བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་དུས་དེབ་བཞི་བ་ལས་བསྡུས།
དུས་རབས་༢༡ནད་གི་ཚན་རིག་པ་རྣམས་དུས་རབས་ ༢༠ སྟོད་ཀྱི་ཚན་རིག་པ་དང་ལྷག་པར་ཚན་རིག་པར་རློམས་པའི་མ་ཁེ་སི་དང་ལི་ནིན་སོགས་ནས་ནུབ་ཕྱོགས་པའི་ཆོས་ལུགས་མང་པོར་སྐྱོན་ཆ་ཡོད་པ་མཐོང་བ་དང་། མི་ལེགས་པའི་རྒྱུ་མཚན་དེས་ནང་པའི་ལྟ་གྲུབ་ལའང་རྒྱས་འགེབས་བྱས་ཏེ་ཧམ་པ་ཆེན་པོས་དུག་ཟེར་བའི་མིང་འདོགས་སྤྲད་ཡོད་པ་རེད། རྗེས་འཇུག་སི་ཏ་ལིན་དང་མའོ་ལ་སོགས་པས་མིག་ཕྱིར་བལྟས་མ་ལོག་པར། མིག་བཙུམ་ནས་གཏམ་འདི་ནི་ཚད་མ་ཡིན་ཅེས་རྗེས་སུ་མཆོང་རྐྱང་བྱས་པས། དཔེར་ན་རིན་ཐང་བརྗོད་མི་ཤེས་པ་མང་པོས་གཏམས་པའི་གནའ་བོའི་གྲགས་ཅན་གྱི་དཔེ་མཛོད་དེ་ཉིད་(The Librar་of Alexandria(3rd centuryB.C.)laid the foundation of the library by Ptolemey-
1) རོ་མེན་གྱིས་མེར་བསྲེགས་བཏང་བ་བཞིན། འདས་པའི་བྱུང་རབས་ནང་གི་རིན་ཐང་བྲལ་བའི་གནའ་བོའི་ལོ་རྒྱུས། རིག་གནས། གནའ་རྫས་ལ་སོགས་པ་མང་པོ་ཞིག་མེ་ལ་བསྲེགས། ཆུ་ལ་སྦྱངས། །ས་འོག་ཏུ་སྦས། རླུང་ལ་བསྐུར་བ་སོགས་ཀྱི་བྱས་ཉེས་སུ། ད་ལྟ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་མཐོང་ཐོས་ཀྱི་ཡུལ་ནས་གཏན་བྲལ་སོང་བ་རེད། དེ་བས་ཀྱང་ཧ་ལས་དགོས་པ་ཞིག་ནི་ལོ་རྒྱུས་ནང་ལྐུགས་རྟགས་འདི་ལྟ་བུ་བསྟན་ཡོད་པ་མིག་གིས་མཐོང་དང་མཐོང་བཞིན། ད་དུང་དམར་པོའི་ཁྲིམས་འོག་ནས་འཚར་ལོངས་བྱུང་བའི་དེང་སང་གི་ཤེས་ཡོན་ཅན་མང་པོའི་ཀླད་པའི་ནང་དུ། ཁྲུས་ན་མི་དག་པའི་དྲེག་པ་བཞིན་རྨོངས་པའི་བག་ཆག་འཐུག་པོ་བཞག་ཡོད་པས། ཞིབ་འཇུག་མེད་པར་ཆོས་ཟེར་བ་དོགས་ཟོན་ཆེན་པོ་བྱེད་ཡུལ་དུ་ངོས་འཛིན་བྱེད་ཀྱི་ཡོད།
རྒོད་བྲོ་བ་ཞིག་ལ། དེ་འདྲེའི་གཏོར་བརླགས་གཏོང་མཁན་གྱི་སེམས་ཀྱི་སྐྱོན་ཆ་དེ་ཚོར་དོགས་ཟོན་མི་བྱེད་པར། འཚེ་མེད་ཞི་བའི་ལམ་གྱི་སྙིང་དོན་ཅན་བདེན་པ་བཞི་ལས་བརྩམས་པའི་ལྟ་གྲུབ་ལ་དོགས་ཟོན་བྱེད་པ་རེད། འདས་པའི་ལོ་ཤས་སྔོན་རྒྱ་ནག་གི་དབང་འཛིན་པ་ཅང་ཙེ་མིན་ཨ་རི་ནས་ཕྱིར་རྒྱ་ནག་ཏུ་འཁོར་སྐབས་གཏམ་བཤད་ཅིག་གི་སྐབས་སུ། དེང་སང་ནུབ་ཕྱོགས་པའི་མི་མང་པོ་ཞིག་གིས། བོད་ཀྱི་ནང་ཆོས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་འདིའི་གནད་འགག་ག་རེ་ཡིན་ངེད་ནས་མགོ་ཚོས་ཀྱི་མི་འདུག་ཅེས་བཤད་པ་རེད། འདི་ནི་མི་རྒན་གྱི་དྲང་གཏམ་ཞིག་ཀྱང་རེད་ལ།programeརྙིང་པ་ཅན་གྱི་ཁམ་པུ་ཊར་ནང་གསར་ཐོན་གྱི་ _programeབཅུག་ན་འཁྲུག །ཐེབ་པ་བཞིན། མི་རྒན་གྱི་ཆེས་རྙིང་པའི་ཚན་རིག་གི་ཀླད་པ་ཆུང་ངུ་དེ་དེང་སང་འཁྲུག་ཐེབ་ཀྱི་ཡོད་པའི་རྟགས་རེད། ཡང་དུས་རབས་ཉི་ཤུ་པའི་ཚན་རིག་གི་མེས་པོ་ཨ་ཡིན་སི་ཊཱ་ཡན་གྱི་ལྟ་ཚུལ་མི་ཉུང་བ་ཞིག་ནང་པའི་ལྟ་ཚུལ་དང་ཕྱོགས་མཐུན་གྱུར་སྐབས། མི་རྒན་ཚེ་མཇུག་རིག་འཚོ་མ་ཟིན་པར་ཆགས་པ་རེད་ཅེས་རྒྱ་ནག་དམར་ལུགས་པས་བཤད་དགོས་བྱུང་འདུག །ཕྱིས་སུ་མ་ལེ་རྗེས་འབྲང་དང་བཅས་པའི་དཔལ་འབྱོར་རིག་པ་མི་རབས་གཅིག་གི་རྗེས་སུ་ལུས་པ། ཕྱི་ལོ་ ༡༩༨༠ ཙམ་ལ་མི་རྒན་ཏེང་ཞོ་ཕེང་གིས་ག་ལེ་ག་ལེར་མགོ་ཚོས་པས། ངོ་ཚར་འཇིགས་བཞིན་ཁ་རོགས་ཁ་རོགས་སུ་དཔལ་འབྱོར་ལམ་ལུགས་མ་རྩ་རང་ལུགས་སུ་བསྒྱུར་བས་དུས་ཚོད་དེ་ག་རང་ནས། དམར་ལུགས་པའི་ཐོག་མའི་དམིགས་ཡུལ་ཏེ་རྩ་དོན་བརླགས་བ་རེད། མིག་རྒྱངས་ཐུང་པའི་ཤེས་ཡོན་གྱི་ལམ་ལུགས་ཀྱང་ཡོ་བསྲང་ཆེད། སློབ་ཕྲུག་མང་པོ་ཨ་རི་སོགས་སུ་སློབ་སྦྱོང་ལ་བཏང་། སློབ་དེབ་མང་པོ་བདག་དབང་བཀའ་ཁྲོལ་མེད་པར་ཁ་རོགས་སུ་བརྐུ་བཤུས་བྱས་པ། མ་ཟད་རྒྱ་ནག་གི་འགོ་ཁྲིད་ཚོས་རང་ཉིད་ཀྱི་སྲིད་དབང་མི་ཤོར་པའི་སྐྱབས་འཚོལ་ཆེད། མི་ཚེ་གང་ལ་དགག་པ་རྒྱབ་བསྡད་པའི་ཁོང་ཙིར་རེ་བ་བཅོལ་བའི་གཏམ་ཡང་མི་འདོད་བཞིན་ཁ་ནས་ཐོན་ཤོར་གྱི་ཡོད། འདིས་སྔར་བློ་ཐག་རྦད་དེ་བཅད་པའི་དམར་པོའི་ལྟ་བ་དང་། ཁོང་ཚོས་ཡང་དག་པར་རློམས་པའི་ལྟ་ཚུལ་འདི་རྗེས་ལུས་ཅན་ཡིན་པ་མ་གཏོགས།སྔོན་ཐོན་མིན་པ་ཁོ་རང་ཚོས་གསལ་བཤད་བྱས་པ་རེད།
གནད་དོན་འདིས་གང་བཤད་ཀྱི་ཡོད་ཅེ་ན། རྒྱབ་རྟེན་བཅོལ་ས་ནི་སྐབས་དེའི་གནས་ཚད་ཙམ་དུ་སླེབ་པའི་ཚན་རིག་གི་ལྟ་བ་གུ་དོག་མོ་ཞིག་ལ་གཞི་བཅོལ་པའི་དམར་པོའི་སྲོལ་འབྱེད་མར་ཁེ་སེས་དང་དེའི་དངོས་སློབ་ཚོས། སྐབས་དེ་དུས་ཀྱི་ཚན་རིག་གི་ལྟ་གྲུབ་དང་བསྟུན་ཏེ་ཁྲིམས་དང་། དཔལ་འབྱོར། ཤེས་ཡོན་ལམ་ལུགས་སོགས་གཏན་ལ་ཕབས་ཡོད་པ་རྣམས། ད་ཆ་རྗེས་སུ་ལུས་ཡོད་པ་གསལ་པོ་བསྟན་ཡོང་གི་ཡོད་པ་རེད། གོང་དུ་བཤད་པ་དག་གིས་ཚན་རིག་གསར་རྙིང་དབར་གྱི་ཁྱད་པར་འདི་འདྲ་རེད་ཅེས་གསལ་བཤད་བྱེད་ཀྱི་ཡོད་པ་དང་། གཞན་ཡང་ཚན་རིག་ལ་རྒྱབ་རྟེན་བཅོལ་བའི་མ་ཁ་སིའི་ལྟ་བ་དེ་བརྒྱ་ཕྲག་གཅིག་ཙམ་མ་གཏོགས་སྐུ་ཚེ་མ་བརྟན་པ་དང་། ནང་པའི་ལྟ་གྲུབ་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་བརྟན་པས་མི་ཚད། ད་དུང་ཡུན་རིང་པོར་བརྟན་རྒྱུའི་རྟགས་མཚན་ཆེན་པོ་ཡོད་པ་རེད། འདི་ད་ཆ་དམར་ལུགས་དམ་འཛིན་བྱེད་མཁན་དཔལ་འབྱོར་དང་ཤེས་ཡོན་རྗེས་ལུས་ཅན་གྱི་རྒྱལ་ཁབ་རེ་གཉིས་ཙམ་མ་གཏོགས་ལྷག་མེད་པས་ཀྱང་གསལ་སྟོན་བྱེད་ཀྱི་རེད། །ཨ་རིས་མཚོན་ནུབ་ཕྱོགས་པའི་ཚན་རིག་པ་དག་གིས་ལོ་རེ་བཞིན་གསར་རྙེད་བྱུང་བ་དང༌། བྱུང་རིམ་བཞིན་རྙིང་ཞེན་དོར་བའི་སྒོ་ནས་འདས་པའི་རྙེད་དོན་ནས་ལེགས་ཆ་བླངས། ཆོས་དང་རིག་གཞུང་ཀུན་ལ་ཞིབ་འཇུག་བགྱིས་ཏེ། སོ་སོའི་འདོད་ཞེན་གྱིས་མ་བཅངས་པར་འདས་པའི་རྙེད་དོན་ཁག་ལ་དག་ཐེར་དང་། མ་འོངས་པར་གསར་དུ་རྙེད་རྒྱུ་ཞིག་ལ་རེ་སྒུག་གིས་མིག་གདངས། བློ་གཟུ་བོར་གནས། སྤྱང་གྲུང་དོད་པོས་ལྟ་སྲུང་བྱེད་སྡོད་ཡོད་པ་ནི་རྣམ་དཔྱོད་ཡོད་པའི་བྱ་སྤྱོད་ཅིག་རེད། ད་དུང་ཚད་ལྡན་གྱི་ཚན་རིག་པ་ཞིག་གིས ( མིང་མ་དྲན ) སོ་སོའི་ལྟ་ཚུལ་དང་རྙེད་དོན་ལ་ཆགས་ཞེན་བྱས་ན་གསར་རྙེད་ཀྱི་ལམ་པོ་ཆེ་འགོག་རྐྱེན་བྱེད་ཀྱི་རེད་ཅེས་སྐད་གསང་མཐོན་པོས་སྒྲོག་གི་ཡོད།སྐད་ཆ་འདིས་དེ་བས་ཀྱང་ཚན་རིག་གི་ལངས་ཕྱོགས་ནང་པའི་ལྟ་གྲུབ་ཕྱོགས་སུ་གོམ་གང་ཐག་ཉེ་རུ་གཏོང་གི་ཡོད་པས། རྒྱ་ནག་དམར་ལུགས་ཀྱི་བག་ཆགས་ཡོད་མཁན་དང་བཅས་པར་འགྲམ་ལྕག་ཚ་ཐག་གཅོད་ཅིག་གཞུས་པ་རེད་ལ། ཁོང་ཚོའི་སྲིད་དབང་གི་རྒྱབ་རྟེན་དམར་ལུགས་ལྟ་བ་དེ་ཡུན་རིང་གནས་ཨེ་ཡོང་སྙམ་སེམས་ཁྲེལ་སྣོན་མ་ཞིག་སྤྲད་པ་རེད། དུས་རབས་ ༢༡ ནང་གི་ཚན་རིག་པ་ནི་འདས་པའི་དུས་རབས་ཀྱི་ཚན་རིག་པ་དང་མི་འདྲ་བར་ཧ་ཅང་གི་བློ་རྒྱ་ཡངས་ཤིང་རྣམ་དཔྱོད་ཟབ་མོ་ཡོད་པ་ནང་པའི་མཁས་དབང་ཚོས་ཀྱང་ངོས་འཛིན་བྱེད་ཐུབ་པས་མི་ཚད། འདི་ལ་བརྩི་མཐོང་ཡང་ཆེན་པོ་བྱེད་ཀྱི་ཡོད་པས་གདན་སའི་ནང་ཚན་རིག་སློབ་བཞིན་པ་ཡིན། །
དེ་དང་ཕྱོགས་མཚུངས་དེང་རབས་ཀྱི་ནང་པའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཀྱང་འཇིག་རྟེན་ཆགས་རབས་ཀྱི་རྣམ་གཞག་སྐོར། ནང་པ་མ་དར་པའི་སྔོན་ནས་རྒྱ་གར་ནང་དར་ཁྱབ་ཡོད་པའི་བཤད་ཚུལ་ཏེ་མངོན་པ་མཛོད་ནས་བཤད་པ་དང་། དུས་འཁོར་ནས་རི་རབ་ཟླུམ་པོར་བཤད་ཚུལ་སོགས་ནང་པ་རང་གི་གཞུང་ལུགས་ནའང་བཤད་སྲོལ་མི་འདྲ་བ་ཡོད་པ་དང༌། དེང་དུས་ཚན་རིག་པའི་བཤད་ཚུལ་བཅས་ལ་བློ་རྒྱ་ཡངས་མོས་རྟོག་ཞིབ་བྱས་ཏེ། བཤད་ཚུལ་གསུམ་ནས་མཐའ་གཅིག་ཏུ་འདི་གནའ་བོའི་ནང་པའི་བཞེད་པ་ཡིན་ཅེས་ཡོངས་ཁྱབ་ཐག་གཅོད་གནང་མེད་ལ། ཡང་འདི་གནའ་བོའི་ནང་པའི་བཞེད་པ་དང་མི་མཐུན་ཞེས་ཚན་རིག་གི་ལྟ་ཚུལ་ཕྱིར་འདོན་ཡང་བྱས་མེད། ད་དུང་བློ་གཟུ་བོས་རྟོག་ཞིབ་གནང་བཞིན་པ་རེད་ལ། འདིས་ནི་ནང་པའི་མཁས་པ་ཚོའི་ཀླད་པའི་རྒྱ་ཁྱོན་ག་ཚོད་ཡོད་པ་ཡང་མཚོན་ཐུབ། །མངོན་པ་མཛོད་ནས་བཤད་པའི་འཇིག་རྟེན་ཆགས་རབས་དང་། དེང་དུས་ཀྱི་ཚན་རིག་པའི་འཇིག་རྟེན་ཆགས་རབས་གཉིས་རྣམ་པ་ཐམས་ཅད་ནས་མི་མཐུན་པར་གནས་པ་ཡོངས་གྲགས་གསལ་པོ་ཆགས་བསྡད་ཡོད་པ་དང་། ཉམས་ལེན་གྱི་སྐབས་སུ་མཎྜལ་འབུལ་སྐབས་མཛོད་ཀྱི་གྲུབ་མཐའི་བཤད་སྲོལ་དང་མཐུན་པ་གནང་གི་ཡོད་མོད། རྩ་བའི་འཇིག་རྟེན་ཆགས་རབས་འདི་ནང་པའི་ལྟ་གྲུབ་ལ་མཚོན་ན་གནད་འགག་ཆེ་བའི་རྩ་དོན་ཞིག་བརྩི་གི་མེད། དེང་རབས་པའི་རྟོག་གེ་པ་མང་པོ་ཞིག་དང་། ལྷག་པར་ཀླད་པའི་ནང་དམར་པོའི་ལྟ་བའི་བག་ཆགས་ཡོད་པ་རྣམས་ཀྱིས་མཛོད་ཀྱི་བཤད་ཚུལ་དེ་ཐེར་འདོན་བྱས་ནས། ཚན་རིག་པ་དང་ནང་པའི་དབར་འགལ་ཟླ་རྣོ་ངར་ཅན་དུ་བསྒྱུར་རྒྱུའི་བརྩོན་པ་ཤུགས་ཆེ་བྱེད་མྱོང་བ་རེད། འདི་ལ་ཆབ་སྲིད་ཀྱི་གཤིས་ཀ་ཞིག་ཀྱང་ཞགས་ཡོད་མོད། ཀླད་པ་ཡང་པའི་གྲུབ་མཐའ་སྨྲ་བ་ཚོས་མཛོད་ཀྱི་འཇིག་རྟེན་ཆགས་རབས་འདི་གནད་ཆེན་པོར་མ་བརྩིས་པ་དང་གཅིག་བློ་གཟུ་བོར་གནས་པའི་ནུབ་ཕྱོགས་པའི་ཚན་རིག་པ་ཚོར། ལམ་སང་ལྟ་གྲུབ་མི་གཅིག་པ་ཚོར་སྐྱོན་ཆའི་ཞྭ་མོ་གཡོག་རྐྱང་དང་གད་སྙིགས་ཁྲོད་ད་གཡུག་རྐྱང་གི་གོམས་གཤིས་མེད་པ་དང་གཉིས། ཁོང་ཚོར་རྣམ་དཔྱོད་གྲུང་པོས་ཕྱོགས་ཐམས་ཅད་ལ་ཞིབ་འཇུག་བྱེད་པའི་བློ་རྒྱ་ཡོད་ཙང་། ནང་པའི་ལྟ་གྲུབ་ལའང་ཞིབ་འཇུག་ལེགས་པོ་གནང་གི་ཡོད་པས། ལོ་ ༢༥༠༠ ལོ་རྒྱུས་ཅན་གྱི་ནང་པའི་ལྟ་གྲུབ་ནང་གི་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་འཆར་ཚུལ་གྱི་བཤད་པ་འདི་མཐོང་དུས།འགལ་ཟླ་རྣོ་ངར་ཅན་དུ་འགྱུར་བའི་ཚབ་ཏུ་དེང་རབས་པའི་ཚན་རིག་པ་མང་ཆེ་བའི་ཡིད་དབང་འཕྲོག་ཏེ། མར་ཁེ་སི་དང་མི་རྒན་མའོ་ཀྲུ་ཞེས་གད་སྙིགས་ཁྲོད་དུ་འཕང་བཞག་པའི་ནང་པའི་ལྟ་གྲུབ་དེ། ཚན་རིག་པས་ཨ་ཁ་ཨ་ཁ་ཕང་བ་ལ་ཞེས་གད་སྙིགས་ནང་ནས་ཡར་བསྒྲུགས་ཏེ་ཐལ་རྡུལ་རྣམས་ལག་པས་ཕྱིས། ཀློག་དཔེའི་གྲས་སུ་དྲ་མིག་ནང་ཡར་བཙུད་པ་དང་། དུག་རེད་ཅེས་པའི་མིང་འདོགས་དེའང་བླངས་ཏེ་ཕར་ཀྲུས་རྒན་སོགས་དམར་པོའི་རིང་ལུགས་པར་དྲན་རྟེན་དུ་ཕྱིར་འབུལ་གནང་ཡོང་དུས།སྐབས་འདིར་དམར་ལུགས་པ་ཁོ་རང་ཚོའི་སྐུ་ཆས་རྙིང་པ་ཁྲུས་ན་མ་དག་པ་ཞིག་ཁོ་ཚོའི་རང་ལག་ཏུ་ཕྱིར་འཁོར་ཙང་སྔར་རང་གི་ཡིན་པ་ངོ་ཐག་ཆོད་པས་ཐུགས་སྤྲོ་བོ་ཡོང་བའི་རེ་བ་ཞུ་གི་ཡོད།ནང་པའི་ལྟ་གྲུབ་གཏན་འབེབས་གནང་དུས་སུ། འདི་ལྟར་ཐག་གཅོད་བྱེད་མཁན་དེ་ཕར་ཕར་དེད་ཡོང་ན། བབས་ས་དེ་རང་ཉིད་ཀྱི་སེམས་ལ་ཐུག་བསྡད་ཡོད་པར་ངོས་འཛིན་བྱས་པ་དང་། མ་ཟད་སེམས་དེ་ལ་ནོར་འཁྲུལ་ཅན་དང་ནོར་འཁྲུལ་མེད་པ་གཉིས་ཀ་ཡོད་པས། དེ་གཉིས་སོ་སོར་ངོས་འཛིན་གསལ་པོ་མ་བྱུང་ན། ནོར་འཁྲུལ་ཅན་གྱི་སེམས་ཀྱིས་ཐག་གཅོད་བྱེད་དུས་ཐག་གཅོད་ཕྱིན་ཅི་ལོག་པ་བྱེད་རྒྱུ་དང༌། དེ་ལ་བརྟེན་ནས་རང་གཞན་གཉིས་ཀ་ལ་མི་བཟད་པའི་དུ་ཁཿསྡུག་བསྔལ་སྤྲོད་ཀྱི་ཡོད་པ་ངོས་འཛིན་བྱེད་པ་དང་། ནོར་འཁྲུལ་མེད་པའི་སེམས་ཀྱིས་ཐག་གཅོད་བྱེད་དུས། ཐག་གཅོད་དེས་ལམ་ཕྱོགས་བཟང་པོར་འཁྲིད་པའི་ལྟ་ཚུལ་བཟུང་ནས། དེ་གཉིས་དབྱེ་འབྱེད་ཀྱི་ཐབས་ལམ་གནད་འགག་ཆེན་པོ་བྱས་པ་རེད། ནོར་འཁྲུལ་མེད་པའི་ཤེས་པ་ལ་ཚད་མ་ཞེས་མིང་བཏགས་པ་དང་། དེ་ཉིད་ཆ་རྐྱེན་གང་འདྲ་ཞིག་གི་འོག་གྲུབ་ལུགས་གྲུབ་སྟངས་ཞིབ་ཚག་པོའི་ཐོག་ནས་རྩལ་འདོན་བྱས། ནང་པར་གྲུབ་མཐའ་མང་པོ་ཡོད་ཀྱང་ཀུན་གྱིས་ནང་སེམས་དང་། ཕྱི་རོལ་གྱི་ཡུལ་གཉིས་ནས་སེམས་ལ་གལ་ཆེར་བརྩིས་ཏེ་སེམས་འདུལ་བའི་ཐབས་ཤེས་གཙོ་བོ་བསྟེན་ཡོད། །མཚམས་འདིར་བཤད་དགོས་པ་ཞིག་ལ། ཐོག་མར་ནང་པས་མ་འཁྲུལ་པའི་ཤེས་པ་སྟེ་ཚད་མའི་ངོས་འཛིན་གཏན་ལ་ཕབས་པ་དང་། ཆབས་གཅིག་ཏུ་ཡུལ་གྱི་གནས་ཚུལ་བདེན་པ་བཞི་གཏན་ལ་ཕབས།གནས་ཚུལ་དེ་ལ་བླང་བྱ་དང་དོར་བྱ་གཉིས་སུ་ཕྱེས། ཚན་རིག་པས་ནི་མ་འཁྲུལ་པའི་ཤེས་པ་འཚོལ་ཞིབ་ལ་མི་འབད་པར་ཞིབ་ཚག་ཆེན་པོས་ཡུལ་གྱི་ཆ་ཤས་ཕྲ་རྡུལ་སྟེང་ནས་བཙལ་། དེ་ལ་བརྟེན་ནས་ཡུལ་གྱི་རང་བཞིན་ལ་ཚོད་འཛིན་བྱེད་པ་དང་། སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་ལྟ་ཚུལ་ཞིག་རེད། རིགས་ལམ་དེ་འདྲ་ཞིག་ལ་ཁུངས་སྐྱེལ་བཅོལ་བ་རེད། མདོར་ན། རྒྱབ་དཔུང་དུ་རྣམ་དཔྱོད་ལྡན་པའི་རྒྱུ་མཚན་དང་། རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བཅས་ཡོད་པའི་ཚད་མ་དང་།ཚན་རིག་པའི་གཞུང་ལུགས་ཆེན་པོ་གཉིས་པོ། སའི་གོ་ལའི་སྟེང་འདིར་གདོང་དང་གདོང་གཏུག་ནས། འདྲ་མཉམ་ཁ་སྤྲོད་བྱས་བཞུགས་ཡོད། ང་ཚོའི་རེ་བ་ལ་ད་དུང་དེ་བས་མི་ཚད་གཞུང་ལུགས་འདི་གཉིས་ནས་ཕན་ཚུན་ཕྱག་གཏོང་རེས་གནང་སྟེ། མ་འོངས་པར་རིག་པའི་གཞུང་ལུགས་ཆེན་པོ་འདི་གཉིས་ཀྱིས་གཅིག་ཕན་གཅིག་གྲོགས་ཀྱི་མཉམ་འབྲེལ་གནང་ཐུབ་པའི་རེ་བའང་ཞུ་ཆོག་པ་ཡིན། དེ་ལྟར་བྱུང་ན་འགྲོ་བ་མིའི་སྤྱི་ཚོགས་ཙམ་མ་ཟད་སྲོག་ཆག་འབུ་སྲིན་ཚུན་ཆད། དེའི་འཁོར་ཡུག་དང་བཅས་པར་སྔར་མ་བྱུང་བའི་ཕན་བདེ་སྤྲད་ཐུབ་པའི་རེ་བ་ཆེན་པོ་ཡོད་པས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཀུན་གྱིས་རེ་སྒུག་གནང་འོས་པ་ཞིག་མ་རེད་དམ། །
མ་འཁྲུལ་པའི་ཤེས་པ་དང་འབྲེལ་བའི་ནང་སེམས་ཀྱི་འཕེལ་རིམ་འཆད་པ་ན། གཞན་ཕན་གྱི་བསམ་པ་དང་རང་གཅིག་པུའི་སེམས་འཁུར་གཉིས་ཀྱི་དགེ་སྐྱོན་གང་ཡིན་རྩལ་འདོན་བྱས་པ་དང་། དེའང་ཤ་རྗེན་པའི་བྲང་ལ་སྦྱར་བའི་ཉམས་མྱོང་ལ་སྦྱོར་ཡོང་གི་ཡོད། དེ་དང་ཆབས་ཅིག་ཚན་རིག་པས་གནད་དོན་གཅིག་ལའང་། ཧ་ཅང་གི་ཕྲ་ཞིབ་ཆེན་པོས་ཞིབ་འཇུག་གནང་སྟེ་ཁུངས་ལུང་རྒྱུ་མཚན་ལྡན་ཞིང་།མགོ་སྐོར་ཙམ་མ་ཡིན་པར་དངོས་ཡོད་གནས་ལུགས་གཏུགས་པའི་སེམས་ཁུར་གྱིས་གཏན་འབེབས་བྱས་པ་མ་ཟད། ད་དུང་ཇེ་ཟབ་ཇེ་གསལ་དུ་གཏོང་བ་ལ་མི་ཞུམ་པའི་སྙིང་སྟོབས་བསྐྱེད་དེ། ཧ་ལས་དགོས་པའི་མིའི་རྣམ་དཔྱོད་འདོན་གྱི་ཡོད་པ་རེད།
རྒྱང་ཐག་རིང་པོའི་ཤར་ནུབ་གཉིས་ནས་འོངས་པའི་ཆེས་ངོ་མཚར་ལྡན་པའི་རིག་གནས་མི་འདྲ་བ་གཉིས་པོ་མཉམ་འབྲེལ་ཇི་ལྟར་གནང་ཐུབ་ཅེས་དྲི་བ་བཀོད་ན། འདི་ལྟར་ནང་པས། ནང་སེམས་ལ་འཁྲུལ་མ་འཁྲུལ་དང་། དེ་དང་འབྲེལ་ཡོད་ཀྱི་བརྒྱུད་རིམ་ལ་རྟོག་ཞིབ་གནང་བ་དང་དུས་མཚུངས།ཚན་རིག་པས་ཡུལ་ལ་ཕྲ་ཞིབ་ཀྱིས་དཔྱད་པ་བྱེད་ལུགས། མིའི་རྣམ་དཔྱོད་འདོན་ལུགས་ལའང་སློབ་སྦྱོང་གནང་སྟེ་ཡུལ་གྱི་གནས་ཚུལ་ཟབ་མོ་དག་གཏན་ལ་ཕབས་ཀྱི་ཡོད། ཚན་རིག་པས་དཔྱད་པ་བྱེད་སྟངས་དེ་བརྒྱུད་ནས་ནང་པས་བཤད་པའི་འཁྲུལ་མ་འཁྲུལ་གྱི་ཤེས་པ་ངོས་འཛིན་སྟངས་ལ་སྔར་བས་ཀྱང་རྒྱབ་སྐྱོར་དུ་འགྲོ་བའི་ལམ་ཕྱོགས་ཡོད་པ་མཐོང་ཐུབ་པ་དང་། ཚན་རིག་པས་ཀྱང་ཡུལ་གཅིག་པུ་ཁོ་ན་ལ་མི་རྟོགས་པར། དཔེར་ན་རི་མོ་ཡག་ལོད་ལ་ཞིབ་འཇུག་བྱེད་སྐབས་སྔོན་ལ་རི་མོར་ལྟ་མཁན་གྱི་མིག་བཟང་ལོད་དང་གསལ་ལོད་ལའང་ཞིབ་འཇུག་གནང་། གསལ་པོ་མི་འདུག་ན་སྤྱན་ཤེལ་ནུས་ལྡན་དག་ཚག་ཚུད་པར་བྱེད་པ་བཞིན། ནང་གི་སེམས་ཟེར་ནའང་ཆོག་ལ་སོ་སོའི་ཀླད་པ་ཟེར་ཀྱང་ཆོག གང་ལྟར་ཀྱང་ཡུལ་ལ་ཕར་ལྟ་མཁན་དང་ལྟ་ས་གཉིས་ཀར་རྟོག་ཞིབ་ཆ་སྙོམ་མཛད་ཐུབ་ན། དོན་མེད་ཀྱི་མི་དང་སྲོག་ཆག་ལ་གནོད་སྐྱོན་ཕོག་མི་དགོས་པ་དང་། འཚོལ་ཞིབ་ཀྱི་རྙེད་དོན་ངོ་མཚར་ཆེན་པོ་རྣམས་བེད་སྤྱད་དེ་སྔར་བས་ལྷག་པའི་སྤྱི་ཚོགས་ལ་ཞབས་འདེགས་འགྲུབ་ངེས་རེད།
འགྲོ་བ་མིའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཆུ་ཚད་ཇི་ཙམ་གོང་མཐོར་ཕྱིན་པ་ན་དེ་ཙམ་གྱིས། འགོ་དབུ་ཁྲིད་ནས་བཟུང་མང་ཚོགས་པར། བདེན་དོན་འཚོལ་བ་ནི་མི་ཚེའི་ནང་གི་གལ་ཆེ་བའི་གནད་དོན་ཞིག་ཆགས་ཀྱི་རེད། གང་ཞིག་ཚད་མ་པའམ། ཚན་རིག་པ། ཁྲིམས་ཞིབ་པ་སུ་ཞིག་ཡིན་ཀྱང་རུང་མི་སྣ་ཚད་དང་ལྡན་པ་ཞིག་ཡིན་ན། དངོས་ཐོག་བདེན་འཚོལ་ནི་ཁོང་ཚོའི་ཡིད་ཆེས་ཀྱི་རྩ་དོན་གཙོ་བོ་ཞིག་ཏུ་བརྩི་དགོས་པས། བདེན་དོན་འཚོལ་བ་ནི་དེ་བས་ཀྱང་གལ་ཆེན་བརྩི་དགོས་པར་མ་ཟད། ཆབ་སྲིད་སྐྱོང་བའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། དཔལ་འབྱོར་ལ་བརྩོན་པའི་ཚོང་པ་ཞིག་ཡིན་ཀྱང་ཉིན་གཅིག་ཁྲིམས་ཁང་ནང་དུ་རྣོ་ངར་ཆེ་བའི་རྩོད་པ་ཐུག་སྲིད་པ་དང་། དེ་ཉིན་རྒྱལ་ཁ་ཐོབ་དང་མི་ཐོབ་ནི་བདེན་དཔང་ཡོད་མེད་དམ། མ་མཐར་ཡང་བདེན་དོན་ལ་ཁུངས་བཅོལ་བའི་རྣམ་པ་ཞིག་མི་སྟོན་ཐབས་མེད་རེད། དེ་བསྟན་ནས་རྒྱལ་ཁ་ཐོབ་པ་རེད་ཅེས་ཁྲིམས་དཔོན་དང་། ཁྲིམས་རྩོད་པ། ཁྲིམས་པ་བཅས་ཀྱིས་ཤོད་རྒྱུ་ཡིན་པས། རང་ཤུགས་ཀྱིས་བཙན་པོ་དང་། ཕྱུག་པོ་ཐམས་ཅད་ཀྱིས་ཀྱང་། མ་མཐར་ཡང་བདེན་དོན་ལ་བརྩི་བཀུར་གྱི་རྣམ་འགྱུར་མི་སྟོན་ཐབས་མེད་ཅིག་རེད། དེར་མ་ཟད་གང་ཟག་སུ་ཡིན་རུང་སོ་སོར་ཡིད་ཆེས་རེ་རེ་ཡོད་པ་དང་། དེ་ལ་ཚད་མ་པའི་གྲུབ་མཐའི་ནང་ལྟ་བ་ཞེས་མིང་འབོད་ཀྱི་རེད། ང་ང་ཞེས་པའི་ལྷན་སྐྱེས་ཀྱི་བག་ཆགས་ལས་བྱུང་བ་ཞིག་རེད་ལ། ལྟ་བ་དེའམ་ཡིད་ཆེས་དེ་དངོས་འབྲེལ་གྱི་གནས་ཚུལ་དང་མཐུན་ཨེ་ཐུབ་བརྩོན་པ་གནང་གི་རེད། ག་ཚོད་ཙམ་དངོས་ཡོད་གནས་ཚུལ་དང་མཐུན་ན་དེའི་ཚོད་ཀྱིས་སྤོབས་པ་དང་སྙིང་སྟོབས་སྦྱིན་གྱི་ཡོད་པས་བློ་བདེ་བ་ཡོད་པ་ཉམས་མྱོང་གིས་འགྲུབ། མི་འཇིགས་པ་བཞི་ཞེས་སངས་རྒྱས་ཀྱི་ཡོན་ཏན་གྲས་སུ་བརྩི་བའང་འདི་དང་འབྲེལ་ནས་ཡོད། གལ་ཏེ་རང་གི་ལྟ་བ་དང་ཡིད་ཆེས་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཡིན་པའི་དོགས་པ་བྱང་བ་ཙམ་གྱིས་སེམས་ལ་གནོང་ཞིག་འོངས་ངེས་རེད། ཁྱོད་ཀྱི་ལྟ་བ་ནོར་བ་དང་ཡིད་ཆེས་འཁྲུལ་བ་ཞིག་རེད་ཅེས་མི་ཞིག་གིས་བཤད་ན། དེ་རྣ་བར་ཐོས་མ་ཐག་མཚང་ལ་ཕོག་པ་དང་།དེའི་ཁ་གཏད་དུ་ལངས་དགོས་པ་ཞིག་ཆག་བསྡད་ཡོད། ངར་འཛིན་ལྷན་སྐྱེས་ལ་འབྲེལ་བ་ཆེ་ཙང་སེམས་ནང་མི་བདེ་བ་ཅིག་ཡོང་གི་རེད། དེ་འདྲར་སོང་མཐོ་དམན་དྲག་ཞན་སུ་འདྲ་ཞིག་ཡིན་རུང་བདེན་དོན་འཚོལ་བ་འདི་སྣང་ཆུང་བྱེད་ཐབས་མེད་པ་ཡིན། དྲང་བདེན་ཡིན་མིན་ཇི་ལྟར་རུང་སྤྱི་ཚོགས་ནང་མཐའ་ན་འུ་ཐུག་ནས་མནའ་སྐྱེལ་བ་ཚུན་ཆོད་བྱས་ཏེ། དངོས་ཡོད་བདེན་པའི་གནས་ཚུལ་ཡིན་པའི་ར་ཨེ་འཕྲོད་ལྟ་གི་ཡོད་པ་རེད། ཚན་རིག་པའི་ཡིད་དབང་འཕྲོགས་པའི་ནང་པའི་ལྟ་གྲུབ་མཐར་ཐུག་པ་ནི། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པའི་དོན་དུ་བཤད་ཚུལ་འདི་ཡིན་ལ། བཅོམ་ལྡན་འདས་ཀྱི་སྔོན་ལ་ལྟ་བ་འདི་བྱུང་བའི་ལོ་རྒྱུས་མེད་ཅིང་། བྱ་རྒོད་ཕུང་པོའི་རིར་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོ་གསུངས་པའི་སྐབས་སུ་ད་གཟོད་མང་ཚོགས་ལ་ངོ་སྤྲོད་གནང་བ་ཞིག་རེད། ཤེར་མདོའི་དངོས་བསྟན་གྱི་བཤད་ཚུལ་རྣམས་རྗེ་བཙུན་འཇམ་པའི་དབྱངས་དང་འབྲེལ་བ་ཆེ་བའི་མགོན་པོ་ཀླུ་སྒྲུབ་ཀྱིས་རྩལ་འདོན་གསལ་བཤད་གནང་བ་དང་། དེ་དང་ཆབས་ཅིག་ད་དུང་ཤེར་མདོའི་ནང་དོན་རྗེ་བཙུན་བྱམས་པ་མགོན་པོ་ནས་སློབ་དཔོན་ཐོགས་མེད་བརྒྱུད་རྩལ་འདོན་མཛད་དེ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒྲུབ་ལུགས།དེ་ལ་བརྟེན་ནས་ལམ་གྱི་རིམ་པ་འོག་མ་ནས་གོང་མར་འགྱུར་བའི་བརྒྱུད་རིམ་མཐར་ཆགས་སུ་བསྟན་པ་དང་། རིམ་པས་པཎ་གྲུབ་མང་པོས་བཀའ་རྩོམ་རྒྱ་ཆེན་པོ་མཛད་པས། ཐེག་པ་ཆེན་པོ་ཞེས་ཐབས་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་བའི་ནང་པའི་ལྟ་གྲུབ་ཁྱད་དུ་ཐོན་པ་འདི་བྱུང་། དེང་རབས་ནུབ་ཕྱོགས་པའི་ཚན་རིག་པ་ཞིག་ཡིན་ན་འདི་ལ་བརྩི་བཀུར་ཞུ་བ་མ་གཏོགས་བསྐུར་འདེབས་གནང་གི་མ་རེད།རྒྱ་ནག་གི་དབུ་གཙོ་རྙིང་ཞེན་ཅན་ཞིག་ཡིན་ན། འདི་ཐོས་པ་དང་མི་བཟོད་པའི་དབུ་ལ་ན་ཚ་གཏོང་པའི་གནད་ཟབ་མོ་ཅན་ཞིག་ཆགས་ཡོད་པ་རེད། སྲོལ་རྒྱུན་འདི་གྲོས་མ་ཉམས་ཤིང་ཟིལ་བ་ཁྲོམ་མེར་བོད་ཀྱི་མཁས་དབང་རྣམ་པའི་ཕྱག་ཏུ་དུས་ད་ལྟའི་བར་ཉར་བསྡད་ཡོད་པ་དང་། དེ་དང་འབྲེལ་བའི་བཀའ་བསྟན་གསུང་འབུམ་ཐོར་བུ་དང་བཅས་པ་བརྒྱ་ཆ་བརྒྱད་ཅུ་ཙམ་བཞུགས་སྒར་བོད་ཀྱིདཔེ་མཛོད་ཁང་དུ་བདག་གཅེས་འོག་འཚོ་བཞུགས་གནང་བཞིན་པ་རེད།
ད་ཆ་ཁོན་ཁྲིམ་ཕི་ཟིག་སི་(quantum physics)ཞེས་པ་ཚན་རིག་པའི་ཧ་ཅང་གི་གནད་འགག་ཆེན་པོར་བརྩི་བཞིན་པ་དང༌། ད་དུང་འདི་ལ་ཚན་རིག་པས་གསལ་བཤད་མཐའ་ཆོད་པ་ཞིག་གནང་མ་ཐུབ་པར་ལུས་ཡོད་པ་རེད། འདི་ཉིད་དབུ་མ་པའི་ཡུལ་དང་ཡུལ་ཅན་ཕན་ཚུན་ཁ་བྲལ་ཐབས་མེད་པར་ལྟོས་གྲུབ་ཡིན་པའི་བཤད་པ་སྟེ། སེམས་ལ་མ་བརྟེན་པར་ཡུལ་གཏན་ལ་འབེབས་མི་ཐུབ་པ་དང༌། ཡུལ་ལ་མ་བརྟེན་པར་སེམས་ཀྱང་གཏན་ལ་འབེབས་མི་ཐུབ་པས་གཅིག་ལ་གཅིག་བརྟེན་གྱི་ལྟ་ཚུལ་འདི་དང་། ཤིན་ཏུ་ཐག་ཉེ་པོར་སླེབ་འདུག་ཅེས་དངོས་ཁམས་རིག་པའི་ཚན་རིག་པ་ཚད་ལྡན་རྩེ་ཕུད་དག་གིས་རྟོགས་བཞིན་པ་རེད། དེ་འདྲའི་གནས་ཚུལ་འོག་ཚད་མ་དང་ཚན་རིག་པའི་དབར་འགལ་ཟླ་རྣོ་ངར་ཆེ་རུ་འགྲོ་རྒྱུའི་ཚབ་ཏུ། ཚད་མ་པ་དང་ཚན་རིག་པའི་དབར་རྒྱངས་ཐག་ཉེ་རུ་དང་། སེམས་ཐག་ཉེ་རུ་འགྲོ་གི་ཡོད་པ་དང༌། ཇི་ཙམ་ཉེ་རུ་སོང་པ་དེ་ཙམ་གྱིས་ནང་པའི་བྱམས་དང་སྙིང་རྗེ་ཡང་དག་པའི་ལྟ་བའི་ཁུ་ཚུར་དེ་དམར་པོའི་བག་ཆགས་འཐུག་པོ་ཡོད་མཁན་ཚོའི་འགྲམ་པའི་སྟེང་དུ་ཤུགས་ཆེ་རུ་དང་ཆེ་རུ་གཞུ་འོངས་པའི་ཉེན་ཁ་ཡོད། དམར་པོའི་རིང་ལུགས་པའི་མགོའི་སྟེང་ནས་ཁོང་ཚོའི་སྐྱབས་ཡུལ་ཚན་རིག་པས་ནང་པ་དང་མཉམ་དུ་སྤྲོ་སེམས་འཁོལ་བའི་ངང་ཕྱག་གཏོང་རེས་གནང་དུས། ད་བར་དུ་ལུས་སྲོག་འབེན་དུ་བཙུགས་ནས་ཞབས་འདེགས་ཞུས་པའི་མཐར་དམར་པོའི་སེམས་ལ་ད་ཆ་ན་སོ་རྒས་རང་མགོ་ཐོན་ཁག་པའི་དུས་སུ། སྐྱབས་ཡུལ་ཚན་རིག་ནས་ང་ལ་ཧ་ཅང་གིས་མཐོང་ཆུང་བྱས་སོང་སྙམ་སྟེ་གདོང་པ་ཤོར་མིག་ཆུ་གཏོང་བཞིན་མི་སྡོད་ཀ་མེད་རེད་སྙམ། བརྗིད་པའི་ན་བཟའ་རིང་མོ་དག་བཞེས་པའི་ཚད་མ་པ་རྣམས་ལ་རིམ་པས་ཕྱག་གཏོང་མཁན་འཛམ་གླིང་གི་མཁས་པའི་མི་སྣ་མང་དུ་དང༌། མཐོང་ཆེ་རུ་སོང་དུས་གཞི་ནས་ལ་ལས་དགོངས་དག་ཞུ་སྲིད་པ་དང་། དེ་དུས་ནང་པས་ལན་དུ་འོ་གང་ཡང་ཡོད་པ་མ་རེད་ཐུགས་སེམས་བདེ་བོ་བྱས་བཞུགས་གནང་ཞེས་ཚད་མ་པས་ཁོག་རྒྱ་ཡངས་པོས། རང་གནོང་ངོས་ལེན་པའི་དམར་ལུགས་རྗེས་འབྲང་དང་བཅས་པར་སེམས་གསོ་གཏོང་རྒྱུ་དཀའ་ཁག་གང་ཡང་མེད། བཞུགས་སྒར་རྡ་རམ་ས་ལའི་ཁ་བ་རི་བའི་ཆོས་དང་རིག་གཞུང་གི་བསྟི་གནས་བོད་ཀྱི་དཔེ་མཛོད་ཁང་ཆེན་མོའི་ལྡེ་མིག་དང་ཐམ་ག་འཛིན་པ་ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་སེམས་ལ་གང་ཤར་ཡི་གེར་བྲིས་པ་ལགས་ན། ནོར་འཁྲུལ་གྱི་ཚོགས་མཁས་དབང་རྣམས་ཀྱི་མདུན་སར་འཆགས་ཤིང་ལེགས་ཚོགས་ཀྱི་ཆ་རྣམས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུ་རུ་གྱུར་ཅིག་གུ།