ཨ་མཆོག་བསོད་ནམས་ཆོས་འཕེལ་ནི། ས་སྐྱ་འཁོན་གྱི་གདུང་བརྒྱུད་ཡིན་ཏེ། དེའང་གནམ་ལྷ་མཆེད་གསུམ་ལྷ་ལས་བབས་པའི། ཆེ་པ་ལ། སྐྱེ་རིངས། འབྲང་བ་ལ་གཡུ་རིངས། ཆུང་བ་ལ་གཡུ་བསེར་གྲགས། བར་པའི་རྒྱུད་དུ་གཡའ་སྤང་སྐྱེས་ཟེར་བ་བྱུང་བ་དེས་སྲིན་པོ་ཁྲག་མེད་ཅེས་པ་བསད་པའི་ཆུང་མ་གཡའ་འབྲུམ་སི་ལེ་མ་ཞེས་པ་འཕྲོག་སྟེ་བཙུན་མོར་བྱས་པ་ལ་གཡའ་ཕྲུག་འཁོན་པར་སྐྱེས་ཞེས་པ་བལྟམས་ཏེ། ལྷ་སྲིན་གཉིས་འཁོན་པ་ལས་བྱུང་བས་ན། འཁོན་གྱི་གདུང་བརྒྱུད་ཅིས་ཐོག་མའི་མཚན་ཆགས། གདུང་བརྒྱུད་འདི་ནི་རྒྱལ་བའི་ལུང་གིས་ཟིན་པ་ཞིག་སྟེ།
གསང་བ་སྤྱི་རྒྱུད་ལས།
མ་འོངས་འཁོན་གདུང་ཡིན་ངེས་གང་ཟག་རྣམས། ། ང་ཡི་ཉན་ཐོས་རྒྱན་དྲུག་མཆོག་གཉིས་དང༌། །
གྲུབ་ཆེན་བརྒྱ་ཅུའི་རྣམ་སྤྲུལ་མ་གཏོགས་པ། ། སྐལ་བ་དམན་པ་གཞན་དག་འབྱུང་རེ་རྐན། །
ཞེས་གསུངས་པ་ལྟར་རིགས་ཕུན་སུམ་ཚོགས་པ་ཡིན་ཚུལ་སོགས་ནི་སེར་སྐྱེ་སྤྲུལ་བའི་སྐུས་མཛད་པའི་འཇམ་དབྱངས་སྨྲ་སེང་གླིང་གི་གདན་རབས་ལ་ཞིབ་གཟིགས་མཛོད། འདིར་ཡི་གེས་འཇིགས་ནས་མ་བྲིས། འཁོན་གདུང་དེ་ལས་བར་མ་ཆད་པར་རིམ་པར་བྱུང་བ་ལས་གཙང་རྩེ་བ་བསོད་ནམས་ནོར་བུ་ཟེར་བ་དེ་མདོ་སྨད་ཕྱོགས་སུ་ཕེབས་ཏེ་སའི་དགེ་བཅུ་ཚང་ཞིང་། ས་དཔྱད་ལེགས་ཤིང་ཞིང་འབྲོག་གང་བྱེད་ཀྱི་སྟབས་བདེ་བའི་གནས་མཆོག་འདིར་གཞི་ཆགས་ནས་ཕོ་བྲང་དམར་བོ་བཞི་ཐོག་ཅན་བཞེངས། རིམ་གྱིས་རིགས་རུས་གཅིག་པའི་ཨ་མཆོག་ནག་སྐྱེད་ཚང་སོགས་རུ་གྲོང་མང་དུ་གྱེས། རབ་བྱུང་བཅུ་གཅིག་པའི་སྨད་ཞིག་ཏུ་ཨ་མཆོག་དཀའ་ཐུབ་ཡག་གི་སྲས་སུ་ཨ་མཆོག་རྒྱ་བོའི་སྐུ་འཁྲུངས། ཡབ་ཀྱིས་བོན་གྱི་གྲྭ་རྒྱུན་བྱེད་མོས་ཅིང༌། ཞང་བོ་ཁོ་ཐོ་ནོར་བུས་འཕྲོག་སྟེ་ཉིད་ནས་རབ་བྱུང་བསྒྲུབས་དབུས་སུ་བརྫངས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ནས་བསྙེན་རྫོགས་བསྒྲུབས་ཏེ། མཚན་ལ་བློ་བཟང་ཡེ་ཤེས་གསོལ། བ་གུ་ལའི་སྤྲུལ་བ་ཡིན་པར་ལུང་བསྟན། དགའ་ལྡན་དུ་སློབ་གཉེར་མཛད་པས་མཁས་པའི་གྲགས་པ་རྒྱས། སླར་མདོ་སྨད་དུ་བྱོན་ཏེ་མགོ་ལོག་ལུང་དཀར་དགོན་བཏབས། ཞང་བོའི་བཀའ་ལྟར་ཨ་མཆོག་ཞྭ་སེར་དུ་བསྒྱུར། རྣམ་སྲས་རང་ཞུགས་ཀྱིས་འགོ དཀར་ཆེན་དགོན་ཕྱག་འདེབས་མཛད། མཚམས་རྩ་ངག་དབང་ཤེས་རབ་ཀྱི་རི་ཁྲོད་ཀྱང་ཟེར། རྣམ་སྲས་ཀྱི་ལོགས་རིས་བཞེངས་པའི་ཞལ་རང་བྱོན་བྱུང༌། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་ཞིག་གོ། ངག་དབང་བློ་བཟང་ངམ་རྒྱ་བོའི་སྐུ་སྤུན་མདོ་སྨད་ཆོས་འབྱུང་ལས་བཀྲ་ཤིས་ཀྱི་སྲས་ཞེས་དང༌། འཇམ་དབྱངས་སྨྲ་སེང་གླིང་གི་གདན་རབས་ལས་ཨ་མཆོག་གཟུངས་སྐྱབས་ཡག་གི་སྲས་ཞེས་གསུངས་པའི་དགེ་བཤེས་བསོད་ནམས་ཆོས་འཕེལ་ནི། ཆོས་འབྱུང་ལས་ཤིང་སྟག་ལོ་བར་བཤད་པ་ལྟར་པ། སྤྱི་ལོ་༡༧༣ ༤རབ་ཉིའི་བགྲང་བྱ་༤༨ པ་ཤིང་སྟག་ལོར་བལྟམས། དགུང་ལོ་ ༡༧ ཐོག་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ་དང་རྣམ་གཉིས་དབུས་སུ་བྱོན་དགུང་ལོ་༤༧བར་དུ་བཀའ་པོཏ་ལྔ་ལ་ཐོས་བསམ་ཚུལ་བཞིན་བྱས་པས་ལྷ་རམས་པ་ཨང་དང་བོའི་མཚན་སྙན་ཐོབ། རྒྱུད་སྟོད་དུ་ཞུགས་ནས་རྒྱུད་སྡེ་བཞི་ལ་སྦྱང་བས་རིམ་གཉིས་ཀྱི་རྟོགས་པ་མཐར་ཕྱིན་པའི་མངོན་སྤྱོད་ཀྱི་ལས་སྒྲུབ་པ་ལ་ཆེན་ལོ་ཙཱ་བ་དང་མཚུངས་ཞེས་བསྔགས་པ་ཐོབ། འཁོར་ལོ་སྡོམ་པ་སོགས་ལྷག་ལྷ་དུ་མའི་ཞལ་གཟིགས། བསྐལ་བཟང་གི་སངས་རྒྱས་ཤིག་ཡིན་པ་ཞལ་གྱིས་བཞེས། དགུང་གྲངས་རེ་ལྔ་བ་ས་རྟ་ལོར་དག་པ་མཁའ་སྤྱོད་དུ་གཤེགས། །
རྔ་བ་རྫོང་ཡོངས་ཀྱི་གྲུབ་བདེ་སོ་སོའི་ཆོས་འབྱུང་ལས་བསྡུས།
བརྩོམ་པ་པོ་སྐལ་བཟང་ངག་དབང་དམ་ཆོས།