མཁའ་མཉམ་འགྲོ་བ་སྤྱི་དང་ཁྱད་པར་དུ། །དམུ་རྒོད་ཞིང་འདིའི་གདུལ་བྱ་རྗེས་འཛིན་སླད། །བཅུ་གཉིས་མཛད་པ་གསར་སྟོན་ཤཱཀྱའི་ཏོག །
རྣམ་འདྲེན་ཉི་མའི་གཉེན་གྱིས་འགྲོ་འདི་སྐྱོངས། །དག་དང་མ་དག་ཞིང་ཁམས་རབ་འབྱམས་སུ། །ཆུ་སྣོད་ཇི་སྙེད་དེ་སྙེད་ཟླ་སྣང་བཞིན། །
སྤྲུལ་བའི་བཀོད་པ་རིམ་དང་ཅིག་ཅར་དུ། །བསྒྱུར་མཛད་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཐུབ་དབང་ཞལ་ལས་དག་གསལ་གཉེན་པོའི་ཆོས། །
ལེགས་འོང་མཆོག་གྱུར་ཤེས་རབ་ཕ་རོལ་ཕྱིན། །མཉན་དང་སྡུད་མཛད་འཆད་ལ་ཐོགས་མེད་པ། །ཉན་ཐོས་ཀུན་དགའ་བོ་ལ་གསོལ་བ་འདེབས། །
སྔོན་ཚེ་ཙ་ན་ཀ་ཡི་གྲོང་ཁྱེར་དུ། ། བྲམ་ཟེ་ལེགས་སྒྲུབ་མཆོག་གིས་རྗེས་བཟུང་སྟེ། །རང་གཞན་དོན་ཀུན་གྲུབ་པའི་རྣལ་འབྱོར་བ། །
བདུད་འདུལ་དཔལ་བོ་ཆེ་ལ་གསོལ་བ་འདེབས། །ཐེག་པ་མཆོག་གི་རིགས་ཀྱི་མཐུ་བརྟས་བས། །འཕགས་ཡུལ་དམ་པའི་ཞབས་བསྟེན་ཤེས་བྱའི་གནས། །
ལྔ་ཕྲག་རིག་པའི་པཎ་ཆེན་སྨྲི་ཏི་པ། །དྲན་པ་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །གངས་ལྗོངས་གྲུབ་རིགས་འཁོར་བསྒྱུར་མི་ལ་རྗེ། །
གཙུག་གི་ནོར་བུར་བསྟེན་ནས་གཡའ་གངས་ཁྲོད། །སྒྲུབ་པའི་རྒྱལ་མཚན་བསྒྲེངས་པའི་རྣལ་འབྱོར་བ། །རས་པ་སངས་རྒྱས་སྐྱངས་ལ་གསོལ་བ་འདེབས། །
ཟླ་འོད་གཞོན་ནུས་རྗེས་བཟུང་ཕྱག་ཆེན་ལམ། །མངོན་དུ་མཛད་ཅིང་གཉུག་མའི་རང་ཞལ་མཆོག །གཟིགས་པས་སྒྲིབ་གཉིས་མཐར་མཛད་སྟོན་ཆུང་བ། །
དར་མ་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །གཏུམ་སྟོན་བློ་གྲོས་གྲགས་པའི་གདན་ས་ཆེར། །མདོ་སྔགས་གཞུང་ལ་ཐོས་བསམ་མཐར་ཕྱིན་ཅིང༌། །
བཀའ་གདམས་བསྟེན་པའི་དབང་ཕྱུག་སྣར་ཐང་བ། །གྲུབ་པ་ཤེས་རབ་ཞབས་ལ་གསལ་བ་འདེབས། །གྲུབ་དབང་རྒ་ལོ་བསམ་དང་སྦྱོར་བས་བརྟེན། །
གནས་ཆེན་ཀ་མ་རུ་པར་ཕྱག་བཞི་མགོན། །བཅུ་བདུན་ལོར་བསྒྲུབས་མངོན་སུན་ཞལ་གཟིགས་པ། །ཁམས་པ་ཨ་སེང་ཞབས་ལ་གསོལ་བ་འདེབས། །
བྷོ་ཊའི་ལྷོ་མོན་ནགས་ལྗོངས་སྟུག་པོ་ཡི། །འདབ་ཆགས་གྲངས་མེད་རྗེས་སུ་འཛིན་པའི་སླད། །རང་རིགས་སྐད་ཀྱིས་ཆོས་ཚུལ་སྟོན་པ་ལ། །
སྨྲ་མཁས་འདབ་ལྡན་དབང་པོར་གསོལ་བ་འདེབས། །འཇམ་མགོན་བླ་མའི་རིང་ལུགས་སྲིད་མཐའི་བར། །སྤེལ་སླད་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆེ། །
དཔལ་ལྡན་འབྲས་སྤུངས་བསྐྲུན་མཛད་ཆོས་ཀྱི་རྗེ། །བཀྲ་ཤིས་དཔལ་ལྡན་པ་ལ་གསོལ་བ་འདེབས། །བཀའ་ཕྱག་ཆོས་ཀྱི་རྒྱུན་བཟང་གཉིས་འདྲེས་སུ། །
ཐུགས་ཀྱི་བུམ་པ་བཟང་བོར་ཡོངས་བསྐྱིལ་ཞིང༌། །སྐད་གཉིས་སྨྲ་བའི་དབང་བོ་འགོས་ལོ་བ། །གཞོན་ནུ་དཔལ་གྱི་ཞབས་ལ་གསོལ་བ་འདེབས། །
པད་མས་བྱིན་ཕབས་བསམ་ཡས་མཆིམས་ཕུ་དང༌། །ཤམ་པོའི་གངས་སོགས་དབེན་གནས་ཉམས་དགའ་བར། །ཐེག་པ་རིམ་དགུའི་རྟོགས་པ་མངོན་མཛད་པ། །
རྒྱལ་བ་ཀློང་ཆེན་པ་ལ་གསོལ་བ་འདེབས། །གཞུང་ལུགས་ཀུན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཐོས་བསམ་སྒོམ་པས་ཐུབ་བསྟན་འཛིན་པ་ལ། །
ཟླ་བྲལ་འགྲོ་བའི་འདྲེན་མཆོག་དགེ་བའི་བཤེས། །སྤྱན་སྔ་དཔལ་ལྡན་བཟང་བོར་གསོལ་བ་འདེབས། །འཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པའི། །
གདན་སར་བཀའ་པོཏ་གཞུང་ལུགས་རབ་འབྱམས་ལ། །སྤྱངས་པ་མཐར་སོན་དགེ་བའི་བཤེས་གཉེན་ཆེ། །བསོད་ནམས་ཆོས་འཕེལ་ཞབས་ལ་གསོལ་བ་འདེབས། །
དཀོན་མཆོག་རྒྱལ་བའི་ཆོས་ཚུལ་མཐའ་དག་དང༌། །ཕྲ་རགས་ཤེས་བྱའི་གནས་ལ་ཐོགས་མེད་པས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་མཁས་པ། །
སྨྲ་བའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་མཁྱེན་རབ་དཔལ་ལ་འགྲན་བཟོད་པའི། །ཕུལ་བྱུང་བློ་གྲོས་མཁའ་ཐིག་འོད་སྣང་གིས། །
ཀུན་རྨོངས་བདེན་ཞེན་མཐར་བསྐྲད་ཐུབ་བསྟན་གཉེན། །དཀྱིལ་འཁོར་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་བླ་མ་མཆོག་ཁྱེད་ཀྱི། །
མཁྱེན་རབ་ཉི་མ་འབར་བའི་གཟི་བྱིན་གྱིས། །འགྲོ་ཁམས་རྒྱ་མཚོའི་ཡིད་ཀྱི་མུན་སེལ་ཕྱིར། །ཞབས་པད་བསྐལ་བརྒྱར་གཡོ་མེད་བརྟན་བཞུགས་གསོལ། །
དེ་ལྟར་ཁྱེད་ཀྱི་འཁྲུངས་རབས་ཆ་ཤས་ཙམ། །སྐལ་ལྡན་དད་པའི་གསོས་སུ་ལེགས་བཀོད་དགེས། །རབ་འབྱམས་ཞིང་གི་རྒྱལ་བའི་དམ་ཆོས་ཀུན། །
བཤད་དང་སྒྲུབ་པས་ཚུལ་བཞིན་འཛིན་ནུས་ཤོག །བདག་སོགས་འགྲོ་བ་དེང་ནས་བྱང་ཆུབ་བར། །བླ་མ་མཆོག་གིས་དགྱེས་བཞིན་རྗེས་བཟུང་སྟེ། །
ས་ལམ་བགྲོད་ལ་ཕྱི་ནང་གསང་བ་ཡི། །བར་ཆད་མེད་པར་དོན་གཉིས་ལྷུན་འགྲུབ་ཤོག །མདོར་ན་བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན། །
འཇམ་མགོན་བསྟན་པ་དར་རྒྱས་ཡུན་དུ་རིང༌། །བསྟན་པའི་སྦྱིན་བདག་མངའ་ཐང་ཆོས་འབྱོར་རྒྱས། །ཕུན་ཚོགས་སྡེ་བཞིས་ས་སྟེང་ཁྱབ་གྱུར་ཅིག །
ཅེས་པ་འདི་ནི་ངེས་པ་དོན་གྱི་ཡོངས་འཛིན་དམ་པ་ཨ་མཆོག་སྤྲུལ་བའི་སྐུ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི་འཁྲུངས་རབས་གསོལ་འདེབས་འདི་འདྲ་ཞིག་དགོས་ཞེས་སྐྱབས་རྗེ་སྐུ་ཞང་སྤྲུལ་བའི་སྐུ་ནས་མཎྜལ་རྟེན་གསུམ་ལྷ་དར་བཅས་གསུང་གིས་ནན་ཆེར་བསྐུལ་ངོར་ཤཱཀྱའི་དགེ་སྦྱོང་འཇམ་དབྱངས་བཞད་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཅེས་འབོད་པས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སུག་བྲིས་བགྱིས་པ་མངྒ་ལམ། །