༄༅། །རྒྱལ་སྲས་བྱེ་བའི་འཁོར་གྱི་དབུས་ན་མི་འཇིགས་ཆོས་ཀྱི་ཁྲི་འཕང་ཆེར།།རྒྱལ་རྣམས་གཤེགས་ཤུལ་མི་ལྡོག་བརྩོན་པའི་རིཊ་གསུམ་གདུལ་བྱའི་ཚོཊ་རྣམས་ལ།།རྒྱལ་ཀུན་གསུང་དབྱངས་རྣོན་པོ་ཟབ་རྒྱས་ཆོས་རྣམས་མ་འདྲེས་གསལ་བ་ཡིས།།རྒྱལ་བའི་གོ་འཕང་སྦྱིན་མཛད་སྟོབས་བཅུ་མངའ་བ་གང་དེ་རྒྱལ་གྱུར་ཅིག།བསྐལ་ཆེན་གཅིག་གི་ཉག་མ་འདིར། ། །ཆོས་ཀྱི་སྣང་བ་བྱིན་པའི་བུ། ། །དོན་ཀུན་གྲུབ་པའི་ཞབས་པད་ལ། ། །དུས་འདིར་དད་པས་སྤུ་ལོངས་གཡོ། ། །སྲེག་བཅད་བརྡར་བ་ཁྱེད་ཀྱི་གསུང་། །བློ་རྩེ་གཉིས་པའི་ཡིད་ཅན་གྱིས། །རལ་བའི་གཙུག་གིས་བཏུད་པའི་ཚེ། །གྲུང་པོར་རློམ་རྣམས་བག་ཡོད་བྱོས། །ཁ་བའི་རྡུལ་མང་དགུང་དུ་བརྩེགས་པའི་ཀེ་ལ་ཤ་ཡི་མུ་ཁྱུད་ཀྱིས། །ཡོངས་སུ་བསྐོར་བའི་ཞིང་འདི་སྲས་བཅས་སྤྱན་སྔར་བདག་གིར་དམ་བཅས་པས།།འཇིགས་བྲལ་ཁྲི་འཕང་མཐོན་པོར་ཆོས་སྲིད་རྩིབ་སྟོང་ཕྱག་ན་འབར་བཞིན་ད།།ཉག་གཅིག་བསྟན་འཛིན་རྒྱ་མཚོའི་ཞབས་པད་སྲིད་གསུམ་གཙུག་ན་རྒྱལ་གྱུར་ཅིག།རྒྱལ་ཀུན་གསང་གསུམ་འདུས་པའི་སྒྱུ་འཕྲུལ་གར། །ཕྱག་ན་པདྨོ་ངུར་སྨྲིག་ཟོལ་འཆང་བ། །ཁ་བའི་ལྗོངས་འདིའི་སྲིད་པ་མ་སྟོང་བར། །མགོན་པོ་ཁྱོད་མིན་སྐྱབས་གཞན་སུ་ལ་རེ། །བྱང་གི་ཕྱོགས་སུ་འཁྱག་རོམ་མཚོ་བྲི་ཞིང༌། །སྤྲ་སྲིན་འདུས་པའི་མི་ཡི་འགྲོ་བ་དང་། །རྐྱང་འབྲོང་བྱི་ལ་དོམ་སོགས་རང་བྱུང་གི །དགེ་མཚན་ཁོར་ཡུག་སྣོད་བཅུད་རིམ་གྱིས་བཞད། །གཤོང་ལ་ཁང་ཁྱིམ་རྨོ་ཞིང་འདུལ་བ་དང༌། །རི་ལ་ཕྱུགས་རིགས་འཚོ་སྐྱོང་རྒྱུ་བ་ཡི། །རང་བྱུང་ཁམས་ལ་བྱམས་པའི་སྤྱི་ཚོགས་འདི། །ང་དགུའི་བར་དུ་གོ་ལའི་རྩེ་མོར་སྐྱིད། ། ཙི་ན་ལ་སོགས་རྒྱལ་མཚམས་འདབས་འབྲེལ་བའི། །ཉེ་སྐོར་རྒྱལ་ཕྲན་ཆེ་ཆུང་དུ་མ་ནས། །སྐར་རྩིས་སྨན་དང་བཟོ་རིག་སྣ་ཚོགས་ཤིག ། །རྣམ་དཔྱོད་རིག་པའི་རྩལ་གྱིས་བགོ་སྐལ་བླངས། །ཁྱད་པར་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས། །བརྡ་དག་ཡི་གེའི་སྲོལ་ཆེན་གཏོད་པ་དང༌། ། བཅད་བདར་བསྲེག་པའི་བཀའ་བསྟན་བསྒྱུར་བ་སོགས། །བརྟན་གཡོའི་ལེཊ་ཚོགས་བསྡུ་བའི་སྒོ་མོ་ཕྱེས། །ཡོད་སྨྲའི་གཙུག་རྒྱན་ཞི་འཚོ་ཡབ་སྲས་དང་། །གྲུབ་བརྒྱའི་གཙུག་རྒྱན་པདྨ་སམ་བྷ་ཝ། །སྐད་གཉིས་སྨྲ་དབང་ཀ་ཅོག་ཞང་གསུམ་སོགས། ། །ལོ་པཎ་བཀའ་དྲིན་ཅན་རྣམས་གཙུག་གིས་བསྟེན། །དེ་ལྟ་ན་ཡང་ལོག་སྨོན་ཅན། །གླང་གི་མིང་ཅན་རྒྱལ་བློན་གྱིས། །བཅུ་ཕྲག་དུ་མའི་ལོ་གྲངས་བར། །དམ་པ་ཆོས་ཀྱི་སྒྲོན་མེ་བསྣུབས། ། དམར་གཡོ་གཙང་གསུམ་དགོངས་པ་རབ་གསལ་སོགས། །འདུལ་བསྟན་རིན་ཆེན་དབང་གི་རྒྱལ་པོ་ཡི། །བརྒྱུད་པའི་མེ་རོ་སྨད་ནས་གསོ་མཛད་པའི། །རྒྱུད་འཛིན་ཆེན་པོ་རྣམས་ཀྱི་ཞབས་ལ་འདུད། །ཕོ་བྲང་ཡེ་ཤེས་མཚན་དང་ལྷ་སྲས་ཞབས། །བྱང་ཆུབ་འོད་དང་དི་བཾ་ཀ་རའི་མཚན། །རིན་ཆེན་བཟང་པོ་ལ་སོགས་ལོ་པཎ་སྟེ། །ཕྱི་དར་བསྟན་པ་སྤེལ་རྣམས་ཕྱག་གི་ཡུལ། །མར་མི་དྭགས་གསུམ་ལ་སོགས་ཕྱག་ཆེན་རྒྱུད། །ས་ཆེན་གོང་མ་རིམ་པར་བྱོན་པ་དང༌། །འཇམ་མགོན་ཙོང་ཁ་པ་སོགས་རིས་མེད་ཀྱི། །བསྟན་འཛིན་སྐྱེས་བུའི་ཞབས་པད་གཙུག་གིས་བསྟེན། །གངས་རི་ཉི་མས་བཞུས་པའི་ཆབ་ཀྱི་རྒྱུན། །ཆུ་ཀླུང་བརྒྱ་ཕྲག་འབབས་པའི་བསིལ་ལྗོངས་སུ།།ཉིས་སྟོང་ཆིག་བརྒྱ་ཉེར་བདུན་ལོན་པའི་བར། །ལྔ་རིག་སྨྲ་བའི་མཁས་དབང་རིམ་བྱོན་དང་། །རང་གི་ཕ་ཆོས་འཛིན་པའི་བྱས་རྗེས་ཅན། །རང་ཡུལ་དོན་དུ་གཤེགས་པའི་ཆོལ་གསུམ་སྤུན། །རང་གི་རིགས་ལ་ཞེན་པའི་དཔའ་བོའི་ཚོགས། །རང་སེམས་དག་པས་གུས་འདུད་སྙིང་ནས་འབུལ། །བདེན་པའི་འབོད་སྒྲ་སྒྲོག་ལ་མི་ཞུམ་པའི། །ཉེས་མེད་དཔའ་བོ་དཔའ་མོའི་རུས་ཚིགས་རེར། །གསེར་སྲང་སྟོང་གིས་འཇལ་ཡང་མི་ལོངས་པས། །འཛམ་གླིང་བདེན་པའི་ཁྲིམས་རར་ཅིས་མི་གཏུགས། །འདི་ན་ཡུལ་འཁྱར་སྤྲང་ཆུང་བླ་རྒན་ཞིག །མཚོན་གྱིས་རྨས་པའི་སྙིང་ཁྲག་འབབས་བཞིན་དུ། །ཟུག་གཟེར་མ་བཟོད་བདེན་པའི་ཉམས་མྱོང་རྣམས། །གཟུར་གནས་ཁྲིམས་ཀྱི་མདུན་སར་སྦྱང་བཤད་བཀྱེ། །རིགས་རུས་མ་བསླད་གཙང་མ་གཡུ་རྩེའི་རྒྱུད། །པུ་རྒྱལ་འགུ་ལོག་ཞེས་བྱའི་མདོ་སྨད་དུ། །དམར་ནག་རྒྱ་ཡིས་མི་གསོད་ཆེན་མོ་དག །སྔ་ཕྱིར་མྱོང་བའི་སྨེ་ངག་ད་གཟོད་འདོན། ། ཞེས་དད་དམ་གཙང་བའི་འགུ་ལོག་ཨ་ཁུ་དམ་ཆོས་དཔལ་བཟང་ནས་ཡུལ་མདོ་སྨད་ཀྱི་ཆ་ཤས་འགུ་ལོག་ཅེས་པའི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད་ཅེས་བྱ་བ་བརྩམ་པའི་མཆོད་བརྗོད་དང་རྩོམ་པར་དམ་བཅའི་ཚིགས་སུ་བཅད་པ་རྣམས་རྩོམ་པར་བསྐུལ་བའི་ངོ་མ་ཟློག་པར། ཤོ་ལོཀཱ་གྲངས་བཅུ་ཕྲག་གཅིག་དང་ཉག་མ་དགུ་ཅན་འདི་ཉིད། ཨ་རིའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་སི་ཡ་ཁྲལ་ནས་བོད་ཀྱི་དཔེ་མཛོད་ཁང་གི་ལྡེ་མིག་དང་ཐམ་ག་འཛིན་པ་དགའ་ཤར་སོག་པ་མཁན་ཟུར་ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་སྦྱར་བ་འདིས་ཀྱང་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་གོང་ནས་གོང་དུ་འདེགས་པའི་རྒྱུར་གྱུར་ཅིག། །
གཉན་པོ་གཡུ་རྩེའི་བསང་དུད་ཀྱི་མཆོད་བརྗོད།
- Post author:GasharSockpa
- Post published:2020-06-13
- Post category:སྐུ་ཕྲེང་བཞི་པ། / སྐུ་ཕྲེང་བཞི་པའི་གསུང་རྩོམ།