འདུས་བ་ལས་སྤྲེལ་ཕྲུག་མང་དུ་འཕེལ་ཏེ་རིམ་གྱིས་མིར་གྱུར་བ་ཡིན། དེབ་ཐེར་མཁས་པའི་དགའ་སྟོན་ལས། ལོ་ཏོག་ཟོས་བས་དེ་ཀུན་མི་ཉིད་གྱུར། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། ། ནགས་ན་རི་དྭགས་ལྟ་བུར་གནས་པ་ཡིན། ། ཞེས་གསུངས་པ་སོགས་ཀྱི་ལོ་རྒྱུས་མང་ཡང་གཞན་ལས་ཤེས་པར་བྱ་ཞིང༌། མདོར་ན་དེ་དག་ལས་རིམ་པར་འཕེལ་བའི་བོད་ཡུལ་འདི་མིའི་རྒྱལ་ཁམས་སུ་གྱུར་ཏེ། དེ་ལ་རུས་ཆེན་བཞི་དང་ཁམས་བཞིའི་དབྱེ་བ་སོགས་བྱུང་བ་ཡིན་ཏེ། བོད་ཆེན་ཡོངས་ཀྱི་འགྲོ་བ་འདི་དག་ཀུན། ། རྒ་འབྲུ་སྦྲ་གདོང་བཞི་ལས་ཆད་མོད་ཀྱང༌། ། ཞེས་གསུངས་པ་སོགས་ཀྱི་ལོ་རྒྱུས་རྣམས་མང་བར་དོགས་ནས་མ་བྲིས། དེས་ན་བོད་ཁ་བ་ཅན་གྱི་ཡུལ་འདི་འཇམ་དཔལ་རྩ་རྒྱུད་སོགས་ལས་ལུང་བསྟན་པའི་གནས་མཆོག་ཕྱག་ན་པདྨའི་གདུལ་ཞིང་། ཁྱད་པར་དུ་སངས་རྒྱས་འོད་སྲུང་གི་བསྟན་པའི་མཇུག་ཏུ་མཁན་སློབ་ཆོས་གསུམ་གྱི་སྐུའི་སྐྱེ་བ་སྔ་མར་བྱ་རྫི་མ་བདེ་མཆོག་གི་སྲས་སུ་འཁྲུངས་ནས་བལ་ཡུལ་ཏུ་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་སྐབས་མ་འོངས་པར་པུར་རྒྱལ་བོད་ཅེས་བྱ་བའི་ཡུལ་དུ་མཁན་སློབ་ཆོས་གསུམ་གྱི་རྣམ་པར་རོལ་ཏེ ། དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་ནས་ཞིང་འདིའི་འགྲོ་བ་རྣམས་རྗེས་སུ་འཛིན་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་བརྟས་པའི་ཞིང་ཡིན་ནོ། །
གཉིས་པ་དེ་འདྲའི་ཞིང་ཁྱད་པར་ཅན་དུ་ཨ་མཆོག་ཇི་ལྟར་བྱུང་ཚུལ་ལ།རིགས་ནི་འོད་གསལ་ལྷ་ལས་ཆད་པའི་གནམ་ལྷའི་རིགས་ཡིན་ཏེ། སྟོད་མངའ་རིས་སའི་ཆར་སྐྱེ་རིང་གཡུ་རིང༌། གཡུ་བསེ་སྟེ་གནམ་ལྷ་མཆེད་གསུམ་བྱུང་བའི་ནང་ནས་གཡུ་རིང་ལ་སྲས་མ་སངས་སྤུན་བདུན་བྱུང་བར་གྲགས་ཤིང༌། སྤུན་བདུན་གྱི་ཐ་ཆུང་ལ་སྲས་གཡའ་སྤང་སྐྱེས་ཞེས་པ་འཁྲུངས། གཡའ་སྤང་སྐྱེ་འདིས་སྲིན་པོ་སྐྱ་རེངས་ཁྲག་མེད་ཀྱི་ཆུང་མ་གཡའ་འབྲུག་སི་ལེ་མ་ཕྲོགས་ཏེ། འདི་ལ་སྲས་གཅིག་འཁྲུངས་པ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་བའི་མིང་ལ་གཡའ་ཕྲུག་ཀློ་འཁོན་པར་སྐྱེས་ཞེས་བཏགས། དེ་ནས་བཟུང་སྟེ་གདུང་རྒྱུད་རིམ་བྱོན་ལ་འཁོན་རིགས་ཞེས་གྲགས་ཤིང་འདི་ལ་ས་སྐྱ་དང་གདུང་རྒྱུད་གཅིག་པར་གསུངས།དེའི་སྲས་འཁོན་དཔལ་བོ་ཆེ་སྟེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ཀྱིས་ཟིན་པའི་ནང་བློན་ལ་མངའ་གསོལ། ཆོས་རྒྱལ་དེ་ལ་སྐུ་གསུང་ཐུགས་གསུམ་གྱི་བློན་པོ་ཡོད་པ་ལ་ཨོ་དང་ཨཱ་དང་ཧུཾ་གི་ཐམ་ཀ་གནང་སྲོལ་ཡོད་པ་ལས་ཁོང་ལ་ཨཱ་ཡིག་ཏེ་གསུང་གི་ཐམ་ཀ་ཐོབ་པས། ཨ་མཆོག་ཅེས་པའི་མཚན་ཐོག་མར་དེ་ནས་ཐོགས། འཁོན་དཔལ་བོ་ཆེ་དེ་ལ་སྲས་བཞི་ཡོད་པའི་ཆུང་བ་འཁོར་ཀླུའི་དབང་བོ་ཚེ་འཛིན་ཞེས་པ་དེ་ལ་སྲས་དྲུག་བྱུང་བའི་དྲུག་པ་ཤེས་རབ་ཡོན་ཏན་གྱི་སྲས་ཆུང་བ་བསོད་ནམས་ནོར་བུ་ཟེར་བས་འཁོར་མི་ཁྱིམ་མང་བོ་ཁྲིད་དེ་མདོ་སྨད་དུ་སླེབས་ནས་ས་རྒྱ་ཆེ་ལ་དྲོ་གྲང་འཚམས་པ། ས་ལ་དགེ་བཅུ་ཚང་བ། ཚ་བ་རོང་དང་འདབས་སྦྲེལ་བ། སའི་དཔྱད་ལེགས་པ་རྒྱབ་མདུན་གྱི་རི་གཉིས་ལ་སྟག་གཡག་གིས་ལ་རྩོད་པའི་ཉམས་ཡོད་ཀྱང༌། བར་དུ་གླང་ཆེན་འགྱིང་པའི་ཚུལ་གྱིས་བར་བྱེད་པའི་ཉམས་ཐོན་པ། ས་གཞི་ལ་རྩི་ཤིང་ནགས་ཚལ་གྱིས་བརྒྱན་པ་གནམ་འཁོར་ལོ་རྩིབས་བརྒྱད་དང་བར་སྣང་ཟླ་གམ་འདྲ་བ། ལོག་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བ་སོགས་མདོར་ན་ཐོས་བསམ་སྒོམ་གསུམ་དང་གྲྭ་རྒྱུན་སློབ་ཚོགས་དག་ཀྱང་འཕེལ་བའི་གནས་ཡིད་དུ་འོང་བ་འདིར་ཕོ་བྲང་དམར་བོ་བཞི་ཐོག་བཞེངས་ཏེ་མདོ་ཁམས་སྨད་ཀྱི་ས་ཆ་དེ་ལ་ལྷོ་རྒྱུད་བྱང་རྒྱུད་གཉིས་ལས་ལྷོ་རྒྱུད་དུ་གཏོགས་པ་ཚ་བ་ཁག་གསུམ། རྭ་སྨད་ཨ་མཆོག་ཅེས་གྲགས་པའི་ཡུལ་འདིར་སྔོན་གྱི་དཔོན་དང་རིགས་རུས་གཅིག་པའི་ཨ་མཆོག་ཤཱཀྱ་ཚང་།ཨ་མཆོག་ནགས་སྐེད་ཚང་། ཨ་མཆོག་ཆུ་ཁ་ཚང་སོགས་མང་དུ་ཡོད་པའི་དེ་དག་གིས་སྐ་ཡར་ཟད་ཀྱི་ཀ་བུར་སྟག་རྩེ་དང༌།སྐ་མར་ཟད་ཀྱི་བོང་ཆེན་གད་སྐྱ་དང༌། རྒུའི་གསེར་གཞུང་ཅན་སོགས་ཀྱི་བར་དུ་བདག་དབང་མཛད་པའི་ལོ་རྒྱུས་རྣམས་འདིར་མ་བྲིས་སོ། །དེ་ཡང་མཁས་གྲུབ་བྱེ་བའི་འབྱུང་གནས་ལྷོ་རྒྱུད་བསྟན་པའི་མཛེས་རྒྱན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་ཞེས་མཚན་སྙན་འཆི་བ་མེད་པའི་རྔ་སྒྲ་སྲིད་པ་གསུམ་གྱི་ཁོང་ལས་བརྒལ་བའི་སྡེ་འདི་ཉིད་ནི། རྗེ་ ༧འཇམ་དབྱངས་བླ་མ་མཆོག་གི་ཞལ་ནས། རྒྱལ་བའི་ལུང་བསྟན་ཐོབ་པའི། །དཔལ་ལྡན་སྨྲ་བའི་སེང་གླིང༌། ། ཆུ་བུར་མིག་གིས་མཐོང་བ། ཨེ་མ་སྐལ་བ་བཟང་བོ། ། ཞེས་གསུངས་པ་ལྟར་ལུང་བསྟན་ཚུལ་ཡང་འཇམ་དཔལ་མཚན་བརྗོད་དང་བཀའ་གདམས་གླེགས་བམ་སོགས་མདོ་རྒྱུད་དུ་མ་ལས་ལུང་བསྟན་པ་མ་ཟད། ཁྱད་པར་དུ་མ་ཅིག་ལབ་ཀྱི་སྒྲོལ་མའི་ལུང་བསྟན་གཏེར་མ་ལས་ཀྱང༌། ཨ་ཞེས་བྱ་བའི་ཡུལ་དུ་ཉན་ཐོས་ཀྱི་དགོན་ཆེན་ཁྱད་པར་ཅན་འབྱུང་བར་གསུངས་པ་ཡང་ཡུལ་ཨ་མཆོག་གི་མིང་དངོས་སུ་ཐོན་པ་དང༌། འདེབས་པ་པོ་ཉན་ཐོས་ཀུན་དགའ་བོ་དང་ཐུགས་རྒྱུད་གཅིག་པར་དངོས་སུ་གསུངས་ཀྱང་། ལོ་རྒྱུས་སྨྲ་བའི་དབང་བོ་ལ་ལ་ན་རེ ། ལུང་སྟོན་ཚུལ་འདིས་རང་ཅག་གི་བླ་མ་དང་རང་ཅག་གི་དགོན་སྡེ་ཁོ་ན་ལུང་བསྟན་པ་ཡིན་ཞེས་ཟེར་ཡང་དེ་གཅིག་པུའི་ངེས་པ་མེད་དེ།བཀའ་གདམས་གླེགས་བམ་ལས། ལ་ལ་ལྷག་དང་ཆད་སྲིད་ན། དགོས་པའི་དབང་གིས་ནོངས་པ་མེད།དངོས་སུ་བསྟན་དང་ཤུགས་ལས་བྱུང༌། ། ལ་ལ་བསྲེས་པ་ཉིད་དུ་བསྟན། ། དེ་ཡང་དགོས་པའི་དབང་ཉིད་ཡིན། །ཞེས་གསུངས་པ་ལྟར། ལུང་སྟོན་ཚུལ་ལ་མང་དུ་ཡོད་པས་ཡུལ་བྱེ་བྲག་པ་གཅིག་ཁོ་ན་ལ་སྦྱར་མི་དགོས་ཏེ།རྡོ་རྗེའི་ཚིག་ལ་བཤད་པ་དུ་མ་ཡོད་པར་བསྟན་བཅོས་རྣམས་ལས་མང་དུ་གསུངས་པས་ཤེས་སོ། ། དེས་ན་ལུང་བསྟན་དེ་དག་དང་མཐུན་པར་ཨ་མཆོག་མཚན་ཉིད་དགོན་འཇམ་དབྱངས་སྨྲ་བའི་སེངྒེའི་གླིང་ཇི་ལྟར་ཕྱག་འདེབས་མཛད་ཚུལ་དང་། ཕྱག་འདེབས་མཛད་པ་པོའི་འཁྲུངས་རབས་རྣམ་ཐར་མདོ་སྔགས་རིག་གནས་བཅས་ཀྱི་འཆད་ཉན་ཇི་ལྟར་བཙུགས་ཚུལ་དང༌། གདན་རབས་རིམ་བྱོན་རྣམས་ཀྱིས་ཇི་ལྟར་བསྐྱངས་ཚུལ། དགོན་མ་ལག་ཇི་ལྟར་ཡོད་ཚུལ་སོགས་ལོ་རྒྱུས་རྒྱས་པ་གདན་རབས་དང་བཅས་པ་གཞན་དུ་བྲིས་ཡོད་པས་འདིར་མ་སྤྲོས། མདོར་ན་ཞིང་ཁམས་འདིར་ཨ་མཆོག་རྩེ་བ་བསོད་ནམས་ནོར་བུའི་གདུང་རྒྱུད་བར་མ་ཆད་པར་མི་རབས་མང་བོའི་མཚམས་སུ་ཨ་མཆོག་གཟུངས་སྐྱབས་ཡག་དང༌། ཨ་མཆོག་རྒྱལ་བོ་ཞེས་པ་མཚན་དངོས་ལ་ངག་དབང་བློ་བཟང་ཟེར་བ་ཨ་མཆོག་དཀའ་ཐུབ་ཡག་གི་སྲས་ཡིན། འདི་བ་དབུས་སུ་ཕེབས་ནས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སློབ་གཉེར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཏེ། འཕགས་པ་བ་ཀུ་ལའི་སྤྲུལ་བར་ལུང་བསྟན། རང་ཡུལ་དུ་བྱོན་ནས་ཞྭ་སེར་གྱི་བསྟན་པ་སྤེལ་ཞིང་འདུ་ཁང་བཞེངས་ཚེ་རྣམ་སྲས་ལོགས་རིས་བཞེངས་པའི་ཞལ་རང་བྱོན་བྱུང་ཞེས་གསུངས། གཟུངས་སྐྱབས་ཡག་ལ་སྲས་བཞི་ཡོད། རབ་འབྱམས་པ་བསོད་ནམས་ཆོས་གྲགས། རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ། མགོན་པོ་རྒྱལ་དང་། ཨ་མཆོག་བསོད་ནམས་ཆོས་འཕེལ་ཚང་དང་བཞི། འདི་བས་འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། བཀའ་པོད་ཆེན་པོ་ལྔས་མཚོན་པའི་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཚིག་སྤྱི་ཙམ་མ་ཡིན་པར་བསམ་པས་སྒྲོ་འདོགས་བཅད་དེ་སྤྱངས་པ་མཐར་སོན་ཏེ། རིས་མེད་གདུལ་བྱ་ལ་དབང་ལུང་ཁྲིད་གསུམ་དང་དགེ་ཚུལ་སློང་གི་སྡོམ་རྒྱུན་སྤེལ་བ་སོགས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པས་མཚན་སྙན་ཨུཏྤ་ལའི་གདེངས་ཀ་ཕྱོགས་ཀྱི་བུ་མའི་རྣ་རྒྱན་ཏུ་ངོམས་པར་གྱུར་བ་ཞིག་གོ། རྣམ་ཐར་རྒྱས་པ་མཁས་པའི་དབང་བོ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་གསུང་དང་འཁྲུངས་རབས་རྣམ་ཐར་སོགས་ན་གསལ། དེ་ཡང་འཇིག་རྟེན་ཡོངས་ཀྱི་མ་འདྲེས་པའི་མཛད་བཤེས་ཆེན་པོ་རྣམ་འདྲེན་ཤཱཀྱ་སེངྒེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དུས་ཀྱི་མཐའ་དང་སའི་མཐར་མི་ཉམས་ཕྱོགས་བརྒྱར་སྤེལ་པའི་ཐུགས་བསྐྱེད་ཀྱི་དམ་བཅའ་བརྟན་པོར་བཞེས་ཤིང་མཁས་བཙུན་བཟང་བོའི་རྣམ་ཐར་དང་ལྡན་པ། འཆད་རྩོད་རྩོམ་པའི་མཛད་འཕྲིན་གྱིས་ཡངས་པའི་ནོར་འཛིན་ཀུན་ཏུ་ཁྱབ་པའི་བཤེས་གཉེན་དམ་པ། ཟབ་མོ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གདམས་པའི་རྐུན་བཟང་ཆེས་ཆེར་རྒྱུས་བར་མཛད་པའི་རྡོ་རྗེ་འཆང་ཆེན་པོ་ ༧ རྗེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ནི་དང་བོ་གང་དུ་འཁྲུངས་པའི་ཡུལ་དང༌། རིགས་རུས་ཕུན་སུམ་ཚོགས་པར་སྐྱེས་བ་བཞེས་ཚུལ།སྐུ་བལྟམས་པ་དང་ན་ཚོད་ཕྲ་མོའི་དུས་ནས་ཡ་མཚན་སྣང་བ་རྒྱས་ཏེ། དགེ་ཚུལ་གྱི་སྡོམ་པ་བཞེས་པའི་ཚུལ། དབུས་གཙང་ཆོས་ཀྱི་ཞིང་དུ་བྱོན་ནས་མདོ་སྔགས་ཡོངས་ལ་གསན་སྤྱོང་བྱས་ཏེ་མཁས་པའི་གཙུག་རྒྱན་དུ་གྱུར་ཚུལ། འཁོར་ལོ་གསུམ་གྱི་མཛད་བཟང་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒྲུབ་པ་སྙིང་བོར་མཛད་པའི་ཚུལ་སོགས་རྣམ་ཐར་དཔག་བསམ་ལྗོན་པ་སོགས་སུ་གསལ། ཁྱད་པར་དུ་མགོན་པོ་གང་ཉིད་དགུང་ལོ་ཉེར་ལྔ་བ་ཉི་མ་ཞེས་བ་ཆུ་མོ་ལུག་གི་ལོར་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ངེས་པ་དོན་གྱི་ཐུབ་པའི་གདུང་འཚོབ་འདུལ་འཛིན་ཆེན་པོ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་བཀའ་གསུང་ལྟར་ཡུལ་འདིར་མཚན་ཉིད་ཀྱི་བཤད་གྲྭ་ཞིག་འཛུགས་རྒྱུའི་ཐུགས་འདུན་འཁྲུངས།།སྐབས་འདིར་བར་ཆད་ཀྱི་རྐྱེན་འགའ་རེ་བྱུང་ཡང་དམ་པ་ཉིད་ཀྱིས་བཟོད་པའི་གོ་ཆ་བཙན་པོ་བཞེས་ཏེ། གཟའ་སྐར་འཕྲོད་སྦྱོར་བཟང་བོའི་ཉིན་ཞིག་ཏུ་འདུ་ཁང་གསར་བཞེངས་ཀྱི་རྨང་གཞི་བཏིང་སྐབས། ལས་མི་ཀུན་བཟང་ཟེར་བས་ས་བརྐོས་པའི་གསེབ་ནས་རྗེ་བཙུན་འཇམ་དཔལ་དབྱངས་སྨྲ་བའི་སེངྒེའི་སྐུ་བརྙན་དབྱིབས་ཤིན་ཏུ་གསལ་བ་ཞིག་རྙེད་པ་ཁོང་ལ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ། སྔར་དགོན་པའི་མཚན་ཕོ་བྲང་དམར་བོར་སྒྲོལ་མ་རྣམ་པར་རོལ་བའི་གླིང་ཞེས་བཏགས་ཀྱང༌། དེ་ནས་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་ཞེས་མཚན་སྤྲོས། དེ་ཡང་རྣམ་ཐར།དཔག་བསམ་ལྗོན་པ་ལས། ། ཀུན་བཟང་འབོད་བྱེད་ཀུན་ཏུ་གསལ་བ་དེས། ། སྨྲ་བའི་དབང་ཕྱུག་སྨྲ་བའི་སེངྒེའི་སྐུ། །རང་བྱུང་ཁྲུད་འཕགས་རང་དགར་རྙེད་པ་འདིས། ། སྐལ་བཟང་འགྲོ་ལ་སྐལ་བཟང་ལྟས་ཀྱང་མཚོན། ། ཞེས་གསུངས། དེ་ལྟར་ལྷོ་རྒྱུད་འདིར་མཚན་ཉིད་ཀྱི་རྩོད་གྲྭ་ཐོག་མར་ཨ་མཆོག་དགོན་ལ་ཚུགས་པ་ཡིན་པས་མཚན་ཡང་དེ་ལྟར་བཏགས། མདོར་ན་རྗེ་འདི་ཉིད་ནི། འཇམ་དབྱངས་བླ་མ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ་སྐུ་སྔ་ཕྱི་གཉིས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མི་འབྲལ་ཞིང་། བླ་མ་ཐམས་ཅད་ཀྱང་གང་གི་སྐུའི་རྣམ་རོལ་ཏུ་སྒོམ་པ་སོགས་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ། མདོ་དབུས་ཀུན་ཏུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་ལམ་བཟང་ཚང་ལ་མ་ནོར་བ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་འཕེལ་རྒྱས་སུ་བཏང་ནས་བསྟན་འགྲོའི་ཕན་བདེ་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། ལྷག་པར་ཏུ་སྡེ་འདིར་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་རྣམས་དུས་ཀྱི་མཐར་ཡང་མི་ཉམས་པར་མཛད་པའི་བཀའ་དྲིན་མཚུངས་ཟླ་མེད་པ་ཡིན་པས་ཉིད་ཀྱི་མཛད་རྣམ་རྒྱས་པ་གཞན་དུ་བྲིས་ཡོད། དེ་ནས་སླར་ཡང་མགོན་པོ་གང་གི་སྤྲུལ་བའི་ཟློས་གར་རྣམ་གྲོལ་ཐར་བ་མཆོག་གི་གྲོང་ཁྱེར་དུ་འཁྲིད་པར་བྱེད་པའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་མཆོད་ཀྱང་ཆ་ཕྲ་མོ་ཙམ་ཡང་གཞལ་ཏུ་མེད་པའི་རྡོ་རྗེ་འཆང་ཆེན་པོ་རིགས་དང་དཀྱིལ་འཁོར་རྒྱུ་མཚོ་སྤྲོ་ཞིང་སྡུད་པའི་བདག་ཉིད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོ་དེ་ཉིད། ངེས་པའི་དོན་དུ་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་མཐའ་ཀླས་འགྲོ་བའི་དོན་དུ་ཆུ་སྣོད་ཇི་སྙེད་ཟླ་བའི་གཟུགས་བརྙན་ཤར་བ་ལྟར། གསང་གསུམ་གྱི་སྐལ་བ་རིམ་དང་གཅིག་ཆར་བསྒྱུར་ཏེ། གདུལ་བྱ་མཐའ་དག་བྱང་གྲོལ་གྱི་ལམ་བཟང་བོ་ལ་འགོད་པའི་མཛད་བཟང་མཐའ་དག་ཀུན་མཁྱེན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་དཔག་པར་བྱ་བ་ཡིན་པས་སྐྱེས་སྦྱངས་དམན་པ་བདག་ལྟ་བུའི་བློ་ངག་གི་ཡུལ་ལས་འདས་པ་ལྟ་ཅི་སྨོས། འོན་ཀྱང་སྐུ་ཚེ་འདི་ཉིད་ཀྱི་ཐུན་མོང་གི་མཛད་རྣམ་རགས་བསྡུས་ཙམ་ཞིག་གཞན་དུ་བྲིས་ཡོད་པས་སྐབས་འདིར་མ་བརྗོད། གཞན་ཡང་དཔལ་ལྡན་བླ་མ་མཆོག་གི་རྣམ་ཐར་མཁས་དབང་བྱེ་བའི་གཙུག་རྒྱན་ལས། གདུལ་དཀའི་འགྲོ་རྣམས་བརྩེ་བས་མ་བོར་བར། ། ཡེ་ཤེས་མཆོག་ཉིད་གང་འདུལ་ཆུ་ཟླ་བཞིན།། དུ་མར་རྩེད་འཇོ་རོལ་བའི་ངོ་མཚར་ལས།། དམ་པའི་རང་རྟགས་སྣང་ཚུལ་འདི་ན་འགོད། ཞེས་གསུངས་པ་ལྟར། རྗེ་བཙུན་འཇམ་དབྱངས་དངོས་དང་དབྱེར་མ་མཆིས་པ་འཕགས་བོད་མཁས་པ་ཡོངས་ཀྱི་གཙུག་རྒྱན་དགའ་ལྡན་ཤར་རྩེའི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ ༧ བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོ་འདི་ཉིད་ངེས་པའི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཅིང་། སྐུའི་བཀོད་པ་ཞིང་ཁམས་བྱེ་བ་ཕྲག་བརྒྱར་གདུལ་བྱ་གང་ལ་གང་འདུལ་གྱིས་ཁྱབ་བཞིན་བཞུགས་ཤིང༌། དུས་ཀྱི་མཐའ་འདིར་བསྟན་འགྲོའི་མགོན་དུ་ཆེད་གཉེར་ཕེབས་པའི་སྐུའི་འཕྲེང་བ་འདི་ཉིད་ཀྱི་དབང་དུ་བྱས་ན་ཇི་སྐད་དུ། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང༌། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་གསུངས་པ་ལྟར། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་གྱི་མཛད་པ་སོགས་ཆ་གང་ནས་བསམ་ཡང་སྔོན་བྱོན་བསྟན་པ་ལ་བྱ་བ་རླངས་ཆེན་མཛད་པའི་རྗེ་བདག་ཉིད་ཆེན་པོ་རྣམས་དང་ངང་ཚུལ་མཚུངས་བས། མདོར་ན་དམ་པ་འདི་ནི་ལུང་དང་རྟོགས་པའི་ཡོན་ཏན་མཐའ་དག་ལ་མངའ་བསྒྱུར་བའི་མཁས་གྲུབ་འགྲན་ཟླ་མེད་པའི་གོ་འཕང་མཐོན་པོར་གཤེགས་ནས་བསྟན་པ་རིན་པོ་ཆེ་ལ་མ་རྟོག་ལོག་རྟོག་ཀྱི་དྲི་མ་མཐའ་དག་བསལ་ཏེ། བསྟན་པའི་སྙིང་བོ་བཤད་སྒྲུབ་རྣམ་པར་དག་པའི་སྒོ་ནས་བསྟན་འགྲོའི་དོན་རླབས་ཆེན་མཛད་བཞིན་བཞུགས་པ་འདིའོ། ། བཀའ་དྲིན་གསུམ་ལྡན་གྱི་རྗེ་བླ་མ་དེ་དག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཆ་ཤས་ཙམ་བརྗོད་པའི་དགེ་བ་ལ་བརྟེན་ནས། བསྟན་འཛིན་སྐྱེས་བུ་ཡོངས་ཀྱི་ཞབས་པད་ཡུན་རིང་དུ་བརྟན་ཅིང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་དུ་རྒྱལ་ཀུན་དགོངས་པ་མཐར་ཐུག་དང༌། དབྱེར་མེད་གྱུར་པ་ཁྱེད་ཀྱི་བསྟན། ། ཞེས་གསུངས་པ་ལྟར། ཡང་དགོས་འཇམ་མགོན་བླ་མའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱུས་ལ་ཡུན་རིང་བོའི་བར་དུ་གནས་ཤིང་།འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆོས་དང་མཐུན་པའི་དཔལ་འབྱོར་ཤིན་ཏུ་རྒྱས་ཏེ། ཕུན་ཚོགས་སྡེ་བཞིས་ས་སྟེང་ཀུན་ཏུ་ཁྱབ་པར་གྱུར་བ་དང་། རང་ཅག་གངས་ཅན་ཡོངས་ཀྱི་ཉམས་ཆུང་གི་སྐྱེ་འགྲོ་མཐའ་དག་དཔལ་ལྡན་བླ་མ་དམ་པའི་བྱིན་རླབས་ཀྱི་དྲི་བསུང་མངར་མོ་འཐུལ་བ་ལ་བརྟེན་ནས་ས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ་དབང་ཕྱུག་བརྒྱུད་ལྡན་བླ་མ་རྡོ་རྗེ་འཆང་གི་གོ་འཕང་རིང་མིན་མྱུར་དུ་འཐོབ་པའི་རྒྱུར་འགྱུར་བ་ནི་ལག་གཉིས་ཐལ་མོ་སྦྱར་ཏེ་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་འདེབས་པའོ། ། སྨྲས་པ། སྲིད་ཞིའི་རྒུད་པ་ཀུན་ལས་སྐྱོབ་པའི་གཉེན། ། ཕན་བདེ་མ་ལུས་འབྱུང་བའི་ཡིད་བཞིན་ནོར། ། གང་འདོད་དངོས་གྲུབ་བདེ་ལེགས་སྩོལ་མཛད་པ།།མཚུངས་མེད་དཔལ་ལྡན་བླ་མ་དམ་པ་རྣམས། ། གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ལས། ། ཆ་ཙམ་བྲིས་པའི་རྣམ་དཀར་དགེ་བའི་ཚོགས། ། ཇི་སྙེད་མཆིས་པ་འདིས་ཀྱང་འགྲོ་རྣམས་ཀུན། ། འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།།
ཅེས་ལྷོ་རྒྱུད་བསྟན་པའི་མཛེས་རྒྱན་ཆོས་ཀྱི་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེའིི་གླིང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་འདི་ནི་མཁན་སྤྲུལ་མིང་ཅན་སྐལ་བཟང་འཇམ་དཔལ་རྒྱ་མཚོས་རང་བཟོའི་འཁྲུལ་བ་སྤངས་ཏེ་ལོ་རྒྱུས་སྨྲ་བའི་དབང་བོ་རྣམས་ཀྱི་གསུངས་དང་རྣམ་ཐར་སོགས་གཞིར་བྱས་ཏེ་བྲིས་པ་དགེའོ། །