༄༅། །ལུང་དཀར་དགོན་དགའ་ལྡན་ཆོས་འཕེལ་གླིང་ནི། ཁྱབ་བདག་འགྲོ་བའི་མགོན་པོ་༸པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་མཆོག་གིས་ཞལ་བཀོད་ལྟར་རབ་བྱུང་བཅུ་གཉིས་པའི་ས་མོ་གླང་སྟེ་ཕྱི་ལོ་ ༡༧༠༩ ལོར་ཨ་མཆོག་སྐུ་ཕྲེང་དང་པོ་བསོད་ནམས་ཆོས་འཕེལ་གྱི་ཨ་ཁུ་ཨ་མཆོག་རྒྱ་བོའམ་མཚན་དངོས་ཨ་མཆོག་བློ་བཟང་ཡེ་ཤེས་ཀྱིས་གཉན་པོ་གཡུ་རྩེའི་ཉེ་འདབས་ལྷ་ལུང་ཞེས་པའི་གནས་དེར་ཕྱག་བཏབ་སྟེ་དགོན་པའི་མཚན་ལ་བསམ་འགྲུབ་བདེ་ལྡན་གླིང་ཞེས་བཏགས།
དེའི་རྗེས་ ༡༨༤༢ ལོར་གནས་དེར་ས་འགུལ་བྱུང་བའི་རྐྱེན་གྱིས་ཁང་རྒན་དཔོན་ངག་དབང་བསྟན་འཛིན་གྱིས་རེ་ཞུས་ལྟར་ཨ་མཆོག་སྐུ་ཕྲེང་གཉིས་པ་དཀོན་མཆོག་བསྟན་པའི་རྒྱ་མཚན་མཆོག་གིས་ད་ལྟའི་དགོན་པ་ཆགས་ཡུལ་སྔོ་མདོར་དགོན་ས་སྤོས། དེ་ནས་དུས་རབས་བཅུ་དགུ་པའི་མཇུག་ཙམ་ལ་ཤིང་བཟའ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་དཔལ་བཟང་པོ་ཁོང་མགོ་ལོག་ཁང་རྒན་དུ་ཕེབས་ནས་དུས་འཁོར་དབང་ཆེན་དང་བཀའ་ཆོས་མང་དུ་སྩལ། གསེར་གྱིས་བྲིས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དགོན་པ་ལ་རྟེན་སྐལ་དུ་གནང་བ་སོགས་འབྲེལ་ལམ་ཆེན་པོ་བྱུང་། སྐབས་དེར་དཔོན་ངག་དབང་བསྟན་འཛིན་གྱིས་དགོན་པའི་ཆོས་སྲིད་ལུགས་གཉིས་ཀྱི་འགན་བདག་དབང་དུ་བཞེས་དགོས་པའི་རེ་འདུན་ཞུས་པ་ལྟར་ཞལ་བཞེས་མཛད་དེ་རྟེན་འབྲེལ་གྱི་དགོན་པའི་མཚན་ལ་དགའ་ལྡན་ཆོས་འཕེལ་གླིང་ཞེས་གསོལ།
ཁོང་གིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་གཞིར་བཞག་གིས་སྒྲིག་ཁྲིམས་ཀྱི་བཅའ་ཡིག་ཆེན་པོ་ཡང་གཏན་འབེབས་མཛད་ནས་ཆོས་ཀྱི་བྱེད་སྒོ་ཁག་ཡུན་རིང་པོའི་བར་དར་རྒྱས་བྱུང་ཡང་དུས་འགྱུར་གྱི་སྐབས་ཞིག་རལ་དུ་གྱུར། ༡༩༨༢ ལོར་མཆོག་སྤྲུལ་རྡོ་རྗེ་འཆང་སྤྲུལ་ཀུན་དགའ་ཆོས་འཕེལ་གྱིས་ཡུལ་མིའི་མངོན་འདོད་གཞི་ལ་བཞག་ནས་སྔར་བཞིན་དགོན་པ་བསྐྱར་བཞེངས་མཛད། ཁོང་གི་ཐུགས་བཀོད་ལྟར་རྭ་རྒྱ་དགོན་ནས་མདོ་རྒྱུད་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་རབ་ཏུ་ཡངས་པའི་རྭ་རྒྱ་དགོན་པའི་བརྩི་བཞག་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་པ་དཔལ་བཟང་པོ་མཆོག་དགོན་པ་འདིར་གདན་དྲངས།
མཁན་རིན་པོ་ཆེ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་དགོན་པ་འདིར་མདོ་ཕྱོགས་ནས་རྒྱ་བོད་མཁས་པའི་ལུགས་སྤྱི་དང་ཁྱད་པར་དུ་༸རྗེ་ཡབ་སྲས་དང་བླ་མ་རྗེ་བཙུན་པའི་ཡིག་ཆའི་ཐོག་ནས་འཆད་ཉན་གནང་རྒྱུའི་སྲོལ་བཏོད་པ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྒྱུད་སྡེ་བཞིའི་འཆད་ཉན་སྐོར་ནི། ཁ་དོག་དཀར་དམར་ནས་བཟུང་སྟེ་བསྡུས་གྲྭ་འཛིན་གྲྭ་བཞི་དང་། གྲུབ་དོན་ས་གསུམ་ནས་བཟུང་སྟེ་ཕར་ཕྱིན་འཛིན་གྲྭ་བརྒྱད་དང་། དབུ་མ་འཛིན་གྲྭ་གསུམ། མཛོད་འདུལ་འཛིན་གྲྭ་བཞི། སྔགས་འཛིན་གྲྭ་གསུམ་བཅས་ནས་ལོ་རེ་བཞིན་བྲིས་རྒྱུགས་རྩོད་རྒྱུགས་བློ་རྒྱུགས་སོགས་རྒྱུན་སྐྱོང་གནང་བཞིན་པ་དང་། དུས་མཆོད་སྐོར་ལ་གསང་བདེ་འཇིགས་གསུམ་དང་། དུས་འཁོར། རྣལ་འབྱོར་མ། རྟ་མགྲིན་ཡང་གསང་སོགས་བླ་མེད་རྒྱུད་དང་། ཀུན་རིག་དང་། རྣམ་སྣང་མངོན་བྱང་། མི་འཁྲུགས་པ། གདུགས་དཀར། ཐིག་ལེ་བཅུ་དྲུག་སོགས་མདོར་ན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་རྡུལ་ཚོན་གྱི་ལམ་ནས་བཞེངས་ཏེ་རྒྱུད་སྡེ་སོ་སོའི་གར་ཐིག་དབྱངས་གསུམ་དང་། རྡུང་ཕྱག་ལེན་སོགས་རྒྱུད་ཀྱི་དགོངས་དོན་ལྟར་ཆད་ལྷག་མེད་པར་ལོ་ལྟར་འཚོགས་བཞིན་པ་དང་། ད་དུང་ཆོ་འཕྲུལ་སྨོན་ལམ་ཆེན་མོ། བདུན་པའི་རིགས་གྲྭ། དགུ་པའི་ཉེར་གཉིས། དགའ་ལྡན་ལྔ་མཆོད་ཆེན་མོ། སེ་རའི་བཟང་སྤྱོད་ཆེན་མོ། དགུ་གཏོར་ཆེན་མོ། གཡུ་རྩེའི་དམར་འཆམ་དང་། གཤིན་རྗེའི་ཁྲོ་འཆམ་སོགས་དུས་མཆོད་ཁག་རྒྱུན་གནས་འཚོགས་བཞིན་པ་དང་།
རྟེན་བཞེངས་ཀྱི་སྐོར་ནི། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གིས་གཙོ་སྐུ་བྱས་པའི་རྟེན་མཆོག་ཁྱད་འཕགས་དུ་མ་བཞུགས་པའི་ཚོགས་ཆེན་འདུ་ཁང་ཆེན་མོ། སྐུ་གདུང་ལྷ་ཁང་ཆེན་མོ། གདུགས་དཀར་ལྷ་ཁང་ཆེན་མོ། ཇོ་སྐུའི་ལྷ་ཁང་ཆེན་མོ། ཆོས་རའི་ལྷ་ཁང་ཆེན་མོ། ཡི་དམ་ལྷ་ཁང་ཆེན་མོ། མཆོག་སྤྲུལ་བསོད་ནམས་རྡོ་རྗེ་མཆོག་གིས་བཞེངས་པའི་ཚོགས་ཆེན་འདུ་ཁང་དང་ཆོས་ར་གཅིག་ལྕོགས་ཀྱི་ལྷ་ཁང་ཆེན་མོ། རྒྱལ་བའི་བཀའ་འགྱུར་གྱིས་གཙོ་བྱས་པའི་རྡོ་བརྩིགས་བཀའ་ཆོས་ཆེན་མོ། བཀའ་བསྟན་དང་གཟུངས་སྣ་ཚོགས་པའི་འཁོར་ཆེན་བཅུ་གསུམ་ལྷག་དང་འཁོར་ཕྲན་བཅས་ཀྱིས་དགོན་པའི་ལྕགས་རི་ཡོངས་སུ་བསྐོར་ནས་ཡོད་པ་བཅས་དང་།
མཆོད་གཞིས་ཁག་ནི། དགོན་འདིའི་ལྷ་སྡེ་གཙོ་བོ་ཁང་རྒན་གྱི་སྡེ་འབངས་ཡོངས་དང་། ཁྱད་པར་དུ་སྔོ་ཁོག་དང་། ལུང་དཀར། སོག་རུ། རྫ་ར། ལྕམ་རུ་མ་སོགས་ཀྱི་མང་ཚོགས་ནས་དད་འདུན་གཡོ་བ་མེད་པའི་ཀུན་ནས་བསླངས་ཏེ་དུས་མཆོད་ཁག་ལ་ལོ་ལྟར་ཆགས་མེད་དུ་བསྙེན་བཀུར་ཞུ་བཞིན་པ་དང་། གཞན་ཡང་རིག་གནས་སློབ་གླིང་ཟུར་དུ་བཙུགས་ནས་བོད་རྒྱ་དབྱིན་གསུམ་དང་། ཨང་རྩིས་སྤྱི་ཚོགས་ཚན་རིག་འཕྲོད་བསྟེན་བཅས་ལ་རྒྱུགས་སྤྲོད་ཀྱི་ལམ་ནས་སློབ་གཉེར་བྱེད་བཞིན་པ་སློབ་ཕྲུག་བརྒྱ་དང་བཞི་བཅུ་ལྷག་ཡོད། ཁྱོན་དགེ་འདུན་པ་བཞི་བརྒྱ་ལྷག་གིས་ཉིན་ལྟར་ཆོས་ཀྱི་བྱེད་སྒོ་ཁག་ལ་དུས་རབས་དང་མཐུན་པའི་སྒོ་ནས་སྦྱང་བརྩོན་ལ་འབད་དེ་ཡར་རྒྱས་ཀྱི་རྣམ་པར་སྐྱོད་བཞིན་པ་བཅས་སོ། །
སོག་པ་ཁང་ཚན་གྱི་ལོ་རྒྱུས་དེབ་ཐེར་ལྗང་ཁུ་ལས་བསྡུས།
བརྩོམ་པ་པོ་ལྷ་རམས་པ་བློ་བཟང་བཀྲ་ཤིས།