༄། །བོད་རབ་བྱུང་དྲུག་པའི་མེ་བྱ་(༡༣༥༧)ལོར་མདོ་སྨད་ཀྱི་སའི་ཆ་ཤར་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང༌། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་ལ་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང༌། མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་བདུན་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང༌། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་གྲགས་པ་ཞེས་གསོལ།
ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་སྐུ་བྱིས་པའི་དུས་ནས་བདག་སྐྱོང་གིས་ཤིན་ཏུ་གཅེས་པར་མཛད་དེ་བསྐྱངས། རབ་ཏུ་བྱུང་ཞིང་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་བརྩོན་པ་དགོས་པའི་ཞལ་ཏ་སྩལ་བ་དང༌དབུས་སུ་བྱོན་པའི་ཆ་རྐྱེན་ཡང་བསྐྲུན་པར་མཛད། དགུང་ལོ་བཅུ་དྲུག་ལ་སོན་པའི་སྐབས་འབྲི་གུང་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་འདྲེན་པའི་གྲོགས་དན་དང་བཅས་དབུས་སུ་བྱོན་སྐབས་དམ་ཆོས་འཚོལ་བའི་ཐུགས་འདུན་ཁོ་ནའི་དབང་དུ་གྱུར་པས་སྐུ་ངལ་གྱི་ཆ་ཕྲ་མོ་ཙམ་གྱིས་མ་གོས་པར་ཆབ་མདོ་བརྒྱུད་དབུས་སུ་བྱོན་ཏེ་ཆུ་གླང་(༡༣༧༣)ལོའི་སྟོན་དུས་འབྲི་གུང་མཐིལ་དུ་ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ་ཞིང༌། ཐེག་ཆེན་སེམས་བསྐྱེད་སོགས་ཞུ་གནང་མཛད། དེ་རྗེས་ཚལ་བའི་སྨན་པ་མཁས་པ་དཀོན་མཆོག་སྐྱབས་ཞེས་པའི་གམ་དུ་བྱོན་ནས་སྨན་དཔྱད་ཡན་ལག་བརྒྱད་པ་སོགས་ཐུགས་འཛིན་དང་ཕྱག་ལེན་སློབ་སྦྱོང་མཛད་ནས་རིང་མིན་ཉིད་དུ་གསོ་རིག་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན་ནས་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང༌། གདན་ས་པ་དགེ་བསྐོང་གཉིས་ལས་ཆོས་འབྲེལ་གསན། བདེ་བ་ཅན་གྱི་བླ་མ་འཇམ་རིན་པར་བྱམས་ཆོས་གསན་ཞིང་ཐུགས་སུ་ཆུད་པར་མཛད། སྙེ་ཐང་ཆོས་རྫོང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་སོགས་ཞུ་བར་མཛད།
ལོ་གཉིས་ཙམ་ནས་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས་དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང༌། བདེ་བ་ཅན་སོགས་སུ་གྲྭ་སྐོར་ལ་བྱོན། གཞན་ཡང་སྔ་ཕྱིར་ས་བཟང་པཎ་ཆེན་མ་ཏི་པ་ལས་ཆོས་བཀའ་ཅི་རིགས་དང༌། སྒྲ། ཇོ་ནང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་པ། སྣར་ཐང་ལོ་ཙཱ་བ་དོན་བཟང་པ་ལས་མཛོད་དང་ཚད་མའི་ཊཱིཀྐ། རྗེ་བཙུན་རེད་མདའ་བ་ལས་མཛོད་རང་འགྲེལ། དབུ་མ། ཚད་མ། མངོན་པ་ཀུན་བཏུས་དང༌། སྐྱོར་མོ་ལུང་གི་མཁན་པོ་བློ་གསལ་བ་ལས་འདུལ་བ་དང་མཛོད། མལ་གྲོ་ལྷ་ལུང་བླ་མ་བསོད་གྲགས་ལས་ཆོས་ལུང་མང་པོ། བོ་དོང་ལོ་ཙཱ་བ་ནམ་མཁའ་བཟང་པོ་ལས་སྙན་ངག་མེ་ལོང་ལ་བཤད་རྒྱུགས། གདན་ས་མཐིལ་དུ་སྤྱན་སྔ་ཆོས་གྲགས་པ་ལས་ནཱ་རོ་ཆོས་དྲུག་དང་སྒྲ་སོགས། བླ་མ་ཡེ་ཤེས་རྒྱལ་མཚན་ལས་དུས་འཁོར་གྱི་འགྲེལ་ཆེན་སོགས། བུ་སྟོན་གྱི་དངོས་སློབ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལས་དུས་འཁོར་དང་རྡོར་འཕྲེང༌། གསང་འདུས་ལུགས་གཉིས། བུ་སྟོན་གྱི་ཡིག་ཆ་སོགས། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལས་ཡོ་གའི་སྐོར་སོགས། བླ་མ་དབུ་མ་དཔའ་བོ་རྡོ་རྗེ་ལས་དབུ་མ་འཇུག་པའི་རང་འགྲེལ་སོགས་གསན་པ་དང༌། དབུ་མ་པས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་དཔལ་དབྱངས་ལས་དབུ་མའི་ལྟ་བ། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་དང༌། རིམ་ལྔའི་གོ་རིམ་དྲང་ངེས་སོགས་དྲི་དོགས་ལེགས་པར་བཅད་པ་གནང༌།
ལྷོ་བྲག་གྲུབ་ཆེན་ལས་སྙན་བརྒྱུད་དང་བཀའ་གདམས་ལམ་རིམ་པ་དང༌། གདམས་ངག་པའི་བརྒྱུད་པ། གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་བཀའ་གདམས་གཞུང་པ་བའི་བརྒྱུད་པའི་ལམ་རིམ་སོགས་གསན་བསམ་ཚུལ་བཞིན་དུ་བགྱིས་པ་སྟེ། མདོར་ན་དབུས་གཙང་ཆོས་ཀྱི་འབྱུང་གནས་སུ་བྱོན་ནས་མཚན་ལྡན་དགེ་བའི་བཤེས་གཉེན་དག་ལས་གདམས་ངག་བསྟེན་པའི་རིམ་པ་སྟེ་གཉིས་པའོ།།