༄༅།།སྐྱེས་བུའི་ཁྱུ་མཆོག་དམ་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་དཔག་ལྗོན་པ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བྷྱཿ ཚོགས་གཉིས་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང་། །མཚན་དཔེའི་གཟི་བརྗིད་རིན་ཆེན་འབྱུང་གནས་མཆོག །འཕྲིན་ལས་ཟེགས་མ་འབུམ་འཕྲོ་ཙོང་ཁ་བ། །མཁས་གྲུབ་གདེངས་ཅན་རོལ་གནས་རྒྱལ་གྱུར་ཅིག །རབ་དཀར་གཡས་སུ་འཁྱིལ་བའི་ཆོས་ཀྱི་དུང་། །ས་གསུམ་སྙན་པར་བསྒྲགས་པས་སྐལ་བཟང་ཀུན། །མ་རིག་འཐིབ་པོའི་གཉིད་ལས་སློང་མཛད་པ། །བརྒྱུད་འཛིན་མཁས་གྲུབ་མ་ལུས་ཕྱག་གི་ཡུལ། །གང་ལ་བརྟེན་ནས་འདི་ཕྱིའི་ལེགས་ཚོགས་ཀུན། །འབད་མེད་སྩོལ་མཛད་བསམ་འཕེལ་དབང་གི་རྒྱལ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྣམ་འདྲེན་མཆོག །ཡོངས་རྫོགས་དམ་པའི་ཞབས་སེན་སྤྱི་བོར་མཆོད། །སྲིད་པ་གསུམ་ན་ཆེས་དཀོན་ཐེག་པའི་མཆོག །ཐུབ་བསྟན་ཡང་སྙིང་ཟབ་གསང་ཐེག་པ་ཡི། །སྨིན་གྲོལ་གདམས་པའི་རོ་མངར་འབུམ་འཛག་པའི། །རྣམ་འདྲེན་སྦྲང་རྩིའི་རྒྱལ་མཚན་ཁྱོད་ལ་འདུད། །གྲངས་རིང་དུས་ནས་ཐུགས་བསྐྱེད་དམ་བཅའི་ཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་ངོ་མཚར་གཏམ། །རོ་འཛིན་བྱེ་བར་སྤྲུལ་ནས་བརྗོད་བྱས་ཀྱང་། །ཟད་པའི་ཕ་མཐར་གཏུགས་པ་ག་ལ་ཞིག །དེ་ཕྱིར་སྐལ་བ་མཉམ་པའི་བཤེས་གཉེན་ཚུལ། །མཁས་བཙུན་བཟང་པོའི་ནོར་ལྡན་མགོན་ཁྱོད་ཀྱི། །ཐུན་མོང་སྣང་ངོར་མཛད་པའི་ཆ་ཤས་ཙམ། །དྲང་པོར་སྨྲ་ལ་གཟུར་གནས་སུ་ཞིག་བཤུང་། །གཞན་ཕན་མངར་བའི་འབྲས་ཁུར་གྱིས་དུད་པའི། །རྟོགས་བརྗོད་དཔག་བསམ་ལྗོན་པའི་ཕྲེང་བ་ཞིག །ལྷག་བསམ་འཛིན་མའི་ཁྱོན་ལས་དེང་འཁྲུངས་ཀྱི། །དད་ལྡན་གཉིས་སྐྱེས་དགའ་བའི་གར་བྱོས་ཤིག །
དེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲེས་པའི་མཛའ་བཤེས་རྣམ་འདྲེན་ཤཱཀྱ་སེངྒེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དུས་ཀྱི་མཐའ་དང་སའི་མཐར་མི་ཉམས་ཕྱོགས་བརྒྱར་སྤེལ་བའི་ཐུགས་བསྐྱེད་ཀྱི་དམ་བཅའ་བརྟན་པོར་བཞེས་ཤིང་མཁས་བཙུན་བཟང་པོའི་རྣམ་ཐར་དང་ལྡན་པ། འཆད་རྩོད་རྩོམ་པའི་མཛད་འཕྲིན་གྱིས་ཡངས་པའི་ནོར་འཛིན་ཀུན་ཏུ་ཁྱབ་པའི་བཤེས་གཉེན་དམ་པ། ཟབ་མོ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གདམས་པའི་རྒྱུན་བཟང་ཆེས་ཆེར་རྒྱས་པར་མཛད་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཨ་མཆོག་དགེ་བཤེས་སྤྲུལ་བའི་སྐུ་ཞེས་མཚན་སྙན་གྱི་སྒྲ་དབྱངས་སྲིད་པ་གསུམ་ན་ཁྱབ་པ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནམ་འཇམ་དཔལ་སྤྲིན་རྒྱ་མཚོ། ཀུན་བཤད་ཀྱི་མཚན་ཚངས་སྲས་བཞད་པའི་རྡོ་རྗེར་གྲགས་པ་དེ་ཉིད་ཀྱི་སྐུ་ཚེ་འདི་སྣང་གི་རྣམ་ཐར་རགས་པ་ཙམ་ཞིག་བརྗོད་པར་བྱའོ། ། དེ་ལ་བདག་ཉིད་ཆེན་པོ་འདི་གང་དུ་སྐུ་འཁྲུངས་པའི་ཡུལ་ནི། བོད་དབུས་གཙང་གི་ཤར་ཕྱོགས་སྣ་ཚོགས་པའི་ནགས་ཚལ་གྱི་ཕྲེང་བ་འཁྲིགས་པར་འཇིགས་པའི་གཅན་གཟན་དུ་མ་རྒྱུ་བ། རྒྱལ་ཁྲིམས་ཀྱི་ཚུགས་མ་ཉམས་པས་དགྲ་དང་ཆོམ་པོས་དབེན་པ་ཤར་རྒྱལ་མོ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་མཆོག་རྩེ་རྒྱལ་པོའི་མངའ་ཞབས་འབྲོ་ཞེས་པའི་ས་ཆར་ལྡོང་གི་རིགས་ལས་སྔོན་རྙིང་མ་དང་བཀའ་འགྱུར་གྱི་གྲུབ་ཆེན་དུ་མ་དང་། དེ་རྗེས་ཁམས་གསུམ་འགྲོ་བའི་བླ་མ་འཇམ་མགོན་ཙོང་ཁ་བ་ཆེན་པོའི་ཐུགས་སྲས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་དང་། དེའི་དབོན་པོ་ཚ་ཁོ་བ་ཆོས་ཀྱི་གྲགས་པ་སོགས་མཁས་ཤིང་གྲུབ་པའི་དབང་ཕྱུག་མང་པོ་དང་། ལུགས་གཉིས་ཀྱིས་མངོན་པར་མཐོ་ཞིང་རྣམ་དཔྱོད་ཡངས་པའི་ཡ་རབས་མཛངས་ལྡན་དགྲ་ཐབས་ལ་མཁས་པའི་དཔའ་པོ་དུ་མ་བྱུང་བའི་རྒྱུད་དུ་སྒྲ་སྙན་སྨན་རྩིས་སོགས་རིག་གནས་ཀུན་ལ་མཁས་ཤིང་། རྗེ་གུང་ཐང་བ་དཀོན་མཆོག་བསྟན་པའི་སྒྲོན་མེ་དང་། ཀ་ཐོག་དགེ་རྩེ་སྤྲུལ་སྐུ་འགྱུར་མེད་ཚེ་དབང་མཆོག་གྲུབ་སོགས་བླ་མ་རྣམས་ལ་གུས་ཤིང་ཅི་གསུང་དང་དུ་ལེན་པ། སློབ་དཔོན་པདྨའི་ཞལ་གཟིགས་ཤིང་རྡོ་རྗེ་ལེགས་པ་བྲན་དུ་འཁོལ་བ། འབྱུང་འགྱུར་མངོན་སུམ་གཟིགས་པ་སོགས་གྲུབ་པའི་རྟགས་མཚན་མཆོག་རྩེ་རྒྱལ་པོའི་བློན་པོའི་གཙོ་བོར་གྱུར་པ། ཕ་རོལ་ཟིལ་གྱིས་གནོན་པའི་དཔལ་རྩལ་གྱི་གྲགས་པ་ཕྱོགས་བརྒྱར་འཕྲོ་བའི་ང་རོ་སྟག་འབུམ་དུ་གྲགས་པ་ནི་དམ་པ་འདི་ཉིད་ཀྱི་ཡབ་དང་། ཡུམ་ནི་ཆོས་ལ་དད་ཅིང་བཀྱེལ་ཆེ་བ་ཡིག་དྲུག་དུང་ཕྱུར་ལྔ་ཙམ་ཞལ་འདོན་དུ་སོང་བའི་ནམ་མཁའ་ལྕམ་མམ་ཡོངས་གྲགས་ཅ་ཅམ་དུ་འབོད་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་དོན་གྲུབ་ཅེས་པ་ས་ལུག་ཧོར་ཟླ་དང་པོའི་ཚེས་དགུ་རེས་གཟའ་ལྷའི་བླ་མ། རྒྱུ་སྐར་སྣར་མ་ལ་བབས་པ་ན་སྐུ་བལྟམས་པར་གྱུར་ཏོ། །སྒྱུ་འཕྲུལ་ལས་ནི་དོན་གྲུབ་དང་། །ཆུ་འཛིན་གསེབ་ནས་ཉ་རྒྱས་བཞིན། །ལྷ་སྲས་ཡུམ་གྱི་མངལ་རིམ་ནས། །བདེ་བར་བལྟམས་འདི་ངོ་མཚར་རྨད། །དེ་ལྟ་བུའི་གཞོན་ནུའི་དེའི་མཚན་རྟ་མགྲིན་ཚེ་རིང་དུ་བཏགས་ཤིང་དེ་ནི་བྱིས་པ་ཕལ་བའི་ངང་ཚུལ་ལས་རིང་དུ་འདས་ནས་རྟག་ཏུ་སྤྱན་ཕྱེ་སྟེ་ཙོག་པུར་བཞུགས་པ་དང་། ལྷ་ཁང་དང་དགོན་གནས་བཞེངས་ཚུལ་སོགས་ཆོས་ལྡན་གྱི་རོལ་རྩེད་དུ་མས་འདའ་ཞིང་བཞུགས་པའི་ངང་། རྒྱལ་སྲས་སྤྱུལ་སྐུ་པདྨ་རྣམ་རྒྱལ་དུ་གྲགས་པ་བྱོན་པར་མཇལ་མ་འདོད་པའི་རྣམ་འགྱུར་སོགས་མདོར་ན་སྤྱིར་ཆོས་དང་ལྷག་པར་དགེ་ལྡན་པ་ལ་དགྱེས་ཤིང་། བོན་སོགས་ལ་གཏན་ནས་མི་དགྱེས་པ་ལ་ཡབ་ཀྱིས་ཚོད་བགམ་པའི་ཕྱིར་ཟན་དུམ་རེ་བོན་གྱི་ཚོགས་སྐལ་ཡིན་ཞེས་ཕུལ་བར་མ་མཉེས་ནས་བཤུམས་པ་དང་། སྐབས་འགར་ཟླ་བ་ལ་གཟིགས་ནས་འདི་ནི་ཕའོ་ཞེས་གསུང་བ་དང་། ནམ་མཁའི་དབྱིངས་སུ་མེ་ཏོག་གིས་མཛེས་པའི་རི་བོ་ཡིད་དུ་འོང་བ་ཞིག་གཟིགས་ལམ་དུ་ཤར་བས་མཚོན་དམ་པའི་ཡོན་ཏན་རང་ཆས་སུ་འཁྲུངས་པར་གྱུར། དགུང་ལོ་གཉིས་ཙམ་ནས་བདག་ཨ་མཆོག་དགེ་བཤེས་ཡིན་ཞེས་ཡང་ཡང་གསུང་པ། རྗེ་གོང་མ་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་ཆོས་འཕེལ་གྱི་སྐུ་ཉེ་རིགས་ལྷ་བཟོ་ཀུན་དགའ་ཆོས་དབྱིངས་ཕྱོགས་དེར་བསྐྱོད་སྐབས་ཁོང་བར་མཉེས་ཚོར་མཛད་པ་སོགས་རིམ་གྱིས་ཐོས་པར་བརྟེན་ཨ་མཆོག་དགེ་བཤེས་ཀྱི་སྤྲུལ་སྐུ་ཚ་ཁོའི་ང་རོ་སྟག་འབུམ་ལ་འཁྲུངས་ཡོད་པར་འདུག་ཅེས་གྲགས་པ་ན་ཡབ་སྟག་འབུམ་བསོད་ནམས་ཀྱི་གཟི་འོད་མངོན་པར་འབར་བའི་རྒྱལ་བོ་གཉིས་པ་ལྟར་གྱུར་གཤིས། དབལ་ཤུལ་སྙིང་དཀར་སོགས་རིམ་བརྒྱུད་ཐོག་སྐུ་གོང་མའི་གྲྭ་རྒན་ཧོས་སྡེའི་ངག་དབང་ཕུན་ཚོགས། ཉེ་གནས་དགེ་སློང་བཀྲ་ཤིས་བློ་བཟང་། དཔོན་པོ་བསོད་ནམས་ཆོས་རྒྱན་བཅས་ཚ་ཁོར་སོང་ནས་ཡབ་ལ་རྒྱུ་མཚན་ཞུས་ཤིང་། དགུང་ལོ་གསུམ་པར་ངོས་འཛིན་བྱེད་དུ་ཕྱིན་པ་ན་ཌཱ་དྲིལ་མ་ནོར་བར་འཛིན་པ་དང་། དམ་པ་གོང་མའི་ཕྱག་ཕྲེང་མ་ནོར་བར་བཞེས་ནས་ཕྱག་གཡོན་པར་དཀྲིས་གསུམ་གནང་། ཚ་སླར་ཀྱང་འཁྲུལ་མེད་ངོས་འཛིན་མཛད་པས་ཚང་མ་ཡིད་ཆེས་ཀྱི་དད་པ་ལ་བཀོད། དེ་ནས་ཨ་མཆོག་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ་ཞེས་གོང་མའི་ཕུ་བོར་གྱུར་པ་དེས་འབུལ་སྡུད་མཛད་ནས་བླུ་ཡོན་ཕོན་ཆེ་བ་ཡབ་ལ་ཕུལ་བ་ན། ཡབ་ཀྱིས་ཀྱང་བླུ་ཡོན་ཆ་བཞིར་བགོས་ཏེ་གསུམ་མཆོག་རྩེ། སོ་མང་རྫོང་འགག་གི་རྒྱལ་ཁག་སོ་སོར་ཕུལ། ཆ་གཅིག་གིས་ཚ་ཁོ་དཔོན་པོའི་སྐུ་གདུང་ཞིག་གསོས་ཀྱི་ཐེབས་མཛད་དོ། །ལྕགས་མོ་བྱ་ལོ་དེའི་དགུན་ལ་བབས་པ་ན་མཆོག་རྩེ་རྒྱལ་བོ་རྒྱ་གར་འབུམ་ཞེས་པའི་དཔའ་གྲགས་ཅན་དེ་གཤེགས་པའི་དགོངས་རྫོགས་ལ། ད་ཚང་ལྷུན་གྲུབ་གླིང་ནས་གུང་ཐང་རིན་པོ་ཆེ་གདན་དྲངས་སྐབས། ཡབ་ཀྱིས་ཁྱིམ་དུ་ཡང་སྤྱན་དྲངས་པས་དེའི་ཚེ་དམ་པ་འདིས་ཀྱང་ཞྭ་སེར་བསྟན་པའི་སྣང་བྱེད་མཚུངས་མེད་གུང་ཐང་འཇམ་དཔལ་དབྱངས་ཞེས་གྲགས་སྙན་གྱིས་ཕྱོགས་ཀུན་ཁྱབ་པ་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཞབས་དྲུང་ནས། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞུས་པར་མཛད་ཅིང་། མཚན་དཀོན་མཆོག་བསྟན་འཛིན་ཞེས་བསྩལ། གཞན་ཡང་སྒྲོལ་དཀར་དང་ཁྱུང་ནག་གི་རྗེས་གནང་ཀྱང་གསན། དེ་ནས་བཟུང་དམ་པ་དེ་ཉིད་བླ་མའི་གཙོ་བོར་མཛད་ནས་མཉེས་པ་གསུམ་གྱིས་རྟག་ཏུ་མཆོད་པ་སོགས་གཞན་གྱིས་བསྐྲུན་པར་མི་ནུས་པའི་སྙིང་སྟོབས་ཀྱིས་ཁུར་ཆེན་པོ་རང་གིར་བཞེས་པ་ནི་ཀུན་ལ་གྲགས་པ་ལྟར་རོ། །མཁས་གྲུབ་བསྟན་པའི་སྒྲོན་མེ་དེ། །འདི་ནི་བདག་གི་མགོན་ནོ་ཞེས། །ཕྱོགས་དེར་རྒྱུ་བའི་ཟོལ་གྱིས་ནི། །ཆེད་དུ་བྱོན་ནས་མཇལ་མིན་ནམ། །རེ་ཤིག་ཡབ་ཀྱིས་འབྲས་བློ་གླིང་བ་མང་ཐོས་ནོར་བུའི་མཛོད་འཛིན་ཡེ་ཤེས་ཡར་འཕེལ་གདན་དྲངས་ནས་ཀློག་པའི་སློབ་དཔོན་དུ་བསྐོས་པ་ལྟར་དེའི་དྲུང་དུ་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། བཀྲ་ཤིས་ལྷུན་པོ་བ་འདུལ་འཛིན་བློ་བཟང་འཇམ་དཔལ་དང་། ཀབ་གྱོ་དགེ་སློང་དུ་གྲགས་པ་གཉིས་ཀྱིས་སྐབས་འགར་བྱབ་ཁྲུས་རེ་ཡང་ཕུལ། ཨ་མཆོག་སེར་སྐྱ་ཚང་མས་གདན་སར་འབྱོན་དགོས་ཞེས་ནན་གྱིས་གསོལ་བ་ལྟར་ཐོག་མར་ཡབ་ཀྱི་ཁང་སྟེང་དུ་རྟེན་འབྲེལ་གྱི་ཁྲི་འདོན་ཞིག་མཛད། དགུང་ལོ་བཞི་བ་ཆུ་ཁྱི་ལོར་མཆོག་རྩེའི་བློན་པོ་བ་ལ་ཏ་རོ་རྡོ་རྗེ་རྒྱལ་དང་། སོ་མང་ནས་ཡབ་ཀྱི་ཁུ་བོ་ང་རོ་ནམ་མཁའ་རྒྱལ་སོགས་ཆིབས་སྐྱེལ་མང་བ་དང་བཅས་ཕྱག་བཏེག་སྟེ་ཚ་ཁོ་ངག་དབང་གྲགས་པའི་གདན་ས་ད་ཚང་ལྷུན་གྲུབ་གླིང་དུ་ཕེབས། དེའི་སྐུའི་ཁུ་བོ་བློ་བཟང་ལྷུན་འགྲུབ་དང་། དགོན་སྤྱིས་ཤིང་ལེན་གཟབས་ཤིང་། ཁུ་བོ་དེས་སྟོང་འཁོར་འཇམ་དབྱངས་རྒྱ་མཚོའི་ཕྱག་ཕྲེང་དང་། འཛམ་དཀར་གྱི་སྐུ་བརྙན་ཁྱད་འཕགས་བཅས་ཕུལ། རིམ་གྱིས་ཨ་མཆོག་གི་ལྷ་སྡེ་མི་སྡེ་ཚང་མས་བསུ་བའི་རྣམ་གྲངས་མང་བ་དང་བཅས་ཨ་མཆོག་གི་འབྲོག་སྡེ་བརྒྱུད་གདན་ས་དཀར་ཆེན་བྱམས་པ་གླིང་དུ་ཕྱག་ཕེབས། དེར་ལུང་རྟོགས་རྒྱ་མཚོའི་བདག་ཉིད་རྒྱུད་སྟོད་སྔགས་རམས་པ་བློ་བཟང་ཡོན་ཏན། ཨ་མཆོག་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ། ཨ་མཆོག་དགེ་བཤེས་བསོད་ནམས་ལྷུན་གྲུབ། འཚམས་ཚ་རབ་འབྱམས་པ་ཡོན་ཏན་དར་རྒྱས། འཚམས་ཚ་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ། བླ་མ་དཔལ་འཛིན་སོགས་གཞིར་བཞུགས་དང་། བྲག་དཀར་ནས་མཁས་པ་ཆེན་པོ་ཕྱོགས་བཞི་དགེ་བཤེས་བྱམས་པ་ཕུན་ཚོགས། གཞུ་ཤུབས་ནས་སེར་སྐྱེ་བླ་མ་སོགས་བླ་ཁག་དུ་མ་ཚོགས་པ་ལ། གཉེར་བ་དགེ་སློང་བློ་བཟང་དོན་གྲུབ་དང་། དགེ་སློང་རབ་བརྟན་སོགས་ནས་ཁུར་བླངས་ཀྱིས་དགའ་སྟོན་རྒྱས་པར་བསྒྲུབས། ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཞིར་རྒྱལ་བའི་ཆོས་འཁོར་བསྐོར་བའི་དུས་ཆེན་དང་འབྲེལ་བར་དཀར་ཆེན་བྱམས་པ་གླིང་གི་སེང་ཁྲིར་མངའ་གསོལ་བའི་ཁྲི་སྟོན་མཛད་པ་ན་ཁྲི་ཐོག་ཏུ་ཕེབས་འཕྲལ། བདག་གིས་འཆད་རྩོད་རྩོམ་པ་སེངྒེའི་སྒྲས། །ལོག་སྨྲའི་ཝ་ཚོགས་སྤོབས་པ་འཕྲོག་བྱས་ནས། །གང་གིས་འདུལ་བའི་ཐབས་ཀྱིས་རྗེས་བཟུང་སྟེ། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །ཅེས་ལན་གསུམ་ཐོལ་བྱུང་དུ་ཐོལ་བྱུང་དུ་གསུངས་འདུག་པ་ནི་སྔོན་གནས་རྗེས་དྲན་གཞན་གྱིས་བསྐྲུན་ཏུ་མེད་པའི་རྣམ་པར་ཐར་བ་ཆེས་ངོ་མཚར་བ་ཞིག་གོ། །སྣང་བྱེད་དབུས་ན་ཉི་མ་དང་། །རྐང་འཐུང་ཁྲོད་དུ་ཙནྡན་དང་། །གསེར་རིའི་དབུས་སུ་ལྷུན་པོ་བཞིན། །ཁྱོད་ནི་ངོ་མཚར་དཔལ་རབ་འཛིན། །དེ་དུས་བླ་མ་དཔལ་འཛིན་དང་། །དཔོན་པོ་བསོད་ལྷུན་གཉིས་ནས་ཚོགས་གླེང་བྱས་ཏེ་རྟེན་འབྲེལ་བསྒྲིགས་པ་སོགས་གྲུབ་ནས་འཁྲུངས་ཡུལ་དུ་བྱོན་ཏེ་རེ་ཤིག་བཞུགས། དགུང་ལོ་ལྔ་བ་ཆུ་ཕག་ལོའི་དཔྱིད། སྟོབས་དང་སྒྱུ་རྩལ་གཟི་བརྗིད་སོགས་ཀྱིས་ས་ཆེན་པོ་རྣམ་པར་གནོན་པའི་ཡབ་རྗེ་དེ་ཉིད་འབྱུང་འགྱུར་གྱི་ཞལ་བཀོད་སྔོན་དུ་འགྲོ་བས་ངོ་མཚར་ལྟས་དང་བཅས་ཞི་བར་གཤེགས་ཤིང་། མི་རིང་བར་མཆོག་རྩེར་ཡང་འབངས་གྱེན་ལོག་ལྟ་བུས་མི་བདེ་བ་སྣ་ཚོགས་བྱུང་བ་དང་། ཨ་མཆོག་དགེ་བཤེས་གོང་མའི་སྐུ་མཆེད་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ་ཡང་གཤེགས་པ་སོགས་ཀྱིས་ཐུགས་ཤིན་ཏུ་སྐྱོ་བའི་ངང་། སྒྲུབ་སྡེ་དཀར་ཆེན་དགོན་དུ་བྱོན་ནས་རེ་ཞིག་ཕྱག་དཔེ་འཛིན་སྐྱོར་ལ་འགྲུས་པར་མཛད་མུར། དགུང་ལོ་དྲུག་བདུན་སྐབས་ནས་བཟུང་། ཝ་སྔགས་རམ་པ་བློ་བཟང་ཡོན་ཏན་ཞེས་གཙང་བ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་དང་། བྲག་རྒྱབ་སྔགས་རམས་པ་བློ་བཟང་ཆོས་འཕེལ་སོགས་ཀྱི་ཞལ་སློབ་སྒྲུབས་པའི་རྒྱལ་མཚན་འཛིན་པ་དེ་ཉིད་ཀྱི་ཞབས་དྲུང་ནས། འཇིགས་བྱེད་ལྷ་བཅུ་གསུམ་མ་དང་བདུད་ལས་རྣམ་རྒྱལ། ཀུན་རིག་མི་འཁྲུགས་པ་ལྷ་བཅུ་གསུམ། ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང། མགོན་པོའི་བཀའ་ཆེན་བཅུ་གསུམ། རྟ་མགྲིན་གསང་སྒྲུབ་དང་། ཤྭ་ན་བཞི་སྐོར། སྣར་ཐང་བརྒྱ་རྩ། ལས་གཤིན་ཕྱི་ནང་། དམག་ཟོར་མ། སྨེ་བརྩེགས། ཁྱུང་ཁྲ་ནག་བཅས་ཀྱི་རྗེས་གནང་། གཅོད་ཁྲིད། ཕྱག་ཆེན་གྱི་ཁྲིད། འཇིགས་བྱེད་དང་བསྐང་གསོའི་སྐོར་གྱི་ལུང་སོགས་གསན། དཔའ་ཅིག་གི་དབང་མནལ་ལམ་བརྟགས་སྐབས་མཛོ་སྔོན་པོ་ཞིག་ཆིབས་པ་རྨིས་པ་ནི། གཤིན་རྗེ་ཆོས་ཀྱི་རྒྱལ་བོས་འཕྲིན་ལས་ཚུལ་བཞིན་སྒྲུབས་པའི་མཚན་མར་གོ །དེ་དུས་ཕྱག་རྒྱའི་དམ་ཚིག་སྐབས་འཁྱུད་རྒྱ་ལེགས་པར་མཛད་པས་བླ་མ་ཡང་མཉེས། ཡོངས་འཛིན་ཡེ་ཤེས་ཡར་འཕེལ་བས་རིག་གནས་མཐའ་དག་ལ་སྦྱོང་བར་མཛད་པས་རྗེས་སོར་རྗེ་ཉིད་ཀྱང་རིག་ལྔ་རིག་ཀུན་ལ་ཐུགས་བརྩོན་མཛད་རྒྱུའི་བསྐུལ་མར་སོང་། རིམ་གྱིས་ཆོས་སྤྱོད་ཀྱི་རིགས་དང་། འཇིགས་བྱེད་ཀྱི་མངོན་རྟོགས་བདག་འཇུག བསྐངས་གསོའི་སྐོར། ཀུན་རིག གསང་འདུས་ཀྱི་མངོན་རྟོགས། རྒྱན་འཇུག་སོགས་ཐུགས་འཛིན་དང་། ཕྱག་བྲིས་བྲི་བ་སོགས་ལ་ཡང་བརྩོན་པར་མཛད། འཇིགས་བྱེད། ཀུན་རིག ཐུགས་རྗེ་ཆེན་པོ་སོགས་ལྷ་མང་པོའི་ལྗགས་བསྙེན་ཁ་བསྐོང་གི་སྦྱིན་སྲེག། བདག་འཇུག་སོགས་ཀྱང་མཛད་ཅིང་།རྗེ་བཙུན་འཇམ་དཔལ་དབྱངས་ལ་ཐུགས་མོས་ཆེ་བས་མངོན་རྟོགས་ཤིག་ཞལ་འདོན་མཛད་བཞེད་ཀྱིས་བཙལ་བར་སྣར་ཐང་བརྒྱ་རྩའི་གྲས་འཇམ་དཀར་ཨ་ར་པ་ཙའི་སྒྲུབ་ཐབས་ཞིག་གི་དཔེ་རྙེད་པ་མངོན་རྟོགས་ཚིག་བསྒྱུར་གྱིས་ཞལ་འདོན་དུ་མཛད། གཞན་ཡང་བསྟོད་སྤྲིན་རྒྱ་མཚོ།འཇམ་དཔལ་མཚན་བརྗོད།གང་བློ་མ།ཤེས་བྱའི་མཁའ་དབྱིངས་མ་རྣམས་ཐུགས་ལ་བཟུང་ནས་ཞལ་འདོན་དུ་མཛད་ཅིང་། ཙནྡྲ་གོ་མིས་མཛད་པའི་འཇམ་དཔལ་གྱི་བསྟོད་པ་འཇིང་ཡོན་མར་གྲགས་པ་ཡོངས་འཛིན་ཡེ་ཤེས་ཡར་འཕེལ་བའི་ཕྱག་བྲིས་ཤིག་ལྐོག་ཏུ་བླངས་ནས་ཐུགས་འཛིན་མཛད་པས་ཡོངས་འཛིན་པས་མཁྱེན་པ་ན་དགྱེས་པའི་རྩེ་མོར་སོན། དབྱངས་ཅན་མའི་བསྟོད་པ་གྲུབ་པ་ངག་གི་འོད་ཟེར་ཡང་།གཞན་གྱིས་བསྐུལ་བ་ལ་མ་བལྟོས་བར་ཐུགས་འཛིན་དང་ཞལ་འདོན་དུ་མཛད་པ་སོགས་ནི་རིང་མོའི་དུས་ནས་ལྷག་པའི་ལྷ་འདི་གཉིས་ཀྱིས་རྗེས་སུ་བཟུང་བའི་ཐུགས་ཀྱི་བག་ཆགས་མངོན་དུ་གྱུར་ཅིང་སྐུ་ཚེ་འདིར་ཡང་གཞན་གྱིས་བསྐྲུན་དུ་མེད་པའི་མཁྱེན་རབ་ཀྱིས་ལྔ་རིག་ཀུན་ལ་མཁས་པའི་གོ་འཕང་མཆོག་ཏུ་གྱུར་པའི་དགེ་མཚན་མངོན་དུ་གྱུར་པའོ། །མཁྱེན་པའི་དབང་ཕྱུག་ཡབ་ཡུམ་ཟུང་། །ཁྱོད་ཀྱིས་བསྟོད་པས་རབ་དགྱེས་ནས། །འཆད་རྩོད་རྩོམ་པའི་ཤེས་རབ་ཀུན། །ཁྱོད་ཉིད་གཅིག་པོར་བྱོན་མིན་ནམ། དགུང་ལོ་བརྒྱད་དགུ་ཙམ་ནས་དགའ་ལྡན་ཤར་རྩེའི་བླ་ཟུར་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་མཚེ་མཁན་ཆེན་བློ་བཟང་ཆོས་གྲགས་གྱི་ཞབས་ལ་གཏུགས་ཏེ་རབ་བྱུང་དང་། དགེ་ཚུལ་བསྒྲུབས་པའི་མཚན་བློ་བཟང་དཀོན་མཆོག་བསྟན་འཛིན་དུ་བསྩལ། གཞན་ཡང་བླ་མཆོད་ཀྱི་ཁྲིད་དང་ལུང་འགའ་རེ་གསན། ཚུར་ཡང་གནང་སྦྱིན་དང་བདག་རྐྱེན་ལེགས་པར་མཛད། དེ་ཞོར་ཕྱུག་བླ་བློ་བཟང་ཆོས་གྲགས་དང་། ཨ་མཆོག་དཀོན་མེ་སོགས་ཀྱིས་གདན་དྲངས།ཕྱུག་བླར་ཕྱག་རྡོར་གཏུམ་པོའི་རྗེས་གནང་ཞིག་གནང་བ་བཀའ་ཆོས་ཀྱི་ཐོག་མ་ཡིན་ནམ་སྙམ། བར་བར་དུ་དགེ་རྒན་དཔལ་འཛིན་ལས་བསྡུས་གྲྭ་ཅུང་ཟད་རེ་ཡང་གསན། ཉེ་གནས་མི་ལའི་རྣམ་མགུར། ཡོངས་འཛིན་རིན་པོ་ཆེའི་གསུང་གནས་བཅུའི་རྟོགས་བརྗོད།རོང་བོ་སྐལ་བཟང་རྒྱ་མཚོའི་མགུར་འབུམ། རྒྱལ་བོ་དོན་གྲུབ་ཀྱི་རྣམ་ཐར་སོགས་ཀློག་ཏུ་བཅུག་པར་གསན་པས།བདག་ཀྱང་དེ་ལྟ་བུ་ཞིག་བྱུང་ན་སྙམ་པའི་ཐུགས་འདུན་བརྟན་པོ་འཁྲུངས་ཏེ།ད་ཆ་ཆོས་རྣམ་དག་ཞིག་བྱེད་པ་ལ་ཐོས་བསམ་གནད་དུ་སྨིན་པ་ཞིག་དགོས་ངེས་སུ་འདུག་པས། ད་ནི་དམ་པ་གོང་མའི་རྣམ་ཐར་ལ་ཁ་མིག་ཡར་བལྟ་བྱས་ནས་འགྱངས་མིན་དབུས་འགྱུར་གདན་ས་ཆེན་པོ་ཞིག་ཏུ་ཐོས་བསམ་གྱི་ཕྱིར་བསྐྱོད་པར་བྱའོ་སྙམ་དུ་དགོངས་པ་ན་སྔར་ཡབ་ཀྱིས་དགུང་ལོ་བཅུ་གཉིས་ལ་སྤྲུལ་སྐུ་གྲྭ་སར་ཕེབས་དགོས། དེའི་བར་གྲོང་ཆོག་ལ་གཅིག་ཀྱང་ཕེབས་མི་ཉན་ཞེས་ཞལ་ཆེམས་བཞག་ཡོད་ཀྱང་།འདི་དུས་ཡབ་མེད་གཤིས་གཞན་གྱིས་ཕན་ཐོགས་དཀའ་བས་དབུས་ཕེབས་ཀྱི་མཐུན་རྐྱེན་སྒྲུབ་ཕྱིར་འབུལ་སྡུད་མི་མཛད་ཐབས་མེད་ལྟ་བུར་བྱུང་བར་བརྟེན།དགུང་ལོ་བཅུ་གཅིག་པ་དཀར་བོ་ཞེས་པ་ས་སྦྲུལ་ལོར།ཨ་མཆོག་སྡེ་ཕན་ཚུན་ཀུན་དང་།ཟངས་དཀར་རོང་རུ་སོགས་སུ་བྱོན་པར་དད་འབུལ་ཀྱང་ཚད་མེད་བྱུང་ཞིང་།དགེ་འདུན་བླ་མ་ངག་དབང་རིན་ཆེན་དང་དགེ་བཤེས་བསོད་ནམས་ཆོས་འཕེལ།རོང་རུ་ནས་བླ་མ་ཡེ་ཤེས་སྐལ་བཟང་སོགས་ཀྱིས་ཀྱང་ཤངས་ལེན་གཟབ་པར་མཛད།དམུ་དགེ་ཕྱོགས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཕ་མཐའ་སྤྲུལ་སྐུ་དཀོན་མཆོག་སེང་གེ་བྱོན་པར་ཡོངས་འཛིན་དང་གསུང་མོལ་མཛད་པའི་བར་ལ་རྗེ་འདི་ཕྱིར་བྱོན་ཏེ་ཨུཏྤལ་མེ་ཏོག་ཉེར་གཅིག་བཞེས་ནས་ཁོང་ལ་ཕུལ་བར་མཛད་པས་འཕྲིན་ལས་ཀྱི་ལྷ་མོ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས་སྐུ་ཚེ་འདིར་མཛད་ཕྲིན་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་རང་འགྲིག་ཏུ་གྱུར། དེའི་དགུན་རྔ་སྟོད་ཨ་འདུས་ནས་ཨ་ཁམས་ཀྱི་བར་དུ་བྱོན་ཞོར་སྒྲུབ་སྡེ་སོ་སོར་ཡང་ཞབས་ཀྱིས་བཅགས། ཚང་མས་ཞབས་ཏོག་ལེགས་པར་བསྒྲུབས། དགུང་ལོ་བཅུ་གཉིས་པ་ལྕགས་རྟ་ལོར། མི་རཱ་ཝ་ཤུལ་ཁྲོ་ཁོ། མཚམས་རིང་། མཛོད་དགེ་སོགས་སུ་འབུལ་སྡུད་ལ་བྱོན། དབལ་ཤུལ་དཔོན་ཁག་ཏུ་སྡེ་བགོ་བཤའ་བྱེད་པའི་གཟི་བོར་མཚེ་མཁན་ཆེན་བློ་བཟང་ཆོས་གྲགས་དང་། ཙུག་གེ་གཅོད་པ་སོགས་བྱོན་ཡོང་བ་མཇལ་ལྷག་པར་ཙུག་གེ་ཡེ་ཤེས་ཚུལ་ཁྲིམས་རྗེ་ཉིད་ཀྱི་སྒར་དུ་བྱོན་པར་སྙན་བརྒྱུད་བླ་མའི་རྣལ་འབྱོར་གསན། གང་དུ་ཕེབས་སར་མཐོང་ཐོས་དྲན་རེག་དོན་ལྡན་དུ་མཛད་ཅིང་འབུལ་དངོས་ཀྱང་མང་བར་བྱུང་།གདན་སར་ཕེབས་ནས་ཡོངས་འཛིན་གྱིས་ལོ་སྔ་ཕྱིར་འཚོ་བའི་དོན་དུ་སྲོག་གཅོད་མང་དུ་བྱས་པའི་སྡིག་སྦྱོངས་སུ་མི་འཁྲུགས་པའི་བསྙེན་པ་ཞིག་བྱེད་དགོས་ཕེབས་པ་ལྟར་དེའི་བསྙེན་པ་དང་སྒྲོལ་དཀར་གྱི་ཚེ་སྒྲུབ་བཅས་གནང་། ཡོངས་འཛིན་འདི་ནི་ལས་འབྲས་ལ་ཡིད་ཆེས་ཀྱི་རྣམ་དཔྱོད་ཅན་ཞིག་ཡིན་པར་འདུག་མོད་གཞན་དུ་ན་ཁྱེད་སྐྱེས་བུ་དམ་པ་ཡིན་པས་སྐྱོན་མེད་ཅེས་དང་བོ་ནས་བག་ཡངས་སུ་སྤྱོད་དུ་བཅུག་སྟེ་རང་གཞན་གཉིས་མེད་བྱེད་པ་མང་དུ་སྣང་བས་སོ། ། ལུག་ལོའི་དབྱར་སྟོད། ཁ་ནག་ཏུ་མར་བསོད་ཡར་ལམ་ཨ་མཆོག་ཏུ་བྱོན། ཉེ་གནས་བཀྲ་ཤིས་བློ་བཟང་བ་ཚ་ཁོའི་རྒྱལ་ཁག་གསུམ་ལ་དབུས་ཕེབས་ཀྱི་ཐོན་ཕྱག་ཞུ་བར་མངགས་རྫོང་མཛད་པ་ན། སོ་མང་ནས་དྲེའུ་སོགས་ཀྱི་ཕེབས་རྫོང་དང་འབྲེལ་བར་ཕེབས་སྐྱེལ་དུ་སྐུའི་ཁུ་བོ་ང་རོ་ཁ་ཁར་གྲགས་པ་ནམ་མཁའ་རྒྱལ་དཔོན་གཡོག་བརྒྱ་ལྷག མཆོག་རྩེ་རྒྱལ་ས། ཁུ་བོ་ང་རོ་ཚེ་དབང་དང་ཉིད་ཀྱི་ཡུམ་བཅས་ནས། འབྲི་མཛོ་སོགས་ཀྱི་ཕེབས་རྫོངས། རྫོང་འགག་ཕུན་ཚོགས་རྫོང་ནས་ཇ་བག་ཉེར་ལྔ། ཁ་བཏགས་བརྒྱ་སོགས་ཀྱི་ཕེབས་རྫོངས་བསྟར། ཆིབས་སྐྱེལ་རྣམས་དང་བཅས་དཀར་ཆེན་བྱམས་པ་གླིང་དུ་བྱོན། རྗེ་སྔགས་རམ་པ་བློ་བཟང་ཡོན་ཏན་ནས་དགྱེས་པ་ཆེན་པོས་ཐུགས་གཉེར་ལེགས་པར་མཛད་དགོས་ཚུལ་དང་མྱུར་དུ་མཇལ་ལོ་གསུངས། ཉིད་ཀྱིས་ཀྱང་སྐྱབས་འཇུག་གནད་སྨིན་ཞུ་བར་མཛད། རྔ་སྟོད་དུ་བྱོན་པ་ན་ད་ཚང་དགོན་ནས་ཀྱང་རྟ་མཛོ་སོགས་དངུལ་སྲང་ལྔ་བཅུའི་རྩིས་ཀྱི་ཕེབས་རྫོངས་ཞུ་མི་འབྱོར། གཞན་ཡང་འཚམས་ཚ། ཕྱུག་སྒར་བ། སེར་སྐྱེ་བླ་མ། ཥོ་ཏོ་སོགས་རྔ་སྟོད་སྨད་ནས་ཕེབས་རྫོངས་ཞུ་མི་མང་དུ་བྱུང་། མཚེ་མཁན་ཆེན་བློ་བཟང་ཆོས་གྲགས་ཀྱི་དྲུང་དུ་སྐྱབས་ཞུ་ཞུར་བྱོན་པར་ཡང་གནང་སྐྱེས་དང་དགྱེས་པའི་གསུང་བཀའི་བསླབ་བྱ་སོགས་ལེགས་པར་བསྩལ། མགོ་ལོག་ཏུ་ཕེབས་སྐབས་སྐུའི་ཁུ་བོ་ང་རོ་ཁ་ཁས་མགོ་ལོག་གི་དཔོན་པོ་རྣམས་བསྡུས་ནས་བཙན་བརྗིད་ཅན་གྱི་ཁྲིམས་དང་གཏམ་དང་བསླབ་བྱ་སོགས་མཛད་དེ་ཁོང་དཔོན་གཡོག་ཕྱིར་ལོག དེ་ནས་རྗེ་ཉིད་དཔོན་གཡོག་དང་། མཛོད་དགེ་སྟོབས་ལྡན་སྤྲུལ་སྐུ་སོགས་ཨ་སྐྱིད་འབོས་བསྟན་རྒྱས་སོགས་མགོ་ལོག་གཉེར་བ་རབ་རྒྱས་སོགས་ཚ་ཁོ་དང་། རྔ་བ་ཕྱོགས་ཀྱི་འགྲུལ་བ་མང་དག་དང་ལྷན་གཅིག་ཏུ་བོད་ཡུལ་ཆོས་ཀྱི་ཞིང་ས་ཆེན་པོར་ཕྱག་བཏེག་པར་གྱུར་ཏོ། ། འདིར་སྨྲས་པ། ལང་ཚོའི་ཟླ་བ་ཆ་ཤས་མ་རྫོགས་ཀྱང་། །ཡོན་ཏན་འོད་དཀར་འགྱེད་ལ་ཟླ་བྲལ་བ། །ཁྱོད་ནི་སྔོན་མེད་བསིལ་སྦྱིན་བདག་པོ་སྟེ། །ཉེས་པའི་ར་རིས་དབེན་པ་འདིས་ཀྱང་ངོར། །ངམ་པར་གྱུར་ཀྱང་དམ་པའི་བཤེས་གཉེན་གྱིས། །ཕལ་བ་བཞིན་དུ་ཕལ་བའི་ཡོན་ཏན་ནས། །རིམ་གྱིས་སློབས་པའི་རིམ་པ་འདི་ལྟ་བུ། །སྔོན་བྱོན་སྐྱེས་བུས་སྔོན་གནས་མཛད་དང་མཐུན། །དམ་ཆོས་ཐོས་པའི་དགའ་སྟོན་མྱང་བའི་ཕྱིར། །ས་ནག་འདོམ་གཞལ་སྤྲིན་དཀར་ཚད་བཙུག་ནས། །དབུས་འགྱུར་ཆོས་ཀྱི་ཞིང་དུ་གཤེགས་པ་ནི། །སུ་ལ་ཧ་རིར་མར་སྟོན་བྱོན་པ་བཞིན། །ཞེས་བྱ་བ་ནི་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་དཔག་བསམ་ལྗོན་པ་ལས་སྐུ་བལྟམས་ཤིང་རབ་ཏུ་བྱུང་ནས་དབུས་སུ་བྱོན་པའི་བར་གྱི་ཡལ་འདབ་སྟེ་དང་བོའོ། །
དེ་ནས་ཕེབས་ལམ་དུ་སྐུ་གཟུགས་ལྕི་ཞིང་མགུལ་བ་སྐྲངས་པ་སོགས་བྱུང་བར་ཞབས་རིམ་འདྲ་བསྒྲུབས་ཀྱང་རིམ་གྱིས་ཇེ་ཐུར་སོང་ཡང་ཉན་མཚོའི་སྡེ་ནང་ནས་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་དུ་གྲགས་པ་དང་མཇལ་ཏེ་ཁོང་བས་གསོལ་སྨན་ཕུལ་བས་གཞི་མེད་སངས་དེངས་སུ་གྱུར། ནག་ཆུར་རྒྱལ་དབང་མཆོག་ལ་འབུལ་རྒྱུའི་རྟ་དྲེའུ་བཅུ་ཡོད་པ་རྩིས་སྤྲོད་གནང་སྟེ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་ཀྱི་རྟེན་མཇལ་དང་། ཁྲི་ཆེན་རྡོ་རྗེ་འཆང་ལ་རྟ་བཟང་སྔོན་པོ་ཞིག་ཕུལ་ཏེ་མཇལ་ཕྱག་ཞུ་བར་མཛད། རིམ་གྱིས་མཁའ་འགྲོ་མ་གསང་བ་ཡེ་ཤེས་གནས་པའི་ཕ་བོང་དང་། བྱང་སྟག་ལུང་སོགས་ཀྱང་མཇལ་ཏེ་ཕྱགས་ལ་རྒྱབ་ནས་ཕན་ཡུལ་གཞུང་བརྒྱུད་ཕེབས་པར་ཨ་མཆོག་དཔོན་པོ་བསོད་ནས་ཆོས་གྲགས་དང་ངག་དབང་ཤཱཀྱ་གཉིས་ཕེབས་བསུར་འབྱོར། སོག་པ་ཁང་ཚན་གྱི་ཐབ་བསུའི་ཤར་ཤར་རྩེ་གྲྭ་ཚང་གི་ལས་སྣེ་རྣམས་ནས་ཀྱང་མཇལ་དར་ཕུལ། དེ་ནས་བཏེག་སྟེ་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཞྭ་སེར་བསྟན་པའི་ཆུ་འགོ་འདུ་འཛིས་དབེན་པའི་སྨན་ལྗོངས། མཁས་གྲུབ་བྱེ་བའི་བསྟི་གནས་ལྷ་མི་ཡོངས་ཀྱི་མཆོད་སྡོང་ས་ལ་གནས་པའི་འོག་མིན་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན། རྒྱལ་བའི་ལུང་གིས་ཟིན་ཅིང་ཐེག་གསུམ་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད་དུ་སྒྲོགས་པ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་སྙན་པའི་བ་དན་སྲིད་པའི་རྩེ་མོར་སོན་པ་དེ་ཉིད་དུ་ཕྱག་ཕེབས་པ་ན་ཐུགས་ཤིན་ཏུ་སྤྲོ་ཞིང་དགའ་དང་ལྡན་པར་གྱུར་པ་ནི་ས་དང་བོའི་རབ་དགས་ཀྱང་བསྐྲུན་པར་མི་ནུས་པའོ། །ཨེ་མ་འདི་ལྟར་ངོ་མཚར་གནས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་ངམ། །རྨད་བྱུང་བཀོད་པའི་འཇིག་རྟེན་ཞེས། །ཁྱོད་ཐུགས་ཁྱོགས་ལ་འཆང་བར་གྱུར། །སོག་པ་ཁང་ཚན་གྱི་ཚོམས་སུ་ཁྲི་ཆེན་ནམ་མཁའ་བཟང་གི་བཞུགས་ཁྲིར་སྤྱན་དྲངས་ཏེ་གཞེས་ལེན་རྒྱས་པ་བསྟར། དེ་ནས་ཁྲི་ཐོག་ཁང་དུ་འཇམ་མགོན་བླ་མའི་རྒྱལ་ཚབ་ཞྭ་སེར་བསྟན་པའི་སྲོག་ཤིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཟླ་མེད་ཡོངས་འཛིན་ཁྲི་རིན་པོ་ཆེ། ངག་དབང་སྙན་གྲགས་པར་རྟ་བཟང་གི་མཇལ་རྟེན་དང་བཅས་ཕྱག་མཇལ་ཞུས་པའི་ན་དགྱེས་པའི་བཀའ་སློབ་དང་གནང་སྦྱིན་བཅས་བསྩལ། འཇམ་མགོན་ཆོས་རྒྱལ་བོའི་སྐུ་གདུང་རིན་ཆེན་དབང་གི་རྒྱལ་བོ་བཞུགས་པའི་གསེར་གདུང་རིན་པོ་ཆེ་དང་། ཐུབ་པ་ཚུལ་ཁྲིམས་མ། ནག་པོ་སྐོར་གསུམ་སོགས་དགའ་ལྡན་གྱི་ཕྱི་ནང་གི་རྟེན་རྣམས་ཞིབ་ཏུ་མཇལ་ནས་ཐུགས་སྨོན་གྱི་མཚམས་སྦྱོར་གནད་དུ་སྨིན་པར་མཛད། ཤར་རྩེ་བླ་མ་ཕོ་ཁང་བློ་བཟང་ཆོས་འཕེལ་དང་། བྱང་རྩེ་བླ་མ་འཕྱོང་རྒྱས་པ་མཁས་དབང་བློ་བཟང་དཔལ་འབྱོར་སོ་སོར་ཡང་རྟ་རེའི་ཕྱག་རྟེན་དང་བཅས་མཇལ་བར་ཤར་རྩེ་བླ་མ་ནས་བཀའ་སློབ་མཐིལ་ཕྱིན་སྩལ། ཧོར་ཟླ་བཅུ་བའི་ཚེས་བཅུ་གཅིག་ལ་དགའ་ལྡན་ཚོགས་ཆེན་དུ་མང་ཇ་དང་སྐུ་འགྱེད་སྐལ་ཕྱེད་བརྒྱད་རེ་ཕུལ་ནས་ཞུགས་སྒོ་མཛད། ལྔ་མཆོད་སྐབས་མང་ཇར་ཕེབས་སར་དཔའ་རིན་ཤོག་གི་སོག་པོ་བདེ་མཆོག་ཏུ་གྲགས་པ་རྡོ་བཅལ་རབ་འབྱམས་པའི་མིང་བཏགས་ཡིན་འདུག་པའི་ཁོང་བའི་རྣམ་དཔྱོད་ཀྱིས་ཐུགས་ལྷག་པར་ཕྲོགས་ཏེ་བདག་ཀྱང་འདི་ལྟ་བུ་ཞིག་ནམ་འོང་ན་དགོངས་པ་བྱུང་གསུངས། ཧོར་ཟླ་བཅུ་གཅིག་པའི་གཟའ་སྐར་མཆོག་ཏུ་དགེ་བར་གྲྭ་ཇའི་ཐོག་དངུལ་ཊཾ་རེའི་སྐུ་འགྱེད་དང་བཅས་ཤར་རྩེ་ནོར་བུ་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་པར་མཛད། ཆོས་གྲྭ་དཔོན་སློབ་ནས་རྩིབ་བཞག་གི་ཐོག་མར་གསེར་གྱི་རི་བོ་ལས་བརྩམས་ཏེ་ཚིག་སྒྲ་ལེགས་པར་གནང་ནས་རྟེན་འབྲེལ་བསྒྲིག དེ་མཚུངས་ཁང་ཚན་ལ་ཡང་འཇུག་སྒོའི་གཏོང་སྒོ་སོགས་ཚམས་མེད་དུ་མཛད། གཉེར་བ་བློ་བཟང་དོན་གྲུབ་དང་། དཔོན་པོ་ངག་དབང་ཤཱཀྱ་རང་ཡུལ་དུ་ལོག རྗེ་ཉིད་ཀྱི་སྐུ་ཟླར་ཡོངས་འཛིན་པ་དང་དཔོན་པོ་བསོད་ནམས་ཆོས་གྲགས་དགེ་སློང་བཀྲ་ཤིས་བློ་བཟང་རྣམས་བསྡད། དགུན་ཆོས་དང་རྟིང་ལ་ཚོགས་ཆོས་རྩོད་པ་སོགས་ལ་ཐུགས་གཉེར་ཆེ་བ་མཛད་ཡུན་དགུང་ལོ་བཅུ་བཞི་བ་ཨངྐིར་ཞེས་པ་ཆུ་ཕོ་སྤྲེའུའི་ལོ་ཆོ་འཕྲུལ་མཆོད་པའི་དུས་སྟོན་དང་འབྲེལ་བའི་སྨོན་ལམ་ཆེན་མོ་ཚུགས་གཤིས་བོད་ཡུལ་ཡུལ་གྱི་རྡོ་རྗེ་གདན་ཆོས་འཁོར་དཔལ་གྱི་ལྷ་སར་ཕེབས། ཇོ་ཤཱཀ་རྣམ་གཉིས་དང་། རང་བྱོན་ལྔ་ལྡན་སོགས་རྟེན་མཇལ་ཞིབ་ལྷོད་ཀྱི་ཐུགས་སྨོན་ནན་ཏན་དང་། གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་འཆང་བ་འགྲོ་འདྲེན་མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཀུན་མཁྱེན་རྒྱལ་བའི་དབང་བོ་རྗེ་བཙུན་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་བོར་སྔོན་དུ་ནག་ཆུར་བཞག་པའི་རྟ་སོགས་ཀྱི་ཕྱག་རྟེན་དང་བཅས་མཇལ་ཕྱག་ཏུ་བཅར་བར་དགྱེས་པའི་གསུང་དང་འབྲེལ་བར་ཤིང་འབྲས་ཞྭ་སེར་ཕྲུག་སོགས་ཀྱི་གནང་སྐྱེས་ཀྱང་བསྩལ། སེ་འབྲས་དགེ་གསུམ་སོགས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོ་དང་ཆོས་དང་ཟང་ཟིང་གི་དགའ་སྟོན་ལ་ལྷན་གཅིག་ཏུ་རོལ་ནས་བསྟན་འགྲོར་སྨན་པའི་ཐུགས་སྨོན་རྒྱ་ཆེར་མཛད། ཀུན་མཁྱེན་རྒྱལ་བའི་དབང་བོ་འདི་ཉིད་སྐུ་ན་ཕྲ་ཞིང་སྐུའི་དབྱིབས། གསུང་གི་གདངས། ལེགས་བཤད་ཀྱི་གཏམ། མཛད་སྤྱོད་གང་ས་ནས་ངོ་མཚར་གྱི་ཕུང་བོ་མ་ལུས་པ་གཅིག་ཏུ་སྤུངས་པ་ལྟར་དུ་བཞུགས་པ་ལ་རྗེ་ཉིད་ཀྱང་ཐུགས་རྗེ་ཆེན་པོ་དངོས་ཀྱི་འདུ་ཤེས་བཅོས་མིན་འཁྲུངས། རིགས་ཀུན་ཁྱབ་བདག་ཡོངས་འཛིན་ཤར་བ་ཆོས་རྗེ་བྱང་ཆུབ་ཆོས་འཕེལ་བའི་མཇལ་ཁར་བྱོན་པར་ཐུགས་ཤིན་ཏུ་དགྱེས་པའི་བཀའ་སློབ་སོགས་ཤིན་ཏུ་སྨིན་པ་སྩལ། འདི་ལོ་འབྲས་སྤུངས་སྒོ་མང་སོག་པོ་ངག་དབང་རྣམ་རྒྱལ་ཞེས་རྗེས་སོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས་པ་དེ་ཉིད་ལྷ་རམས་པའི་མཚན་བཏགས་མཛད་ནས་མཁས་གྲགས་ཀྱིས་ཆེས་ཆེར་ཁྱབ་པ་ཡང་མཛད། སྨོན་ལམ་གྲོལ་ནས་དགའ་ལྡན་དུ་བྱོན། དཔེ་འཛིན་རྩོད་པ་སོགས་ལ་ཐུགས་བརྩོན་གནང་མུས་གསང་ཕུ་དབྱར་ཆོས་ལ་ཕེབས་ཞོར་སྐྱིད་ཤོད་ལ་བྱོན་ཏེ། ཆོས་སྐྱོང་བསྭེ་ཡི་ཁྲབ་ཅན་སྐུ་ཁོག་ཏུ་སྤྱན་དྲངས་ནས་ལུང་བསྟན་ཞུ་བར་མཛད་པ་ན། ཆོས་སྐྱོང་ནས་དགྱེས་པ་ཆེན་པོས་སྔོན་གསེར་ཐུབ་ཀྱི་དུས་ནས་སྨོན་ལམ་བཏབ་ཅིང་འབྲེལ་བ་ཡིན་པས་དེང་ནས་བཟུང་བར་ཆད་སེལ་ཞིང་ལེགས་ཚོགས་ཀྱི་བྱ་བ་འགྲུབ་པའི་གྲོགས་དན་བྱེད་ཚུལ་དང་། ད་ལམ་ཀྱང་ནེའུ་ཐོག་ཏུ་ལྷ་བསངས་ལེགས་པར་ཐོངས་ཞིག་གསུང་བ་སོགས་ལུང་གི་ཕེབས་སྒོ་ཡངས་པར་བསྩལ། རིམ་གྱིས་གངས་ལྗོངས་རིགས་སྨྲའི་འབྱུང་ཁུངས་དཔལ་གསང་ཕུ་ནེའུ་ཐོག་ཏུ་བྱོན་ནས། ཕྱི་ནང་གི་རྟེན་གསུམ་རྣམས་ཞིབ་མཇལ་དང་། ཤར་རྩེ་ནོར་བུ་གླིང་བ། སྟག་ཚང་རྭ་བ་སྟོད་པ། སྨོན་ཉི་མ་ཐང་བ་དང་། སྦེ་སེར་བ་སྟེ་དགེ་ལུགས་པ་བཞི་དང་། རྣམ་རབ་དྭགས་པོ་མཐོང་སྨོན་པ། སྐྱིད་ཤོད་རྭ་བ་སྨད་པ། འཕྲེང་བོ་གཞི་བ། རྣམ་རྒྱལ་གསེར་ཁང་བ། ཁུ་སྦེ་བ། ཕན་ཡུལ་གླིང་ཐང་གནས་སྒོ་བ་སྟེ་ས་ལུགས་དྲུག་བཅས་ས་དགེའི་གྲྭ་ཚང་བཅུ་འདུས་པའི་དབུས་སུ་དཀའ་བཅུའི་མཚན་རྟགས་མཛད་པ། ཀ་རྒྱན་བོར་སྐབས་མཁས་གྲུབ་རིན་པོ་ཆེའི་ཀ་བ་ཐོབ་པ་ནི་འཇིགས་མེད་སྨྲ་བའི་སེངྒེ་ཞིག་འབྱུང་བའི་ལུང་བསྟན་ལྟ་བུར་སོང་ངོ་། །དབྱར་ཆོས་ཀྱི་དུས་ནས་བཟུང་རྩོད་པ་སོགས་ལ་མཁྱེན་རབ་ཀྱི་སྒོ་ཡང་སྔར་ལྷག་ཏུ་ཕྱེ། དགོན་པར་བྱོན་ནས་དགེ་སློང་བཀྲ་ཤིས་བློ་བཟང་རང་ཡུལ་དུ་ལོག ཡོངས་འཛིན་ཡེ་ཤེས་ཡར་འཕེལ་གཙང་ལྷོ་ཁ་སོགས་ཀྱི་གནས་མཇལ་དུ་བྱོན་པས་མདོ་སྨད་བཀྲ་ཤིས་འཁྱིལ་གྱི་རིགས་སྨྲ་འཕགས་པའི་རིགས་བཞི་ལ་གནས་པའི་སྤོང་བ་ཆེན་པོ་དགེ་སློང་དཀོན་མཆོག་དར་རྒྱས་ཡོངས་འཛིན་དུ་བསྟེན་ནས་བསྡུས་གྲྭའི་ཐུགས་གཉེར་མཛད་མུར་དབྱར་གནས་སྐབས་མཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཆེན་ངག་དབང་སྙན་གྲགས་དཔལ་བཟང་བོའི་ཞབས་དྲུང་ནས་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་གསན། འདི་སྐབས་བདག་ཀྱང་དགའ་ལྡན་དུ་ཞུགས་སྒོ་བྱས་ནས་དམ་པ་ཉིད་དང་ཚོགས་ཆོས་མཉམ་འགྲིམས་ཀྱི་དགའ་སྟོན་མྱོང་བར་ན་ཚོད་ཡང་སྔོན་འདྲིས་ལྟ་བུའི་དགའ་ཚོར་དང་། སྐུ་ཡོན་ལ་སྨོན་པའི་འདུན་པ་ཡང་བྱུང་། གྲྭ་ཁང་དུ་བདག་གི་ཡབ་རྗེ་བསྟན་འཛིན་དབང་འདུས་གཡུ་རྒྱལ་ལ་ལྷ་ཆེན་ཚངས་པ་དུང་ཐོད་ཅན་སྐུ་ཕེབས་ཞུས་ཏེ་གྲྭ་དམངས་ནས་མཇལ་སྐབས་རྗེ་ཉིད་ཀྱང་ཕེབས། དེ་ནས་ཀྱང་ཚོགས་ཆོས་འགྲིམས་པ་དང་ཐུགས་གཉེར་ལ་བརྩོན་པ་སྔ་མུས་ནས་ཆུ་བྱ་ལོ་སངས་རྒྱས་སྣང་བ་མཐའ་ ཡས་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོ་སྐྱབས་མགོན་རྒྱལ་དབང་མཆོག་ལ་དགེ་ཚུལ་གྱི་བསླབ་སྡོམ་སྩོལ་ཕྱིར་དབུས་སུ་ཆིབས་ཞལ་བསྒྱུར་སྐབས་རྗེ་ཉིད་ཀྱང་ཞལ་མཇལ་ཕྱག་དབང་སོགས་ཞུ་བར་མཛད། དམ་པ་ཉིད་ཐུགས་རབ་ཆེ་ཞིང་ལྷག་པར་རྩོད་རིགས་ཤིན་ཏུ་མྱུར་བར་བསྟེན། དཔོན་སློབ་ནས་ཕྱི་ལོའི་བསྡུས་གྲྭ་དམ་བཅའ་ཡང་ཕུལ། དཔོན་སློབ་ཕོ་ཁང་བ་གཤེགས་ཚབ་ཏུ། བཤད་གྲྭའི་སྤྲུལ་སྐུའི་ཡོངས་འཛིན་རིགས་ལམ་སྨྲ་བའི་ཁྱུ་རྒྱན་མཁས་དབང་མུ་ལེ་བ་ངག་དབང་ཡོན་ཏན་མཁན་ཁྲིར་བྱོན་པའི་ཞབས་ལ་བཏུད་དེ་རྩིབ་བཞག་གསན། གངས་ལྗོངས་ཆོས་སྲིད་ཀྱི་བྱེད་པོ་དེ་མོ་ནོ་མིན་ཧན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོ་དགའ་ལྡན་དུ་བྱོན་པའི་དྲུང་ནས་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གསན། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་སྙན་གྲགས་རིན་པོ་ཆེའི་ཞབས་དྲུང་ནས་འཇམ་དབྱངས་དཀར་ནག ཕྱག་རྡོར་བདུད་རྩི་ཐིགས་པ། སེང་གདོང་མ་གཙོ་འཁོར་གསུམ་པ་བཅས་ཀྱི་རྗེས་གནང་། འཇམ་དབྱངས་ཆོས་སྐོར་གྱི་ལུང་སོགས་གསན། ཁང་ཚན་ནང་དུ་ཚད་རིམ་བྱུང་བར་བསྟེན་རེ་ཞིག་རྒྱལ་ཁང་རྩེར་བཞུགས། དབྱར་འདིར་ཨ་མཆོག་དཔོན་པོ་བསོད་ནམས་ཆོས་གྲགས་ནས་རྡོ་རམས་པའི་མིང་བཏགས་བྱས། འདི་ལོ་སེར་སྐྱེའི་དབོན་པོ་དང་། ཨ་མཆོག་གོང་མའི་ཉེ་རིགས་ངག་དབང་གྲགས་པ་སོགས་གྲྭ་རྒྱུན་ཏུ་འབྱོར། དེ་ནས་ཀྱང་ལྷ་ལྡན་སྨོན་ལམ་དང་། དགའ་ལྡན་རང་དུ་ཚོགས་ཆོས་གྲྭ་སོགས་སྔར་ལྟར་ཕེབས་ནས་ཐུགས་གཉེར་ལ་འབད་པ་ཆེར་མཛད་མུས་ཤིང་ཁྱི་ལོ་གསང་ཕུ་དབྱར་ཆོས་སྐབས་གླིང་བདེ་ཡངས་ཀྱི་མཚན་མོའི་དམ་བཅའ་ཡང་ཆག་མེད་ལྟ་བུར་བྱོན། ། འདི་ལོ་རྭ་བ་སྟོད་པའི་དུས་མཆོད་དུ་སོང་སྟབས་སེ་འབྲས་ཀྱི་ཆོས་གྲྭ་འགྲིམ་པར་མཁས་དབང་དུ་མ་ཡང་བྱོན་པ་བཅས་རྩོད་གྲྭ་ཤིན་ཏུ་འཕེལ་བར་བྱུང་། དགོན་པར་ཕེབས་ནས་དཔེ་འཛིན་རྩོད་པ་གོང་འཕེལ་ངོས་ཡོངས་འཛིན་དགེ་བའི་བཤེས་གཉེན་ནས་དཔེ་ཁྲིད་རྟག་ཏུ་ཞུ་བར་མཛད་ཅིང་། རྡོ་ཁང་། ཕོ་ཁང་། སོག་པ་ཁང་ཚན་སོ་སོར་དམ་བཅའ་འཇོག་པར་མཛད་པའི་བགྲོ་གླེང་གཏོང་མི་ཐུབ་པ་ཡང་མང་དུ་བྱུང་། གྲྭ་ཚང་རང་རང་གི་ཡིག་ཆ་གཙོ་བོར་བཟུང་རྗེ་རིན་པོ་ཆེའི་གསུང་གི་ཚད་མའི་སྐོར་དང་། མཁས་གྲུབ་རིན་པོ་ཆེའི་སྡེ་བདུན་ཡིད་ཀྱི་མུན་སེལ། རྗེ་དགེ་འདུན་གྲུབ་པའི་ཚད་མ་རིགས་རྒྱན་སོགས་ཞིབ་ཏུ་གཟིགས་པས་རིགས་ལམ་ཕྲ་མོ་རྣམས་ཀྱང་ཐུགས་སུ་ཆུད། དབྱར་གནས་སྐབས་གྲྭ་ཚང་གོང་འོག་གཉིས་བསྡུས་གྲྭའི་དམ་བཅའ་འཇོག་རེས་བྱེད་སྲོལ་ཡོད་པར་འདི་ལོ་བྱང་རྩེའི་དམ་བཅའ་བ་རིག་སྨྲའི་དབང་ཕྱུག་ཀླུ་འབུམ་འཇམ་དབྱངས་རྒྱ་མཚོ་ཞེས་དུས་ཕྱིས་བྱང་རྩེའི་འཆད་ཉན་གྱི་གོ་སར་བྱོན་པ་ཁོང་བ་དང་དམ་བཅའ་འཇོག་རེས་མཛད་པའི་རྣམ་དཔྱོད་བཟང་འགྲན་ལྟ་བུར་སོང་། ལྷག་པར་གྲྭ་ཚང་གི་ཆོས་གྲྭར་ཉིན་གཉིས་ཀྱི་རིང་བསྡུས་གྲྭའི་མགོ་མཇུག་བར་གསུམ་ལ་དམ་བཅའ་འཇོག་པ་གནང་སྐབས་ཚང་མའི་ལུང་རིགས་ཀྱི་ནུས་པ་ཅི་ཡོད་རྩལ་སྦུག་ལྟ་བུས་འབད་ཀྱང་ཉིད་ཀྱི་ལན་མྱུར་ཞིང་དམ་བཅའ་བརྟན་པ་དང་གསུང་ཤུགས་ཆེ་བ་བཅས་སུས་ཀྱང་གནོད་བྱེད་མ་ཐོངས་ཤིང་། གཟུར་གནས་མཐའ་དག་སོག་པ་བླ་མའི་ཤེས་རབ་དེ་འདྲ་དཔེ་མི་སྲིད་པ་རེད་ཅེས་བསྟོད་བསྔགས་ཀྱི་རོལ་མོ་དར་དིར་སྒྲོག་པས་གླིང་ཁྱབ་པ་དང་། དགེ་འདུན་ཚང་མ་ཐུགས་སྤྲོ་ཞིང་གཟིགས་མོར་ཡོང་བས་ཚོགས་ཡུན་རིང་ཐུང་སོགས་ཀྱང་གར་སོང་མ་ཚོར་བ་ཞིག་བྱུང་སོང་ངོ་། རྣམ་དཔྱོད་རིག་པས་རྩལ་གྱི་མདས། །ཕས་རྒོལ་ལོག་སྨྲའི་སྙིང་འབིགས་པའི། །སྔོན་མེད་སྲིད་སྒྲུབ་གཉིས་པ་ཞིག །དགེ་ལྡན་རི་བོའི་ངོས་སུ་འགྱིངས། །ལོ་སྔ་ཕྱི་འདི་དག་ཏུ་ཤར་རྩེའི་བླ་ཟུར་ལྔ་རིག་མཁྱེན་པའི་མཁས་དབང་ཆེན་པོ་ཆབ་མདོ་བ་བློ་བཟང་བསྟན་དར་གྱི་ཞབས་དྲུང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་དཔའ་བོ་གཅིག་པའི་དབང་། འཇིགས་བྱེད་སྔགས་བཏུ། ལྷ་མོ་དབྱངས་ཅན་མ་དང་། རྣམ་འཇོམས་བཅས་ཀྱི་རྗེས་གནང་རྣམས་གསན། འདི་ལོའི་དགུན་གཞུང་གསར་འཛིན་གྲྭར་ཕེབས་ནས་ཡིག་ཆ་ཐུགས་འཛིན་ཐོག། འགྲེལ་བ་དོན་གསལ། གསེར་ཕྲེང་། རྟོགས་ཀའི་སྣང་བ། འཇམ་དབྱངས་བཞད་པའི་ཡིག་ཆ་སོགས། རྒྱ་བོད་ཀྱི་གཞུང་ཆེན་དུ་མར་གཟིགས་རྟོགས་མཛད་པས་མཚོན་ཐུགས་བརྩོན་ཆེན་པོ་མཛད། འཇམ་དབྱངས་སྨོན་ལམ་གསེར་ཁྲིར་ཕེབས་ཀྱང་མ་བཞུགས་པས་རྗེ་བློ་བཟང་དགེ་ལེགས་ཁྲི་ཐོག་ཏུ་ཕེབས། ཤིང་ཕག་སྨོན་ལམ་ཆེན་མོའི་སྐབས་ལྷ་རམ་པའི་གྲྭ་སྐོར་བ་རྣམས་ལ་བགྲོ་གླེང་ཡང་ཡང་གནང་བའི་རིགས་པའི་རྣམ་འགྱུར་ལ་མཁས་པའི་དབང་བོ་ཀུན་ཡིད་རངས་པར་གྱུར། ཀུན་མཁྱེན་རྒྱལ་བའི་དབང་བོ་གསུང་ཆོས་སྨོན་ལམ་གྱི་མགོན་དུ་བྱོན་སྐབས་དམ་པ་ཉིད་སྤྱན་རིས་ཀྱིས་ཡང་ཡང་བཙའ་བར་མཛད་ཅིང་། ཉིད་ནས་ཀྱང་ཐུགས་སྨོན་གྱིས་མཚམས་སྦྱོར་ཤུགས་དྲག་ཏུ་མཛད། སྨོན་ལམ་གྲོལ་ནས་ཀུན་མཁྱེན་རྒྱལ་བའི་དབང་བོ་འཇིག་རྟེན་གྱི་ཉི་མ་གསར་བ་དེ་ཉིད་གློ་བུར་དུ་ཆོས་དབྱིངས་སུ་ཐིམ་ཞིང་། གཞན་ཡང་དཔོན་སློབ་ཞལ་སྔ་ནས་བློ་བཟང་བསྟན་དར་དང་། རྗེ་ཉིད་ཀྱི་ཡོངས་འཛིན་ཡེ་ཤེས་ཡར་འཕེལ་བ་བཅས་ཀྱང་ཞིང་གཞན་དུ་གཤེགས་པའི་ཐུགས་སྐྱོ་བ་ཚད་ལས་འདས་པས་སྤྱན་ཆབ་བར་མེད་ལྟ་བུ་མཛད་བཞིན་དུ་བླ་མཆོད་དང་འབྲེལ་བའི་མཆོད་འབུལ་གསོལ་འདེབས་གནད་དུ་སྨིན་པར་མཛད་ཅིང་། ཚོགས་ཆོས་ཐུགས་གཉེར་ལ་སྔར་ལྟར་བརྩོན་པར་མཛད། འདི་ལོའི་དགུན་རིགས་ཀུན་ཁྱབ་བདག་ཡོངས་འཛིན་བྱང་ཆུབ་ཆོས་འཕེལ་དཔལ་བཟང་བོ་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་བྱོན། དགུང་ལོ་བཅོ་བརྒྱད་པ་མེ་བྱི་ལོ་ཡང་ལྷ་རམ་པའི་དམ་བཅའ་བགྲོ་གླེང་ཡང་ཡང་མཛད། རྒྱལ་ཚབ་དེ་མོ་རིན་པོ་ཆེའི་ཞབས་དྲུང་ནས་བླ་མ་མཆོད་པའི་ཁྲིད་དང་གདུགས་དཀར་གྱི་རྗེས་གནང་གསན། སྨོན་ལམ་གྲོལ་ནས་ཕོ་བྲང་པོ་ཏཱ་ལར། སྐྱབས་རྗེ་ཡོངས་འཛིན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས་དཔལ་བཟང་བོའི་ཞབས་དྲུང་ནས་རིགས་གསུམ་སྤྲུལ་བའི་ཟློས་གར་ཆབ་མདོ་ཞི་འཕགས་ལྕགས་གསུམ་སོགས་དང་ལྷན་དུ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་། ཟུང་འཇུག་སྒྱུ་མའི་གར་མཁན་ཁྲི་ཆེན་རྡོ་རྗེ་འཆང་བྱང་ཆུབ་ཆོས་འཕེལ་དཔལ་བཟང་བོའི་ཞབས་དྲུང་ནས་སྣར་ཐང་བརྒྱ་རྩའི་རྗེས་གནང་། ཀློང་རྡོལ་གསུང་འབུམ་གྱི་ལུང་སོགས་གསན། ཚོགས་མཆོད་ཆེན་མོའི་སྔ་ཕྱི་སྔ་ཕྱི་ཀུན་ལ་ཡང་ཞིབ་མཇལ་མཛད་ཅིང་། གསང་ཕུ་དབྱར་ཆོས་གྲོལ་བསྟུན་དཔོན་སློབ་ངག་དབང་ཡོན་ཏན་པ་ཞིང་གཞན་གཤེགས་པས་བཤད་གྲྭའི་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་འཇམ་དཔལ་ཤར་རྩེའི་འཆད་ཉན་དུ་བྱོན་པར་རྩིབ་བཞག་གསན་ཏེ་ཐུགས་གཉེར་སྔར་མུས་ནས་དབྱར་གནས་སྐབས་སྐུ་ཟླ་ཏྲེ་ཧོར་ཆོས་མཛད་དང་བཅས་དགའ་ལྡན་ཚོགས་ཆེན་དུ་དྲེང་ངེས་རྣམ་འབྱེད་ཀྱི་གཞུང་ལ་ཚོགས་བཞེངས་མཛད་དེ། རྗེ་ཉིད་རྒྱལ་བ་གཉིས་པའི་གསུང་གི་ཉིང་ཁུ་ལེགས་བཤད་སྙིང་བོ་ལས་བརྩམས་པའི་ལུང་རིགས་ཀྱི་དགའ་སྟོན་སྤེལ་བར་མཛད་པའི་མཇུག་ཏུ། སྐུ་ཚེ་དུ་མ་རྗེའི་ལེགས་བཤད་འཛིན་སྐྱོང་སྤེལ་གསུམ་མཛད་པ་དང་མི་འབྲལ་བའི་ཐུགས་སྨོན་ཀྱང་ནན་ཏན་དུ་མཛད་དོ། །མདོར་ན་གྲྭ་སར་བཞུགས་པའི་རིང་ཚོགས་ཆོས་འགྲིམས་པ་དང་ཕྱག་དཔེ་འཛིན་སྐྱོར་རྩོད་གསུམ་ལ་ཐུགས་བརྩོན་ཆེ་ངེས་སུ་མཛད་པ་མ་ཟད་ཞལ་འདོན་སོགས་ལ་ཡང་ལེ་ཤོར་མེད་པར་མཛད་ཅིང་། དམིགས་བརྩེ་མ་སོགས་ཀྱི་བསྙེན་མཚམས་ཀྱང་འགའ་རེ་མཛད། དགུན་སྟོད་སྨིན་དྲུག་ཀླད་མ་ཡོལ་བར་ཕྱག་དཔེ་སྐྱོར་བར་གནང་ཞིང་། དེ་ནས་གཟིམ་ཤག་ཏུ་བྱོན་ཏེ་མར་མེ་སྦར་ནས་སྐབས་འགའ་རེ་བདེ་མཆོག་གི་མངོན་རྟོགས་ཚང་མ་ཞལ་འདོན་དུ་མཛད་པ་དང་། འགའ་རེར་ལྷ་མོ་དབྱངས་ཅན་མའི་མར་མེའི་སྦྱིན་སྲེག་མཛད། ལ་ལར་ཕྱག་དཔེ་གཟིགས་རྟོགས་སོགས་འཁོར་ཡུག་ཏུ་མཛད་པ་དེ་ཉིད་ནམ་ཟླ་སོ་སོར་བབས་བསྟུན་གྱིས་མཛད་པར་སྣང་ལ། རྗེ་བཙུན་འཇམ་དཔལ་དབྱངས་དང་ལྷ་མོ་དབྱངས་ཅན་མའི་སྒྲུབ་སྐོར་རྒྱ་བོད་ཀྱི་གཞུང་དུ་མར་ཡང་ཡང་གཟིགས་རྟོགས་ཀྱིས་ཐུགས་སུ་ཆུད་པར་མཛད་པའི་མཚོན། མདོར་ན་ཐོས་བསམ་དང་ཉམས་བཞེས་མཐའ་དག་ཕྱོགས་རེར་མ་སོང་བར་ཆ་མཐའ་དག་ནས་ཚང་བར་མཛད་པས་སྙན་པའི་གྲགས་པ་ཆེས་ཆེར་འཕེལ་ཞིང་ལྷག་པར་གྲྭ་ཚང་གི་དགེ་འདུན་ཚང་མ་ཤིན་ཏུ་དགྱེས་པའི་རྩེར་སོན་ཏེ་གང་གི་ཡོན་ཏན་གནྡྷར་བྷའི་རྒྱུད་མང་ལས་དྲངས་པའི་བསྟོད་ཚིག་གི་སྒྲ་སྙན་འཁྲོལ་བ་ལ་བརྩོན་པར་གྱུར་ཏོ། །འདིར་སྨྲས་པ། དམ་པའི་མཛད་སྤྱོད་དྲི་བཟང་གིས་བསྒོས་པའི། །ཐོས་བསམ་འདབ་བརྒྱ་རྒྱས་པ་འདི་མཐོང་ཚེ། །གཟུར་གནས་རྐང་དྲུག་བསྔགས་བརྗོད་སྒྲོགས་པ་དང་། །ལོག་སྨྲའི་ཀུན་ད་ཟུམ་པ་ལྷན་ཅིག་བྱས། །མཛེས་སོ་ཆོས་གྲྭ་པདྨོའི་དགའ་ཚལ་མཆོག ། ལུང་རིགས་འཕུར་ལྡིང་རོལ་བ་འདི་ཉིད་ཀྱིས། །སྐྱེ་མེད་ཆོས་ཚོལ་པདྨ་དཀར་བོ་དང་། །གདེང་ཅན་གཙུག་ན་ཡིད་བཞིན་ནོར་བུས་ཀྱང་། །སྐྱེས་ཐོབ་གཞལ་མེད་ཁང་བཟང་ཉམས་དགའ་བར། །སྦྱངས་སྟོབས་གསེར་སྦྱངས་རྒྱ་ཕིབས་འོད་འཚེར་བས། །མང་ཐོས་འཆི་མེད་དབང་བོའི་གྲོང་ཁྱེར་དུ། །མཁས་མཆོག་རྣམ་རྒྱལ་ཁང་བཟང་འདི་རྨད་བྱུང་། །ཞེས་བྱ་བ་ནི་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་དཔག་བསམ་ལྗོན་པ་ལས་ཡུལ་དབུས་གྲྭ་ས་ཆེན་པོར་ཐོས་བསམ་ཇི་ལྟར་མཛད་པའི་ཡལ་འདབ་ཏེ་གཉིས་པའོ། །
དེ་ནས་མདོ་སྨད་ནས་གཉེར་བ་བློ་བཟང་དོན་གྲུབ་ཕེབས་བསུར་འབྱོར་ཞིང་། བོད་དུ་བཞུགས་པའི་མཐུན་རྐྱེན་རྣམས་ཀྱང་རིམ་ཟད་ལ་བརྟེན་ཕེབས་རྒྱུའི་ཐུགས་འདུན་གཏད་པ་ན། གྲྭ་ཚང་མཁན་རིན་པོ་ཆེ་དང་། དབུ་མཛད་ཡང་སྟེང་རིན་ཆེན་རྒྱ་མཚོ། དགེ་བསྐོས་ཟོང་ཅུ་དགེ་བཤེས་ཆོས་འཕེལ་རྒྱ་མཚོ། གྲྭ་བགྲེས་དུ་མ་དང་བཅས་པས་དམ་པ་ཉིད་འབྱོན་པ་ལ་ཐུགས་གཏིང་ནས་མི་བཟོད་པའི་ཉམས་ཀྱིས་དངོས་ཤུགས་དུ་མ་ནས་བཤོལ་ཐབས་མཛད་ཀྱང་ཐུགས་བརྟག་སོགས་གང་ས་ནས་ཕེབས་རྒྱུའི་ཐོག་ཏུ་སོང་། དེར་བརྟེན་གྲྭ་བགྲེས་དེ་དག་དང་། ཆོས་གྲྭ་བ་རྣམས་ཐུགས་ཤིན་ཏུ་ཕྲེང་བར་གྱུར་ཏེ་ཕལ་ཆེར་གྱིས་ཁ་བཏགས་ཕུལ་ནས་སྐྱབས་འཇུག་ཞུ་བ་སོགས་མཛད། དེ་ནས་བསམ་ཡས་མཇལ་བཞེད་ཀྱང་འདི་ལོ་བསྟན་འགྲོའི་གེགས་ཆགས་ཀྱིས་དབུ་རྩེའི་གཙུག་ལག་ཁང་ཞུགས་ཀྱིས་བཞུས་པས་ཕེབས་རྒྱུ་མ་བྱུང་ཡང་། ལྕགས་ཟམ་ཆུ་བོ་རི་བརྒྱུད། རོང་ངུར་སྨྲིག་གི་སྒྲོལ་མ། རོང་བྱམས་ཆེན་སོགས་མཇལ་ཏེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་པ་ན་སྟག་མོ་དགེ་རྒན་དཔལ་ལྡན་དང་། སྐུ་ཉིད་ཀྱི་སྐུ་ཞབས་དཀའ་ཆེན་དོན་གྲུབ་རྒྱལ་མཚན་གཉིས་ནས་ཤངས་ལེན་རྒྱས་པར་ཞུས་ཤིང་། སྐུ་ཞིང་ལ་རྣམ་འགྲེལ་སོགས་ཀྱི་དྲི་བ་ཡང་འགའ་རེ་མཛད། སྐྱིད་སྐྱིད་ན་ཁར་སྣང་བ་མཐའ་ཡས་ངུར་སྨྲིག་གར་རོལ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོར་གསོལ་ཚིགས་ཀྱི་དོད་དང་། ཆིབས་པའི་འབུལ་བ་བཅས་ཕྱག་མཇལ་དང་། དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་། སྐྱབས་འཇུག་བཅས་ཞུ་བར་མཛད། གསང་སྔགས་རྒྱལ་བ་གྲྭ་ཚང་གི་ཁྲི་ཐོགས་པ་མཁས་བཙུན་བཟང་བོའི་བདག་ཉིད་སེང་ཆེན་ཞལ་སྔ་ནས་བློ་བཟང་བསྟན་འཛིན་དཔལ་འབྱོར་གྱི་ཞབས་དྲུང་ནས། འཇམ་དབྱངས་ཆོས་སྐོར་ནང་གི་ཁྲོས་ནག་གི་དབང་དང་། འཇམ་དཔལ་ན་ག་རཀྵའི་རྗེས་གནང་གསན། བཀྲ་ཤིས་ལྷུན་གྱི་རྟེན་མཇལ་སོགས་མཛད་དེ་མགྱོགས་སྐོར་གྱིས་དབུས་སུ་བྱོན། གྲུབ་པའི་འཁོར་ལོས་བསྒྱུར་བ་ཁྲི་ཆེན་རྡོ་རྗེ་འཆང་བྱང་ཆུབ་ཆོས་འཕེལ་དཔལ་བཟང་བོའི་ཞབས་དྲུང་ནས་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཡོངས་རྫོགས་ལུང་དང་བཅས་པ་གསན། རྗེ་དེ་ཉིད་ཀྱིས་ཀྱང་མཁས་གྲུབ་རིན་པོ་ཆེའི་འདྲ་སྐུ་ཞིག་བསྩལ་ནས་བཀའི་བསླབ་བྱ་མཐིལ་ཕྱིན་པར་མཛད་པ་ནི། རྗེ་རིན་པོ་ཆེའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་མཁས་གྲུབ་རྗེ་དང་མཚུངས་པ་ཞིག་མཛད་དགོས་ཞེས་འདོམས་པར་མཛད་པ་སྟེ་འབྱུང་འགྱུར་དང་མཐུན་པའི་ལུང་བསྟན་དུ་ཡང་སྣང་ངོ། ། ཡོངས་འཛིན་ཁྲི་ཟུར་ངག་དབང་སྙན་གྲགས་རིན་པོ་ཆེ་ནས་ཀྱང་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་གནང་ནས་དགྱེས་པའི་གསུང་གི་གསང་བས་དབུགས་དབྱུངས་པར་མཛད། ཡོངས་འཛིན་དཀོན་མཆོག་དར་རྒྱས་ནས་ཀྱང་ཐུགས་རྒྱུད་ཆོས་ལ་བསྐུལ་བའི་བཀའ་སློབ་ཚད་མེད་པ་གནང་། ཇོ་ཤཱཀ་སོགས་རྩེ་ཞོལ་གྱི་རྟེན་རྣམས་ལ་མཆོད་འབུལ་སྙན་ཤལ་དང་བཅས་ཞིབ་མཇལ་ཐོག་མདོ་སྨད་དུ་བསྟན་འགྲོའི་དོན་རྒྱ་ཆེར་འགྲུབ་པའི་ཐུགས་སྨོན་གྱི་མཚམས་སྦྱོར་གནད་དུ་སྨིན་པ་མཛད་ནས་འབྲོག་རི་དགའ་ལྡན་དུ་བྱོན། དེར་ཡང་གསེར་གདུང་ཆེན་མོའི་གཙོའི་རྟེན་རྣམས་ལ་ཐུགས་སྨོན་དང་། སྤྱི་སོ་གྲྭ་ཚང་གཉིས་ཀར་མང་འགྱེད་ཀྱི་བསྙེན་བཀུར་དང་བཅས་སྐྱབས་འཇུག་ནན་ཏན་ཞུ་བར་མཛད་དེ། ཆིབས་བསྐྱོད་པའི་གླིང་སྐོར་གྱི་ཕྱིར་ཕེབས་པ་ན། གྲྭ་ཚང་ཁང་ཚན་སོགས་ཀྱིས་མཇལ་དར་ཕུལ། ཨ་མཆོག་དཔོན་པོ་དགེ་བཤེས་བསོད་ནམས་ཆོས་གྲགས་དང་རིགས་པ་སྨྲ་བའི་ཁྱུ་མཆོག་དམ་པ་དགེ་རྒན་ངག་དབང་གྲགས་པ་སོགས་ཀྱིས་ཕེབས་སྐྱེལ་ཞུས་པར་དགེ་རྒན་དེ་ཉིད་ཐུགས་སེམས་ཤིན་ཏུ་སྐྱོ་ནས་གསུང་གླེང་ཞུ་མ་ཐུབ་པར་ཡུན་རིང་དུ་བཤུམས་འདུག་པ་ནི་དཔོན་སློབ་སྐུ་ཚེ་དེར་སླར་མི་མཇལ་བའི་རྟེན་འབྲེལ་དུ་སོང་། དེ་ནུབ་ཕན་ཡུལ་དུ་བཞུགས་པར་དགའ་ལྡན་གྱི་རྒྱབ་རིར་གཟིགས་པས་གནས་དང་གྲོགས་ཀྱི་ཁྱད་པར་སོགས་ཐུགས་སེམས་ལ་སྐྱོ་སྣང་དྲག་པོ་ཤར་ཏེ་སྤྱན་ཆབ་བྱུང་འདུག་པ་སླར་དབུས་སུ་འབྱོན་མི་ཐུབ་པའི་རྟེན་འབྲེལ་གྱི་ལ་ཉེར་གོ། ལར་གོང་དུ་སྨོས་པ་ལྟར་རྗེ་ཉིད་ཐུགས་རབ་ཤིན་ཏུ་ཆེ་ཞིང་རྩོད་པ་ལ་མཆོག་ཏུ་གྱུར་པ་མ་ཟད། རིག་གནས་གཞན་དུ་མ་ཡང་ཤུགས་འབྱུང་དུ་མཁྱེན་པ་དང་། མཐོ་དམན་ཐམས་ཅད་དང་འགྲོགས་བདེ་ཞིང་ཐུགས་རྒྱུད་བཟང་། སྐུ་ལས་སྐྱེས་པའི་ཚུལ་ཁྲིམས་ཀྱི་དྲི་བཟང་བོས་གར་ཕེབས་སུ་ཁྱབ་འགྲོ་བ་ཞིག་ཡོད་པ་སོགས་དམ་པའི་ཡོན་ཏན་རང་ཆས་སུ་མངའ་བའི་དབང་གིས་དགེ་འདུན་བགྲེས་གཞོན་ཚང་མའི་སྨོན་གནས་སུ་གྱུར་ཅིང་། ཡུན་རིང་ཙམ་བཞུགས་ན་བསྟན་པའི་གསལ་བྱེད་ཆེན་པོ་ཞིག་འབྱུང་བ་ལ་ཐེ་ཚོམ་མེད་པ་ཡིན་ཀྱང་ལོ་ཁ་ཤས་ལས་མ་བཞུགས་པར་བསྟེན། རྗེ་ཉིད་དང་གདན་ཞུ་བ་ཚང་མར་ཐུགས་ཤིན་ཏུ་འཕྲེང་བའི་འཁང་རའི་རྣམ་པ་ཡང་ཅུང་ཟད་བྱུང་སོང་ལ། དེའི་ལོ་རྒྱུས་ཆོས་སྐྱོང་བསྭེ་ཡི་ཁྲབ་ཅན་གྱིས་ཀྱང་འཁྲེན་ཆའི་རྣམ་པ་བྱུང་བ་ནི་གྲྭ་མང་གིས་ཐུགས་མཐུན་ལྟར་ཆོས་སྐྱོང་ནས་ཀྱང་སྒྲུབ་དགོས་པའི་གནད་ཀྱིས་ཏེ། ཚུལ་འདི་དག་བསམ་ནས་ཕྱི་རབས་རྣམས་ཀྱིས་ཀྱང་བག་ཡོད་པར་བྱ་བའི་རིགས་སོ། །དེ་ནས་རིམ་པར་བྱོན་ཏེ་འབྲི་ཆུ་ཁར་ལྷ་རྗེ་རྡོ་རྗེ་རྒྱལ་མཚན་དང་མཇལ་བར། དགྱེས་པའི་གསུང་གླེང་མཛད་ཅིང་ཁོང་བས་ཀྱང་ཤངས་ལེན་གཟབས་པར་མཛད། ཕེབས་བསུ་མགོ་ལོག་གི་དཔོན་འབོས་བསྟན་རྒྱས་སུ་གྲགས་པ་འདས་སྟབས་མདོ་ཁོག་ཏུ་གྲགས་པར་ཕེབས་པ་ན། དབང་ཆེན་སྟོད་པ་འགའ་རེ་སོགས་མགོ་ལོག་གི་དམག་ཇག་ཚན་ཆེ་བ་ཞིག་གིས་རྒྱབ་ནས་སྐུ་ཆས་རྣམས་ཁྱེར། མི་འགའ་ཞིག་མཚོན་གྱིས་རྨས་པ་སོགས་ཉམས་ཉེས་ཆེ་ཙམ་བྱུང་ཡང་། ཇི་སྐད་དུ་འཇམ་མགོན་ས་པཎ་གྱིས། ཆེན་པོ་རེ་ཤིག་རྒུད་གྱུར་ཀྱང་། །དེ་ལ་གདུང་བ་སྐྱེ་མི་དགོས། །ཟླ་བ་རེ་ཤིག་གཟས་བཟུང་ཡང་། །དེ་མ་ཐག་ཏུ་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་དེ་དག་གི་ཁྲོད་ནས་སྡེ་ནང་རྡོ་རྗེ་ཟེར་བ་དང་། འཇུ་མདའ་ཚེ་རིང་འབུམ་སོགས་ཀྱིས་སྐུ་ཆས་འགའ་རེ་བླངས་ནས་ཚུར་ཕུལ། གཞན་གྱིས་ཀྱང་གྲོ་ཁ་རེ་ཕུལ་བས་ཧ་ཅང་ཉེས་སྐྱོན་ཆེ་མ་བྱུང་། རེ་མདོར་བསྟན་རྒྱས་ཀྱི་བུ་སོགས་ཕེབས་བསུར་འབྱོར་ཞིང་། མགོ་ལོག་ཏུ་ཕེབས་ནས་གྱོད་འགྲིག་རེས་རེ་ཤིག་བཞུགས་པར་འཕྲེང་གཉིས་དཔོན་བསོད་ཁོ་དང་། ཚེ་དབང་འབུམ། ཨ་སྐྱོང་ནས་ངག་དབང་ཀརྨ། ཁྲི་རྒྱས་བླ་མ་སོགས་དཔོན་རྣམས་དང་། རྒྱ་ཚང་སོགས་དུ་མས་གསོལ་ཆས་ལེགས་པར་ཕུལ་མོད། འོན་ཀྱང་གྱོད་འགྲིག་ཐབས་ནི་མ་ཐོན། བླ་མ་དེས་ཆོས་ཀྱི་དོགས་འདྲི་མང་ཙམ་ཞུས་པར་ལན་ཐོགས་མེད་དུ་བསྩལ་པས་དད་ཅིང་མགུ་བར་གྱུར། རིམ་གྱིས་ཚྭ་ཁོ་སོ་མང་ནས་ཨ་ཉ་ཀེ་ཀེར་གྲགས་པས། དམག་མི་བརྒྱ་ཕྲག་བརྒལ་བ་དང་། མཆོག་རྩེ་ནས་ཏ་རོ་ཁུ་སྐལ་བཟང་དཔོན་གཡོག་སོགས་ཆིབས་བསུར་འབྱོར། རྔ་བར་ཕེབས་པ་ན། ཨ་འདུས་ཁེ་ཥེ་བླ་མས་ཤངས་ལེན་ཞུས། མཚེ་སྒར་དུ་མཁན་ཆེན་དེ་ཉིད་ཀྱི་སྐུ་གདུང་མཇལ་བར་ཕེབས། བསུ་ཐང་དུ་ཞག་ཁ་ཤས་བཞུགས་ཐོགས་དམེ་དཔོན་གྱི་མ་འདས་པའི་དགེ་རྩར་བྱོན། འབུལ་བ་གཟབས། ལྷ་བཟོ་ཀུན་དགའ་ཆོས་དབྱིངས་དང་། འཚམས་ཚ་སྒར་དུ་མཁས་དབང་འཚམས་ཚ་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ། ཕྱུག་སྒར་དུ་བླ་མ་ཡེ་ཤེས་ཆོས་གྲགས་རྣམས་སོ་སོས་མཇལ་བ་དམ་པའི་ཆོས་ཀྱི་གསུང་གླེང་འབྱམས་སུ་ཀླས་པར་གྱུར། དཔལ་ལྡན་བླ་མ་དམ་པ་སྔགས་རམ་པས་དབུ་མཛད་སྒྲུབ་སྡེ་རྣམས་ནས་ཕེབས་བསུ་སེར་སྦྲེངས་ཀྱི་བཀུར་བསྟི་དང་བཅས་གདན་ས་ཆེན་པོ་དཀར་ཆེན་བྱམས་པ་གླིང་དུ་ཕེབས་སྐབས་བླ་མ་སྔགས་རམ་པ་གཟིགས་མ་ཐག་ཏུ་ཆིབས་ལས་གཞོལ་ཏེ་མཇལ་དར་ཕུལ་ནས་ཞབས་པད་སྤྱི་བོར་བཞེས་པ་ནི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ནི་འདི་ལྟ་བུའོ་ཞེས་ཀུན་ལ་ཆེས་ཆེར་གསལ་བར་གྱུར་ཏོ། །དེར་སྒྲུབ་སྡེའི་དཔོན་སློབ་ཚང་མ་དམ་པ་ཉིད་དང་མཇལ་བའི་དགའ་ཚོར་ཟད་མི་ཤེས་པར་གྱུར་ཅིང་། ཐུགས་དགྱེས་པའི་གསུང་གི་ཕེབས་སྒོ་དང་།གཞི་བྱེས་ཀྱི་གནས་ཚུལ་སོགས་བག་ཕེབས་པར་མཛད་ཅིང་རེ་ཞིག་སྐུ་ངལ་གསོ་བའི་ཚུལ་གྱིས་བསྟི་བར་མཛད་དོ། །གང་གི་ཐུགས་བསྐྱེད་རྟ་ལྗང་དང་། །གདུལ་བྱའི་བསོད་ནམས་རླུང་ཤུགས་ཀྱིས། །སྐྱེ་འགྲོའི་ཉི་མ་ཆེན་པོ་ཞིག། །མདོ་སྨད་ལྷ་ཡི་ལམ་དེར་དྲངས། །དེ་ནས་ཀྱང་སོས་དལ་དུ་མ་བཞུགས་པར་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། འཇམ་དཔལ་ན་ག་རཀྵའི་བསྙེན་བསྒྲུབ་ལ་གཞོལ་བར་མཛད་ཅིང་། སླར་ཡང་དེ་ཉིད་བཅུ་ཟུང་ཚང་བའི་རྡོ་རྗེ་སློབ་དཔོན་སྔགས་རམ་པ་བློ་བཟང་ཡོན་ཏན་ལས་བདེ་མཆོག་ལཱུ་ཨཱི་བའི་དབང་གསན་ནས་མངོན་རྟོགས་ཆགས་མེད་དུ་ཞལ་འདོན་མཛད། གཞན་ཡང་སྔགས་རམ་པ་དེ་ཉིད་ལས་གསང་བདེ་འཇིགས་གསུམ། དུས་འཁོར། ཀུན་རིག་སོགས་དཀྱིལ་འཁོར་ཆེན་པོ་རྣམས་དང་། མཆོད་རྟེན་སོགས་ཀྱི་བྲི་ཐིག་ཆ་ཚང་། སྒྲ་ཀ་ལ་བའི་མཚམས་སྦྱོར་ལྔ་བ་གསན་སྦྱོང་དང་། མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་སོགས་ཀྱང་གསན། དམ་པ་ཉིད་སྐུ་ན་ཕྲ་དུས་ནས་རིག་གནས་ལ་ཐུགས་འདུན་ཆེ་བར་ཡོད་ཐོག བླ་མ་སྔགས་རམ་པ་ནས་ཀྱང་སྒྲ་སློབ་དགོས་སོགས་ཀྱི་གསུང་ཕེབས་པར་བརྟེན་འཚམས་ཚ་སྤྲུལ་སྐུ་མཁས་དབང་འཇམ་དབྱངས་རྒྱ་མཚོ་ལས་སྙན་ངག་མེ་ལོང་གི་ལེའུ་གཉིས་པ་གསལ་བྱེད་རྒྱན་གྱི་བར་རྩོམ་རྒྱུགས་དང་བཅས་པ་མཐར་ཕྱིན་ཏུ་སྦྱོང་བར་མཛད། སྨོན་ལམ་རྒྱ་མཚོ་ལས་སུམ་རྟགས་དང་། ངག་དབང་སྐལ་ལྡན་ལས་ས་དཔྱད་བྱེ་མ་བརྡལ་སྤུངས་ཀྱི་སྟེང་ནས་ཞིབ་ཁྲིད་གསན། དབྱར་ཐོག་སྔོན་གྱི་ཡོན་བདག་རྙིང་བ་ཨ་མཆོག་དཀོན་མེར་གྲགས་པ་འཆི་ནད་ཀྱིས་ཐེབས་པར་གདན་དྲངས་ཞོར་དཔོན་སྡེ་དུ་མའི་སར་བྱོན། མེ་གླང་ལོའི་དགུན་དུས་མཚེ་མཁན་ཆེན་རིན་པོ་ཆེའི་མི་ཙ་འདས་པའི་ས་དང་། གཉན་རྩེ་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ཆོས་དབྱིངས་སུ་གཤེགས་པའི་སར་བྱོན་ཏེ་ཐུགས་དམ་གསལ་འདེབས་དང་བསྔོ་སྨོན་སོགས་གང་ལ་གང་འཚམས་སུ་མཛད། སོ་སོས་ཡོན་འབུལ་ཀྱང་གཟབས་ཏེ་ཕུལ། གོང་དུ་བརྗོད་པ་ལྟར། རྗེ་ཉིད་བོད་ནས་ཕེབས་སྐབས་ཤར་རྩེ་གྲྭ་ཚང་གི་དགེ་འདུན་རྣམས་ཀྱིས་དགོངས་པ་མ་འཁྲོལ་བ་ལྟ་བུར་བརྟེན། ཆོས་སྐྱོང་གིས་འཁྲེན་ཆ་འདྲ་བར་ཕེབས་ལམ་དུ་རྐུན་ཇག་དང་མར་ཕེབས་ནས་གྱོད་ཁ་མཆུ་སྣ་ཚོགས་འོང་བ་སོགས་ཕྱག་ལས་ལམ་དུ་རྒྱུག་མིན་ལྟ་བུ་དང་། སྐུའི་ཁུ་བོ་ང་རོ་ཚེ་དབང་སྐུ་ཉིད་མཇལ་དུ་བྱོན་པ་ཡང་རྐུན་པོ་འགའི་ལག་ཏུ་ཚུད་པ་སོགས་བྱུང་བར་བརྟེན། དེ་སྐབས་ཆོས་སྐྱོང་ལ་ལྷ་རྟ་ཕྱག་མཚན་དང་བཅས་པ་འབུལ་གནང་གི་བཟོད་གསོལ་མཛད་པས་དེ་ནས་བཟུང་མཛད་འཕྲིན་ལམ་དུ་འགྲོ་བ་བྱུང་འདུག ས་ཕོ་སྟག་ལོའི་དབྱར་ཟངས་དཀར། རོང་རུ་སྐྱ་འགོ་སོགས་སུ་འབུལ་སྡུད་ལ་བྱོན་སྐབས་གྲུབ་དབང་ཕ་མཐའ་སྤྲུལ་སྐུ་དང་མཇལ་བར་རྗེ་སྔགས་རམ་པའི་ཞབས་དྲུང་ནས་གདམས་པ་རྣམས་གསན་གང་ཐུབ་མཛད་ན་སླར་སྐུ་མཉེལ་བོ་ཡོངས་གསུང་བ་སོགས་དགྱེས་པའི་བཀའ་དང་ཤངས་ལེན་ཀྱང་གནང་། དེ་ནས་རྔ་བ་སོགས་སུ་ཡང་བྱོན། ཚུར་ཕེབས་སྐབས་ཀློང་རྡོལ་བླ་མ་དང་ཨ་ཀ་བློ་བཟང་ཚུལ་ཁྲིམས་སོགས་ཀྱི་དངོས་སློབ་མཁས་ཤིང་གྲུབ་པའི་དབང་ཕྱུག་དམ་པ་བློ་གླིང་རོང་བོ་བློ་བཟང་བྱམས་པ་དཀར་ཆེན་དུ་བྱོན་འདུག་པར་སྤྱན་རས་གཟིགས་མཁའ་འགྲོ་ལྔ་སྐོར་གྱི་རྗེས་གནང་དང་། བརྒྱད་སྟོང་བཀའ་གདམས་ཕ་ཆོས། བསླབ་སྤྱོད་གཉིས་ལམ་རིམ་འཇམ་དཔལ་ཞལ་ལུང་། དྭགས་པོའི་ལམ་རིམ་ཚིགས་བཅད་མ། བསྟོད་ཆེན་བཞི་འཇམ་དབྱངས་དགོངས་གསལ་སོགས་རྗེའི་གསུང་འགའ་རེ་བཅས་ཀྱི་ལུང་གསན། བླ་མ་སྔགས་རམ་པའི་བཀའ་བཞིན་བདེ་མཆོག་གི་བསྙེན་མཚམས་གནད་ཁེལ་མཛད། རྗེ་སྔགས་རམ་པ་བསྙུན་ཚུལ་བསྟན་པ་ལ་སྨན་དཔྱད་རིམ་གྲོ་སོགས་ཀྱིས་ཞབས་འདེགས་བསྒྲུབས་ཀྱང་། དྭངས་བསྐྱེད་མ་བཞེས་པར་དགུང་ལོ་དོན་གསུམ་པ་ས་མོ་ཡོས་ལོའི་ཟླ་བ་དང་བོའི་ཚེས་ཉེར་དགུའི་ནམ་གྱི་གུང་ལ་བབས་པ་ན་ཞབས་རྡོ་རྗེའི་དཀྱིལ་ཀྲུང་མཛད། སྐུ་དྲང་བོར་བསྲིངས་ཏེ་དག་པ་མཁའ་སྤྱོད་དུ་གཤེགས་པ་ན་སྐུ་གདུང་མཆོད་འབུལ་དང་འཇིགས་བྱེད་ཀྱི་བདག་འཇུག་བཞེས་པ་སོགས་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་ལ་གཞོལ་བར་མཛད། དམ་པ་ཉིད་ཀྱི་མཛད་སྤྱོད་གང་ལ་ཡང་མངོན་ལྐོག་མི་མཛད་པ་དང་། དགུང་ལོའི་སྟབས་སོགས་ཀྱིས་མི་དམངས་ཀྱི་སྣང་ངོར་མཛེས་མཛེས་གྲུབ་གྲུབ་མ་མཛད་པར་ཕར་ཆེར་ཡིད་ལ་མི་འབབས་པས་གང་ཅིར་མཛད་དཀའ་ཙམ་བྱུང་བ་ན། ད་ནི་ས་ཆ་འདིར་ཡུན་རིང་བསྡད་ཀྱང་རང་གཞན་སུ་ལ་ཡང་ཕན་ཐོགས་དཀའ་བས་རིང་བོར་མི་ཐོགས་པར་བཀྲ་ཤིས་འཁྱིལ་དུ་སོང་ནས་བླ་མ་འཇམ་དཔལ་དབྱངས་ཀྱི་ཞབས་ལ་གཏུགས་ཏེ། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་ཞིག་བྱས་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་པའི་ཐུགས་བསྐྱེད་ཀྱི་དམ་བཅའ་བརྟན་པོ་མཛད། ཡུམ་དང་མ་མཇལ་བར་ཡུན་རིང་དུ་སོང་སྟབས་འཁྲུངས་ཡུལ་ཚ་ཁོའི་ཕྱོགས་སུ་བྱོན་ཏེ་ཡུམ་དང་མཇལ་ཕྲད་སོགས་ལེགས་པར་མཛད། ཡུམ་གྱིས་ཀྱང་དགྱེས་པ་ཆེན་པོས་གཞིས་ལེན་དཔེ་བྲལ་མཛད། ཞག་བདུན་བཞུགས་ནས་ཚུར་ཕེབས་ཏེ། ད་ཚང་དགོན་གྱི་མི་སྣ་རྣམས་དང་འགྲོགས་ནས་བཀྲ་ཤིས་འཁྱིལ་དུ་ཕེབས་བཞེད་ཡིན་ཀྱང་མི་སྣ་རྣམས་སོང་ཟིན་འདུག་པས་དབྱར་ཐོག་ནང་དུ་ཡུན་རིང་བཞུགས། སྟོན་ཀ་སོ་མང་རྒྱལ་ཁབ་ཏུ་འབྱོན་དགོས་བྱུང་བར་མི་ཡི་དབང་བོ་སྔོན་གྱི་རྒྱལ་མོ་བསོད་ནམས་སྒྲོལ་མ་ཞེས་པའི་སྐད་གྲགས་ཅན་དེ་བསོད་ནམས་ཀྱི་སྐས་ལ་འཛེགས་ཏེ་མཐོ་རིས་སུ་གཤེགས་པའི་སྒྲིབ་སྦྱོངས་མཛད་པར་གསོལ་བ་ན། དཔལ་འཁོར་ལོ་སྡོམ་པ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་གསུང་ཞིང་བདུན་གཅིག་ཕོ་བྲང་དུ་བཞུགས། མི་དབང་ཡུམ་སྲས་དང་མཆོད་ཡོན་ཞལ་འཛོམ་གྱི་གསུང་གླེང་ཞིབ་ཏུ་མཛད་ནས་སྐུའི་ཁུ་བོ་རྣམས་ཀྱི་ཁང་སར་བྱོན། ཁུ་བོ་རྣམས་དང་ལྕམ་སྲིང་མ་སོགས་སྐུའི་ཉེ་དུ་རྣམས་དང་དགྱེས་པས་མཇལ། ཚ་ཁོ་ངག་དབང་གྲགས་པའི་ཐུགས་དམ་རྟེན་མདོ་སྡེ་ཕལ་བོ་ཆེ་དང་། ཕྱག་དྲིལ་སོགས་མཇལ་བ་གནང་། སྐུའི་ཁུ་བོ་ཐེ་ཐེ་དང་། འབུམ་སྐྱབས་གཉིས་ནས་ཤངས་ལེན་གཟབས་པར་མཛད། ཁུ་བོ་ང་རོ་སྟག་སྐྱབས་ཀྱི་ཁང་སར་ཡང་བྱོན་པར་ཤངས་ལེན་ཕུལ་ཕྱིན་ཞུས། ནག་ཉེར་གྲགས་པའི་མཁས་པ་ཞིག་བྱོན་པ་དང་རིག་གནས་སྐོར་གྱི་འཕྲོས་པ་མང་དུ་མཛད་པས་ཁོང་བ་ཡང་ཡིད་རངས་པར་གྱུར། གཞན་ཡང་ར་རྒན་དུ་གྲགས་པ་དང་། ང་རོ་ནམ་མཁའ་སོགས་ནས་ཀྱང་ཤངས་ལེན་ལེགས་པར་ཞུས། ཚུར་བྱོན་ནས་དགུན་གྱི་རིང་དཀར་ཆེན་དུ་ཐུགས་དམ་འཕེལ་བར་བཞུགས། དགུང་ལོ་ཉེར་གཉིས་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ། དབྱར་གྱི་ལང་ཚོ་རྒྱས་པའི་དུས་ལ་བབས་པ་ན་བཀྲ་ཤིས་འཁྱིལ་ཕྱོགས་སུ་ཕྱག་བཏེགས་པར་གྱུར་ཏོ། །པད་མཚོར་ངང་བའི་རྒྱལ་བོ་དང་། །ཁྲུས་ཀྱི་རྫིང་བུར་ཁྱུ་མཆོག་བཞིན། །ལེགས་བཤད་ནོར་བུ་དོན་གཉེར་བའི། །དོན་མཐུན་ཆོས་ཀྱི་རྒྱ་མཚོར་གཤེགས། །ཕེབས་ལམ་དུ་ཚ་གན་བེ་ཤིང་དགོན་ནས་རྗེ་དཀོན་མཆོག་སེངྒེ་དཔོན་པོ་རབ་རྒྱས་དང་འགྲོགས་ནས་བྱོན། སྟག་ཚང་ལྷ་མོའི་གསེར་ཁྲི་ཚང་ནས་ཟམ་ཚའི་སྡེ་བར་མི་ཏྲའི་དབང་གནང་གིན་ཡོད་འདུག་པའི་སར་དཔོན་པོ་ངག་དབང་ཤཱཀྱ་དང་། དགེ་སློང་བློ་བཟང་ཚུལ་ཁྲིམས་མཚམས་ཞུ་ཞུ་བར་གཏོང་བ་གནང་། རིམ་གྱིས་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཀུན་གྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་བྱོན་པ་ན་ཐུགས་ལ་དགྱེས་པ་ཆེན་པོ་བྱུང་ཞིང་། སྐུའི་ཁུ་བོ་ངག་དབང་དར་རྒྱས་སོགས་ཡུལ་ཕྱོགས་ཀྱི་གྲྭ་རྒྱུན་ཀུན་གྱིས་ཁ་བཏགས་ཕུལ་ཏེ་མཇལ་ཁ་ཞུས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་སྤྲུལ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོར་རྟ་སོགས་ཀྱི་ཕྱག་རྟེན་དང་བཅས་མཇལ་ཞིང་། འཇམ་དབྱངས་དམར་སེར་བཱ་རི་ལུགས་དང་། སྒྲོལ་དཀར་ཇོ་བོ་ལུགས། འོད་ཟེར་དྲུག་སྦྲགས་བཅས་ཀྱི་རྗེས་གནང་གསན།འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་བོའི་སྐུའི་དབོན་པོ་མཁས་པའི་དབང་ཕྱུག་ལྷ་རམ་པ་དཀོན་མཆོག་སེངྒེ་ནས་གཞེས་ལེན་གཟབས་པར་མཛད། དེ་ཉིད་ཀྱི་ཞབས་དྲུང་ནས་དབྱངས་ཅན་མ་དམར་མོའི་རྗེས་གནང་ཐུན་མོང་མིན་པ། ཡིག་ཆུང་ཉེར་གཅིག་ནང་གི་འཕོ་བ། ལྟ་ཁྲིད། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག དམ་ཚིག་རྡོ་རྗེའི་བཟླས་པ་བཅས་ཀྱི་ཁྲིད་དང་ཡིག་ཆུང་གི་ལུང་བཅས་གསན། རྗེ་དེ་ཉིད་ལ་བདག་རིག་གནས་ལ་ཤེས་འདོད་ཆེ་བར་ཡོད་པས་འདི་ནས་བསླབས་སྦྱང་ཐུབ་པ་ཞིག་མཛད་དགོས་ཞུ་བར་མཛད་པ་ན་ཁོང་བས་ཀྱང་སྒྲ་དང་། སྙན་ངག་གི་སློབ་དཔོན་སོ་སོར་བཀའ་གནང་འདུག་པ་ལྟར། མཁས་དབང་མཐུ་སྟོབས་རྒྱལ་མཚན་པའི་དྲུང་ནས་སྒྲའི་རི་མོ་ཡོངས་རྫོགས་དང་། རྒྱུད་པའི་དགེ་བསྐོས་མཁས་དབང་འཇམ་དབྱངས་བདེ་ཆེན་པའི་དྲུང་ནས་སྙན་ངག་མེ་ལོང་ཡོངས་རྫོགས་རྩོམ་རྒྱུགས་དང་བཅས་མཐར་ཕྱིན་དུ་གསན་པ་ནི། ཚིག་དོན་རྣམས་ལ་ལན་རེ་རེ་ཙམ་གྱིས་ཐུགས་སུ་ཆུད་པས་སློབ་དཔོན་རྣམ་གཉིས་ཀྱང་ཐུགས་ཤིན་ཏུ་དགྱེས་ཏེ་ལེགས་སོའི་དབུགས་དབྱུང་རྒྱ་ཆེར་མཛད། བར་བར་ཆོས་གྲྭ་སོགས་ལ་ཡང་ཡང་མཇལ་བར་བྱོན། དགེ་བཤེས་དམ་ཆོས་ཡར་འཕེལ་ནས་ཆོས་དང་འབྲེལ་བའི་གསུང་གླེང་མང་དུ་ཞུས་ཤིང་། རྗེ་གྲུབ་པའི་དབང་ཕྱུག་བསོད་གྲགས་སྤྲུལ་སྐུ་རིན་པོ་ཆེས་ཀྱང་ཐུགས་ཚར་བཅད་པའི་བཀའ་སློབ་མང་དུ་གནང་བས་ཐུགས་ལ་དགའ་སྐྱོ་ཟུང་དུ་གྱུར། རྗེ་བསོད་གྲགས་སྤྲུལ་བའི་སྐུ་དཀོན་མཆོག་བསོད་ནམས་རྒྱ་མཚོ་འདི་ཉིད་ཀྱི་ཞབས་དྲུང་ནས། མ་ཅིག་གི་ཟབ་མོ་སྙན་བརྒྱུད་དང་དོན་བརྒྱུད་ཀྱི་གཅོད་དབང་གསན་ནས་གཉན་ཁྲོད་ཞག་བདུན་ཀྱང་འགྲིམས་པར་གནང་། མཁས་པའི་བྱ་བ་གསུམ་གྱིས་དུས་ཀུན་འདའ་བར་མཛད་པ་རྗེ་དབལ་མང་བ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་བོའི་ཞབས་དྲུང་ནས། གསང་འདུས་འཕགས་ལུགས་མི་བསྐྱོད་པའི་དབང་། རྡོ་རྗེའི་ཚིག་སྦྲམ་གྱི་སྟེང་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད། ཞི་ཁྲོ་སྦྲགས་སྒྲུབ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ་ནས་བརྒྱུད་པ། སྦྱིན་སྲེག་དང་གཏོར་མའི་ཁྲིད་སོགས་དུ་མ། སྒྲོལ་དཀར་གྱི་ལས་ཚོགས་ལྷ་མོའི་བེ་བུམ། རིགས་ཚོགས་དྲུག་སོགས་ལུང་གི་རིགས་བཅས་ཟབ་རྒྱས་ཀྱི་ཆོས་བཀའ་མང་དུ་གསན་ཞིང་བཞུགས་པ་ན། རིང་མོ་ཞིག་ནས་ཐུགས་བསྐྱེད་ལུ་གུ་བརྒྱུད་དུ་འབྲེལ་བ་ལས་དེང་འདིར་རིགས་ཀྱི་ཅོད་པཎ་འགྲན་ཟླ་མེད་པའི་སྐུར་བཞེངས་པ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་ཞིང་། འཆད་རྩོད་རྩོམ་གསུམ་གྱི་ཆོས་སྒྲ་ཡངས་པའི་ནོར་འཛིན་ཁྱོན་ཀུན་ཁྱབ་པར་མཛད་པ་གུང་ཐང་འཇམ་དཔལ་དབྱངས་ཞེས་མཚན་སྙན་གྱི་བ་དན་སྲིད་པ་གསུམ་གྱི་བླ་ན་བསྒྲེངས་བ་དེ་ཉིད་མཛོད་དགེའི་ཕྱོགས་སུ་ཆིབས་བསྐྱོད་པ་ལས་སླར་བཀྲ་ཤིས་འཁྱིལ་དུ་བྱོན་པ་དང་མཇལ་མ་ཐག ད་ནི་བདག་གིས་རིང་ནས་ཡིད་སྨོན་པའི་དོན་གྲུབ་པར་གྱུར་ཏོ་སྙམ་པས་ཐུགས་ཀྱི་དགྱེས་པའི་གཟི་བྱིན་མཆོག་ཏུ་འབར་བཞིན་དུ་སྐུའི་གམ་དུ་ཕེབས་ནས་སྐུ་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་འཚལ་སྔོན་དུ་འགྲོ་བས་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང་། ཕྱག་གི་པདྨོ་སྤྱི་བོར་འགོད་དུ་བསྩལ་ཏེ་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས་པའི་གསུང་གླེང་ལ་འབྱམས་སུ་ཀླས་པ་ནི། ཇི་ལྟར་སྔོན་དུས་ཡེར་བ་ལྷ་རི་སྙིང་བོའི་གུལ་དུ་ཇོ་འབྲོམ་ཡབ་སྲས་གདན་འཛོམས་པ་དང་མཚུངས་པར་གྱུར་ཏོ། །དེར་རྗེ་ཉིད་དགུང་ལོ་ཉེར་གཉིས་སུ་སོན་པ་རབ་བྱུང་བཅུ་བཞི་བའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ། །ཧོར་ཟླ་བརྒྱད་པའི་དམར་ཕྱོགས་ཀྱི་བཟང་བོ་གཉིས་པའི་ཉི་མའི་གུང་ཡོལ་བ་ན། ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་མདོ་རྒྱུད་རིག་གནས་ཀྱི་དགའ་ཚལ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གཟིམ་ཆུང་བདེ་ཡངས་སུ། ངེས་པ་དོན་གྱི་ཐུབ་པའི་གདུང་འཚོབ་འདུལ་བ་འཛིན་པ་ཆེན་པོ་རྗེ་གུང་ཐང་བ། དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོས་མཁན་སློབ་སྦྲགས་མ་དང་།རྗེ་འཇམ་དབྱངས་བཞད་པའི་ཡོངས་འཛིན་སྨྲ་བའི་དབང་ཕྱུག་ལྷ་རམ་པ་བློ་བཟང་ཆོས་འཛིན་གྱིས་གསང་སྟོན།མང་དུ་ཐོས་ཤིང་ཐོས་པ་འཛིན་པའི་མཆོག་དྲུང་ཡིག་སྔགས་རམ་པ་དཀོན་མཆོག་ཀུན་དགས་དུས་གོ་བ། རིགས་པ་སྨྲ་བའི་དབང་བོ་དབོན་པོ་དཀོན་མཆོག་དཔལ་བཟང་དང་། གནས་ལྔའི་མཁས་དབང་མཐུ་སྟོབས་རྒྱལ་མཚན་གཉིས་ནས་ཁ་བསྐོང་བ་མཛད་དེ། གནས་བརྟན་འདུལ་བ་འཛིན་པ་ལྔ་ཚོགས་ཀྱི་དབུས་སུ་སླར་ཡང་དགེ་བསྙེན་རབ་བྱུང་དགེ་ཚུལ་བསྙེན་པར་རྫོགས་པའི་སྡོམ་པ་བཅས་དཀྱུས་གཅིག་ཏུ་བཞེས་པས་བསླབ་གཞི་ཡོངས་སུ་རྫོགས་པའི་སྤོང་བདུན་ལྷའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་རབ་ཏུ་གང་བར་གྱུར་ཏོ། ། དམར་སེར་ལི་ཁྲིའི་མདངས་འཛིན་ཆོས་གོས་ཀྱིས། ། སྲིད་པའི་སྒྲོན་མེའི་འོད་ཀྱི་ཁེངས་པ་འཕྲོག །མིག་སྨན་ལྟར་གནག་དྲང་སྲོང་སྣོད་ཀྱིས་ཀྱང་། །འཆི་མེད་དབང་པོའི་བཏུང་སྣོད་ཕམ་པར་བྱས། །གཞན་ཡང་དམ་པ་དེ་ཉིད་ཀྱི་ཞབས་དྲུང་ནས་འཇིགས་བྱེད་ལྷ་བཅུ་གསུམ་དང་། དཔའ་བོ་གཅིག་པ། བདེ་མཆོག་དྲིལ་བུ་ལྷ་ལྔ་དང་། ལུས་དཀྱིལ། བཀའ་གདམས་ཐིག་ལེ་བཅུ་དྲུག གདུགས་དཀར་ལྷ་བཅུ་བདུན་མ་བཅས་ཀྱི་དབང་། ལྷ་མོ་དབྱངས་ཅན་མ་དཀར་མོ། ལྷ་མོ་ཤྲཱ་མ་ཎ། ཕྱག་རྡོར་གཏུམ་ཆེན། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་། གཅོད་དབང་ནམ་མཁའ་སྒོ་འབྱེད། རྗེའི་བསྟོད་པ་ཀ་ལ་པིངྐའི་གླུ་དབྱངས་དང་། དགེ་ལྡན་བསྟན་འབར་མའི་བཤད་པ། ཚེ་གཅིག་ཉམས་ལེན་གྱི་ལུང་སོགས་གསན་ཞིང་། རྗེ་དེ་ཉིད་ཀྱང་དགྱེས་པ་ཆེན་པོས་ཕྱག་གཡོག་ནང་མ་ལྟ་བུར་འཇོག་པར་མཛད་པ་ན། བཀུར་བསྟི་ཆེན་པོའི་སྒོ་ནས་ཅི་དང་བཞེས་པའི་ཞབས་ཏོག་ཀྱང་དཔྱིས་ཕྱིན་པར་སྒྲུབ་པར་མཛད་དོ། །བཀྲ་ཤིས་འཁྱིལ་གྱི་རྟེན་རྣམས་ཞིབ་མཇལ་དང་། རྣམ་རྒྱལ་མཆོད་པ་མཛད་པའི། མགོན་དུ་རྗེ་གུང་ཐང་བ་གདན་དྲངས་ཏེ་ཐུགས་སྨོན་རླབས་པོ་ཆེ་ལྷན་གཅིག་ཏུ་མཛད། དེ་ལྟར་ཕྱོགས་དེར་ཕེབས་པའི་བཞེད་དོན་གྱི་གཙོ་བོ་རྣམས་རེ་ཞིག་གྲུབ་སྟེ་སླར་ཡང་རང་གི་གདན་སར་འབྱོན་དུ་ཉེ་བ་ན། རྗེ་གུང་ཐང་བ་ཆེན་པོར་བདག་གི་ཡུལ་དུ་མཚན་ཉིད་ཀྱི་བཤད་གྲྭ་ལེགས་པོ་ཞིག་འཛུགས་ཐུབ་ན་བསྟན་འགྲོར་ཕན་པ་རྒྱ་ཆེན་པོར་ཨེ་འགྱུར་སྙམ་པ་ཡིན་ཡང་། དུས་ཚོད་ཀྱི་དབང་སོགས་གང་ཅི་ནས་དཀའ་བར་འདུག དེ་མ་བྱུང་ཕྱིན་ཡུལ་དེར་བསྡད་ཀྱང་དོན་མི་འདུག་པས་སླར་འདི་ཁར་ཞབས་དྲུང་དུ་བཅར་ནས་ཟབ་རྒྱས་གསུང་གི་བདུད་རྩི་ལ་ངོམས་མེད་དུ་ལོངས་སྤྱོད་དེ་དེ་དོན་ཚུལ་བཞིན་སྒྲུབ་པའི་ཆེད། རྒྱ་ནག་རི་བོ་རྩེ་ལྔ་ལྟ་བུར་སོང་ནས་ཚེ་དང་སྒྲུབ་པ་སྙོམས་པར་བྱེད་པའམ། ཡང་ན་བོད་ཡུལ་དབུས་སུ་སོང་ནས། སློབ་གཉེར་མཐར་ཕྱིན་པ་ཞིག་བྱས་རྗེས་ངེས་མེད་ཀྱི་རི་ཁྲོད་ཞིག་ཏུ་མི་ཚེ་སྐྱེལ་བ་གང་རིགས་ཤིག་བྱ་དགོས་པ་འདུག་པས། དེ་དག་གང་དང་གང་བགྱིས་པ་ལེགས་ཚོགས་ཆེ་བ་སོགས་ད་ཆ་དམ་པ་ཉིད་ཀྱི་གསུང་བཞིན་བྱ་བ་ལས་མེད་པས་གསལ་བོར་བཀའ་སྩལ་ཏུ་གསོལ་ཞེས་ཞུ་བར་མཛད་པས། རྗེ་དེའི་ཞལ་ནས། ཁྱོད་རང་གཅིག་པུ་སློབ་གཉེར་བྱེད་པ་ལས། མཁས་པ་མང་བོ་ཞིག་གིས་ས་སྟེང་ཁྱབ་པར་བྱེད་ཐུབ་ན་ལེགས་པས་ཅིས་ཀྱང་མཚན་ཉིད་ཀྱི་གྲྭ་ཚང་ཞིག་འཛུགས་དགོས་ཞེས་དགྱེས་བརྩེ་ཆེན་པོས་འདོམས་པར་མཛད་ཅིང་། ངེད་ཀྱི་སེམས་ལ་རྟག་ཏུ་འཛིན་གསུངས་ཏེ། གནང་སྐྱེས་ཀྱང་སྤམ་མཐོ་བར་སྩལ། རིམ་གྱིས་རང་གི་གདན་སར་བྱོན་ནས་དོན་གཉེར་བ་ཅི་རིགས་ལུང་འགའ་རེ་གནང་། སྐབས་དེར་རྗེ་འཇམ་དབྱངས་བཞད་པའི་སྐུ་ཞབས་ནས། རྔ་བའི་སྒོ་མང་སྒར་གྱི་རྒྱུད་པའི་ཁྲི་ལ་བཞུགས་དགོས་གསུང་བ་དང་ལེན་མཛད་བཞེད་ཆེ་ཡང་། གྲྭ་རིགས་དག་ནས་བཀག་ཆ་ནན་གྱིས་ཞུས་པས་གནང་ཐབས་མ་བྱུང་བས་ཅུང་ཞིག་ཐུགས་ལ་མ་བབས་པ་འདྲ། དགོན་པ་གསར་འཛུགས་ཀྱི་མཐུན་རྐྱེན་དུ་དམིགས་པས་རྙེད་འཚོལ་དུ་འགའ་རེ་བྱོན་པར་མཚམས་རིང་དང་། མཛོད་དགེ་ཕྱོགས་ནས་འབུལ་ནོད་ཀྱང་ལེགས་པར་བྱུང་། ལྕགས་སྦྲུལ་ལོའི་དགུན་ཁ་དགེ་སློང་བློ་བཟང་ཚུལ་ཁྲིམས་སླར་ཡང་བཀྲ་ཤིས་འཁྱིལ་དུ་རྗེ་གུང་ཐང་བ་རིན་པོ་ཆེར་དགོན་གསར་འདེབས་ཀྱི་བརྟགས་ཞུའི་ཕྱིར་གཏོང་གནང་ལ། དགོན་པ་རྟ་ལུག་གང་རིགས་ཤིག་ལ་བཏབ་ན་ལེགས་པའི་བཀའ་ལུང་དང་འབྲེལ་བར་ཚེ་ལྷའི་རི་མོས་སྤ་བའི་ཁ་བཏགས་བདུན་དང་། ཕྱག་ཕྲེང་བཅས་སྩལ་བ་སླར་ཡང་རྗེ་ཉིད་ལོ་བདུན་རིང་བསྙུན་ཚུལ་བཞེས་རྒྱུ་དང་། མཐར་དེ་ལས་གྲོལ་རྒྱུ་སོགས་ཀྱི་ལུང་བསྟན་བརྡ་ཐབས་ལྟ་བུར་དགོངས། ཆུ་ཕོ་རྟ་ལོའི་དཔྱིད་དགོན་པ་གསར་འདེབས་མཛད་རྒྱུ་ཀུན་ལ་གྲགས། དབྱར་དབལ་ཤུལ་ཁེ་ཐ་ཕྱོགས་སུ་ཕེབས་ནས་འབུལ་སྡུད་མཛད། རྗེ་གུང་ཐང་བར་འདི་ཕྱོགས་སུ་ཕེབས་ཞོར་ངེད་ཀྱི་དགོན་སར་ཡང་ཞབས་ཀྱིས་བཅགས་དགོས་ཞེས་སྙན་གསན་ཁ་བཏགས་དང་བཅས་དགེ་ལེགས་སུ་གྲགས་པའི་མདུན་ནས་ཞུ་རྒྱུ་འབུལ་བ་གནང་། འདི་སྐབས་ཨ་མཆོག་ཤོག་གི་མི་ངན་རེ་གཉིས་ཀྱིས་རྒྱ་མིའི་དངོས་པོ་རྐུས་པར་བསྙན་དེ། །གདན་ས་དཀར་ཆེན་དགོན་དུ་རྒྱ་དམག་འོངས་ནས་བཅོམ་ཁྱེར་བྱས་པར་བཟོད་པའི་གོ་ཆ་བཙན་པོ་བཞེས་ཤིང་། སླར་ཡང་དགོན་པ་གསར་འདེབས་ཀྱི་ཐུགས་འདུན་བཟློག་ཏུ་མེད་འཁྲུངས། ལོ་མཇུག་ཏུ་ཚ་ཁོར་ཡང་བྱོན། བློ་གླིང་རབ་འབྱམས་པ་དགེ་ལེགས་ཕྱག་ཕྱིར་ཁྲིད་དེ་ཚུར་བྱོན་ཟླ་བ་ཕྱེད་གཉིས་ཀྱི་རིང་རྭ་ཁོག་གི་ཕོ་བྲང་དམར་བོར་དཔལ་གསང་བ་འདུས་པའི་བསྙེན་སྒྲུབ་ལ་གཅིག་ཏུ་གཞོལ་བར་མཛད། དགུང་ལོ་ཉེར་ལྔ་བ་ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོའི་དཔྱིད་གཟའ་སྐར་འཕྲོད་སྦྱོར་བཟང་བོའི་ཉིན་གནས་དེར་དགོན་པ་གསར་འདེབས་ཀྱི་རྨིང་གཞི་བཏིང་སྐབས། པིར་ཐོགས་དབང་བོ་ལྷ་བཟོ་ཀུན་དགའ་ཆོས་དབྱིངས་ཀྱིས་ཁྱིམ་ཞག་གི་སྒོ་ནས་ལྟོ་འཕྱེའི་ཐིག་བཏབ། དེའི་ཉིན་ཁུ་འཕངས་ཡུན་རིང་བབས་ཏེ་ས་གཞི་ཐམས་ཅད་དཀར་བོར་སོང་བས་བསྟན་པ་ཐམས་ཅད་དཀར་འབྱམས་སུ་འགྲོ་བའི་རྟེན་འབྲེལ་རང་འགྲིག་ཏུ་གྱུར། འདུ་ཁང་ཀྭ་རིང་བཞི་དང་། ཀྭ་ཐུང་སུམ་ཅུ་སོ་གཉིས་བཅས་ཁྱོན་ཀ་བ་སོ་དྲུག་གི་སའི་གྱང་བརྡུང་བ་སོགས་རིམ་གྱིས་ལས་མགོ་བཙུགས་པ་ན། ལས་མི་ཀུན་བཟང་ཟེར་བ་ཞིག་གིས་ས་བརྐོས་པའི་གསེབ་ནས་རྗེ་བཙུན་འཇམ་དཔལ་སྨྲ་བའི་སེངྒེའི་སྐུ་བརྙན་དབྱིབས་ཤིན་ཏུ་གསལ་བར་དོད་པའི་རྡོ་བ་ཞིག་རྙེད་པ་སླར་རྟེན་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་ཀུན་གྱི་མིག་ལམ་དུ་སྣང་བའི་ཤེལ་སྒོའི་ནང་དུ་འཇོག་པར་མཛད་ཅིང་། དགོན་པའི་མིང་ཡང་དེ་དང་བསྟུན་ནས་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་ཞེས་འདོགས་པར་མཛད་དོ། །ཀུན་བཟང་འབོད་བྱེད་ཀུན་ཏུ་གསལ་བ་དེས། །སྨྲ་བའི་དབང་ཕྱུག་སྨྲ་བའི་སེངྒེའི་སྐུ། །རང་བྱུང་ཁྱད་འཕགས་རང་དགར་རྙེད་པ་འདིས། །སྐལ་བཟང་འགྲོ་ལ་སྐལ་བཟང་བལྟས་ཀྱང་མཚོན། །ཚ་ཁོ་ནས་སྐུའི་ཁུ་བོ་ང་རོ་ཚེ་དབང་ཞེས་དད་སྟོབས་མཆོག་ཏུ་རྒྱས་ཤིང་གཏོང་བའི་ཕྱག་རིང་དུ་སྐྱོང་བ་བསོད་ནམས་ཀྱི་གཟི་བྱིན་བླ་ན་འབར་བ་དེ་ཉིད་ཀྱིས་ཤིང་བཟོ། རྡོ་བཟོ་སོགས་ཀྱི་ལས་མི་ལྔ་བཅུ་ཙམ་མངགས་རྫོང་མཛད་པ་ཡང་འབྱོར། ཤིང་བཟོ། གྱང་བཟོ་སོགས་ཀྱིས་ལས་གང་བརྩམས་པ་རྣམས་མཐར་མ་ཕྱིན་བར་དུ་ལས་མི་སུ་ལ་ཡང་ནད་སོགས་ཀྱི་ཉེར་འཚེ་གཏན་ནས་མེད་པར་མཐར་ཕྱིན་པར་གྱུར། དབྱར་སྟོད་ཨ་མཆོག་གི་འབྲོག་ཁྲོད་དུ། དགོན་པའི་ཆ་རྐྱེན་འཚོལ་བར་བྱོན། དེ་ནས་གྲྭ་རྒྱུན་སུམ་ཅུ་བརྒལ་བ་ཁྲིད་དེ་ཚུར་ཕེབས་ནས། ཧོར་ཟླ་དྲུག་པའི་ཚེས་ལྔ་མཆོག་ཏུ་དགེ་བར་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་ཚང་ཕན་ཚུན་ཞེས་ཉི་ཟླ་ལྟར་གྲགས་པའི་ནང་ཚན་མཁས་མང་བློ་གསལ་གླིང་གི་རིགས་པ་སྨྲ་བའི་དབང་ཕྱུག་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཕྱུག་ཅིང་ལམ་གཙོ་གསུམ་དང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བ། རྗེ་བློ་བཟང་བྱམས་པ་ཡེ་ཤེས་དར་རྒྱས་ཡོངས་ལ་ཀིརྟི་དགེ་བཤེས་སུ་གྲགས་པས་མཁན་པོ་དང་། འབྲས་སྒོ་མང་རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་དགེ་བསྐོས། བློ་གླིང་རབ་འབྱམས་པ་དགེ་ལེགས་བྱང་འདྲེན། བསམ་གཏན་བཟང་བོ་ཆབ་རིལ་བཅས་སུ་བསྐོས། སེ་འབྲས་དགེ་གསུམ་ནས་བྱོན་པའི་དཀའ་རམ་དགེ་འགའ་རེ་ནས་ཆོས་ཀྱི་བགྲོ་གླེང་མཛད་དེ་འཆད་ཉན་གྱི་དབུ་བཙུགས། ཧོར་ཟླ་བཅུ་བར་འབྲས་སྤུངས་བློ་གླིང་གི་མཁན་ཟུར་གཞུང་ལུགས་རྒྱ་མཚོའི་མཐར་སོན་མཁས་གྲུབ་པའི་དབང་ཕྱུག་རོང་ཕྲུག་པར་གྲགས་པ་བློ་བཟང་ཕུན་ཚོགས་དང་། དེ་ཉིད་ཀྱི་དབོན་པོ་བསྟན་དར། སེ་ཀྱེས་རབ་འབྱམས་པ། རབ་འབྱམས་པ་འོད་ཟེར་སོགས་ཀྱང་གདན་འདྲེན་པར་མཛད། མཁན་ཆེན་བློ་བཟང་ཕུན་ཚོགས་སྨྲ་བའི་སེང་གེའི་གླིང་གི་ཆོས་ཁྲིར་མངའ་གསོལ་དེ་ཉིད་ནས་བསྒྲུབ་བྱ་ཉི་ཤུ་སྐོར་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་སྟེ་བསྟན་པའི་གཞི་མ་འཛུགས་པར་མཛད། རྗེ་ཉིད་ནས་ཀྱང་འཛིན་གྲྭའི་སྐྱོར་དཔོན་དང་། དབུ་མཛད་སོགས་སྐབས་སུ་བབས་ལ་གྲྭ་རྐྱང་དཀྱུས་མའི་ལུགས་སུ་ཐུགས་ཁུར་བཞེས་ཏེ་ཆ་ཐམས་ཅད་ནས་ཆོས་སྡེ་དཀར་ཆའི་ཟླ་བ་ལྟར་གོང་དུ་འཕེལ་བའི་ཐབས་ཚུལ་ལ་རྣམ་པ་ཀུན་ཏུ་བརྩོན་པར་མཛད་དོ། ། འདིར་སྨྲས་པ། བསྟན་འགྲོའི་ཕན་བདེ་བསམ་འཕེལ་དབང་གི་རྒྱལ། །དགེ་འདུན་ངང་མོ་འབུམ་གྱི་བསྟི་བའི་གནས། །བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚོར་རག་ལས་ཞེས། །མཁས་དབང་གདེངས་ཅན་རོལ་གནས་ཁྱོད་ཀྱིས་བསྐྲུན། །མ་བྲིས་པར་ཡང་ཆོས་ཀུན་གཟུགས་བརྙན་འཆར། །མ་བོས་པར་ཡང་མཆོད་ཚོགས་ངང་གིས་འདུས། །མ་བོས་སྙན་པའི་ཤཾ་ཁ་གསང་མཐོར་སྒྲོགས། །མ་བསྒྲིག་རྟེན་འབྲེལ་ལེགས་ཚོགས་ལྷུན་གྱིས་གྲུབ། །ཐུབ་བསྟན་ལྔ་བརྒྱའི་ཐ་མར་སླེབ་པོ་ཞེས། །ཡིད་བསྲུབས་སྡེ་བཅས་རངས་པར་མི་བགྱི་སྟེ། །ལུང་རྟོགས་བཤད་སྒྲུབ་བསྟན་པའི་དགའ་ཚལ་མཆོག །དུས་མཐའ་འདིར་ཡང་གསར་དུ་བྱུང་མིན་ནམ། ། ཞེས་བྱ་བ་ནི་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་དཔག་བསམ་ལྗོན་པ་ལས། མདོ་སྨད་དུ་བྱོན་ནས་བསྙེན་རྫོགས་བཞེས་པ་དང་། ཆོས་སྡེ་གསར་འཛུགས་མཛད་པའི་བར་གྱི་ཡལ་འདབ་ཏེ་གསུམ་པའོ། །
ལོ་དེའི་དགུན་ཆོས་སྐབས་བློ་གླིང་རབ་འབྱམས་པ་འོད་ཟེར་གྱིས་དགེ་བསྐོས་མཛད། དགུང་ལོ་ཉེར་དྲུག་པ་ཤིང་སྤྲེལ་ལོའི་ཆོ་འཕྲུལ་ཟླ་བར་ལྷ་ལྡན་སྨོན་ལམ་ཆེན་མོ་ནང་བཞིན་གྱི་མཆོད་དབྱངས་སྒྲིག་ལམ་སོགས་ཚུགས་པར་མཛད་དེ། སྨོན་ལམ་གསར་འཛུགས་མཛད་པར་རྗེ་བློ་བཟང་བྱམས་པ་ནས་སྐྱེས་རབས་སོ་བཞི་བའི་འཆད་ཉན་གནང་། དེ་དུས་ཁོང་གི་ཕྱག་ཏུ་བསྟན་འབར་མའི་འགྲེལ་བ་ཞིག་ཕྱག་ཏུ་འབྱོར་བར་རྟེན་འབྲེལ་བཟང་གསུངས་ཏེ་དེའི་བཤད་པ་ཡང་སྩལ། དཔྱིད་སེར་སྟོད་མཁན་ཟུར་འདུལ་བ་འཛིན་པ་བྱམས་པ་དཔལ་འབྱོར་མཁན་པོར་བསྐོས་ནས་རྩིབ་བཞག་སོགས་འཆད་ཉན་དང་། དབྱར་གཞི་གསུམ་གྱི་ཕྱག་ལེན་ཡང་ཕྲ་ཞིབ་ཏུ་འཛུགས་པར་མཛད་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བྱ་བ་བླ་ལྷག་ཏུ་མཛད། འདི་ལོར་ཐན་པ་བྱུང་སྐབས། རྗེ་ཉིད་ཀྱིས་དགོན་པའི་ས་བརྐོ་རྡོ་སློག་སོགས་ལ་བསྙད་བཏགས་ཀྱི་སྐུར་བ་འདེབས་སོགས་མི་འབྱུང་ཕྱིར། བདག་ཅག་གི་སྟོན་པ་ཉར་འཁྲུངས་པའི་རབས་དེ་གསར་རྩོམ་མཛད་པས་ཆར་རྒྱུན་ཇེ་འཕེལ་དུ་སོང་སྟེ་དེ་ནས་བཟུང་ལོ་བཅུ་གསུམ་གྱི་བར་ལོ་ཏོག་ལེགས་པར་བྱུང་བ་ཡང་དམ་པའི་འདི་ལྟར་ལྟོས་པའི་རྣམ་ཐར་གྱི་ཆ་ཤས་ཤིག་ཏུ་ཟད་ཀྱང་། དེང་དུས་ཀྱི་འགྲོ་བའི་འདྲེན་པར་རློམ་པ་བདག་ལྟ་བུ་ཡིན་ན་ཁ་ཕོ་འབྲུག་ལྟར་ལྡིར་འོས་པར་སྣང་ངོ་། །སྟོན་མཇུག་འདུ་ཁང་གསར་བར་ཡང་། དགེ་བའི་བཤེས་གཉེན་བློ་བཟང་བྱམས་པ་ནས་གྲྭ་མང་ལ་ལམ་རིམ་ཆེན་མོའི་དབུ་ནས་བཀའ་ཆོས་གནང་། དགུན་ཆོས་དུས་བློ་གླིང་བས་སྟོན་དཀའ་བཅུ་དགེ་བསྐོས་སུ་བཞེངས། ཤིང་མོ་བྱ་ལོའི་སྨོན་ལམ་སྐབས་རྗེ་བྱམས་པའི་མཚན་ཅན་ཉིད་ནས་སྐྱེས་རབས་དང་བསྟན་འབར་མའི་འཆད་ཉན་མཛད། དཔལ་ལྡན་ས་སྐྱ་བའི་རིང་ལུགས་འཛིན་པ་ས་སྒང་བླ་མ་ངག་དབང་མཆོག་ལྡན་པའི་ཞབས་དྲུང་ནས་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། བསྲུང་འཁོར་རྡོ་རྗེའི་བྲག་རྫོང་དང་འབྲེལ་བའི་ཡེ་ཤེས་ཀྱི་མགོན་པོ་གུར་ལྷ་བཅུ་གསུམ། གུར་ལྕམ་དྲལ་ལྷ་གསུམ། གུར་ལྷ་བརྒྱད། གུར་ལྷ་བཅུ་གཉིས་བཅས་ཀྱི་རྗེས་གནང་རྣམས་གསན། འདི་ལོ་དབྱར་ཕྱི་མ་ཁས་བླངས། ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་བློ་བཟང་བྱམས་པ་ནས་ཞག་ཉེར་ལྔའི་རིང་ལ་རྗེ་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་བཅུད་བྱུང་བ་ལམ་རིམ་ཆེན་མོའི་བཤད་ལུང་སྨིན་རྒྱས། མཇུག་ཏུ་བླ་མ་མཆོད་པའི་ཚོགས་འཁོར་དང་འབྲེལ་བའི་སེམས་བསྐྱེད་མཆོད་པ་བཅས་ཞུ་བར་མཛད་པར་བཤེས་གཉེན་མཆོག་ལ་འབུལ་དངོས་ཅི་བྱུང་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་སྐུ་བརྙན་གསར་དུ་བཞེངས་རྒྱུའི་ཐེབས་སུ་འཇོག་པར་མཛད། སྟོན་མཇུག་གཉེར་བ་བློ་བཟང་དོན་གྲུབ་ནད་ཀྱིས་ཐེབས་པར་ཕྱག་རྫས་གང་ཡོད་ཀྱི་ཐོག་ནས་རིམ་གྲོ་སྒྲུབ་པ་སོགས་ཐབས་གང་གིས་ཀྱང་མ་ཕན་པར་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚབ་ལ་བཤད་སྒྲུབ་བསྐོ་བཞག་བསྐྱངས། དགུན་ཆོས་དུས་བློ་གླིང་རབ་འབྱམས་པ་བློ་བཟང་བཀྲ་ཤིས་དགེ་བསྐོས་སུ་བཞེངས། རྗེ་འཇམ་དབྱངས་བཞད་པ་ནས་རེབ་ཀོང་དགེ་སློང་དབྱངས་དཔོན་དུ་མངགས་རྫོངས་མཛད་པར་བརྟེན་བཀྲ་ཤིས་འཁྱིལ་གྱི་ཆོས་སྤྱོད་ཡོངས་རྫོགས་དང་། འཇིགས་བྱེད་བཅུ་གསུམ་མའི་གདངས་བཅས་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་ཇི་བཞིན་གསར་འཛུགས་མཛད། མེ་ཕོ་ཁྱི་ལོར་ཡང་རྗེ་བློ་བཟང་བྱམས་པ་ནས་སྨོན་ལམ་གྱི་འཆད་ཉན་སྔར་ལྟར་མཛད་ཅིང་། དབྱར་དུས་སུ་ཐེ་བོ་ཆུ་ཚན་ལ་ཕེབས། མདོ་རྒྱུད་བསྟན་པའི་རྩ་ལག་དབལ་མང་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་པའི་ཞབས་དྲུང་ནས་མདོ་སྡུད་པ་དང་། མངོན་རྟོགས་རྒྱན་སྦྱར་བའི་བཤད་པ་ཞིབ་ཏུ་གསན་པས་རྟེན་འབྲེལ་ཀྱང་ལེགས་པར་འགྲིག་བྱུང་གསུངས། སྐུ་ཞིང་དཀའ་ཆེན་དོན་གྲུབ་རྒྱལ་མཚན་དང་མཇལ་པར་ཚད་མ་ཀུན་བཏུས་ཀྱི་ལྗགས་ལུང་གསན། དགུན་ཆོས་ཐོག་བཀྲ་ཤིས་འཁྱིལ་གྱི་རབ་འབྱམས་པ་ཆོས་སྐྱོང་དགེ་བསྐོས་སུ་བསྐོས། མེ་མོ་ཕག་ལོ་སྨོན་ལམ་སྐབས་སྐྱེས་རབས་སོགས་ཆོས་ཚན་གསུམ་དང་བཅས་རྗེ་ཉིད་ནས་འཆད་ཉན་གནད་དུ་སྨིན་པར་མཛད། དཔྱིད་ཀ་རྗེ་འཇམ་དབྱངས་བཞད་པ་ད་ཚང་དུ་ཕེབས་པར་མཇལ་དུ་བྱོན་ཏེ་དེ་ཉིད་ཀྱི་དྲུང་ནས་མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང་གསན། ཚུར་ཕེབས་ནས་དགོན་སར་དུ་བྱོན་ཏེ། བླ་མ་དམ་པ་གྲུབ་པའི་དབང་ཕྱུག་བྱམས་པ་རིན་པོ་ཆེའི་དྲུང་ནས་ལམ་རིམ་བདེ་ལམ་གྱི་ཁྲིད་རྒྱས་པ་སེམས་བསྐྱེད་མཆོད་པ་དང་བཅས་པ་གསན། དེའི་སྐབས་བླ་མ་ནས་བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་ཁྱེད་ལ་གཏད་པ་ཡིན་པས་ལོ་གསུམ་གྱི་རིང་ལ་ལམ་རིམ་གྱི་ཆོས་ཐུན་མ་ཆགས་པར་མཛོད་གསུངས་ཏེ་བསྟན་པའི་བདག་པོར་མངའ་གསོལ། དེ་ལོར་བཀྲ་ཤིས་འཁྱིལ་གྱི་ཁྲི་ཟུར་སྨྲ་བའི་དབང་ཕྱུག་དམ་པ་གླིང་སྤྲུལ་བའི་སྐུ་དཀོན་མཆོག་དགྱེས་པའི་བློ་གྲོས་གདན་དྲངས་ཏེ་སྐུ་ཉིད་ཀྱི་གདན་སའི་ཆོས་ཁྲིར་མངའ་གསོལ་བའི་ཁྲི་སྟོན་རྒྱས་པར་མཛད། ཁོང་ནས་ཚོགས་མང་ལ་བདེ་མཆོག་ལཱུ་ཨི་བ་དང་རྡོ་རྗེ་རྣམ་འཇོམས་ཀྱི་དབང་། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་སོགས་གནང་བ་རྗེ་ཉིད་ཀྱིས་ཀྱང་གསན། གནས་འདིར་དབང་བསྐུར་བའི་ཐོག་མ་བདེ་མཆོག་ཡིན་གསུངས། དགུན་ཆོས་སྐབས་རབ་འབྱམས་པ་དཀོན་མཆོག་བསྟན་པ་དགེ་བསྐོས་སུ་བསྐོས། ས་ཕོ་བྱི་བའི་ལོ་སྨོན་ལམ་སྐབས་དམ་པ་ཉིད་ནས་སྐྱེས་རབས་ཀྱི་འཆད་ཉན་སྔ་ལོ་ལྟར་གནང་ཞིང་བསྟན་པ་རྒྱས་པ་དང་འགྲོ་ཀུན་བདེ་བའི་ཐུགས་སྨོན་ཤུགས་དྲག་ཏུ་མཛད། དཔྱིད་ཀ་ནས་ས་བདག་ཀླུ་གཉན་གྱིས་འཚེ་བ་ལྟ་བུའི་བསྙུན་ཚུལ་བཞེས་པ་རེ་ཞིག་བསྙུན་གཞི་ངོས་མ་ཟིན་ཀྱང་། སླར་འཚོ་བྱེད་ངག་དབང་ཆོས་གྲགས་ནས་ཀླུ་ནད་དུ་ངོས་བཟུང་ནས་དེ་མཐུན་གྱི་གསོས་སྨན་ཕུལ་ཞིང་། བཀའ་འགྱུར་གསར་བཞེངས་དང་། མ་ཎི་དུང་ཕྱུར་སོགས་ཚོགས་བསགས་རླབས་པོ་ཆེ་བསྒྲུབས། དབྱར་ཟླ་ར་བར་མཁས་གྲུབ་བློ་བཟང་བྱམས་པ་ནས་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱས་པར་གནང་བ་གསན་ཏེ། གཏོང་ལེན་སྒོམ་པ་སོགས་བློ་སྦྱོང་གི་དམིགས་རྣམ་སྐྱོང་པར་མཛད་པས་བསྙུན་གཞི་ལ་ཡང་ཕན་པར་བྱུང་བ་བཅས་དབེན་གནས་དཀར་ཆེན་བྱམས་པ་གླིང་དུ་བྱོན་ནས་ཟླ་བ་གཉིས་ཀྱི་རིང་སྒོ་གསུམ་མི་འདའ་བའི་བཅད་རྒྱ་མཛད་དེ། ཐེག་པ་མཆོག་གི་ཉམས་བཞེས་ལ་ཤིན་ཏུ་འགྲུས་པར་མཛད། རིགས་གྲྭའི་ནང་མཁན་ཆེན་དཀོན་མཆོག་དགྱེས་པའི་བློ་གྲོས་ཕེབས་ཏེ་ཚོགས་ཆེན་ལ་འཇིགས་བྱེད་དཔའ་གཅིག་དང་། གསང་འདུས་འཇམ་དཔལ་རྡོ་རྗེའི་དབང་། བདེ་མཆོག་རྩ་རྒྱུད་དང་། ཏིང་ངེ་འཛིན་རྒྱལ་བོའི་ལུང་བཅས་གནང་། སྟོན་མཇུག་སེར་སྨད་ཡེར་བ་ཁང་ཚན་གྱི་དགེ་བཤེས་ལུང་རིགས་སྨྲ་བའི་ཁྱུ་མཆོག་ལྷ་རམ་པ་ཚུལ་ཁྲིམས་རྒྱ་མཚོ་ཆོས་སྡེའི་མཁན་པོར་མངའ་གསོལ་ཏེ་ཁྲི་སྟོན་རྒྱས་པར་མཛད། དགུན་ཨ་མཆོག་དཔོན་པོ་རབ་འབྱམས་པ་ངག་དབང་ཤཱཀྱ་དགེ་བསྐོས་སུ་ལང་། ས་གླང་སྨོན་ལམ་དང་འབྲེལ་པའི་སྐྱེས་རབས་ཀྱི་འཆད་ཉན་དགེ་བའི་བཤེས་གཉེན་དཔོན་སློབ་ཚུལ་ཁྲིམས་རྒྱ་མཚོས་གནང་། དགུན་ཆོས་དུས་དེ་ཉིད་ཀྱི་སྐུའི་དཔོན་རིགས་སུ་འཁྲུངས་པ་སེར་སྨད་རྒྱ་རོང་རབ་འབྱམས་པ་བསྟན་དར་ཆོས་སྡེའི་དགེ་བསྐོས་སུ་བཞེངས། ལྕགས་ཕོ་སྟག་ལོར་ཡང་སྐྱེས་རབས་ཀྱི་འཆད་ཉན་སོགས་སྨོན་ལམ་གྱི་མགོན་མཛད་འོས་རྣམས་རྗེ་ཚུལ་ཁྲིམས་རྒྱ་མཚོས་མཛད། དཔྱིད་ས་སྒང་རྡོ་རྗེ་འཛིན་པ་ངག་དབང་མཆོག་ལྡན་ལས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་དང་། ཀྱཻ་རྡོར་མན་ངག་ལུགས་ཀྱི་དབང་གསན། དབྱར་རྗེ་ས་སྒང་བ་ནས་ཞུ་བ་བོ་མཛད་དེ་གྲྭ་མང་ཡོངས་ལ་སྒྲུབ་་ཐབས་རྒྱ་མཚོ་དང་། བཱ་རི་བརྒྱ་རྩའི་རྗེས་གནང་། དཔག་བསམ་འཁྲི་ཤིང་གི་བཤད་ལུང་བཅས་སྩལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་ཨ་མཆོག་གི་འབྲོག་སྡེར་བྱོན། ཐུགས་རྗེ་ཆེན་པོ་མཁའ་འགྲོ་ལྔ་སྐོར་གྱི་རྗེས་གནང་སྩལ་ནས་རྐུན་ཁྲིམས་དམ་དུ་མཛད་དེ་ཕན་བདེའི་ས་བོན་བསྐྲུན། ཟངས་དཀར་དུ་བྱོན་ནས་གྲུབ་པའི་བརྟུལ་ཞུགས་འཆང་བ་ཕ་མཐའ་དཀོན་མཆོག་སེངྒེའི་ཞབས་དྲུང་ནས་གུ་རུ་དྲག་པོ་དང་། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་གསན། སྟོན་ཀ་ཉིད་ཀྱི་གདན་ས་སྨྲ་བའི་སེང་གེའི་གླིང་དུ་མཁས་གྲུབ་བློ་བཟང་བྱམས་པས་ལམ་རིམ་ཆུང་བའི་བཤད་ལུང་མཇུག་ཏུ་བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་འཁོར་སེམས་བསྐྱེད་མཆོད་པ་སོགས་ཞིབ་རྒྱས་སུ་གནང་བ་གསན་ཏེ་མཎྜལ་བཤད་པ་དང་བཅས་དངོས་འབུལ་གཟབས་ཏེ་ཕུལ། ཧོར་ཟླ་བཅུ་བའི་ཚེས་བཞིའི་ཉིན་རྗེ་ལ་གཟའ་གདོན་ལྟ་བུའི་བསྙུན་ཞིག་བྱུང་བར་བརྟེན་སྒྲོལ་མ་བྱེ་བ་འདོན་པ་དང་། བརྒྱད་སྟོང་བ་བརྒྱ་ཚར་བཞེངས་པ་སོགས་ཞབས་བརྟན་རིམ་གྲོ་རྒྱ་ཆེར་བསྒྲུབས་པས་བསྙུན་དྭངས། དགུན་ངག་དབང་བཀྲ་ཤིས་དགེ་བསྐོས་སུ་བསྐོས། ལྕགས་ཡོས་ལོར་ཨ་མཆོག་དགེ་བཤེས་ལྷ་རམ་པ་བསོད་ནམས་ཆོས་གྲགས་ནས་སྨོན་ལམ་གྱི་འཆད་ཉན་མཛད། འདི་ལོ་ཀིརྟི་དགེ་བཤེས་སུ་གྲགས་པ་རྗེ་བློ་བཟང་བྱམས་པའམ་ཡེ་ཤེས་དར་རྒྱས་བསྙུན་ཚུལ་བཞེས་ཤིང་། ཁོང་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་ཞིག་གནང་དགོས་ཞུ་བར་མཛད་པ། དེ་འཕྲལ་སྐུ་མཚམས་ལ་བཞུགས་ཏེ་ལུས་དཀྱིལ་གྱི་གྲངས་བསྙེན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་ཏུ་གྲུབ་པར་མཛད་ནས་བླ་མ་དམ་པ་དེ་ཉིད་ལ་སྒྲུབ་པའི་མཆོད་པར་དམིགས་ཏེ། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་བཞི་ཡོངས་སུ་རྫོགས་པ་སྨིན་རྒྱས་སུ་འབུལ་བར་མཛད་པ་ནི། རྗེ་བླ་མ་ཉིད་ཀྱི་སྐུ་ཚེ་འདིར་གཞན་ལ་དབང་གནང་བའི་ཐོག་མ་ཡིན་འདུག་དེ་ལྟར་ན་རྣལ་འབྱོར་གསང་མཐའི་ལམ་གྱི་རིམ་རང་གཞན་མཐའ་དག་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་བདེ་ཆེན་མཆོག་གི་དགའ་སྟོན་ཀུན་ཏུ་རྒྱས་པར་འགྱུར་བའི་རྟེན་འབྲེལ་དུ་མ་ཞིག་འགྲིག་པར་གནང་སྟེ། རྣམ་ཐར་འདིའི་གོང་འོག་ཀུན་ཏུ་བརྟགས་པས་ཀྱང་ཤེས་ནུས་སོ། །ཨ་ཧོ་ངེས་གསང་བདུད་རྩི་ཡིས། །ཐུགས་ཀྱི་ཤེལ་བུམ་ཡོངས་གང་སྟེ། །ཕོངས་ལ་བགོ་བཤའ་བགྱིད་པའི་ཕྱིར། །དབང་བཞིའི་དགའ་སྟོན་རིངས་པར་སྩལ། གྲུབ་དབང་བཤེས་གཉེན་དམ་པ་དེ་ཡང་དེད་དཔོན་ནོར་བུ་ལོན་པ་ལྟར་སྐུ་ཚེ་འདིའི་གདུལ་བྱ་རྫོགས་པས་ཞི་དབྱིངས་སུ་གཤེགས་པར་གྱུར། དེའི་དབྱར་ཕ་མཐའ་གྲུབ་པའི་དབང་བོའི་དྲུང་དུ་བྱོན་ནས་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ནས་བྱུང་བའི་དབང་རྗེས་གནང་ཡོངས་རྫོགས་གསན། སླར་རང་གནས་སུ་བྱོན་ཏེ་ལུང་རིགས་སྨྲ་བའི་དབང་ཕྱུག་དགའ་ལྡན་ཟོང་ཅུའི་དགེ་བཤེས་ལྷ་རམ་པ་བཀྲ་ཤིས་ཐུབ་བསྟན་སྨྲ་སེང་གླིང་གི་ཆོས་ཁྲིར་མངའ་གསོལ་རྗེ་ཉིད་ནས་སྐུའི་བཅད་རྒྱ་མཛད་ནས་ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དགུན་ཆོས་དུས་དགེ་བསྐོས་སུ་དགེ་སློང་ཆོས་དབྱིངས་བསྐོ་བཞག་བསྐྱངས། དེ་ནས་རྔ་ཡུལ་དུ་བྱོན་རྗེ་ངག་དབང་མཆོག་ལྡན་ནས་ས་གླང་ལོར་གསར་འདེབས་མཛད་པའི་ས་སྒང་ཐུབ་བསྟན་དགེ་འཕེལ་གླིང་དུ། ཐེག་པ་ཆེན་པོའི་བློ་སྦྱོང་གི་བཤད་ལུང་དང་། བདེ་མཆོག་ལཱུ་ཨི་བ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་སྩལ། ཆུ་ཕོ་འབྲུག་གི་ལོ་སྨྲ་སེང་གླིང་གི་སྨོན་ལམ་གྱི་མགོན་དུ་བྱོན་ནས་སྐྱེས་རབས་ཀྱི་འཆད་ཉན་མཛད། དཔྱིད་ཕོ་བྲང་དམར་བོར་བཅད་རྒྱ་ཡུན་རིང་དུ་བཞུགས། ཟླ་ལྔ་བར་ཨ་སྐྱོང་ཕྱོགས་སུ་ཆིབས་ཞལ་བསྒྱུར། ཨ་མཆོག་བཟའ་ཉི་མ་མཚོར་དབང་གནང་། ཇོ་ནང་གི་རིང་ལུགས་འཛིན་པ་བླ་མ་ཀླུ་སྒྲུབ་ཀྱི་དྲུང་ནས་སྒྲུབ་ཐབས་རིན་འབྱུང་གི་གྲས་ཕག་མོའི་སྐོར་བདུན་དང་། གཟུངས་གྲྭ་ལྔ་སྒྲོལ་མ་རྣལ་འབྱོར་མ་བཅས་ཀྱི་དབང་དང་། རྒྱལ་ཐང་བ་བསམ་གཏན་འོད་ཟེར་ལུགས་ཀྱི་གཅོད་དབང་གསན་ཁོང་བའི་ཐུགས་བཞེད་ལྟར་ཕར་ཡང་དགའ་ལྡན་ལྷ་བརྒྱ་མ་དང་། བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་འབུལ་བར་མཛད། ཨ་རིག་ར་རྒྱ་ཕྱོགས་ཀྱི་བླ་མ་མོ་ཤུལ་ཚང་རྗེ་དགེ་འདུན་ཕུན་ཚོགས་ལ་ཡང་ཆོས་ཚན་འགའ་རེའི་ལུང་གསན། དགུན་ཆོས་སྐབས་མཚན་ཉིད་དགོན་སྨྲ་སེང་གླིང་དུ་ཕེབས་ནས་བསོད་ནམས་ཆོས་དབྱིངས་དགེ་བསྐོས་བཞག་གནང་། བཀྲ་ཤིས་འཁྱིལ་གྱི་ཁྲི་ཟུར་ལུང་རིགས་སྨྲ་བ་དབལ་མང་ཆུང་བ་དཀོན་མཆོག་ཆོས་འཕེལ་དགོན་སྡེའི་མཁན་ཁྲིར་ཕེབས་ཏེ་ཆུ་སྦྲུལ་ལོའི་སྨོན་ལམ་གྱི་འཆད་ཉན་སྔར་རྒྱུན་ལྟར་མཛད། དམ་པ་དེ་ཉིད་ནས་ཚོགས་མང་ལ་རྣམ་སྣང་མངོན་བྱང་གི་དབང་དང་། ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་བ་དང་། རྗེ་ཉིད་སྒེར་ནས་བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་སྟེང་ནས་རྩ་འགྲེལ་སྦྲགས་པའི་བཤད་ལུང་ཞིབ་ཏུ་གསན། དབྱར་ཨ་རིག་ནས་རྒྱུད་སྡེ་འཛིན་པ་དགེ་འདུན་ཕུན་ཚོགས་པ་བྱོན་པ་དེའི་དྲུང་ནས་བདེ་མཆོག་ལཱུ་ཨི་བའི་དབང་གསན། སྟོན་མཇུག་བདེ་མཆོག་ཁང་ཚན་ལ་བདེ་མཆོག་གི་དབང་དང་། རྒྱུད་ཀྱི་བཤད་པ། སྔགས་བཏུའི་རྗེས་གནང་སོགས་གནང་སྟེ་རྣལ་འབྱོར་གསང་མཐའི་ལམ་སྲོལ་ཀུན་ཏུ་རྒྱས་པར་མཛད། དགུན་བསོད་ནམས་བཀྲ་ཤིས་དགེ་བསྐོས་སུ་བསྐོས་ནས་འཁྲུངས་ཡུལ་ཚ་ཁོའི་ཕྱོགས་སུ་སྐུའི་ཁུ་བོ་ང་རོ་ཚེ་དབང་གིས་གདན་དྲངས་པ་ལྟར་བྱོན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་རྟེན་རྣམས་ལ་དཔལ་འཁོར་ལོ་བདེ་མཆོག་གི་སྒོ་ནས་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད་དེ་དམ་པ་དབྱེར་མེད་དུ་བསྟིམས་ནས་བསོད་ནམས་ཀྱི་ཞིང་དུ་བསྒྲུབ་པར་མཛད། དད་སྟོབས་འགྱུར་བ་མེད་པ་མཆོག་རྩེའི་རྒྱལ་མོ་གཡུང་དྲུང་ལྷ་མོར་སྒྲོལ་མའི་རྗེས་གནང་དང་། སྣང་བརྙན་ཞིག་ཀྱང་ཉིད་ཀྱིས་ཕྱག་བྲིས་མཛད་དེ་གསོལ་རས་གནང་། གདན་སར་བྱོན་ཏེ་ཤིང་ཕོ་རྟ་ལ་ནག་པ་ཟླ་བའི་དུས་དང་འབྲེལ་བར་རྒྱུད་སྡེ་འཛིན་པ་དགེ་འདུན་ཕུན་ཚོགས་པའི་དྲུང་ནས་ཕྱག་རྡོར་འཁོར་ཆེན་དང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསན། འདིའི་སྐབས་ནས་བཟུང་དུས་མ་ངེས་པར་མང་ཐོས་སྐུ་ཞིང་ངག་དབང་ཆོས་འཕེལ་ལས་རྟ་མགྲིན་གསང་སྒྲུབ་ཀྱི་དབང་། གཅོད་ཞི་དྲག་གཉིས་ཀའི་དབང་། བདེ་བ་ལམ་གྱི་ཁྲིད། ཉི་ཁྲི། རྒྱལ་སྲས་གསུང་འབུམ་དང་། བློ་སྦྱོང་སྙན་བརྒྱུད་ཆེན་མོ་དང་ལེགས་བཤད་ཀུན་བཏུས་སོགས་ལུང་མང་བོ། སྣར་ཐང་བརྒྱ་རྩའི་རྗེས་གནང་བཅས་གསན། འདི་ལོ་བཀྲ་ཤིས་འཁྱིལ་དུ་འབྱོན་རྒྱུར་གཤའ་བརྒྱུད་སྐ་བར་དུ་ཕེབས་ནས་རྒྱུན་ནེའི་ལྕགས་ཝིར་གྲགས་པའི་ཆར་ཉེ་བའི་སར་བྱོན་ཏེ་དབང་གནང་ཞིང་། གཞན་ཡང་འགའ་རེའི་གདན་དྲངས་པར་བྱོན། དངོས་འབུལ་གཟབས་ཤིང་ཕྱོགས་དེར་མར་བསོད་ཞིག་ཀྱང་མཛད་དེ་འབྲེལ་ཚད་དོན་ལྡན་དུ་འགྱུར་བའི་ཐུགས་སྨོན་གནང་། ཐང་སྐོར་དུ་མཁས་དབང་བཀྲ་ཤིས་ཐུབ་བསྟན་དང་མཇལ། བྱམས་མེ་བརྒྱུད་ཚ་གན་བེ་ཤིང་དུ་དབལ་མང་ཆུང་བ་དཀོན་མཆོག་ཆོས་འཕེལ་བཞུགས་པའི་དྲུང་ནས་རྗེ་རིན་པོ་ཆེའི་གསང་རྣམ་དང་བླ་མའི་རྣལ་འབྱོར་གྱི་ལུང་གསན། དེའི་ཁྲི་ཐོག་པ་འགྱང་རོ་སྤྲུལ་སྐུ་ཡང་མཇལ་བར་གནང་། རིམ་གྱིས་ཟམ་ཚའི་འགྲུལ་བ་སོགས་དང་བཅས་བྱོན་ཏེ་ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་དུ་ཕྱག་ཕེབས། འདིའི་ཨ་མཆོག་ཀྱང་རྗེ་ཉིད་ཀྱིས་ཆའི་ཨ་མཆོག་དང་རུས་གཅིག་པ་ཡིན་འདུག་པས་ཀུན་གྱིས་དགའ་སྤྲོ་ཆེན་པོ་བྱས། ཞག་འགའ་བཞུགས་པར་དེ་ཁའི་ཁྲི་བ་ཕུན་ཚོགས་སེང་གེ་དང་ལམ་རིམ་ཁྲི་བ་རྔ་རྒོད་དཔོན་པོ་ནས་ཤངས་ལེན་གཟབ་པར་ཞུས། བོར་ཆུང་གདོང་ཟེར་བར་འབྲོང་བ་བཀའ་འགྱུར་བའི་ཞབས་དྲུང་དུ་བྱོན། རྟའི་འབུལ་བ་དང་བཅས་བཀའ་ཆོས་སྙན་གསན་ཞུས་པར་རྒྱུ་མཚན་ཞིབ་འདྲི་མཛད་དེ་ཤིན་ཏུ་དགྱེས་པར་གྱུར། རིམ་གྱིས་ཙ་ཡུ་བརྒྱུད་བཀྲ་ཤིས་འཁྱིལ་དུ་གུང་ཐང་བླ་བྲང་ལ་བབས་གུང་ཐང་མཆོག་གི་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱ་མཚོ་དང་། རྗེ་འཇམ་དབྱངས་བཞད་པ། ཁྲི་ཟུར་རྒྱལ་མཁན་ཆེན། སྡེ་ཁྲི་རིན་པོ་ཆེ། བསོད་གྲགས་རིན་པོ་ཆེ་འཇམ་དབྱངས་བདེ་ཆེན་སོགས་བླ་མ་རྣམས་དང་མཇལ་ཞིང་། ཕལ་ཆེར་ལ་ཆིབས་པ་རེ་འབུལ་བར་མཛད། རིམ་པར་སྙན་གསན་སྔོན་དུ་འགྲོ་བས་གསང་ཆེན་གདམས་པའི་མཛོད་འཛིན་གྲུབ་དབང་སྡེ་ཁྲི་སྤྲུལ་བའི་སྐུ་འཇམ་དབྱངས་ཐུབ་བསྟན་ཉི་མའི་ཞབས་དྲུང་ནས་གཤེད་དམར་ལྷ་བཅུ་གསུམ་མ། དགྲ་ནག་ལྷ་བཅུ་གསུམ་མ། འཇིགས་བྱེད་ལྷ་དགུ་མ། ཀྱཻ་རྡོར་ཐོད་པ་ཅན་ནག་པོ་ལུགས། བདེ་མཆོག་ནག་པོ་དང་། བོང་ཞལ་ཅན། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་བཅས་ཀྱི་དབང་། སྟག་ཕུ་གར་གྱི་དབང་བོའི་དག་སྣང་སྒྲོལ་མའི་དབང་ལུང་། འཇིགས་ཆུང་དམར་བོའི་དུག་དབང་། ཇོ་ལུགས་སྒྲོལ་མ་ཉེར་གཅིག་དཔལ་ལྡན་ས་སྐྱ་བའི་ལྕགས་རི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་རྗེས་གནང་ཡོངས་རྫོགས། ར་བོང་དང་དཔལ་བོད་ཀྱི་ལུང་། ཚེ་དབང་གྲུབ་རྒྱལ་མ་སོགས་གསན། དེ་སྐབས་གུང་ཐང་མཆོག་སྤྲུལ་ནས་ཤིན་ཏུ་དགྱེས་པའི་ཚུལ་གྱིས་གསང་བའི་རྣམ་ཐར་དུ་མ་ཡང་མ་སྦས་པར་གསུངས་ཡོད་འདུག་སྐད། མདོ་རྒྱུད་གཞུང་དང་མན་ངག་ལག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་འདྲེས་པར་མཁྱེན་པ་ཁྲི་ཟུར་དབལ་མང་བ་དཀོན་མཆོག་རྒྱལ་མཚན་འབྲོག་ནས་ཕེབས་བྱུང་བར་དུ་དངུལ་བྲེ་ཆེན་སོགས་ཀྱི་འབུལ་བ་དང་བཅས་འཇལ་ཞིང་། ཨིནྡྲ་མཁའ་སྤྱོད་དང་། མཻ་ཏྲི་མཁའ་སྤྱོད་ཀྱི་བེ་བུམ་ལུང་། བདེ་མཆོག་སྦས་དོན་ཀུན་གསལ་གྱི་ལུང་ཞིབ་རྒྱས། བདེ་མཆོག་ལཱུ་ཨི་བ་དང་དྲིལ་བུ་བའི་བསྐྱེད་རྫོགས་ཀྱི་དམར་ཁྲིད། འགྲེལ་བ་བཞི་སྦྲགས། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་བཅས་ཀྱི་ལུང་རྒྱས་པ། གསང་འདུས་བསྐྱེད་རྫོགས་ཀྱི་དམར་ཁྲིད་སྙན་བརྒྱུད་ཀྱི་ཞལ་ཤེས་དང་བཅས་པ། འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པའི་བཤད་པ། དཔའ་བོ་གཅིག་པའི་བསྐྱེད་རྫོགས་དམར་ཁྲིད། འཇིགས་བྱེད་བསྐྱེད་རིམ་ཆེན་མོའི་བཤད་ལུང་། ནཱ་རོ་ཆོས་དྲུག་ཡིད་ཆེས་གསུམ་ལྡན་དང་། འཕོ་ཊཱིཀ་གསེར་གྱི་སྒོ་འབྱེད་ཀྱི་བཤད་ལུང་། སྡོམ་གསུམ། ཐུན་དྲུག་རྣལ་འབྱོར་ངག་བྱིན་རླབས། ཟུང་འཇུག་འཁྲུལ་སྤོང་། རབ་གནས། འཇམ་དཔལ་ཞི་དྲག་གི་བསྲུང་བ། དྲག་པོ་གསུམ་སྒྲིལ་བཅས་ཀྱི་ཁྲིད། ཚད་མའི་ལམ་སྒྲིག་གི་བཤད་པ། འཇིགས་བྱེད་དཔའ་གཅིག་གི་དབང་སོགས་གསང་ཆེན་ཟབ་མོའི་གདམས་པ་མཐའ་ཡས་པར་གསན་པར་འགྲེལ་བ་བཞི་སྦྲགས་ཀྱི་མཇུག་ཏུ་རྗེ་ཉིད་ལ་ཤོ་ཀ་ལེ་དང་འགྲེལ་བའི་ཕྱག་དཔེ་བཅས་གནང་སྟེ་ཐུགས་སྨོན་ནན་ཏན་མཛད། ཅེ་ནེ་དཔོན་ནས་ཞུས་ཏེ་གུང་ཐང་མཆོག་གི་སྤྲུལ་སྐུས་ཚེ་དབང་གནང་བ་ཡང་གསན། གཅོད་ཡུལ་བ་ཆེན་པོ་བསོད་གྲགས་སྤྲུལ་སྐུ་རིན་པོ་ཆེའི་ཞབས་དྲུང་ནས་འཇམ་དབྱངས་ཁ་ཆེ་ནས་བརྒྱུད་པའི་ཁྲོས་ནག་གི་དབང་། སྐལ་ལྡན་ཆོས་དྲུག མགོན་པོའི་བསྙེན་སྒྲུབ་ལས་གསུམ། བླ་མགོན་དབྱེར་མེད་ཀྱི་ཁྲིད་བཅས་གསན། སྡེ་བ་ཚང་དང་། དབལ་མང་ཚང་ནས་བཀའ་གནང་བ་ལྟར། རྗེ་བསོད་གྲགས་པར་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་སྒྲོལ་མ་བླ་མེད། གཤེད་དམར་ལྷ་ལྔ། གྲྭ་ལྔ་བཅས་ཀྱི་དབང་སོགས་འབུལ་བར་མཛད་པ་དང་། མཐུ་སྟོབས་ནུས་ལྡན་འཇིགས་མེད་དབང་བོའི་དྲུང་ནས་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཁྲུལ་འཁོར་གྱི་ཁྲིད་ཞིབ་རྒྱས། དབེན་ས་ལུགས་དང་སྲད་རྒྱུད་ལུགས་ཀྱི་ལྕགས་མཁར་ཟུར་བཅུ་དྲུག་པ་དང་། ལྕགས་མཁར་ཟུར་དགུ་བའི་ཁྲིད། དེ་དག་གི་ལུང་དང་བཅས་པ་གསན། སྦྱངས་པའི་ཡོན་ཏན་ལ་གནས་པ་དཀོན་མཆོག་བསྟན་འཛིན་གྱི་དྲུང་ནས་མཁའ་སྤྱོད་བེའུ་བུམ། རིག་བྱེད་མའི་བེའུ་བུམ་ཕལ་ཆེར། རྣམ་སྲས་མདུང་དམར་ཅན་གྱི་བེའུ་བུམ། ལྕང་སྐྱ་རོལ་བའི་རྡོ་རྗེའི་གསུང་འབུམ་སོགས་ཀྱི་ལུང་། མཁས་པའི་མཐར་སོན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་པའི་དྲུང་ནས་མདོ་སྡེ་རྒྱན་གྱི་ལུང་། སྒོ་མང་མཁན་པོ་ཆོས་དར་གྱི་སྤྲུལ་སྐུ་བློ་བཟང་ཆོས་གྲགས་རྒྱ་མཚོ་ལས་མགོན་པོ་ཕྱག་དྲུག་པའི་བེའུ་བུམ་གྱི་ལུང་བཅས་གསན། དེ་ནས་རྒྱལ་བའི་འཕྲིན་ལས་སྤེལ་བའི་བཀའ་འགྱུར་བ་ཆེན་པོ་དཀོན་མཆོག་དཔལ་འཛིན་བྱོན་པའི་དྲུང་ནས་རྒྱུད་འབུམ་དང་། ཕལ་ཆེན། རྗེ་གུང་ཐང་བའི་གསུང་འབུམ། དབེན་ས་བཀའ་འབུམ། དུས་འཁོར་རྩ་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་བུ་སྟོན་གྱི་མཆན་སྦྲགས། དུས་འཁོར་ཊཱིཀ་ཆེན་ཞང་ཞུང་བའི་ཁ་སྐོང་་དང་བཅས་པ། མཁས་གྲུབ་རྗེའི་གསུང་། དུས་འཁོར་དང་ཀྱཻ་རྡོར་གྱི་སྐོར་དུ་མས་མཚོན་ལུང་མང་བོ་དང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བཅས་གསན། དེ་སྐབས་རིགས་རུས་སྟོབས་འབྱོར་ཕུན་སུམ་ཚོགས་པས་གོང་མ་བདག་པོ་ཆེན་པོའི་ནང་བློན་དུ་གྱུར་ཀྱང་སྲིད་ཀྱི་དཔལ་འབྱོར་ཐམས་ཅད་མཆིལ་མའི་ཐལ་བ་ལྟར་དོར་ནས་རབ་ཏུ་བྱུང་སྟེ་རྣམ་པར་དག་པའི་ཆོས་རྒྱུན་འཚོལ་བ་ལ་གཞོན་ནུ་ནོར་བཟང་ལྟར་གྱུར་པ་བདག་གི་བླ་མ་ནེའི་མན་ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་ཡང་བཀྲ་ཤིས་འཁྱིལ་དུ་བྱོན་ཡོད་པས་ཁོང་གི་སྐུ་དྲུང་ནས་དཔལ་མགོན་ཞལ་རྣམ་འགྱུར་མི་འདྲ་བ་བཅུ་གསུམ་སྐོར་གྱི་རྗེས་གནང་དང་ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ། ཚོགས་བདག་གི་སྒྲུབ་ཐབས་ནོར་བུ་གསལ་འབར་སོགས་ཀྱི་ལུང་གསན། རྗེས་གནང་སྐབས་བླ་མ་ལྷ་བཙུན་རིན་པོ་ཆེའི་མནལ་ལམ་དུ་མིའི་ལག་པ་ནག་པོ་ཞིག་གིས་ཡི་གེ་ཞིག་བསྟན་གསུངས། རྗེ་འདི་བས་ལྷ་བཙུན་རིན་པོ་ཆེར་གཤེད་དམར་ལྷ་ལྔའི་དབང་འབུལ་བར་མཛད། གུང་ཐང་སྤྲུལ་བའི་སྐུ་དེ་སྐབས་དགུང་ལོ་བཅུ་གཅིག་འགྲོ་བའི་སྐུ་ན་ཤིན་ཏུ་ཕྲ་ཡང་། རྗེ་ཉིད་ནས་སྐུ་གོང་མ་དང་དབྱེར་མེད་ཀྱི་དད་འདུན་རྩེ་གཅིག་གིས་སྒོ་ནས་བདེ་མཆོག་རྩ་རྒྱུད་ལེའུ་དང་བོའི་ལུང་ཞུ་བར་མཛད་པ་གནང་དཀའ་སེ་བ་ལྟ་བུའི་མཐར་འདི་ཚོ་བཀའ་གཉན་པས་བྱེད་ཀྱིན་མེད་ཀྱང་ཁྱེད་ལ་སྐྱོན་མེད་གསུང་སྟེ་དགྱེས་བཞིན་དུ་གནང་། གཞན་ཡང་ཞབས་གྲས་པ་དང་བཅས་པར་དགའ་ལྡན་ལྷ་བརྒྱ་མའི་ལུང་ཡང་ཞུ་བར་མཛད། ཁོང་དང་ལྷན་ཅིག་སྡེ་ཁྲི་ཚང་གི་སྐུ་མདུན་དུ་ཕེབས་པའི་ལམ་ཁར་ཆུ་སྣོད་ཁེངས་པ་དང་མཇལ་ཞིང་། ཕེབས་མ་ཐག་སྡེ་བ་ཚང་ནས་དཔོན་སློབ་རྣམས་ལ་ཚེ་དབང་ཞིག་ཀྱང་གནང་བས་གུང་ཐང་བ་ཡང་དགྱེས་པར་གྱུར་ཅིང་། རྗེ་ཉིད་ནི་གུང་ཐང་སྐུ་སྔ་ཕྱི་གཉིས་ལ་སངས་རྒྱས་ངོས་ཀྱི་འདུ་ཤེས་དང་མི་འབྲལ་ཞིང་། བླ་མ་གཞན་ཐམས་ཅད་ཀྱང་གང་གི་སྐུའི་རྣམ་རོལ་དུ་སྒོམ་པ་དང་། རྒྱུན་དུ་སྐུའི་སྣང་བ་བར་སྣང་ལ་ལམ་མེར་བཞུགས་པ་ལྟ་བུར་འབྲལ་མེད་དུ་འཆར་བ་སོགས་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ནི་འབྲས་བུའི་རྟགས་ལས་དཔོགས་སོ། །རྗེ་སངས་རྒྱས་དངོས་ཀྱི་བླ་མ་ལ། དད་གུས་རྩ་བ་ལེགས་ཚུགས་ཤིང་། བསྟེན་ཚུལ་གྱི་ཡལ་འདབ་རྒྱས་པ་ལས། ལེགས་ཚོགས་ཀྱི་འབྲས་བཟང་སྨིན་པར་ངེས། །ཞེས་ཀྱང་བྱའོ། །དེ་སྐབས་རྗེ་ས་སྒང་བས་ཀྱང་ནེའི་མན་ཐོ་ཡོན་རིན་པོ་ཆེར་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་འབུལ་བར་མཛད། རྗེ་འཇམ་དབྱངས་བཞད་པ་དང་། གུང་ཐང་རིན་པོ་ཆེ། སྡེ་ཁྲི་ཚང་སོགས་ཚང་མས་རྟེན་གྱིས་མཚོན་པའི་གནང་སྐྱེས་སྩལ་ཏེ་ཧོར་ཟླ་བཅུ་བར་རང་དགོན་དུ་ཆིབས་བསྐྱོད། གྲྭ་མང་ལ་ཆོས་ཀྱི་སྐྱེས་ལྟ་བུར་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་འགྲེལ་མནལ་ལམ་མ་ཞིག་གི་ལུང་གནང་ཞིང་། དགུང་ལོ་སོ་བདུན་དུ་ཕེབས་པའི་དཔྱིད་སྦས་དོན་ཀུན་གསལ་གྱི་བཤད་ལུང་དང་བདེ་མཆོག་བསྐྱེད་རྫོགས། རབ་གནས། སྦྱིན་སྲེག་བཅས་ཀྱི་ཁྲིད། གུང་ཐང་གསུང་འབུམ་གྱི་ལུང་རྣམས་དང་། དབྱར་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ། མཚན་བརྗོད། འགྲེལ་བའི་ལུང་སོགས་གནང་། ཕ་མཐའ་རིན་པོ་ཆེའི་དྲུང་དུ་བྱོན་ནས་གསང་འདུས་ཀྱི་དབང་། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་ཁྲིད། རྡོ་རྗེ་གྲོ་ལོད་ཀྱི་དབང་། ཟབ་ལམ་ལུགས་ཀྱི་ནམ་མཁའ་སྒོ་འབྱེད་དང་ཁྲོས་ནག་གི་དབང་། གུར་དྲག་མེ་རླུང་འཁྱིལ་བའི་དབང་། སྤུ་གྲི་མཆེད་གསུམ་དང་བསྙོ་ཁའི་སྲོག་གཏད་གཏད་རྒྱ་དང་བཅས་པ། ཕུར་བ་ཡང་གསང་བླ་མེད་ཀྱི་དབང་བཅས་གསན་ཕེབས་ཁར་ཞབས་དབང་ཞུ་བར་མཛད། གདན་སར་བྱོན་ནས་འདི་ལོ་ཚོགས་ཁྲོ་བླུགས་པ་ལམ་དུ་མ་སོང་བས་ཡང་བསྐྱར་དམ་པ་ཉིད་ནས་སྐུ་མཚམས་ལ་བཞུགས་ཏེ་ཁྲོ་བླུག་པ་ལམ་དུ་སོང་། གསང་ཆེན་ཟབ་མོའི་གདམས་པ་འཛིན་པ་ས་སྒང་ངག་དབང་མཆོག་ལྡན་པའི་ཞབས་དྲུང་ནས་རྡོ་རྗེ་ཕྲེང་བ་དང་། ཀྲྀ་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་རྫོགས་གསན། དགོན་པའི་མཁན་པོ་བཀྲ་ཤིས་ཐུབ་བསྟན་རང་ཡུལ་དུ་བྱོན་པར་སྐུ་དངོས་རང་ཆིབས་སྐྱེལ་ཕེབས། དགོན་པར་སྔགས་མཚན་ཉིད་ཟུང་འབྲེལ་ཞིག་བྱུང་ན་ལེགས་པར་དགོངས་ཏེ་དེ་ཁའི་ཉེར་བསྡོགས་མཛད། བཀྲ་ཤིས་འཁྱིལ་ནས་སྐུ་ཞབས་རིན་པོ་ཆེ་དབལ་ཤུལ་ངག་དབང་ཤི་བའི་དགེ་རྩར་བྱོན་ཡོད་པས་རྗེ་ཉིད་ཀྱང་མཚམས་རིང་དུ་ཕེབས་ཏེ་ཆིབས་པ་ལེགས་པ་སོགས་ཕུལ་ནས་རྣམ་འགྲེལ་གྱི་ལུང་གསན། ཚུར་ཡང་དགྱེས་པ་ཆེན་པོ་མཛད། སླར་ཡང་གདན་སར་བྱོན་ཏེ་འཇིགས་བྱེད་ཀྱི་དབང་ཆེན་དང་འགྲེལ་བ་བཞི་སྦྲགས་ཀྱི་བཤད་པ་རྒྱས་པ། ལམ་རིམ་ཆེན་མོའི་སྐྱེས་བུ་ཆེན་པོའི་བར། རྣམ་འགྲེལ་ལེའུ་དང་བོ་ནས་ཅུང་ཞིག་གི་ལྗགས་བཤད་སྩལ། དགོན་པར་གསང་བདེ་འཇིགས་གསུམ། དུས་འཁོར་བཅས་ཀྱི་རྒྱུད་ལ་འཆད་ཉན་དང་། རྣམ་འགྲེལ་གྱི་འཆད་ཉན་བཅས་འཛུགས་པར་བཞེད་པ་བདུད་རིགས་འབྱུང་བོའི་བར་ཆད་ཀྱིས་རིམས་ནད་ཞིག་ཀྱང་འོང་། གྲྭ་རིགས་དུ་མས་ཀྱང་བདུད་རྩི་དུག་ཏུ་འཁྲུལ་ནས་སྨྲེ་ངག་བཏོན། དེར་བརྟེན་མང་བོ་ཞིག་ཡིད་བསྒྱུར་ཏེ་མེ་སྤྲེལ་སྨོན་ལམ་སྐབས་སྐུ་ཉིད་ཀྱི་ཕ་ཡུལ་ནས་ཕེབས་མི་དུ་མས་ཀྱང་བཤོལ་བཏབ་པ་སོགས་ཆ་མཐའ་དག་ནས་བར་ཆད་བྱས་པས་ཐུགས་སེམས་ཤིན་ཏུ་སྐྱོ་བ་ཞིག་བྱུང་འདུག མགོན་ཁྱོད་བསྟན་འགྲོའི་ཕན་བདེ་ལ། །གཅིག་ཏུ་དགོངས་པའི་མཛད་བཟང་མཆོག །མི་ལུས་དུད་འགྲོའི་བློ་གྲོས་ཅན། །དུ་མས་བཀག་ཅིང་བཤོལ་ཡང་བཏབ། །ཕྱེ་མ་ལས་ངན་སྡིག་སེམས་ཅན། །རླབས་ཆེན་མཛད་པའི་གེགས་བྱེད་པ། །དེ་དག་རང་གི་དེ་འབྲས་གསེར། །སྡིག་པའི་ཐང་དུ་བོར་མིན་ནམ། ། དཔྱིད་ཀ་དམེ་དཔོན་མོ་འདས། དམེ་སྐོར་དཔོན་པོ་མ་འགྲིག་པར་མི་བཞི་བཅུ་ཙམ་བསད་པ་སོགས་ལོ་བཅུ་བདུན་པར་མ་འགྲིག་པ་འདི་སྐབས། རྗེ་ཉིད་ནས་ཕན་ཚུན་གཅིག་ཏུ་འདུམས་འདོམས་པར་མཛད། དབྱར་དུས་ཕ་མཐའ་རིན་པོ་ཆེའི་དྲུང་དུ་བྱོན་ཏེ་ཀར་གཅོད་ལྟར་གྱི་གཅོད་དབང་བརྒྱ་རྩ། འཇིགས་བྱེད་བཅུ་གསུམ་མ་དང་། བཀྲ་ཤིས་འཁྱིལ་གྱི་དུས་འཁོར་བ་དགེ་འདུན་དར་རྒྱས་ལས་མགོན་པོའི་སྐོར་གྱི་ཁྲིད་རྣམས་གསན། གསང་བདེ་འཇིགས་གསུམ་གྱི་སྔགས་བཏུའི་རྗེས་གནང་སོགས། རིག་འཛིན་སྟོབས་ལྡན་སེངྒེའི་དྲུང་ནས་རྒྱལ་ཐང་བའི་གཅོད་སྐོར། དུག་རིལ་ནག་པོའི་བེའུ་བུམ། བག་རྩེའི་བེའུ་བུམ་སོགས་ཀྱི་ལུང་བཅས་གསན། ཕར་ཞལ་གྱི་རྣམ་འགྱུར་སྐོར་དང་། སྔགས་རིམ་ཆེན་མོའི་བཤད་ལུང་སོགས་གནང་། དེ་ནས་དམུ་དགེ་ཕྱོགས་སུ་བྱོན། གླིང་སྤྲུལ་སྐུ་དཀོན་མཆོག་དགྱེས་པའི་བློ་གྲོས་ལ་ཆིབས་པ་ཞིག་ཕུལ། ཁོང་ནས་དམུ་དགེའི་དགོན་དུ་རྡོར་ཕྲེང་གནང་བ་ཡོངས་རྫོགས་དང་གསང་འདུས་འཇིག་རྟེན་དབང་ཕྱུག་གི་དབང་བཅས་གསན། དམུ་དགེའི་དགོན་དུ་ཇ་ཐུག་ཉིན་འཁྱོངས་དང་འགྱེད་སོགས་ཀྱང་གནང་། དུས་འཁོར་བ་མཁས་དབང་དགེ་འདུན་དར་རྒྱས་ལས་འཇམ་དཔལ་གསང་ལྡན་གྱི་དབང་གསན་ཞིང་ཕར་བདེ་མཆོག་བསྟོད་འགྲེལ་དང་། རྡོ་རྗེ་སྙིང་འགྲེལ་གྱི་ལུང་གནང་། ཕྱོགས་དེར་རིམས་ནད་མཆེད་སྟབས་གདན་སར་བྱོན། མི་ངན་རེ་གཉིས་ཀྱི་བྱེད་འཇོལ་ངན་པའི་དབང་གིས་མཆོག་རྩེ་རྒྱལ་ས་ནས་ཨ་མཆོག་གི་ཐོག་ཏུ་དམག་བྱུང་ཡང་རྩེ་ཉིད་ནས་བཀའ་གནང་སྟེ་དམག་གི་འཇིགས་པ་ལས་སྐྱོབས་པར་མཛད། གདན་སར་བྱོན་ནས་རྗེ་དགེ་འདུན་ཕུན་ཚོགས་པ་འདི་ལོ་རྗེ་ཉིད་ཀྱི་གདན་སར་ཁྲི་ཐོག་ཏུ་བྱོན་ཡོང་བའི་དྲུང་ནས་མི་ཏྲ་བརྒྱ་རྩའི་དབང་ཡོངས་རྫོགས་གསན། གྲྭ་དམངས་དང་དམ་སེལ་ཅུང་ཟད་བྱུང་བ་ཡང་བླ་མ་རྣམས་ཀྱི་བཀས་ཞི་བར་མཛད། རྔ་བར་ཕེབས་ཏེ་དམེ་སྡེ་བ་དང་། དམེ་དཔོན་སོ་སོར་སྒྲོལ་མ་རྣལ་འབྱོར་མའི་དབང་རེ་རེ་ཡང་གནང་ནས་དམ་བཞག་མཛད། རྗེ་གྲུབ་པའི་དབང་བོ་ཕ་མཐའ་རིན་པོ་ཆེ་དགོན་གནས་སུ་གདན་དྲངས་ཏེ་རྗེ་ཉིད་ནས་ཆིབས་བསུ་མཛད། ཁོང་ནས་ནག་ཕྱོགས་པ་རྣམས་ལ་མནན་སྲེག་འཕང་གསུམ་གྱི་ལས་སྦྱོར་མཛད་དེ་ཚར་བཅད། རྗེ་ཉིད་ནས་འདི་དུས་ཀྱང་གཏེར་གཅོ་བརྒྱ་རྩའི་དབང་། གྲྭ་དམངས་དང་བཅས་པར་རྟ་མགྲིན་ཡང་གསང་དང་ལྷ་ཕུར་གྱི་དབང་བཅས་ཞུ་བར་མཛད། མེ་མོ་བྱ་ལོའི་སྨོན་ལམ་མགོན་དུ་རྗེ་ཕ་མཐའ་རིན་པོ་ཆེ་ཡང་ཕེབས། ཁོང་ཕྱིར་ཕེབས་ཀྱི་ཕེབས་སྐྱེལ་དུ་བྱོན་སྐབས་དམ་པ་ཉིད་ལ་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་སྩལ་ཞིང་། དགྱེས་པའི་གསུང་ཡང་ཕེབས། རྔ་བར་བྱོན་ནས་ཇོ་ནང་བ་ཀུན་དགའ་བསྟན་པ་ཆོས་འཕེལ་གྱི་དྲུང་ནས་དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས། འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་། རྭ་ཁྲིད་དང་། སྦྱོར་དྲུག་གི་ཁྲིད་གང་འགྲོ་རེ། ལུང་མང་བ་བཅས་གསན། རྗེ་ངག་དབང་མཆོག་ལྡན་ནས་རིག་བྱེད་མའི་འཁོར་ལོ་དང་། གཟུངས་འཇུག་འགའ་རེ་སྒྲུབ་པར་མཛད། རྗེ་ཉིད་སྐུ་མཚམས་ལ་བཞུགས་པར་གསང་བའི་མཛོད་འཛིན་ཕ་མཐའ་དཀོན་མཆོག་སེངྒེ་ཞི་བར་གཤེགས་པ་གསན་འཕྲལ་གདུང་མཇལ་དུ་བྱོན། རྗེ་སྟོབས་ལྡན་སེངྒེའི་གསུང་བཞིན་རྗེ་འཇམ་དབྱངས་བཞད་པ་མ་བྱོན་གྱི་བར་ཐུགས་དམ་ལ་བཞུགས་པར་གསོལ་འདེབས་མཛད་པས་དེ་ཁོ་ན་བཞིན་དུ་བྱུང་། སྐུ་ཉིད་ནས་ཀྱང་གདུང་འབུལ་དང་བཅས་བླ་མ་མཆོད་པ་ཞལ་འདོན་མཛད། ཟླ་གཅིག་ལ་ཉེར་བར་བཞུགས་ཏེ་འཇམ་དབྱངས་བཞད་པ་རིན་པོ་ཆེ་བྱོན་པར་རྟ་ངང་བ་ཞིག་ཕུལ་ནས་མཇལ་བ་ན་དགྱེས་པའི་གསུང་གླེང་གནང་།ཟངས་དཀར་སྟོད་མ་ནས་འཇམ་དབྱངས་བཞད་པ་གདན་དྲངས་པའི་སར་བྱོན་ཏེ་ཐུགས་རྗེ་ཆེན་པོའི་དབང་གསན་ཞིང་མཎྜལ་བཤད་པ་ཡང་འབུལ་བར་མཛད། འདི་ལོ་གདན་ས་སྨྲ་སེང་གླིང་གི་ཁྲིར་ར་རྒྱ་ཕྱོགས་ཀྱི་མཁས་པའི་དབང་བོ་བློ་བཟང་བསྟན་པའི་རྒྱ་མཚོ་བྱོན། རྗེ་ཉིད་ལ་དབལ་མང་རིན་པོ་ཆེའི་གསུང་ཤོག་བྱུང་བ་ལྟར་སླར་ཡང་བཀྲ་ཤིས་འཁྱིལ་དུ་བྱོན་པའི་ལམ་བར་མཁས་ཤིང་གྲུབ་པའི་དབང་ཕྱུག་གསེར་ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་སེངྒེ་དང་མཇལ་བར་དགྱེས་པའི་གསུང་ལྷུག་པར་སྩལ། ཨ་མཆོག་དགོན་ཆེན་དུ་འབྲོང་བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་ལས་རྒྱུད་བླ་མའི་ལུང་གསན། ཅེ་ནེ་དཔོན་གྱི་སྲས་དང་འགྲོགས་ནས་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་ཟླ་བ་བཞི་ཙམ་བཞུགས། གུང་ཐང་རིན་པོ་ཆེ་ལས་རྒྱན་འཇུག་གི་ལུང་གསན། དེ་སྐབས་སོག་ཡུལ་ནས་སྐྱེས་སྦྱངས་ཀྱི་མཁྱེན་དཔྱོད་དང་དམ་པའི་རང་མདངས་འགོག་མེད་དུ་གསལ་བའི་སྐྱེས་མཆོག་དམ་པ་བཱ་རིན་ལྷ་བཙུན་བློ་བཟང་དགེ་ལེགས་བསྟན་འཛིན་པའི་ཞལ་སྔ་ནས་ཀྱང་དེར་བྱོན་ཡོད་འདུག་པ་དེ་ཉིད་ཀྱི་དྲུང་ནས་བཀའ་ཆོས་མང་དུ་གསན་ན་ལེགས་ཞེས་དབལ་མང་ཚང་ནས་གསུངས་ཕེབས་པ་ལྟར། བུ་ལུགས་ཀྱི་གཤེད་དམར་ལྷ་ལྔ་དང་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དབང་། དབྱངས་ཅན་མའི་རྗེས་གནང་ཐུན་མོང་མིན་པ། དེའི་ལས་ཚོགས་ཀྱི་ཁྲིད་ཡིག་སྙིང་གི་ལུང་། འཇམ་དབྱངས་སྨྲ་སེང་གི་རྗེས་གནང་ཐུན་མོང་མིན་པ་དང་། ལས་ཚོགས་ཡིག་རྙིང་གི་ལུང་བཅས་གསན། ཁོང་བ་སོག་ཡུལ་དུ་ཕེབས་རྒྱུའི་དུས་གཏུགས་པས་དེ་ཙམ་ལས་གསན་མ་ཐུབ། མཁས་བཙུན་གྲུབ་པའི་དབང་ཕྱུག་རྗེ་དཀོན་མཆོག་རྒྱལ་མཚན་པའི་ཞབས་དྲུང་ནས་འདུལ་བ་མདོ་རྩ་བའི་བཤད་ལུང་། འཇམ་དཔལ་ཞལ་ལུང་གི་ཁྲིད། གསང་བདག་སྡེ་ཁྲི་རིན་པོ་ཆེའི་སྐུ་ཞབས་ནས་བདེ་མཆོག་ལཱུ་ཨི་བ། རྡོར་དབྱངས། གདུགས་དཀར་ལྷ་མང་བཅས་ཀྱི་དབང་། བླ་མཆོད་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲིད་ཐུན་མོང་མིན་པ། ལྷོ་བྲག་བཀའ་འབུམ་གྱི་ལུང་། དུས་ཀྱི་འཁོར་ལོའི་མཆོག་དབང་གོང་མ་དང་བསྐྱེད་རིམ་གྱི་ཁྲིད་ཟབ་རྒྱས། བདག་གི་བླ་མ་མང་དུ་ཐོས་པའི་བང་མཛོད་རྗེ་བྲག་དགོན་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་དྲུང་ནས་ས་སྐྱ་གོང་མ་ལྔའི་གསུང་འབུམ་པོད་བཅོ་ལྔ་དང་། རྗེ་ངག་དབང་བྱམས་པའི་གསུང་འབུམ་གྱི་ལུང་། བཀའ་འགྱུར་བ་དཀོན་མཆོག་བསྟན་འཛིན་ལས་དཀོན་མཆོག་འཇིགས་མེད་དབང་བོ་དང་། པཎ་ཆེན་ཆོས་རྒྱན་གྱི་གསུང་འབུམ། སངས་རྒྱས་བཀའ་འབུམ་བཅས་ཀྱི་ལུང་སོགས་བླ་མ་སོ་སོ་ལས་ཆོས་བཀའ་མང་དུ་གསན། རྗེ་བླ་མ་བསོད་གྲགས་སྤྲུལ་སྐུ་རིན་པོ་ཆེར་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་གནང་སྐབས་མཚན་ལྟས་ཀྱང་ལེགས་པར་བྱུང་། རྗེ་ཉིད་ཀྱི་གདན་ས་སྨྲ་བའི་སེངྒེ་གླིང་། རྗེ་གུང་ཐང་རིན་པོ་ཆེར་མཎྜལ་གྱི་ཚུལ་དུ་འབུལ་བར་མཛད་པ་ན་དགྱེས་པ་ཆེན་པོས་བདག་གིར་བཞེས། གུང་ཐང་སྤྲུལ་བའི་སྐུར་སེམས་བསྐྱེད་མཆོད་པ་ཡང་ཞུ་བར་མཛད། བཀའ་འགྱུར་བ་ཤེར་རྒྱམ་དང་། དཔོན་པོ་ཤེས་རབ་གཉིས་ལ་མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད་མདོར་བསྡུས་ཀྱང་གནང་། ཡར་ཕེབས་ལམ་འབྲོང་བ་བཀའ་འགྱུར་བའི་དྲུང་ནས་སྔགས་འཆང་འཇམ་དབྱངས་པའི་མི་ཏྲའི་དཀྱིལ་ཆོག་གི་ལུང་གསན། གདན་སར་བྱོན་ནས་ཚོགས་མང་ལ་དགོན་པ་གུང་ཐང་རིན་པོ་ཆེར་ཕུལ་བའི་ལོ་རྒྱུས་སོགས་ཞུ་བར་མཛད། ཁུ་འཇོ་དཔོན་པོ་བྱམས་པ་བསྟན་དར་དཔོན་གཡོག་བཀྲ་ཤིས་འཁྱིལ་དུ་རྗེ་གུང་ཐང་བར་སྔ་འཕྲོས་ཀྱི་མཚམས་ཞུ་བར་ཆེད་རྫོངས་གནང་། ས་ཕོ་ཁྱིའི་ལོའི་དཔྱིད་གསང་སྔགས་རྙིང་མའི་གཏེར་སྟོན་ཐུགས་ཀྱི་རྡོ་རྗེའི་དྲུང་ནས་གཏེར་བདག་གླིང་བའི་གཏེར་གསར་ཡོངས་རྫོགས་གསན་ཞིང་། ཕར་ལ་ཡང་གསང་བདེ་འཇིགས་གསུམ་གྱི་དབང་ཁྲིད་རྒྱུན་སོགས་མང་དུ་གནང་། དབྱར་ཡང་གུང་ཐང་རིན་པོ་ཆེ་གདན་ཞུའི་ཆེད་དུ། རྗེ་འདི་ཉིད་སྐུ་ངོས་བཀྲ་ཤིས་འཁྱིལ་དུ་བྱོན་པའི་མར་ལམ་གཙོས་སྒར་དུ་ཕེབས་ཞྭ་སེར་རིང་ལུགས་འཛིན་པའི་བསྟན་འཛིན་བགྲེས་པའི་མཐར་ཐུག་པ་གསེར་ཁྲི་བློ་བཟང་རྒྱལ་མཚན་སེངྒེ་ལས་རྟ་མགྲིན་ཡང་གསང་གི་དབང་གསན། གུང་ཐང་རིན་པོ་ཆེའི་ཡབ་ཀྱི་དྲུང་དུ་བྱོན་སར་ཤངས་ལེན་གཟབས་རྒྱས་ཞུས། བཀྲ་ཤིས་འཁྱིལ་དུ་རྗེ་འཇམ་དབྱངས་བཞད་པ་དང་མཇལ། གུང་ཐང་བ་ཕེབས་རྒྱུ་ཐག་བཅད་དེ་མ་འགྱངས་པར་ཡར་ཕེབས། ཇག་པས་གྲྭ་བ་འགའ་རེ་བཅོམ་པར་ར་མདས་ཇག་པ་གཅིག་བསད་པ་སོགས་ཉེན་ཆེ་ཙམ་བྱུང་ཡང་སྐྱོན་གང་ཡང་མེད་པར་གདན་སར་ཕྱག་ཕེབས་ནས་གྲ་སྒྲིག་རྣམས་མཛད་དེ་སླར་ཡང་ཕེབས་བསུར་བྱོན། ཆུ་བོ་ཆེན་པོ་རྨ་རྨེ་གཉིས་འདྲེས་ཀྱི་མདོ་ནས་ཆིབས་བསུར་ཞུས་ཏེ། གུང་ཐང་རིན་པོ་ཆེ་སྟོན་འཁོར་གདན་ས་སྨྲ་སེང་གླིང་དུ་ཞབས་སོར་བཀོད། ཁོང་བ་ནས་ཚོགས་མང་ལ་འཇིགས་བྱེད་ཀྱི་དབང་། འཇམ་དཔལ་རྡོ་རྗེའི་རྗེས་གནང་སོགས་ཆོས་ཀྱི་སྐྱེས་དང་རེས་ཀྱི་འགྱེད་དང་། སྨན་བླའི་གསེར་སྐུ་མི་ཚད་ཙམ་འབུལ་སྦྱོར་སོགས་ཟང་ཟིང་གི་དགའ་སྟོན་བསྩལ། གཉེར་བ་དགེ་སློང་བཀྲ་ཤིས་བློ་བཟང་འདས་པའི་སྔས་མགོར་ཡང་བྱོན། དེ་ནས་རྗེ་བླ་མ་འཇམ་མགོན་གུང་ཐང་བ་སྤྲུལ་བའི་སྐུ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཀོན་མཆོག་བསྟན་པའི་རྒྱ་མཚོ་དཔལ་བཟང་བོ་ལ། འབུལ་བའི་གཙོ་བོ་དགོན་པ་ཡོངས་རྫོགས་མཎྜལ་གྱི་ཚུལ་དུ་ཕུལ་བའི་ཐོག་ལ། དངུལ་བྲེ་ཆེན་བཅུ་གཅིག་དང་། ཆིབས་ཆེན་བཅུ་གཉིས་ཀྱིས་མཚོན་རྟ་ཟོག་བརྒྱ་དང་ལྔ་བཅུ་ལྷག་བཅས་གཞན་གྱི་བློར་མི་ཤོང་བ་ལྟ་བུའི་འབུལ་བ་མཛད་པ་ནི། འབྲོམ་གྱིས་ཇོ་བོར་འབུལ་ཆེན་མཛད་པ་དང་། དགེ་བཤེས་སྟོད་ལུང་བས་སྤྱན་སྔ་རིན་པོ་ཆེར་འབུལ་བ་མཛད་པ་དང་། རྔོག་ཆོས་སྐུ་རྡོ་རྗེས་མར་བར་འབུལ་བ་ཕུལ་བ་སོགས་ཀྱི་མཆེད་ཟླར་འོས་པ་ཡིན་ནོ། །ལེགས་ཚོགས་རྩ་བ་བླ་མ་ལ། །ཡོན་ཕུལ་དངོས་གྲུབ་སྒོ་ཡིན་ཞེས། །རྡོ་རྗེ་འཆང་གིས་གང་གསུངས་པ། །ཁྱོད་ཀྱི་ཕྱག་ཏུ་བཀལ་མོན་ནམ། །དེ་ནས་གུང་ཐང་ཚང་ཕྱིར་ཕེབས་པར་དམ་པ་ཉིད་ནས་ཤིས་ཚང་བར་ཕེབས་སྐྱེལ་མཛད། ཡར་ལམ་དྷི་ཕུ་ཆོས་རྗེ་སྤྲུལ་སྐུར་ཆོས་འབྲེལ་དང་བཤེས་གཉེན་དབོན་པོར་བདེ་ལམ་གྱི་ཁྲིད་གནང་། མཁས་པའི་དབང་བོ་ཐུགས་ཀྱི་རྡོ་རྗེ་ལས་མདོ་རྒྱུད་སེམས་གསུམ་དང་། སངས་རྒྱས་མཉམ་སྦྱོར་གྱི་དབང་། སྙན་ངག་གི་ཁྲིད་སོགས་གསན། འཁྲུངས་ཡུལ་དུ་བྱོན། སླར་གདན་སར་བྱོན་ཏེ། རྔ་བར་དམེ་རྒྱལ་བོ་འདས་པའི་སར་ཕེབས་དེ་ནས་དངུལ་རྡོ་ཚད་ཕུལ་ཏེ་འཕྲལ་གཏེར་སྟོན་ལ་འབུལ་བ་གནང་། ས་ཕག་ལོའི་དབྱར་བཀྲ་ཤིས་འཁྱིལ་ནས་ཧོར་གཙང་གསེར་ཁྲི་སྤྲུལ་སྐུ་དང་། དཔའ་རི་བ་སོགས་བོད་དུ་ཕེབས་པར་རྗེ་ཉིད་ཀྱང་ལམ་བར་འཇལ་བར་བྱོན། གཏེར་སྟོན་ཐུགས་ཀྱི་རྡོ་རྗེའི་དྲུང་དུ་བྱོན་ནས། ཀུན་གཟིགས་ལྔ་བའི་གཟིགས་སྣང་རྒྱ་ཅན་སྐོར་ཡོངས་རྫོགས་དང་། བཀའ་བརྒྱད་བདེ་འདུས་སོགས་དང་། དེའི་སྐུ་མཆེད་ཀརྨ་ཆོས་ཀྱི་དབང་ཕྱུག་ལས་རྔོག་དཀྱིལ་བདུན་དང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་། ཕག་མོ་ལྷན་ཅིག་སྐྱེས་སྦྱོར་གྱི་བྱིན་རླབས། སྒྲ་མདོ་ཙནྜ་བའི་ཁྲིད། སྡེབས་སྦྱོར། ལཉྩ་ཝ་རྟུ། ན་ག་རའི་ཡི་གེ། བོད་ཡིག་བཤུར་མ་སོགས་གསན་སྦྱོང་མཛད་དེ་གདན་སར་བྱོན། དགུན་སླར་ཡང་བཀྲ་ཤིས་འཁྱིལ་དུ་ཕེབས། གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོའི་དྲུང་ནས་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། དབྱངས་ཅན་མ་དམར་མོའི་རྗེས་གནང་ལུང་བཅས། ལམ་རིམ། མདོ་སྡུད་པ། དད་ལྗོན། རྟོག་བདུན། རྟོག་གསུམ། རྭ་བའི་སྒྲུབ་ཐབས། མཚན་མོ་རྒྱུ་བ་སོགས་ཀྱི་ལུང་། མང་ཐོས་ཤེས་རབ་རྒྱ་མཚོའི་དྲུང་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། མཁས་དབང་དགེ་འདུན་དར་རྒྱས་ལས་རྒྱ་གཞུང་འགའ་རེའི་ལུང་། སྨྲ་བའི་དབང་ཕྱུག་རྒྱ་ནག་པ་ཚང་ནས་སྐྱིད་ཤོད་བཀའ་འབུམ། འཇམ་དབྱངས་བཞད་པའི་བཀའ་འབུམ། ཐོར་བུ་ཀྲི་ཡངས་མུ་ཚ་སོགས་ཀྱི་ལུང་རྣམས་གསན། སྡེ་བ་ཚང་ཕེབས་བཞུགས་མང་བར་དགོས་པས་བཀའ་ཆོས་མང་བོ་གསན་མ་ཐུབ་ཅིང་། དབལ་མང་རིན་པོ་ཆེ་ཡང་ཨ་མཆོག་ཏུ་བྱོན་པའི་འདི་དུས་མ་གནང་། རྗེ་ཉིད་རྒྱ་ནག་པ་ཚང་ལ། རྗེ་རིན་པོ་ཆེ། ལྕང་སྐྱ་ངག་དབང་མཆོག་ལྡན་དང་རོལ་བའི་རྡོ་རྗེ། གུང་ཐང་སྐུ་གོང་མ་བཅས་ཀྱི་གསུང་འབུམ་གྱི་ལུང་། ཆོས་སློང་སྤྲུལ་སྐུའི་སྐུ་མཆེད་བཀའ་འགྱུར་བ་ཤེས་རབ་རྒྱ་མཚོ་སྨྲ་དབང་འཇམ་དབྱངས་བདེ་ཆེན་སོགས་མཁའ་སྤྱོད་མའི་བྱིན་རླབས་དང་དེའི་ཁྲིད་སློབ་བཤད་ཀྱི་ལུགས་སྲོལ་མ་ཉམས་པ། ཁོང་རྣམས་དང་རིགས་སྨྲ་མང་བོར་སྒྲོལ་མའི་རྣལ་འབྱོར་མའི་དབང་ཅོ་ནེའི་རི་ཁྲོད་པ་འགའ་ཞིག་ལ་རྗེའི་གསུང་འབུམ་གྱི་ལུང་སོགས་རྗེས་གནང་མང་དུ་སྩལ་ཏེ་དོན་གཉེར་རྣམས་ཀྱི་རེ་བའི་ཤིང་རྟ་ཟབ་རྒྱས་ཀྱི་ནོར་བུས་ཡོངས་སུ་གཏམས་པར་མཛད། བྱི་བའི་ལོར་གདན་སར་བྱོན། ཁ་ཀྱ་ངག་དབང་དུ་གྲགས་པ་བྱོན་པར་རྒྱལ་དབང་ལྔ་བའི་གཟིགས་སྣང་སྐོར་དང་། ས་སྐྱའི་བཀའ་འབུམ། གུང་ཐང་གསུང་འབུམ། སྒྲོལ་མའི་རྣལ་འབྱོར་མ། བདེ་མཆོག་ལྷ་ལྔ་སོགས་ཀྱི་དབང་ལུང་རྣམས་སྩལ། རྗེ་གུང་ཐང་བ་རིན་པོ་ཆེ་དགོན་པར་ཕེབས་པར་འཁྲུངས་ཡུལ་ནས་སྐུའི་ཁུ་བོ་ང་རོ་ཚེ་དབང་ཉིད་ཀྱི་ཡུམ་དང་སྲས་མོ། སྐུ་མཆེད་ང་རོ་འཇམ་དབྱངས་བཅས་གུང་ཐང་རིན་པོ་ཆེའི་མཇལ་ཁར་བྱོན། རྗེ་དེས་གྲྭ་དམངས་ལ་ཀུན་རིག་གི་དབང་། ཚེ་དབང་། འཇམ་དབྱངས་དཀར་བོ་དང་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་སོགས་གནང་། ཕྱིར་ཕེབས་དུས་ཐང་སྐོར་བར་དུ་སྐུ་ཉིད་ནས་ཕེབས་སྐྱེལ་མཛད། གདན་སར་ཕེབས་ནས་རྗེ་ཡེ་ཤེས་ཕུན་ཚོགས་རྡོ་ཁོག་ཏུ་བྱོན་ནས་དབང་ལུང་མང་དུ་གསན་ཡོད་སྟབས་འདི་བས་བླ་མ་དེ་ཉིད་ལས་དུས་འཁོར་སྡོམ་ཆེན། བདེ་མཆོག་སྡོམ་ཆུང་། བདེ་མཆོག་འཇམ་རྡོར་ཉེར་ལྔ་མ། འཁྲུལ་སྤོངས་ལྷ་རེ་གཉིས་མ། མཻ་ཏྲི་ལྷ་བཅུ་གསུམ་མ། སྡོམ་པ་འབྱུང་བ་ལྷ་བཅུ་གསུམ་མ། སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ་མ། འཁོར་ལོ་བསྒྱུར་དྲུག བོང་ཞལ་ཅན། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་མཁའ་འགྲོ། རྡོ་རྗེ་ཧཱུཾ་མཛད་དམ་ཁམས་གསུམ་རྣམ་རྒྱལ། རྡོར་སེམས་ལྷ་སོ་བདུན་མ། ཕག་མོ་འབྱུང་བ་མཆོག་གི་རྡོ་རྗེ་ཕག་མོ། བདེ་མཆོག་ནག་པོ་བ་རྣམས་ཀྱི་དབང་གསན། བླ་མ་དེ་བའི་སྐུ་མཆེད་འཆི་ཉེར་དགེ་བསྙེན་གྱི་སྡོམ་པ་དང་དབང་སོགས་གནང་། ལྕགས་མོ་གླང་ལོའི་དཔྱིད་འདི་ཁའི་འདུས་ཚོགས་ལ་རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་དང་། བདེ་ལམ་གྱི་ཁྲིད་གནང་། དབྱར་གུང་ཐང་མཆོག་སྤྲུལ་རིན་པོ་ཆེ་བོད་དུ་བྱོན་པའི་ཆིབས་སྐྱེལ་གྱི་ཆེད་གདན་ས་ནས་ཕྱག་བཏེག་སྟེ་བྱོན་པར་དངུལ་རྭའི་བདེ་འཛོམ་ནས་མཇལ་ཏེ་ཕེབས་རྫོངས་འབུལ་བ་གནང་། དེ་ནས་ལྷན་ཕེབས་ཀྱི་བར་དུ་མང་ཐོས་རྒྱ་མཚོའི་མཐར་སོན་རྗེ་བྲག་དགོན་པ་ཆེན་པོ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་བོར་དུས་འཁོར་སྡོམ་ཆེན་དང་བདེ་མཆོག་སྡོམ་ཆུང་། མཻ་ཏྲི་བཅུ་གསུམ་མ་བཅས་ཀྱི་དབང་འབུལ་བར་མཛད། ཚུར་ཡང་འཆི་མེད་རྡོ་རྗེའི་སྲོག་ཤིང་དང་། དབྱངས་ཆར་ལུང་བཅས་གསན། རྩེ་བའི་བར་དཔོན་དང་མཇལ་ཕྲད་འདུག་ལེགས་བྱུང་ཞིང་། རྗེ་གུང་ཐང་བ་དཔོན་གཡོག་ཏུ་གུའི་བར་ཆིབས་སྐྱེལ་མཛད། སླར་རྩེ་བའི་སྡེ་གསར་ལ་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས་གནང་། རྒྱུད་སྡེ་འཛིན་པ་ཆེན་པོ་དགེ་འདུན་ཕུན་ཚོགས་པའི་ཞབས་དྲུང་ནས་མཁར་རྡོ་རྗེའི་གཅོད། ཁོང་རང་གིས་མཛད་པའི་རྟ་མགྲིན་གྱི་ཚོགས། གུ་རུ་ཞི་བ་དང་རྟ་མགྲིན་གྱི་རྗེས་གནང་བཅས་གསན། སྟོན་མཇུག་གདན་སར་བྱོན་ཏེ་གཏེར་སྟོན་ཐུགས་ཀྱི་རྡོ་རྗེ་རིན་པོ་ཆེ་ལ་གུང་ཐང་གི་གསུང་འབུམ། སྒྲུབ་ཐབས་རིན་འབྱུང་བཅས་གནང་ཞིང་། ཚུར་ཡང་སྒམ་པོ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་། ནཱ་རོ་ཆོས་དྲུག་གི་ཁྲིད་ལུས་སྦྱོངས་འཁྲུལ་འཁོར་དང་བཅས་རྒྱས་པ། བཀའ་བརྒྱུད་ཕྱག་ཆེན་གྱི་ཁྲིད། རྒྱུད་གསང་བ་སྙིང་བོའི་བཤད་ལུང་། འཇིགས་མེད་གླིང་བའི་དགོངས་གཏེར་ལུས་སྦྱིན་དང་། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ལུས་སྦྱིན་གྱི་ཁྲིད། གཟིགས་སྣང་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། ཕུར་བ་བཅས་ཀྱི་དབང་སོགས་གསན། ཆུ་ཕོ་སྟག་གི་དཔྱིད་སློབ་མ་འགའ་རེས་ཞུས་ཏེ་གཅོད་དབང་བརྒྱ་རྩ་དང་། གྲྭ་ཚང་ལ་བླ་མ་མཆོད་པའི་ཁྲིད་ཞིབ་རྒྱས་སོགས་ཆོས་བཀའ་མང་དུ་གནང་། དབྱར་དུས་བཀྲ་ཤིས་འཁྱིལ་དུ་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་བསོད་གྲགས་སྤྲུལ་སྐུ་རིན་པོ་ཆེ་དཀོན་མཆོག་བསོད་ནམས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་དགོན་གནས་སུ་གདན་དྲངས་ཏེ་གྲྭ་མང་ལ་ཡོན་ཏན་གཞི་གྱུར་མའི་ཁྲིད་དང་གཅོད་དབང་ཞི་དྲག་གཉིས་གནང་། རྗེ་དེ་ཉིད་ཀྱི་བཀའ་ལྟར་མི་རིང་བར་མགོ་ལོག་ཨ་སྐྱོང་ལ་བྱོན་ནས་བསམ་འགྲུབ་བདེ་ལྡན་ཞེས་པའི་དགོན་པ་གསར་འདེབས་མཛད་དེ་དམ་པའི་ཆོས་ཀྱི་སྒྲོན་མེ་སྤར། མཐའ་འཁོབ་ངན་སྦྱོང་སྨག་འཐུག་ཁྲོད། །འདུལ་ཁྲིམས་འོད་སྣང་འགྱེད་པ་ཡིས། །དགེ་འདུན་ནོར་བུའི་ཕྲེང་བ་ཡིས། །གཏམ་པར་མཛད་འདིའང་བསྔགས་འོས་ཕུལ། །སྟོན་ཀ་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྱོན། བླ་མ་དམ་པ་རྣམས་ལས་ཟབ་ཆོས་ཀྱི་བདུད་རྩི་མང་དུ་བཞེས་ཤིང་། ཕར་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་གྱི་ལུང་སོགས་སོ་སོའི་འདོད་བསྟུན་གྱི་ཆོས་བཀའ་མང་དུ་གནང་ཡོད་འདུག་ཀྱང་ཟིན་བྲིས་ཞིབ་པ་མ་རྙེད་པས་འབྲིར་མ་བྱུང་། དགུན་གདན་སར་བྱོན་ཏེ་ཆུ་མོ་ཡོས་ལོའི་སྨོན་ལམ་སྐབས་སྐྱེས་རབས་དང་མདོ་དྲན་པ་ཉེར་བཞག་སོགས་འཆད་ཉན་རྗེ་ཉིད་ནས་མཛད། དཔྱིད་ཀྱི་དུས་ལམ་རིམ་གསེར་ཞུན་མ་དང་། བདེ་མཆོག་ཁང་ཚན་ལ་བདེ་མཆོག་གི་སྐོར་རིགས་མི་འདྲ་བ་ཉི་ཤུ་སྐོར་གྱི་དབང་། རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་བཤད་པ་བཅས་སྩལ། སྟོན་ཀ་མཁས་ཤིང་འདུལ་བ་འཛིན་པ་རྒྱ་སྟོད་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལས་མངོན་པ་མཛོད་དང་། འདུལ་བའི་བཤད་པ་ཞིབ་ཏུ་གསན། ཨ་ལི་ཆོས་རྗེར་གྲགས་པ་དྷི་ཕུ་ཆོས་རྗེའི་སྤྲུལ་སྐུ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་བདེ་མཆོག་རབ་འབྱམས་ཀྱི་དབང་ཉི་ཤུ་སྐོར་བསྩལ་ཞིང་། ཁོང་བའི་དྲུང་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག སྙན་བརྒྱུད་ཐུན་མོང་མ་ཡིན་པའི་ཞལ་ཤེས་གསུམ། ཆོས་ཉིད་དངོས་སྟོན་བཅས་ཀྱི་ཁྲིད། བྲག་རྫོང་ཐུན་མོང་མ་ཡིན་པའི་རྗེས་གནང་། རྡོ་རྗེ་ཕུར་བའི་སྟོད་ལས་བྱང་ཆུབ་བསྒྲུབ་པ་དང་། སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་བཅས་གསན། ཤིང་ཕོ་འབྲུག་གི་ལོ་ཚོགས་མང་ལ་བློ་སྦྱོང་དོན་བདུན་མའི་རྩ་ཚིག་རྩིས་བཞག་དང་བཅས་པའི་ཁྲིད་སྨིན་རྒྱས། ཟོང་ཆུའི་རྒྱམ་ཀོ་སྤྲུལ་སྐུར་ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་རྗེས་གནང་། བདེ་མཆོག་རབ་འབྱམས་ཀྱི་དབང་། འགྲེལ་བ་བཞི་སྦྲགས་དང་སྦས་དོན་ཀུན་གསལ་གྱི་བཤད་ལུང་། མཁའ་སྤྱོད་བེའུ་བུམ་གྱི་ལུང་། སླར་ཡང་ཚོགས་ཆེན་ལ་ལམ་རིམ་ཆེན་མོའི་ས་བཅད་རྩིས་བཞག་དང་བཅས་པའི་ཁྲིད་རྒྱས་པ་སེམས་བསྐྱེད་དང་བཅས་པ། ནག་པའི་ཉ་ལ་དུས་འཁོར་ཁང་ཚན་འདུས་སྤྱིར་དུས་འཁོར་སྡོམ་ཆེན་གྱི་དབང་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་། སྡོམ་ཆེན་གྱི་ཆོ་ག་གསར་འཛུགས་མཛད། མཁས་བཙུན་ཆེན་པོ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་སྤྱོད་འཇུག་གི་བཤད་ལུང་སེམས་བསྐྱེད་མཆོད་པ་དང་བཅས་པ་གསན། དབྱར་མགོ་ལོག་གི་ཨ་སྐྱོང་གི་དགོན་བསམ་འགྲུབ་བདེ་ལྡན་དུ་ཕེབས། ཡོན་ཏན་གཞི་གྱུར་མའི་བཤད་ལུང་དང་། འདི་ལོ་འདུ་ཁང་བཞེངས་ཡོད་སྟབས་བཅའ་ཁྲིམས་སྐོར་གྱི་ཞལ་བཀོད་གནང་། སྤྱི་བར་ཇ་ལན་འདུས་ཉི་ཤུ་སྐོར་ཐེབས་སུ་སྦྱོར་འཇག་བསྐྱངས། གཏེར་སྟོན་མཁས་པ་ཐུགས་མཆོག་རྡོ་རྗེ་ལས་བླ་རྫོགས་ཐུགས་གསུམ་ལས་བླ་མའི་སྐོར་གྱི་དབང་གཉིས། ཚེ་དཔག་མེད་ཕྱི་ནང་གི་གསང་གསུམ་གྱི་དབང་། ལྷ་ཆེན་གྱི་སྲོག་གཏད། མཁའ་འགྲོའི་བྱིན་བརླབས་རྒྱབ་བརྟེན་ལུང་དང་བཅས་པ་གསན། ཚེ་དཔག་མེད་ཀྱི་སྐུ་མཚམས་ཀྱང་མཛད། འདི་ལོ་འབྲས་ཟོང་ཆུའི་མཁས་པ་སྨོན་ལམ་པ་དགོན་པའི་ཁྲིར་ཕེབས། སྟོན་ཀ་བཀར་ཤིས་འཁྱིལ་དུ་བྱོན་པའི་ལམ་བར་དུ་སྟག་ཚང་ལྷ་མོར་རོང་བོ་ལྗགས་ནག་པའི་སྐྱེ་མཐའ་ཀིརྟི་སྤྲུལ་བའི་སྐུ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་དང་མཇལ། ཁོང་ནས་དམ་པའི་ཆོས་ཀྱི་དྲི་བ་མང་དུ་ཞུས་ངོར་ལན་གསལ་ཞིང་མཐའ་ཆོད་པ་བསྩལ། དེ་སྐབས་མནལ་ལྟས་ཀྱང་ལེགས་པོ་བྱུང་གསུང་། ལྷ་མོའི་ཉིན་ཕྱོགས་གསེར་ཁྲི་རྒྱལ་མཚན་སེངྒེའི་གདན་ས་དགའ་ལྡན་བཤད་སྒྲུབ་བད་དཀར་གྲོལ་བའི་གླིང་དུ་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ནས་གདན་དྲངས་པ་ལྟར་བྱོན། དེ་ཁའི་དཔོན་པོ་ཅུང་ཟད་བྲོ་འཚལ་བར་ཚེ་དབང་དང་། རིམ་གྲོ་དྲུག་ཅུ་བ་མཛད་པར་འབུལ་ནོད་རྒྱ་ཆེར་ཕུལ། ཨ་མཆོག་བདེ་མོ་ཐང་དུ་སྔགས་པ་འགའ་རེར་སྨིན་གླིང་གཏེར་ཁའི་དབང་བཀའ་ཁ་ཤས་གནང་། བཀྲ་ཤིས་འཁྱིལ་དུ་ཆིབས་བསྐྱོད་གྲུབ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བཟུང་། འཇམ་མགོན་སྙན་བརྒྱུད་རྒྱ་མཚོའི་གཏེར་མཛོད་དབལ་མང་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་ལས་འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད་ཞིབ་རྒྱས། འཇམ་དབྱངས་ཕྱི་ནང་གསང་གསུམ་འཇམ་དབྱངས་དཀར་བོ་བཅས་ཀྱི་ཞི་ཁྲོ་སྦྲགས་སྒྲུབ། ཉིད་ཀྱི་གསུང་རྒྱུད་སྡེ་སྤྱི་རྣམ་གྱི་བཤད་པ་ཉིན་བདུན། གཏུམ་མོ་ཞག་གསུམ་པ་དང་། རླུང་ཛ་བྷིར་གྱི་ཁྲིད། བ་སོའི་ལྟ་ཁྲིད་ཀྱི་ལུང་། གྲུབ་རྒྱལ་ཚེ་དབང་བཅས་དང་། མང་དུ་ཐོས་པའི་བང་མཛོད་འཛིན་པ་བཀའ་འགྱུར་བ་དཀོན་མཆོག་བསྟན་འཛིན་ལས་ཐོག་མའི་བློ་སྦྱོང་དང་། མ་ཎི་བཀའ་འབུམ་གྱི་ལུང་བཅས་གསན། ཕར་ཡང་དེ་གའི་ཁྲི་ལས་ཐོག་པ་གྲུབ་པའི་དབང་ཕྱུགཆེན་པོ་བསོད་གྲགས་སྤྲུལ་སྐུ་རིན་པོ་ཆེར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་རོང་བོ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་གྱི་ལུང་། ཅོ་ནེའི་ལྷ་སྲས་ལ་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱས་པ། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་དང་རྣལ་འབྱོར་བཅུ་གཅིག་གི་ཁྲིད། བེའུ་བུམ་ཡོངས་རྫོགས་ཀྱི་ལུང་། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་གི་ལུང་བཅས། བཀའ་འགྱུར་བ་དཀོན་མཆོག་བསྟན་འཛིན་ལ་འཇིགས་བྱེད་ཆོས་འབྱུང་། སྒྲོལ་མའི་ཆོས་འབྱུང་། དམར་ཆེན་ཆོག་སྒྲིག ལྔ་བ་ཆེན་པོའི་ཡི་དམ་སྒྲུབ་སྐོར་བཅས་ཀྱི་ལུང་། རི་ཁྲོད་གནས་བརྟན་སོགས་ལ་པདྨ་དབང་ཆེན་ཡང་གསང་ལྷ་དགུའི་དབང་། གསང་བདེ་འཇིགས་གསུམ་གྱི་སྔགས་བཏུའི་རྗེས་གནང་། བག་ཙེའི་བེའུ་བུམ་གྱི་ལུང་། བཤེས་གཉེན་ཆེན་པོ་དགེ་འདུན་དར་རྒྱས་ལ་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་། སྐུ་ལྔའི་སྲོག་གཏད། བསྟོད་སྤྲིན་རྒྱ་མཚོའི་ལུང་བཅས་བསྩལ་བས་མཚོན། དམ་པའི་ཆོས་ཀྱི་དགའ་སྟོན་རྒྱས་པར་གནང་ནས་ཕྱོགས་དེའི་གདུལ་བྱ་རྣམས་ཀྱི་ཡིད་ཀྱི་རེ་བ་འགྲུབ་པར་མཛད། དེ་ནས་ཕྱིར་ཕེབས་ཏེ་ཤིང་མོ་སྦྲུལ་ལོའི་ཧོར་ཟླ་དང་བོའི་ཚེས་བཅུ་ལ་གདན་ས་སྨྲ་བའི་སེངྒེའི་གླིང་དུ་ཕྱག་ཕེབས། ཚེས་བཅོ་ལྔ་ལ་ཁ་རག་པའི་ཨཾ་ཡིག་བདུན་ཅུ་བཅས་དང་། དང་རི་བརྒྱ་ཅུའི་ལུང་སྩལ། སྨོན་ལམ་གྲོལ་རྒྱབ་ཚ་ཁོའི་ཇོ་ནང་གི་དགོན་པ་བཀྲ་ཤིས་སྒང་དུ་བདེ་མཆོག་འཁྲུལ་སྤོང་ལུགས་ཀྱི་དབང་སྩལ་ཞིང་། མཆོད་ཐེབས་སྦྱར་ནས་དེའི་སྒྲུབ་ཐབས་དང་དབང་ཆོག་བཅས་ཇི་སྲིད་བར་ཉམས་མེད་ཀྱི་རྒྱུན་གསར་འཛུགས་མཛད། དབྱར་ཐོག་གུང་ཐང་རིན་པོ་ཆེ་དབུས་ནས་བྱོན་པའི་ཆིབས་བསུར་བྱ་སྤེན་ཁ་མདོར་བྱོན་པའི་ཕེབས་ལམ་གྱི་བར་སྐབས་ཀུན་ཏུ་མཁའ་འགྲོ་རྒྱ་མཚོ་སོགས་ཀྱི་སྒྲུབ་དཀྱིལ་དུ་མ་གསར་རྩོམ་མཛད། རྭ་ཉག་གྲུབ་ཆེན་བློ་བཟང་ཐུབ་བསྟན་རྒྱ་མཚོའི་རིགས་ཀྱི་སྲས་བླ་མ་ཉི་མ་ཆོས་འཕེལ་དང་མཇལ་བར་བདེ་མཆོག་ལྷ་ལྔའི་དབང་དང་། ཀརྨ་ཆགས་མེད་ཀྱི་གསུང་འབུམ་དཀར་ཆག་གི་ལུང་གསན། ཕན་ཡུལ་ནཱ་ལེནྡྲ་ནས་དཔལ་ལྡན་ས་སྐྱ་བའི་བསྟན་འཛིན་ཆེན་པོ་གཟིམ་འོག་སྤྲུལ་བའི་སྐུ་རྗེ་བཙུན་ངག་དབང་བསྟན་འཛིན་སྙན་གྲགས་བྱོན་པར་སྒྲོན་དཀར་ཚེ་སྒྲུབ་ཀྱི་ལུང་གསན་ཞིང་། ཚར་ཆེན་བློ་གསལ་རྒྱ་མཚོའི་རྣམ་ཐར་གསོལ་འདེབས་ལྗགས་རྩོམ་ཞུ་བ་གནང་། གུང་ཐང་མཆོག་གི་སྤྲུལ་སྐུ་དང་། ཧོར་ཚང་གསེར་ཁྲི་སྤྲུལ་བའི་སྐུ་གཉིས་དབུས་ནས་མར་བྱོན་པ་དང་། དགྱེས་བཞིན་དུ་མཇལ་ནས་ཉིན་གསུམ་པར་ཆིབས་སྐྱེལ་མཛད་པར་གུང་ཐང་རིན་པོ་ཆེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པའི་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལུང་དང་། ན་བཟའ་ཆ་ཚང་གནང་སྦྱིན་ཀྱང་སྩལ་ཏོ། །བླ་མ་བསུ་དང་སྐྱེལ་བ་ལས། །རྒྱལ་བའི་མཚན་བཟང་འགྲུབ་པའི་ཕྱིར། །མགོན་འདིས་རྣམ་ཀུན་དམ་པ་རྣམས། །ཡང་ཡང་བསུ་དང་སྐྱེལ་བར་མཛད། ། དེ་ནས་མགོ་ལོག་ཨ་སྐྱོང་གི་དགོན་གསར་བསམ་འགྲུབ་བདེ་ལྡན་དུ་དམ་པ་ཉིད་ནས་གསོ་སྦྱོང་གི་མདོ་ཐོག་མར་གནང་ཞིང་བླ་མ་ཆོས་སྐྱོང་མདོ་འདོན་པ་བོར་བསྐོས་ནས་གསོ་སྦྱོང་མ་ཆགས་པར་བྱེད་རྒྱུའི་སྲོལ་གསར་དུ་བཙུག་ཏེ་རྒྱལ་བའི་བསྟན་པ་ལ་བྱ་བ་ཕུལ་དུ་བྱུང་བར་མཛད། སྟོན་ཀ་གདན་སར་བྱོན་ནས་རྡོ་རྗེ་ཕྲེང་བའི་དབང་ལ་ཕྱག་ལེན་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་འབྲིང་བོའི་དབང་དུ་བྱས་ཏེ་དད་ལྡན་སུམ་བརྒྱ་སྐོར་ལ་ཞག་གྲངས་སུམ་ཅུ་སོ་གསུམ་ལ་རྫོགས་པར་བསྩལ། མེ་ཕོ་རྟའི་ལོར་གདན་ས་ཉིད་དུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚན་གྱི་གསུང་འབུམ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཛ་ཡ་པཎྚི་ཏ་ནས་བརྒྱུད་པའི་ལུང་ཡོངས་རྫོགས། རྒྱ་གཞུང་གི་བསྟན་བཅོས་ལུང་རྒྱུན་གང་ཡོད། གཤིན་རྗེ་གཤེད་སྐོར་གྱི་དབང་རབ་འབྱམས། བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཁྲིད། ཚོགས་ཆེན་ལ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་དང་། བདེ་མཆོག་རབ་འབྱམས་ཀྱི་སྒྲུབ་དཀྱིལ་གསར་རྩོམས་རྣམས་ཀྱི་ལུང་སོགས་ཆོས་བཀའ་མང་དུ་གནང་སྟེ་ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་སྒྲེང་བར་མཛད་དོ། །ལུང་རྟོགས་བསྟན་པའི་ཆུ་རྒྱུན་ཀུན། །གང་ལས་གང་འབྱུང་བའི་མ་དྲོས་མཚོ། །ཐུབ་གསུང་ལུང་གི་རླབས་ཕྲེང་ཆེ། །སྐལ་ལྡན་ཡིད་མཁར་དྲག་ཏུ་འཕྱུར། །འདི་ལོ་གཟིམ་ཁང་གསར་བའི་གཞི་བཏིང་ཨ་མཆོག་གི་འབྲོག་དང་། དབལ་ཤུལ་ཁྲོ་ཁོའི་ཕྱོགས་སུ་འབུལ་སྡུད་ལ་ཕེབས། རི་ཁྲོད་པ་འགའ་ཞིག་ལ་བློ་སྦྱོང་གི་ཁྲིད་རྒྱས་པར་གནང་། དེ་དུས་ཤིག་ལ་བདག་མགར་ཐར་དུ་འབྱོར་བ་གསན་པས་སྔར་གྲྭ་ས་ནས་ཐུགས་འདྲིས་ཡོད་པ་དང་། བཀྲ་ཤིས་འཁྱིལ་གྱི་རྗེ་བསོད་གྲགས་ཚང་། བྲག་དགོན་ཚང་སོགས་བོད་དུ་ཕེབས་སྐབས་ལུང་འགའ་རེ་ཕུལ་བ་སོགས་ཀྱི་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་མགར་ཐར་དུ་ངེད་ཀྱི་སར་ཕེབས་བཞེད་ཤིན་ཏུ་ཆེ་བས་ཐུགས་ཐག་རྦད་ཀྱིས་བཅད་ཀྱང་། ཚ་ཁོ་ནས་སྐུ་ཉིད་ཀྱི་ཡུམ་དང་། ཁུ་བོ་ང་རོ་ཚེ་དབང་སོགས་ཀྱིས་རྗེ་ཉིད་སྐུ་ཤ་རྒྱས་པ་དང་། སྟོད་ནས་ཕེབས་ཚེ་དགྲ་ཇག་རྒོད་ཅིང་རྒྱལ་རོང་ནས་ཕེབས་ན་ལམ་ངན་པས་ཆིབས་བཅིབས་ནས་མི་ཐར་ཚུལ་སོགས་རྒྱུ་མཚན་མང་དུ་ཞུས་ནས་བཤོལ་དྲག་ཏུ་བཏབ་པས་ཐུགས་འདོད་མ་འགྲུབ་པར་ངེད་ཀྱི་མདུན་གསུང་ཤོག་ཚིག་བཅད་དང་མགྱོགས་འགྲོའི་གནང་སྐྱེས་བཅས་དགེ་སློང་བཀྲ་ཤིས་ཆེད་གཏད་གཏོང་བར་གནང་། དམ་པ་ཉིད་མགར་ཐར་དུ་ཕེབས་མ་གྲུབ་པས་བཀྲ་ཤིས་འཁྱིལ་དུ་འབྱོན་པར་བཞེད་དེ། སྟོན་གཟིམ་ཁང་གསར་བར་བདུན་ཕྲག་གཅིག་བཅད་རྒྱ་མཛད། དེ་ནས་ཕེབས་ཁར་སྔར་ཡིན་ན་ལས་སྣེ་སོ་སོར་སྒྲིག་ལམ་སྐོར་གྱི་ཞལ་བཀོད་མང་དུ་མཛད་ཀྱིན་ཡོད་ཀྱང་འདི་རིས་ཚིག་གཅིག་ཀྱང་མ་གསུང་། སྐུའི་གམ་དུ་ལྷགས་པ་དང་ཞབས་འབྲིང་བ་སོགས་ལ་བཀྲ་ཤིས་འཁྱིལ་ནས་སླར་གདན་སར་མི་འབྱོན་པ་ལྟ་བུའི་གསུང་གསལ་ཆ་ཅན་དུ་མ་ཕེབས་ཡོད་འདུག་ཀྱང་ཕལ་ཆེར་ལ་དགོས་པ་ཆེར་མ་བྱུང་། དེ་ལྟར་སྟོན་གྱི་དུས་དེར་སླར་ཡང་བཀྲ་ཤིས་འཁྱིལ་དུ་ཕྱག་བཏེགས་པར་གྱུར་ཏོ། །འདིར་སྨྲས་པ། ཐུབ་གསུང་མ་དྲོས་མཚོ་ཆེན་ལས་འབབ་པའི། །རིས་མེད་ཆུ་ཀླུང་རྣམ་བཞིའི་རྒྱུན་བཟང་ཀུན། །རྣམ་དཔྱོད་ཧུབ་གཅིག་གིས་འཐུང་སླར་སྐྱུག་མཁས་སྔོན་མེད་རི་ཥི་གཉིས་པ་དུས་འདིར་ཤར། །མདོ་སྨད་ནོར་གྱི་བློ་གྲོས་ཁྱོན་ཡངས་པར། །མཁས་གྲུབ་གདུང་སེལ་ལྗོན་པ་མཐའ་ཡས་ཀྱང་། །མདོ་སྔགས་ཡོངས་རྫོགས་འབྲས་ཁུར་གྱིས་དུད་པའི། །དཔག་བསམ་ལྗོན་པའི་དབང་བོ་ཁྱོད་དུ་འཁུམས། །རིན་ཆེན་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན། །རླབས་ཆེན་ཕྱིན་དྲུག་སྤྱོད་པའི་ཡལ་འདབ་རྒྱས། །ཟབ་ལམ་རིམ་པ་གཉིས་ཀྱི་འབྲས་བུས་བརྗིད། །སྐལ་ལྡན་ཀུན་གྱི་ཚད་སྐྱོབས་འདི་རྨད་བྱུང་། ། ཞེས་བྱ་བ་ནི་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་དཔག་བསམ་ལྗོན་པ་ལས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་ཡལ་འདབ་ཏེ་བཞི་བའོ། །དེ་ལྟར་རྗེ་བླ་མ་འདི་ཉིད་སྐུ་གཞོན་ནུའི་དུས་ནས་ཐུགས་ངེས་འབྱུང་གི་བསམ་པས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། བཤེས་གཉེན་མཁས་པའི་ཚོགས་དུ་མ་ཞིག་ལས་སྒྲ་དང་། སྡེབ་སྦྱོར། སྙན་ངག མངོན་བརྗོད་སུམ་རྟགས། རྩིས་རིག བཟོའི་གནས་སྤྱི་དང་། དཀྱིལ་འཁོར་བྲིས་ཐིག་ཡིག་རིགས་མཐའ་ནས་དཔྱད་བརྟག་པ་ཚུན་གྱི་རིགས་གནས་མཐའ་དག་དང་། ལྷག་པར་ཚད་མ་རིག་པ་དང་ནང་རིག་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཚིག་དོན་ཕྲ་ཞིབ་མཐའ་དག་ལ་ཞིབ་ཏུ་སྦྱངས་ནས་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་འདྲེས་པར་ཐུགས་སུ་ཆུད་པར་མཛད་དེ་གནས་ལྔ་རིག་པའི་པཎཊི་ཏ་ཆེན་པོའི་གོ་འཕང་བརྙེས་ཤིང་། ཞྭ་སེར་ལུགས་བཟང་གཙོ་བོར་གྱུར་པའི་ས་སྐྱ་བཀའ་བརྒྱུད། རྙིང་མ་ཇོ་ནང་སོགས་གྲུབ་མཐའ་རིས་མེད་ཀྱི་དབང་ལུང་རྗེས་གནང་ཁྲིད་སོགས་ཀྱི་རྒྱུན་ཁུངས་དག་པར་བཞུགས་པ་ཐམས་ཅད་འབད་པ་ཆེན་པོས་བཙལ་ནས་གསན་ཞིང་། གཞན་ལ་ཡང་སྤེལ་གང་ཐུབ་མཛད་པས་དུས་འདིར་རྒྱུད་སྡེ་རབ་འབྱམས་ཀྱི་དབང་སོགས་ཀྱི་གསན་རྒྱ་དམ་པ་འདི་དང་མཚུངས་པ་དབུས་གཙང་མདོ་སྨད། རྒྱ་སོག་གི་ཡུལ་གྲུ་གང་དུ་སོང་ཡང་མེད་པར་ངེས་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཚུལ་མཚུངས་པར་གྱུར་པ་གཟུ་བོའི་བློས་བརྟགས་ན་ཤེས་པར་ནུས་པ་ཡིན་ལ། དེ་ལྟ་བུའི་དབང་ལུང་སོགས་གསན་ཡུལ་གྱི་བླ་མ་མང་བོ་ཞིག་གི་མཚན་གོང་དུ་མ་ཐོན་པས་འདིར་ཆོས་འབྲེལ་དངོས་གསན་གྱི་བླ་མ་རྣམས་ཀྱི་མཚན་དཀྱུས་གཅིག་ཏུ་སྨོས་ན། ཁྲི་གུང་ཐང་བ་དཀོན་མཆོག་བསྟན་པའི་སྒྲོན་མེ་སྐུ་གོང་འོག་གཉིས་ནི་བཀའ་དྲིན་འཁོར་མེད་ཀྱི་བླ་མ་འགྲན་གྱི་ཟླ་མེད་དུ་འཛིན་པར་མཛད། ཀིརྟི་དགེ་བཤེས་བློ་བཟང་བྱམས་པ། ཝ་སྔགས་རམས་པ་བློ་བཟང་ཡོན་ཏན། ཡོངས་འཛིན་ཡེ་ཤེས་ཡར་འཕེལ་གསུམ་ལ་དྲིན་ཅན་བླ་མ་གསུམ་ཞེས་ཤིན་ཏུ་གུས་པར་མཛད། གཞན་ཡང་དབལ་མང་དཀོན་མཆོག་རྒྱལ་མཚན། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། ས་སྒང་ངག་དབང་མཆོག་ལྡན། ཕ་མཐའ་དཀོན་མཆོག་སེངྒེ། གཏེར་སྟོན་ཐུགས་མཆོག་རྡོ་རྗེ། ཇོ་ནང་ལུགས་འཛིན་ཀུན་དགའ་བསྟན་པ་ཆོས་འཕེལ། གླིང་སྤྲུལ་སྐུ་དཀོན་མཆོག་དགྱེས་པའི་བློ་གྲོས། རྨོ་ཤུལ་དགེ་འདུན་ཕུན་ཚོགས། ཇོ་ལུགས་པ་ཀླུ་སྒྲུབ་རྒྱ་མཚོ། ཀརྨ་ཆོས་ཀྱི་དབང་ཕྱུག འབྲོང་བ་བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན། བཀའ་འགྱུར་བ་དཀོན་མཆོག་བསྟན་འཛིན་ནམ་ཤེས་རབ་རྒྱ་མཚོ། ཡེ་ཤེས་ཕུན་ཚོགས། རྗེ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཟོང་ཆུའི་ལྷ་རམས་པ་བཀྲ་ཤིས་ཐུབ་བསྟན། དབལ་མང་ཆུང་བ་དཀོན་མཆོག་ཆོས་འཕེལ། བསོད་གྲགས་སྤྲུལ་བའི་སྐུ་དཀོན་མཆོག་རྒྱ་མཚོ། བཀྲ་ཤིས་འཁྱིལ་གྱི་ཁྲི་བ་དགེ་འདུན་དར་རྒྱས། རིག་འཛིན་སྟོབས་ལྡན་སེངྒེ་ཆོས་དར་སྤྲུལ་སྐུ་བློ་བཟང་ཆོས་གྲགས་རྒྱ་མཚོ། བླ་བྲང་བ་འཇིགས་མེད་བཟང་བོ་དང་བློ་གྲོས་རྒྱ་མཚོ། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་སྙན་གྲགས། ཁྲི་ཆེན་རྡོ་རྗེ་འཆང་བྱང་ཆུབ་ཆོས་འཕེལ། སྐུ་ཞིང་ངག་དབང་ཆོས་འཕེལ། མཚེ་མཁན་ཆེན་བློ་བཟང་ཆོས་གྲགས། ཤར་ཁ་རབ་འབྱམས་པ་བློ་བཟང་མཁས་གྲུབ། ཇོ་ནང་བ་བློ་བཟང་རྒྱ་མཚན། རིག་འཛིན་འཇིགས་མེད་འཕྲིན་ལས་འོད་ཟེར། གཅོད་པ་ཡེ་ཤེས་ཚུལ་ཁྲིམས། རྒྱ་སྟོད་ལྷ་རམས་པ་ཚུལ་ཁྲིམས་རྒྱ་མཚོ། རི་ཁྲོད་པ་རྒྱལ་མཚན་བཟང་བོ་ཆོས་རྗེ་སྤྲུལ་བའི་སྐུ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན། གཟིམ་འོག་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་སྙན་གྲགས། ཆོས་འཁོར་རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། རིགས་པའི་རལ་གྲི་བློ་བཟང་འཇིགས་མེད། ཚེ་མཚམས་པ་བློ་བཟང་དཀོན་མཆོག རྡོ་རྗེ་འཛིན་པ་དོན་འགྲུབ་རྒྱལ་མཚན། འཚོ་བྱེད་བྱམས་པ་ཀུན་དགའ་བསྟན་འཛིན། ཤར་རྩེ་མཁན་པོ་གླིང་སྨད་ཞབས་དྲུང་བློ་བཟང་བསྟན་དར། འཇམ་དབྱངས་བཞད་སྤྲུལ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། བཱ་རིན་ལྷ་བཙུན་བློ་བཟང་དགེ་ལེགས་བསྟན་འཛིན། ལྷ་མོའི་གསེར་ཁྲི་བློ་བཟང་རྒྱལ་མཚན་སེངྒེ། དེ་མོ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། བཀྲས་ལྷུན་སྔགས་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར། སྤོང་བ་བ་དགེ་འདུན་ཡར་འཕེལ། སེར་སྟོད་མཁན་ཟུར་བྱམས་པ་དཔལ་འབྱོར། འཇམ་བཞད་དབོན་པོ་ལྷ་རམས་པ་དཀོན་མཆོག་སེངྒེ། རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ། རེབ་ཚེའི་བཀའ་འགྱུར་བ་དཀོན་མཆོག་དམ་ཆོས་ཡར་འཕེལ། ཞབས་དྲུང་དཀོན་མཆོག་ཆོས་ལྡན། བཀྲ་ཤིས་འཁྱིལ་ཁྲི་བ་སྨད་སོག་འཇམ་དབྱངས་ནོར་བུ། ཁྲི་བ་ཕུན་ཚོགས་སེངྒེ། སྐུ་ཞིང་དཀའ་ཆེན་དོན་འགྲུབ་རྒྱལ་མཚན། མཁས་དབང་འཇམ་དབྱངས་བདེ་ཆེན། ལྔ་རིག་པ་མཐུ་སྟོབས་རྒྱལ་མཚན། ཨ་མཆོག་ལྷ་རམས་པ་བསོད་ནམས་ཆོས་གྲགས། ལྷ་བཟོ་ཀུན་དགའ་ཆོས་དབྱིངས། འཇམ་དབྱངས་དོན་ཡོད། འཇིགས་མེད་རྒྱ་མཚོ། ངག་དབང་ཚུལ་ཁྲིམས། ངག་དབང་སྐལ་ལྡན། སྨོན་ལམ་རྒྱ་མཚོ། མཚམས་ཚ་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ། བྱ་བཏང་བ་དཀོན་མཆོག་དར་རྒྱས། དགེ་སློང་བཀྲ་ཤིས་བློ་བཟང་། སྨན་པ་བློ་བཟང་བཤེས་གཉེན། པཎ་ཆེན་ཐམས་ཅད་མཁྱེན་པ། སྐྱབས་མགོན་ལུང་རྟོགས་རྒྱ་མཚོ། བཀྲ་ཤིས་འཁྱིལ་གྱི་ཁྲི་བ་འཇིགས་མེད་རྒྱལ་མཚན། གུང་ཐང་དྲུང་ཡིག་དཀོན་མཆོག་ཀུན་དགའ། ཧོར་ཚང་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་ཉི་མ། མཚེ་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ། རྗེ་བཀའ་འགྱུར་བ་ལྷ་རམ་པ་བློ་བཟང་དར་རྒྱས། རྒྱལ་དབང་འཕགས་པ་ལྷ་བློ་བཟང་འཇིགས་མེད་དཔལ་ལྡན་བསྟན་པའི་ཉི་མ། བླ་བྲང་གི་ཐིག་ཝེ་སྤྲུལ་སྐུ། དཀོན་མཆོག་བཀྲ་ཤིས། དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དབྱངས་སྨོན་ལམ་དང་། བློ་བཟང་དགེ་ལེགས། རྫ་བ་བཀྲ་ཤིས་རྒྱ་མཚོ། སང་ཚང་དགེ་སློང་མཁྱེན་རབ། ཟླ་བ་གྲགས་པ། དཀོན་མཆོག་སྙན་གྲགས། དགེ་འདུན་བསམ་འགྲུབ། དགའ་ལྡན་ཤར་རྩེའི་བླ་མ་བློ་བཟང་ཆོས་འཕེལ། ངག་དབང་ཡོན་ཏན། གླིང་སྨད་ཞབས་དྲུང་བློ་བཟང་འཇམ་དཔལ། བློ་གླིང་མཁན་ཆེན་བློ་བཟང་ཕུན་ཚོགས། ཨ་མཆོག་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ཤེས་རབ། ཚུལ་ཁྲིམས་བློ་བཟང་བཀྲ་ཤིས། རྒྱལ་མཁན་པོ་ཁང་སར་སྤྲུལ་སྐུ་ངག་དབང་བློ་བཟང་ནོར་བུ། ར་ཉག་བླ་མ་ཉི་མ་ཆོས་འཕེལ་རྣམས་རྗེ་ཉིད་ཀྱི་གསན་ཐོ་ཐོར་བུའི་ནང་དུ་གོ་རིམ་འདི་ནང་ལྟར་འགོད་པར་མཛད་འདུག་ལ། དེ་དག་ལས་འགའ་རེར་ཆོས་འབྲེལ་ཡོད་ཙམ་དང་། རིག་གནས་ཀྱི་ཟུར་ཙམ་སློབ་པ་གནང་བ་ཡིན་ཀྱང་དེ་ཐམས་ཅད་ལ་བླ་མའི་འདུ་ཤེས་ཀྱི་དད་གུས་དང་། བསྟེན་ཚུལ་མ་ལོག་པ་ཁོ་ན་ཉམས་བཞེས་ཀྱི་མཐིལ་དུ་མཛད་པ་མ་གཏོགས། དེང་སང་གི་ལུགས་སྲོལ་ལྟར་ཆོས་དེ་དགོས་དུས་སུ་གང་བྱུང་ཞུས་ནས་བླ་མ་འཕོང་ཕྱིས་བའི་རྡོ་བ་བཞིན་སྐྱུར་བའི་མིག་ལྟོས་ངན་པ་འདི་འདྲའི་ཆ་ཙམ་ཡང་མ་རེག་པར་མཛད་པའི་རྣམ་པར་ཐར་བ་འདི་གཅིག་པོ་ཡང་བསྟན་པའི་གནད་ཤེས་པ་ཞིག་གིས་བརྟགས་ན་བསམ་གྱིན་དད་པ་དབང་མེད་དུ་སྐྱེ་བའི་རྣམ་ཐར་དཔག་པར་དཀའ་བ་ཞིག་ཏུ་སྣང་ངོ་། །དེ་ལྟ་བུའི་ཚུལ་གྱིས་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར་བའི་དབང་གིས་རྣམ་གྲོལ་དོན་གཉེར་གྱི་གདུལ་བྱ་རྣམས་ལ་འཆད་པ་དང་རྩོད་པ་དང་རྩོམ་པ་དང་གསུམ་ཟུང་དུ་འབྲེལ་བའི་སྒོ་ནས་ཡུལ་མདོ་སྨད་ཀྱི་ལྗོངས་སྤྱི་དང་ཁྱད་པར་ཚ་ཁོ་ནས་བཀྲ་ཤིས་འཁྱིལ་གྱི་བར་རྩེ་བའི་ས་ལ་ཐུག་གི་ལྷོ་ཕྱོགས་ཀྱི་ལྗོངས་ཆེན་པོ་འདི་ཉིད་དུ་རྒྱལ་བསྟན་སྤྱི་དང་། ཁྱད་པར་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བར་གྱུར་པ་ནི་ཀུན་ལ་མཐུན་སྣང་དུ་གྲུབ་པ་ལྟར་རོ། །དེ་ཡང་རྗེ་ཐམས་ཅད་མཁྱེན་པས། རང་གི་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །ཅེས་ཐུགས་སྨོན་དུ་མཛད་པ་ལྟར་རྗེ་བཙུན་བླ་མ་ཉིད་ཀྱིས་གང་གསན་པའི་དབང་ལུང་མན་ངག་རྣམ་པར་དག་པའི་རྒྱུན་ཡོད་དོ་ཅོག་བསྟན་པའི་རྒྱུན་ལ་དགོངས་ནས་དོན་དུ་གཉེར་བ་སུ་བྱུང་ལ་དགྱེས་པ་ཆེན་པོས་སྩོལ་གང་ཐུབ་མཛད་པ་མ་གཏོགས། རྙེད་བཀུར་གྱི་ཆེད་དུ་ཆོས་ཚོང་བ་ལ་ཡ་མི་ང་ཞིང་། སྣོད་ལྡན་གྱི་སློབ་མ་ཟང་ཟིང་གི་འབུལ་བ་མེད་པ་རྣམས་ལ་སྤྱན་ཟུར་ཙམ་ཡང་མི་གཟིགས་པའིདེང་སང་གི་ཆེན་པོ་འགའ་ཞིག་གི་མཛད་སྲོལ་དེ་འདྲ། རྗེ་འདིས་ཅུང་ཟད་ཀྱང་མཛད་པའི་སྐབས་མ་མཆིས། དེར་མ་ཟད་འདི་གའི་ཆོས་གྲྭ་བ་དཔེ་ཁྲིད་ཞུ་མི་རྣམས་ལ་ཡང་གཞུང་གི་དཀའ་གནད་ཀྱི་གོ་དོན་དང་། རིག་པའི་འཛིན་མཚམས་སོགས་ཆ་མཐའ་དག་ནས་དགྱེས་པ་ཆེན་པོས་ཁྲིད་པར་མཛད་ཅིང་། བློ་གསལ་དོན་གཉེར་བ་གང་ཡོད་ལ་སྒྲའི་རི་མོ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། སུམ་རྟགས། དག་ཡིག རྩིས་ཀྱི་ས་རིས་སོགས་གང་ལ་ཅི་འདོད་དུ་སློབ་པར་མཛད་པས་སྔོན་ཆད་ཕྱོགས་འདིར་ཡོན་ཏན་སློབ་པའི་དཔེ་སྲོལ་མེད་པ་ལྟ་བུ་ཡིན་འདུན་ཀྱང་། དེང་སང་རིག་གནས་ཀུན་ལ་ཤེས་འདོད་བྱེད་པ་དང་། དབང་ལུང་སོགས་ཀྱི་རྒྱུན་འཚོལ་བའི་མིག་ལྟོས་བཟང་བོ་ཞིག་དར་ཞིང་། དེར་བརྟེན་ཐེ་བོ་དང་ཟོང་ཆུ་ཚ་ཁོ་སོགས་སུ་ཡང་སྲོལ་བཟང་དེ་དག་ཇེ་འཕེལ་དུ་གྱུར་བར་སྣང་། དེ་ལྟར་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་ཡུན་རིང་དུ་བསྐོར་བ་བརྟེན་ནས། གསུང་ལས་སྐྱེས་པའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་ཞིག་གིས་ནོར་འཛིན་གྱི་ཁྱོན་ཀུན་ཏུ་ཁྱབ་པར་གྱུར་པས་མཐའ་དག་བརྗོད་པར་རྔོ་མི་ཐོགས་མོད། རགས་པ་ཙམ་ནི་བཀྲ་ཤིས་འཁྱིལ་གྱི་ཁྲི་ཆེན་བསོད་གྲགས་ཚང་དང་། སྨྲ་བའི་དབང་ཕྱུག་དགེ་འདུན་དར་རྒྱས། བཀའ་འགྱུར་བ་དཀོན་མཆོག་བསྟན་འཛིན་སོགས་གོང་དུ་སྨོས་པའི། རྗེ་ཉིད་བླ་མ་དེ་དག་ལས་ཚུར་ཡང་ཆོས་མང་དུ་གསན་པའི་སློབ་མར་གྱུར་པ་ཤིན་ཏུ་མང་ལ། གཞན་ཡང་རིགས་སྨྲའི་དབང་བོ་སྒང་བ་སྤྲུལ་སྐུ་དཀོན་མཆོག་ཡེ་ཤེས་ཆོས་ལྡན་དང་། མཁྱེན་པའི་སྤྱན་ཡངས་ཨ་མཆོག་སྤྲུལ་སྐུ་དཀོན་མཆོག་བློ་གྲོས་རྒྱ་མཚན། དགེ་འདུན་ལྷ་རམ་པ་ངག་དབང་བློ་བཟང་བཀྲ་ཤིས། ཁྱོམ་ཙཱ་སྤྲུལ་སྐུ། ཅོ་ནེའི་ལྷ་སྲས་ཕྱོགས་བཞི་སྤྲུལ་སྐུ་དང་དཔོན་པོ་དཀོན་མཆོག་རྒྱལ་མཚན་སོགས་འདི་ཕྱོགས་ཀྱི་བླ་མ་སློབ་དཔོན། སྐུ་སྐྱེས་དཔོན་རིགས། རིག་གནས་མཁྱེན་པའི་མཁས་པ། ཚེ་བློས་བཏང་གི་རི་ཁྲོད་པ་སོགས་ཞྭ་སེར། ས་སྐྱ། བཀའ་བརྒྱུད། རྙིང་མ། ཇོ་ནང་སོགས་རིས་མེད་ཀྱི་གྲུབ་མཐའ་འཛིན་པ་ཆེས་མང་བ་ཡོད་དོ། །ས་ལའི་ཚལ་དུ་རྐང་འཐུང་དང་། །པདྨོའི་ཚལ་དུ་བུང་བ་བཞིན། །རྗེས་སློབ་མཁས་གྲུབ་དུ་མ་ཡིས། །རབ་ཡངས་ནོར་འཛིན་ཕྱུར་བུར་གཏམས། །དེ་ལྟར་མཁས་པའི་ཡོན་ཏན་གྱི་མཐར་སོན་པར་མ་ཟད་སྡོམ་པ་གསུམ་གྱི་ཉེས་ལྟུང་གིས་ནམ་ཡང་མ་གོས་པར་མཛད་ཅིང་། ཅུང་ཟད་གོས་པའི་རྣམ་པ་བྱུང་ན་ཡང་ཕྱིར་བཅོས་དང་བཤགས་སྡོམ་ལ་འབད་པས་དག་པར་མཛད་དེ་བཙུན་པའི་ཡོན་ཏན་ཕུན་སུམ་ཚོགས་པས་སྔར་གྲྭ་སར་བཞུགས་དུས་ནས་སྐུ་ལས་ཚུལ་ཁྲིམས་ཀྱི་དྲི་བསུང་བཟང་བོ་ལྡང་བས་དབང་མེད་དུ་དད་པ་སྐྱེ་ཐུབ་པ་ཞིག་བཞུགས་པ་ནི་བདག་ཅག་ཐམས་ཅད་ཀྱིས་མྱོང་གྲུབ་ཡིན་ལ། དེང་སང་འགའ་ཞིག་ཕྱིའི་ཀུན་སྤྱོད་འདུལ་བ་ལྟར་བཅོས་པའི་རྣམ་པར་དག་པ་བསྟན་པའི་མིག་རྒྱན་དུ་ཕན་ཙམ་ཡོད་ཀྱང་། ནང་གི་སེམས་རྒྱུད་དུག་གསུམ་གྱི་དབང་དུ་སོང་ནས་རྙེད་བཀུར་ལ་རེ་བའི་ཆགས་སེམས་དྲག་པོས་ཅི་བྱས་འཁོར་བའི་སྒྲུབ་ཐབས་སུ་འགྲོ་བ་མང་ཡང་། རྗེ་འདི་ནི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་གང་ལ་ཡང་ཚུལ་འཆོས་དང་། བརྫུ་བག་གི་དྲི་ཙམ་ཡང་མེད་པར་ཕྱི་ནང་མཚུངས་པའི་རྟགས་འཕྲོད་པ་དང་། རྙེད་བཀུར་ཁོ་ནས་ཕྱིར་དུ་གྲོང་ཆོག་སོགས་ལ་ཕེབས་པའི་འདུན་པ་ཡང་བཤོལ་ནས་སྔར་སྨོས་པའི་འབུལ་སྡུད་ཀྱི་རྣམ་པ་ཕྲན་ཙམ་མ་གཏོགས་ཉམས་ལེན་གྱི་གཙོ་བོ་གྲོང་ཆོག་ཁོ་ནར་བྱེད་པ་དེ་འདྲ་བ་ནི་ནམ་ཡང་མ་མཛད་ལ། ཕྱག་ཏུ་དད་འབུལ་གྱི་དངོས་པོ་ཅི་བྱུང་ཡང་དགོན་པ་གསར་འདེབས་སོགས་ཆོས་ལྡན་གྱི་མཛད་འཕྲིན་ཁྱད་པར་ཅན་ཁོ་ནའི་ཐོག་ཏུ་སྨིན་པར་མཛད། ལྷག་པར་སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་དེ་དག་དང་མཚུངས་པར་དམ་པའི་ཆོས་འཚོལ་བ་ངོམས་པ་མེད་པས་བླ་མ་སོ་སོར་ཆོས་ཡོན་སོགས་གང་དགོས་འཕྲལ་འཕྲལ་འབུལ་བར་མཛད་པ་མ་གཏོགས། རྗེས་འཇུག་རྣམས་ཀྱི་ཟག་པ་འཕེལ་བའི་དངོས་ཆས་གསེར་དངུལ་གོས་དར་སོགས་རྒྱ་རིམ་པ་བདུན་གྱིས་བཏབ་ནས་མཛོད་ཕུག་དམ་པོར་འཇོག་པ་ནི་གཏན་ནས་མ་མཛད་དོ། །ཨེ་མ་སྙིང་བོ་མེད་པའི་དཀོན་ནོར་ཚོགས། །མཛོད་ཕུག་དམ་པོར་རྒྱ་ཡིས་མ་བཏབ་པར། །རྙེད་དཀའི་དམ་ཆོས་འཚོལ་ཕྱིར་གཏོང་བ་ཡིས། །རྟག་ཏུ་ངུ་ཡི་ཁེངས་པའང་ཐུང་ངུར་བྱས། །བཟང་བོའི་ཡོན་ཏན་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཡུན་རིང་དུ་གོམས་པའི་འགྲོ་བའི་ཕན་བདེ་སྒྲུབ་པ་ཁོ་ན་ལ་བརྩོན་པར་མཛད་ལ། དེ་ཡང་སྐྱེ་དགུའི་ཕན་བདེའི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལ་རགས་ལས་ཤིང་། དེ་ཡང་ལྟ་སྤྱོད་རྣམ་དག་དང་ལྡན་པའི་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ནས་གདན་ས་འདི་དང་། ཨ་སྐྱོང་གི་དགོན་པ་གསར་འདེབས་མཛད་ཅིང་བསྟན་པའི་རྩ་བ་དམ་པའི་ཆོས་འདུལ་བའི་གཞི་གསུམ་གྱི་ཕྱག་ལེན་ལ་ལྟོས་པར་དགོངས་ནས་ཨ་སྐྱོང་དུ་གསོ་སྦྱོང་དང་། འདིར་གཞི་གསུམ་ཀའི་ཕྱག་ལེན་རྣམ་པར་དག་པ་ཚུགས་པར་མཛད། ལྷག་པར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་ཡུན་རིང་དུ་གནས་མི་གནས་ཀྱང་གཞུང་ཆེན་མོའི་འཆད་ཉན་ཡོད་མེད་ཁོ་ན་ལ་ཐུགས་པས་དེའི་ཕྱིར་སྔོན་གྱི་སྐྱེས་བུ་དམ་པ་མང་བོས་ཀྱང་མཚན་ཉིད་ཀྱི་གྲྭ་ཚང་མང་བོ་འདེབས་པ་གནང་བ་ཡིན་ལ། མདོ་སྨད་ཀྱི་ཕྱོགས་འདིར་ཡང་མཚན་ཉིད་ཀྱི་འཆད་ཉན་དར་བར་གྱུར་མོད། འདི་ཕྱོགས་སུ་དགོན་ཆུང་མང་བོ་ཡོད་པ་ཙམ་ལས་འཆད་ཉན་རྐང་ཚུགས་པའི་གྲྭ་ཚང་མེད་སྟབས་དབུས་གཙང་སོགས་ཕྱོགས་ཐག་རིང་བོ་སློབ་གཉེར་ལ་འགྲོ་མི་ཐུབ་པ་མང་བོ་ཞིག་གི་ཐོས་པའི་སྒོ་འགག་འགྲོ་བར་གཟིགས་ནས་དེ་དག་ལ་ཕན་སླད་དང་། གཞན་ཡང་། བསྟན་པའི་ཞབས་འདེགས་རླབས་པོ་ཆེར་འགྱུར་བར་གཟིགས་ནས་གདན་ས་འདིར་མཚན་ཉིད་ཀྱི་འཆད་ཉན་འཛུགས་པ་དང་། སྔགས་ཀྱིའང་གསང་བདེ་འཇིགས་གསུམ། དུས་འཁོར་སྡོམ་ཆེན་སོགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་འཛུགས་པ་དང་། རྡོ་རྗེ་འཕྲེང་བ་སོགས་སྤྱི་ཟུར་གྱི་དབང་རྗེས་གནང་མང་བོ། དེ་དག་གི་རྩ་བ་ལྟ་བུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་སོགས་ཆོས་རྒྱུན་དུ་མ་ཡང་རང་གིས་སྩོལ་བ་དང་། དམ་པ་གཞན་དུ་མ་ཡང་གནང་དུ་བཅུག་པ་སོགས་མདོར་ན་གདན་ས་འདི་ཉིད་བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུར་འགྱུར་བའི་དགོངས་གཏད་བླ་མེད་པ་འདི་གཅིག་པོའི་བཀའ་དྲིན་ཡང་། རྗེས་འཇུག་རྣམས་ཀྱིས་གསབ་པར་སླ་བ་མ་ཡིན་ནོ། །དེང་དུས་འགྲོ་འདྲེན་ཆེར་རློམ་ཕལ། །སྟོབས་འབྱོར་ཁ་དྲག་བསྒྲུབ་བྱའི་གཙོ། །ཁྱོད་ནི་བསྟན་པའི་འཕེལ་རྒྱས་དང་། །འགྲོ་བའི་ཕན་བདེ་སྒྲུབ་ཕྱིར་བརྩོན། །དེ་ཡང་རྗེ་འདི་ཉིད་ནས་རིས་མེད་པའི་གྲུབ་མཐའ་སོ་སོའི་དབང་ལུང་མན་ངག་གི་རྒྱུན་རྣམས་གསན་སྤེལ་མཛད་པའི་རྒྱུ་མཚན་གྱིས་གྲུབ་མཐའ་མི་གཙང་བ་དང་། རང་ལུགས་མེད་པ་ལྟ་བུར་འཛིན་ཞིང་སྨྲ་བར་བྱེད་པ་འབྱུང་སྲིད་ཀྱང་། དེ་ནི་ཞྭ་དཔེ་ལྷམ་ལ་བཀབ་པ་ལྟར་རང་སྐྱོན་བླ་མའི་མཛད་པར་ཤར་བའི་ལོག་རྟོག་ཆེན་པོ་ཡིན་ཏེ། དམ་པ་འདིས་གསར་བཞེས་མཛད་པའི་ཆོས་རྒྱུན་དེ་དག་ཁུངས་ལྡན་ཤ་སྟག་ཡིན་པས་དེ་དག་ཞུས་པ་ཙམ་གྱི་གྲུབ་མཐའ་མི་གཙང་བར་འགྲོ་དོན་མེད་ལ། དེ་ལྟར་ཀུན་མཁྱེན་ལྔ་བ་སོགས་ཀྱང་གྲུབ་མཐའ་མི་གཙང་བ་ཅིའི་ཕྱིར་མི་འགྱུར། ལྷག་པར་དམ་པ་འདི་ནི་རྗེ་ཐམས་ཅད་མཁྱེན་པའི་རང་ལུགས་འདི་ཉིད་ལ་ཐུགས་རུས་ཤིན་ཏུ་ཆེ་བས་ཞྭ་སེར་རིང་ལུགས་དྲི་མ་མེད་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱ་དགོངས་པ་ཐུགས་ལ་བཅངས་ཏེ་གསང་གསུམ་གྱི་མཛད་པ་མཐའ་དག་རྗེའི་བསྟན་པ་ལ་ཕན་ཐབས་ཁོར་ནར་དགོངས་པས་རྗེ་རང་ཉིད་ཀྱང་འདུལ་བའི་ཀུན་སྤྱོད་སོགས་བཀའ་གདམས་གསར་རྙིང་གི་ལུགས་སྲོལ་ལས་ནམ་ཡང་མི་འདའ་ཞིང་། གཞན་ལ་ཡང་ཚུལ་དེ་ཉིད་འདོམས་པར་མཛད་པས་དེར་བརྟེན་ས་སྒང་ཐུབ་བསྟན་དགེ་འཕེལ་དུ་ཡང་གཞི་གསུམ་གྱི་ཕྱག་ལེན་རྣམ་དག་ཚུགས་མཚོན་ཕྱོགས་འདིའི་ས་རྡོ་དག་གིས་ཀྱང་སྡོམ་པ་ལེན་པ་དང་། རྟགས་ཆ་ལུགས་འཆང་བ་སོགས་ཀྱི་མིག་བལྟོས་བཟང་བོ་ལ་སློབ་པ་འདི་ལྟ་བུ་བྱུང་ཞིང་། ཆོས་རྒྱུན་ཁུངས་གཙང་དེ་དག་ཀྱང་རང་རེས་འཆད་ཉན་བྱས་ན་བསྟན་པ་སྤྱི་དང་བྱེ་བྲག་ལ་ཕན་ཆེར་འགྱུར་བ་ནི། བདག་གི་མཁན་རིན་པོ་ཆེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རིན་འབྱུང་ལྷན་ཐབས་སུ། དྲི་མེད་ལུགས་བརྒྱའི་ཆུ་ཀླུང་མང་འདུས་ཚེ། བློ་བཟང་བཤད་སྒྲུབ་རྒྱ་མཚོ་འཕེལ་ངེས་པས། །ཞེས་དང་། དྲི་མ་མེད་པའི་རིང་ལུགས་དུ་མའི་ཆུ་ཀླུང་མང་དུ་བབས་པར་གྱུར་ཚེ། རྗེ་རྒྱལ་བ་གཉིས་པའི་བསྟན་པའི་རྒྱ་མཚོ་ཆེན་པོ་དང་གོང་ནས་གོང་དུ་འཕེལ་ངེས་པ་བཅས་དགོས་པ་དེ་དག་སྒྲུབ་པའི་ཕྱིར་ཞེས་སོགས་གསུང་བ་ལྟར་གྱི་དགོངས་བཞེད་དང་མཐུན་པར་དམ་པ་འདིའི་ཀྱང་ཆོས་རྒྱུན་སྤྱི་དང་། ཁྱད་པར་རྒྱུད་སྡེ་རྒྱ་མཚོའི་དབང་གི་སྐོར་དུ་མ་ཞིག་གསན་ཅིང་སྤེལ་བ་རྣམས་རྗེས་འཇུག་དག་གིས་རྒྱུན་མ་ཆད་པར་མཛད་ཐུབ་ན་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་རྫོགས་ཤིང་བསྟན་པ་རིན་པོ་ཆེ་ལ་བྱ་བ་རླབས་ཆེན་བྱས་པའི་གྲངས་སུ་འགྲོ་བས་ཀུན་གྱིས་ཐུགས་ཁུར་ཆེ་བསྐྱེད་མཛད་དུ་གསོལ་ཞེས་ཁོ་བོས་གསོལ་བ་འདེབས་པ་ལེགས་སོ། །སྔོན་གྱི་བུ་སྟོན་ཁ་ཆེ་དང་། །འདྲེན་མཆོག་དཔལ་ལྡན་བླ་མ་གཉིས། །གནས་དང་དུས་ཀྱི་ཁྱད་པར་ལས། །ཐོས་པའི་ཡོན་ཏན་འབྱེད་ཆོས་བྲལ། །དེ་ལྟར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དུ་མས་ཐུགས་རྒྱུད་ཡོངས་སུ་གང་བའི་རྗེ་བླ་མ་དེ་ཉིད་སླར་ཡང་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྱོན་ནས་རྗེ་འཇམ་དབྱངས་བཞད་པ་དང་། གུང་ཐང་རིན་པོ་ཆེ། སྡེ་བ་ཚང་། དབལ་མང་ཚང་སོགས་བླ་མ་རྣམས་དང་མཇལ་བ་དང་སྔར་མ་གསན་པའི་ཟབ་ཆོས་གསན་པ་དང་། གུས་སློབ་དུ་མར་བཀའ་ཆོས་གནང་བ་སོགས་བསྟན་འགྲོའི་དོན་ལས་མི་གཡེལ་བབར་བཞུགས་བཞིན་པའི་ངང་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ལ་རྟ་མགྲིན་གསང་སྒྲུབ་ཀྱི་དབང་ཆེན་བསྩལ། དེ་ནི་གསུང་ཆོས་ཀྱི་མཐའ་མ་ཡིན་འདུག དེ་སྐབས་ནས་སྐུ་ཁམས་མི་བདེ་བ་ཡོད་འདུག་པ་རིམ་གྱིས་ཇེ་ལོད་དུ་སོང་སྟེ་ཕྱིར་མངོན་པར་གྱུར་ཅིང་། སྐུ་ལུས་ལས་འབྲུམ་བུ་ཡང་ཆེས་ཤིན་ཏུ་མང་བར་བུད་ནས་བསྙུན་གཞི་ཐོར་ནད་དུ་ངོས་འཕྲོད་པ་ན་ཞབས་འབྲང་བ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར། དེ་འཕྲལ་བླ་མ་སོ་སོར་གསུང་བརྟགས་ཞུས་ནས་དེ་ཁའི་སྨན་པ་གྲྭ་ཚང་ལ་མང་ཇ་ཉིན་ཐུབ་གཉིས། རི་ཁྲོད་ཡིད་དགའ་ཆོས་འཛིན་ལ་མང་ཇ་ཉི་མ་བཅུ་གཅིག་བཀྲ་ཤིས་འཁྱིལ་ཚོགས་ཆེན་ལ་མང་ཇ་གསུམ་དང་སྤོང་དག་དུས་འཁོར་གྲྭ་ཚང་ལ་ཉིན་ཐུབ་དང་སོ་སོར་སྣེ་བཞག་སྐྱབས་རྟེན་ལ་མཛོ་སོགས་གང་འོས་ཕུལ་ནས་སྒྲོལ་མ་འབུམ་ཐེར། རྟ་མགྲིན། སྒྲོལ་ཆོག བརྒྱ་བཞི། བཟང་སྤྱོད་འཆི་བླུ། རྟ་མགྲིན་འཆི་བླུ། སྒྲོལ་དཀར་ཚེ་སྒྲུབ། གདུགས་དཀར། སེང་གདོང་མ། སྨན་བླ། ཚེ་གཟུངས། ཆོས་སྲུང་གི་བསྐང་བ་སྲོག་བླུ་སོགས་ཀྱི་ཞབས་རིམ་སྟོབས་ཆེན་སྒྲུབ། ལྷ་ཁང་མགོན་ཁང་སོ་སོར་ཡང་མཆོད་མེ་སྙན་ཤལ་སོགས་ཕུལ། བསོད་གྲགས་ཚང་ནས་ལུས་སྦྱིན་བརྒྱ་རྩ་གནང་། བླ་མ་སོ་སོར་སྐྱབས་འཇུག་ཐུགས་སྨོན་ཞུ་བ་སོགས་བགྱིས་ཤིང་བརྟག་བབས་ཀྱི་སྨན་པ་འཇིགས་མེད་ཟེར་བས་གསོལ་སྨན་ཕུལ་བས་མཚོན་ཐབས་གང་གིས་ཀྱང་ཕན་བསྐྱེད་མེད་པར་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་གདུལ་བྱ་རྟག་འཛིན་ཅན་རྣམས་སྐྱོ་བ་བསྐྱེད་ནས་ཆོས་ལ་བསྐུལ་བ་དང་། སྐུ་གདུང་གིས་གདུལ་བར་འོས་པ་དུ་མ་ཞིག་ལ་ཕན་གདགས་པར་དགོངས་ཏེ། དགུང་ལོ་བཞི་བཅུ་ཞེ་དགུའི་སྟེང་ཕེབས་པར་རབ་བྱུང་བཞི་བའི་སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོ་ཧོར་ཟླ་དང་བོའི་ཚེས་དྲུག་གི་ཐོ་རངས་སྟོང་བ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་བ་འོད་གསལ་ཆོས་ཀྱི་སྐུ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ་རེ་ཞིག་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་གྱུར་ཏོ། །ཀྱེེ་མ་བཤད་སྒྲུབ་གླིང་བཞིའི་ཁྱོན། །སྣང་བྱེད་འོད་སྟོང་བདག་པོ་དེ། །དགུང་ཡོལ་མ་གྱུར་གློ་བུར་དུ། །ཆོས་དབྱིངས་ནུབ་རིའི་ཕག་ཏུ་ཡིབ། །ད་ནི་ལམ་སྟོན་ས་མཁན་དང་། །བྲལ་བའི་དམུས་ལོང་སྐྱེ་བོ་རྣམས། །གང་དུ་འདོང་བའི་གཏོལ་མ་མཆིས། །ཐུགས་རྗེའི་ཕྱག་རིང་བརྐྱང་དུ་གསོལ། །དེ་འཕྲལ་བླ་མ་རྣམས་ལ་རྒྱུ་མཚན་གསོལ་བ་ན། དབལ་མང་ཚང་ནས་སྔ་མོ་ནས་འཕེན་པ་བཏང་ཚར་འདུག་ངེད་ཀྱིས་ཡང་ཡང་ཞུས་ཞུས་ཀྱང་མ་ཕན། ད་ང་རྒན་པོ་འཆི་རྒྱུ་མེད་པ་དེ་འདི་ཚོ་མཐོང་འདོད་པ་རེད་གསུངས་ཐུགས་སེམས་ཤིན་ཏུ་སྐྱོ་བའི་ཚུལ་གནང་། དེ་ཉིན་གུང་ཐང་རིན་པོ་ཆེ་གདན་དྲངས་ནས་མཆོག་ཁྲུས་མཛད། སང་ཉིན་ནས་རིམ་པར་ཚོགས་ཆེན་ཁྲི་བ་དང་། ཧོར་ཚང་སྤྲུལ་སྐུ་གཉིས་ཀྱང་གདན་དྲངས་ཤིང་། དེ་དག་སོ་སོར་འབུལ་བ་གཟབས་པ་དང་། སྐུ་ཞབས་འཇམ་དབྱངས་བཞད་པར་མཆོག་ཁྲུས་ཞུ་རྟེན་སྐུ་མདུན་དུ་ཕུལ། གཞན་ཡང་སྡེ་ཁྲི་རིན་པོ་ཆེ། དབལ་མང་རིན་པོ་ཆེ། བསོད་གྲགས་རིན་པོ་ཆེ། རྒྱལ་མཁན་པོའི་སྤྲུལ་སྐུ། ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ། བཀའ་འགྱུར་བ་བསྟན་འཛིན་བྲག་དགོན་རིན་པོ་ཆེ། དཔའ་རི་བ་ཚང་། འགྱང་རོ་ཚང་། རྒྱུད་སྨད་དུས་འཁོར་སོ་སོའི་ཁྲི་བ། སྙན་གྲགས་སྤྲུལ་སྐུ། ཕྱག་མཛོད་མཁན་པོའི་སྤྲུལ་སྐུ། རྒྱུད་པའི་བླ་མ་དབུ་མཛད། དུས་འཁོར་རྡོ་རྗེ་འཛིན་པ། རྒྱ་ཞབས་དྲུང་རབ་བསྟན་རྒྱ་མཚོའི་སྤྲུལ་སྐུ། རྗེ་དགེ་འདུན་དར་རྒྱས། དབལ་མང་ཆུང་བ་ཚང་། དགེ་འདུན་དཔལ་བཟང་གི་སྐུ་སྐྱེ། མཚན་སྒྲོགས་ཚང་། ཅོ་ནེའི་ཨ་མོ་སྤྲུལ་སྐུ། ཟམ་ཚ་གསེར་ཁྲི་ཚང་བཅས་སོ་སོར་བབས་བསྟུན་གྱིས་རྟ་མཛོ་ན་བཟའ་སོགས་ཚོམས་མེད་དུ་ཕུལ། བདེ་གསང་འཇིགས་གསུམ་དུས་འཁོར་བཅས་ཀྱི་ཆོ་ག་གསུང་བ་དང་། སྐར་བཅོས། གཡང་འབོད་སོགས་གང་དགོས་བགྱིད་པས་མཚོན་མདོར་ན་ཞབས་གྲས་རྣམས་ནས་བྱེས་འགྲུལ་བ་ཞིག་ལ་དཔག་པའི་སྐུ་རྗེས་སྒྲུབ་པ་དང་། དགོངས་རྫོགས་རྣམ་དཀར་སོགས་ལ་ལྷག་བསམ་རྣམ་པར་དག་པས་འབད་བརྩོན་ཆེ་བསྐྱེད་བྱས་འདུག་གོ། །ཚུར་ཡང་རྗེ་བླ་མ་བསོད་གྲགས་རིན་པོ་ཆེ། ངག་དབང་དགེ་ལེགས་ཚང་། དཔའ་རི་བོ་ཚང་། རྒྱལ་མཁན་པོ་ཚང་ཨ་མཆོག་བླ་གསར། མཚན་སྒྲོགས་ཚང་ཧོར་ཚང་རིན་པོ་ཆེ། འགྱང་རོ་ཚང་། སྡེ་བ་ཚང་། གུང་ཐང་ཚང་། སྐུ་ཞབས་འཇམ་དབྱངས་བཞད་པ། ཟམ་ཚ་གསེར་ཁྲི་ཚང་། སྨད་སོག་ཤེས་རབ་སོགས་བླ་གྲྭ་སོ་སོ་དང་། རྒྱབ་ཡོལ་རི་ཁྲོད་པ་སོགས་ནས་གདུང་རྫོགས་ཀྱི་ཞལ་འདེབས་རྟ་སོགས་གང་ལ་གང་འོས་འབུལ་མི་འགའ་རེ་བྱུང་བ་དེ་དག་ཀྱང་ཤ་ཁུ་ཐིམ་དུ་འགྲོ་བར་བྱས། སྤྲང་བོ་རྣམས་ལ་ཐུག་པ་དང་། མི་རེར་དོང་ཙེ་ལྔ་རེ་སྦྱིན་ནས་ཡིད་མགུ་བར་བྱས་སོ། །དེ་ནས་སྐུ་གདུང་རིན་པོ་ཆེ་བྱ་གཏོར་ཞུ་བའི་དུས་ལ་བབས་པ་ན་འདི་སྐབས་བྱ་འབབས་དཀའ་བ་ཞིག་ཡོད་པས་དབལ་མང་རིན་པོ་ཆེར་བྱ་བབས་ཡོངས་མིན་ཞུས་པས་དེ་འདྲའི་དོགས་འཚེར་མི་དགོས་གསུངས། སྡེ་བ་ཚང་དང་དབལ་མང་ཚང་གི་གསུངས་བཀོད་ལྟར་སྐུ་གདུང་རིན་པོ་ཆེ་དགོན་པའི་གླིང་དཀྱིལ་ནས་གདན་དྲངས་པར་དད་ལྡན་སློབ་མ་དུ་མས་གསོལ་བ་འདེབས་པ་དང་། ཞབས་ཕྱི་ཞུ་བ་སོགས་དད་གུས་ཆེན་པོ་མཛད་འདུག་ལ། བྱ་གཏོར་ཞུ་མཚམས་སུ་སླེབས་པ་ན། བྱ་རོག་གཉིས་འོང་ནས་སྐུ་གདུང་གི་སྟེང་དུ་ཡུད་ཙམ་བབས་ཏེ་སླར་འཕུར་སོང་འཕྲལ་བྱ་རྒོད་ཚན་ཤིན་ཏུ་ཆེ་བ་འདུས་ནས་སྐུ་རུས་ཀྱང་ལྷག་མར་མི་ལུས་པའི་ཚོད་དུ་ཟོས་ཚར་བསྟུན་སྐུ་རུས་བཏུས་ནས་ཁྱེར་ཡོང་། ཞབས་གྲས་རྣམས་རང་དགོན་དུ་ཕྱིར་སླེབས་ནས་འདི་ཕྱོགས་སུ་ཡང་བླ་མ་སོ་སོར་ཆེད་བསྔོའི་རྟེན་འབུལ་བ་དང་། དགོན་གནས་འདི་ཉིད་ཀྱིས་མཚོན་པར་དགོངས་རྫོགས་སྒྲུབ་འོས་རྣམས་ཕུལ་ཕྱིན་དུ་བསྒྲུབས། སྐུ་རུས་ཀྱི་ཆ་ཤས་ཚང་མ་རིང་བསྲེལ་གྱིས་གཏམས་འདུག་པ་གཅིག་ཀྱང་མ་གོད་པར་བྱས་ཏེ་མཆོད་སྡོང་ཆེན་པོ་གསར་བཞེངས་དང་། གཟིམ་ཁང་དུ་བཞུགས་པའི་མཆོད་རྟེན་སོགས་ཀྱི་ནང་དུ་བཞུགས་སུ་གསོལ། དེ་དག་ལ་བཀྲ་ཤིས་པའི་རབ་གནས་ཀྱི་མེ་ཏོག་འཐོར་བ་སོགས་སྦྱོར་དངོས་མཇུག་གསུམ་གྱི་ཕྱག་ལེན་ཕུལ་དུ་ཕྱིན་པའི་སྒོ་ནས་གྲུབ་པར་བགྱིས་སོ། །རྗེ་བཙུན་བླ་མ་དེ་ཉིད་ཀྱི་འཕྲིན་ལས་ཡུན་རིང་དུ་གནས་པའི་ཕྱིར་སྙན་ངག་མེ་ལོང་གི་འགྲེལ་བ་དཔག་བསམ་ལྗོན་ཤིང་ལེགས་བཤད་འདོད་འཇོ་དང་། སྙན་ངག་གི་དཔེར་བརྗོད། བདེ་མཆོག་རབ་འབྱམས་ཀྱི་སྒྲུབ་དཀྱིལ། སའི་དངོས་གཞི་སོགས་གཞུང་འགའ་རེའི་ས་བཅད་བསྡུས་དོན། ཕྱག་ཆེན་སོགས་ཀྱི་གསུང་རྒྱུན་ཟིན་བྲིས། ལྷ་དང་བླ་མའི་བསྟོད་ཚོགས། གསན་ཡིག་སོགས་ལེགས་པར་བཤད་པའི་གསུང་རྩོམ་ཀྱང་ཆེས་མང་བར་བཞུགས་སོ། །ཨེ་མ་དོན་ཟབ་ནོར་བུའི་ཕྲེང་། །སྡེབས་ལེགས་ཚིག་གི་སྲད་པུ་རུ། །ལེགས་བརྒྱུས་བློ་གསལ་སྒེག་མོའི་མགུལ། །མཛེས་བྱེད་དོ་ཤལ་ཁྱོད་ཀྱིས་བསྐྲུན། །སྐྱེས་བུ་དམ་པ་རྣམས་ནི་ནམ་ཡང་བསྟན་འགྲོའི་དོན་མཛད་པ་ཁོ་ན་ལས་མེད་ཕྱིར། སླར་ཡང་སྐུ་དངོས་དང་སྤྲུལ་བའི་འདུལ་བར་འོས་པའི་གདུལ་བྱ་གང་དང་གང་དུ་མཆིས་པ་དེ་དང་དེར་གསང་གསུམ་རྒྱན་གྱི་འཁོར་ལོ་ནམ་ཡང་ཟད་པ་མེད་པའི་ཆོ་འཕྲུལ་གསུམ་གྱི་མཛད་པས་ནམ་མཁའ་མ་ཟད་ཀྱི་བར་དུ་བསྟན་འགྲོའི་ཕན་བདེ་གོང་ནས་གོང་དུ་རྒྱས་པར་མཛད་པ་ནི་གདོན་མི་ཟ་བ་ཉིད་དོ། །འདིར་སྨྲས་པ། མཁས་བཙུན་བཟང་བོའི་ནོར་བུའི་ཡོངས་གང་ཞིང་། །འཆད་རྩོད་རྩོམ་པའི་རླབས་ཕྲེང་འབུམ་འགྱེད་པ། །མཁས་གྲུབ་ངང་མོ་འབུམ་གྱི་བསྟི་བའི་གནས། །སྔོན་མེད་རིན་ཆེན་འབྱུང་གནས་འདི་གོ་རྨད། །རྟག་འཛིན་དམ་པོའི་སྒྲོག་ཏུ་ཚུད་པ་འགའ། །མི་རྟག་ཆོས་ཉིད་དངོས་སུ་སྟོན་པ་ཡི། །སྒྱུ་ཐབས་འདིས་ནི་སྐྱེས་མཆོག་དམ་པ་རྣམས། །གཡོ་སྒྱུ་ཆེ་ཞིང་བསྟིང་བར་མི་འགྱུར་གྲངས། །འོན་ཀྱང་འབྱུང་འཇུག་དབུགས་ཀྱི་རྒྱུ་བ་དང་། །བགྲོད་པར་འདོར་བའང་འགྲོ་ལ་སྨན་འགྱུར་ན། །རླབས་ཆེན་མཛད་བཟང་གཞན་གྱིས་གྲངས་མེད་འགྲོར། །ཐར་ལམ་གསལ་བར་སྟོན་ལ་སུ་ཞིག་བཤུང་། །ཞེས་བྱ་བ་ནི་རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་དཔག་བསམ་ལྗོན་པ་ལས། མཇུག་བསྡུ་བ་དང་། ཞི་བར་གཤེགས་ཤིང་སླར་ཡང་འཕྲིན་ལས་རྒྱུན་མི་འཆད་པའི་ཡལ་འདབས་ཏེ་ལྔ་བའོ། །སླར་སྨྲས་པ། མང་མང་བསྐལ་བ་གོམས་པའི་ཐུགས་བསྐྱེད་ཀྱིས། །ཡང་ཡང་སྤྲུལ་བའི་རོལ་གར་དུ་མ་ཡིས། །མང་མང་ཞིང་ཀུན་འགེངས་མཛད་བླ་མ་རྗེ། །ཡང་ཡང་ཐུགས་རྗེའི་མཐུ་དཔུང་བསྐྱེད་དུ་གསོལ། །ཁྱོད་ཀྱི་རྣམ་ཐར་རིན་ཆེན་རི་བོའི་གཏོས། །མཐའ་དག་ཚིག་གི་ཕྲེང་བར་སྤེལ་འདོད་པ། །རབ་རྨོངས་བྱིས་པས་མཁའ་ལམ་འདོམ་གྲངས་ཀྱང་། །གཞལ་བར་འདོད་པ་དག་དང་ཁྱད་པར་ཅི། །འོན་ཀྱང་ཆ་ཙམ་མཚོན་པར་བྱས་འདི་ནི། །རྗེས་འཇུག་ཉམས་ལེན་ཅན་ལ་སྨན་ཕྱིར་དང་། །བདག་ཉིད་དམ་པའི་ཡོན་ཏན་བརྗོད་པ་ཡིས། །བསོད་ནམས་མི་ཟད་སྤེལ་བར་འདོད་པའི་ཀྱང་། །དགེ་འདིས་ཡིད་ཅན་ཀུན་གྱི་ཕན་བདེའི་གཞི། །བདེ་གཤེགས་བསྟན་པའི་གངས་རི་ལས་འོངས་པའི། །དྲི་མེད་ལུགས་བཟང་རྣམ་བཞིའི་ཆུ་ཀླུང་རྒྱུན། །འགྲོ་བའི་ཉེས་དྲི་འཁྲུད་ཕྱིར་རྟག་འབབ་ཤོག །གཞན་ཕན་ཁུར་དུ་འཁྱེར་བའི་སེམས་དཔའ་ཆེ། །བླ་མ་མཆོག་དེའི་ཡང་སྲིད་ཡོན་ཏན་གྱི། །ཆ་ཤས་ཡོངས་རྫོགས་ཟླ་བ་གསར་བའི་དཔལ། །སྐལ་བཟང་ཡིད་མཁར་མྱུར་དུ་འཆར་བར་ཤོག །མང་ཐོས་རིག་པའི་འབྱུང་གནས་ཆོས་གྲྭ་ཆེ། །ལུང་རིགས་སྨྲ་བའི་སེང་གེ་འདུས་པའི་གླིང་། །ཚངས་སྤྱོད་བསླབ་གསུམ་བརྟུལ་ཞུགས་ཡོངས་རྫོགས་པའི། །མཁས་གྲུབ་དུ་མས་རྟག་ཏུ་གང་བར་ཤོག །མི་ཟད་སྙིགས་སྤྱོད་ནག་པོ་བརྩེགས་པའི་མཐུས། །དགེ་བཅུའི་ཁྲིམས་ཀྱིས་འཁོར་ལོའི་དྲལ་བྱས་ཏེ། །སྡེ་བཞིའི་རི་བོང་འཛིན་པའི་མཚན་མ་ཡིས། །འཇིག་རྟེན་ལྷ་ཆེན་རལ་བ་མཛེས་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་ཐེག་མཆོག་བཤེས་གཉེན་དང་། །རྣམ་དག་བསྟན་པའི་སྲོལ་དང་མི་འབྲལ་ཞིང་། །གནས་སྐབས་ཚེ་བསོད་ལུང་རྟོགས་འཕེལ་རྒྱས་ནས། །གྲགས་སྙན་སྲིད་རྩེར་སྒྲེང་བའི་མཐུ་ཐོབ་ཤོག །མྱུར་མཛད་མགོན་དང་ལྷ་ཆེན་རྣམ་ཐོས་སྲས། །གཤིན་རྗེའི་རྒྱལ་བོ་འདོད་ཁམས་བདག་མོ་དང་། །སྟོབས་འཕྲོག་ནག་པོ་བསྭེ་ཡི་ཁྲབ་ཀྱིས། །ལས་བཞི་སྒྲུབ་ལ་རྟག་ཏུ་མ་གཡེལ་ཞིག། ཇི་སྲིད་ཉི་ཟླའི་བགྲོད་པ་རྒྱུན་ཆད་ཅིང་། །ནམ་མཁའ་ཟད་པར་མ་གྱུར་དེ་སྲིད་དུ།།བདག་ནི་མཐའ་ཡས་འགྲོ་བའི་ཉེར་འཚོ་རུ།།ཚེ་མཐའ་ཡས་པའི་མགོན་བཞིན་གནས་གྱུར་ཅིག།ཅེས་སྐྱེས་བུའི་ཁྱུ་མཆོག་དམ་པ་མཁས་ཤིང་གྲུབ་པའི་དབང་ཕྱུག།རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་གྱི་རྣམ་པར་ཐར་བ་དཔག་བསམ་ལྗོན་པ་ཞེས་བྱ་བ་འདི་ནི།།ཨ་མཆོག་དབོན་པོ་རབ་འབྱམས་པ་ངག་དབང་ཤཱཀྱ། དམ་པ་ཉིད་ཀྱི་སྐུ་དབོན་ཁུ་འཇོ་རབ་འབྱམས་བྱམས་པ་བསྟན་དར། ༧རྗེ་དེ་ཉིད་ཀྱི་བླ་སློབ་གཉིས་ཀར་གྱུར་པ་གསང་ཆེན་རྒྱུད་སྡེ་འཛིན་པ་ས་སྒང་བླ་མ་ངག་དབང་མཆོག་ལྡན་དང་། མང་དུ་ཐོས་པའི་མཛོད་འཛིན་སྐུ་ཞིང་བ་ངག་དབང་ཆོས་འཕེལ་སོགས་གྲྭ་རིགས་བུ་སློབ་དུ་མ་དང་།རྗེ་ཉིད་ཀྱི་དགེ་ཕྲུག་རིག་པ་སྨྲ་བ་རྣམས་མཎྜལ་སོགས་ཀྱི་སྐྱེས་དང་བཅས་བསྐུལ་མ་བྱུང་བ་མ་ཟད། སྐྱེས་བུ་དམ་པའི་ཡོན་ཏན་བརྗོད་པ་ནི་བསོད་ནམས་གྲངས་མེད་པ་དང་ལྡན་པའོ་སྙམ་དུ་རང་ཉིད་ཀྱང་སྤྲོ་བའི་ཡིད་ཀྱིས་བསྐུལ་ཏེ། ཐུན་མོང་བའི་རྣམ་ཐར་དམ་པ་ཉིད་སྐུ་འཁྲུངས་ནས་ས་ཡོས་ལོའི་བར་དང་། ཤིང་རྟ་ནས་ལྕགས་བྱིའི་བར་རྗེ་བླ་མ་རང་ཉད་ཀྱི་ཟིན་བྲིས་སུ་མཛད་འདུག་པར་གཞི་བྱས། དེར་མི་གསལ་བའི་རིགས་ཞལ་སློབ་རྣམས་ནས་འཕྲལ་དུ་ཟིན་བྲིས་མཛད་འདུག་པ་ལྟར་ཡུལ་དུས་མི་མཚམས་པའི་སྒྲོ་འདོགས་ཀྱི་འུད་ཆེན་པོ་དང་། ཀུན་གྱིས་མི་གོ་བའི་ཚིག་རྒྱན་གྱི་སྒྲོམ་སོགས་དོར་ནས་ཀྱུ་རུ་ལུགས་སུ་བཀོད་དེ། རྗེ་དེ་ཉིད་དང་ལས་སྨོན་བཟང་བོས་འབྲེལ་ཞིང་། བཤེས་གཉེན་དམ་པ་དུ་མའི་བཀའ་དྲིན་ལས་སྐྱེས་བུ་དམ་པའི་རྣམ་ཐར་ལ་བལྟ་བའི་བློ་གྲོས་ཀྱི་འདྲེན་བྱེད་ཕྱོགས་ལྷུང་རབ་རིབ་ཀྱིས་མ་ལྡོངས་པ་ཕྱོགས་མེད་ཀྱི་རྒྱལ་ཁམས་མྱུལ་བའི་བཙུན་གཟུགས་དགའ་ལྡན་ཐེ་བོ་སྤྲུལ་སྐུར་འབོད་པ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་ཡུལ་ཕྱོགས་མདོ་སྨད་ལྷོ་རྒྱུད་ཀྱི་སྨན་ལྗོངས། རྗེ་ཉིད་ཀྱི་གདན་ས་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་གི་གཟིམ་ཁང་གསར་བར་ཞི་བ་ཞེས་ས་མོ་བྱའི་ལོ་གཉིས་སྐྱེས་ཀྱི་རྒྱལ་བོ་ཀོ་ཀི་ལ་མགྲིན་པའི་དབྱངས་སྙན་བསྒྱུར་བའི་དུས་སུ་རྫོགས་པར་སྦྱར་བའི་ཡི་གེ་བ་ནི་ཨེ་རིག་པའི་འབྱུང་གནས་ཀྱི་ཡུལ་གྲུར་སྐྱེས་ཤིང་ལས་སྨོན་གྱིས་འབྲེལ་བའི་དྲུང་ཡིག་བསོད་ནམས་དབང་རྒྱལ་གྱིས་བགྱིས་པའོ། །འདིས་ཀྱང་སྐྱེ་འགྲོ་དཔག་ཏུ་མེད་པ་ཆོས་ལ་བཀྲི་བའི་རྒྱུར་གྱུར་ཅིག །