གཉན་རྩེ་དགོན་པ།

༄། །གཉན་རྩེ་དགོན་དགེ་ལྡན་བྱང་ཆུབ་གླིང་ནི་ཕྱི་ལོ་ ༡༧༢༦ ལོར་རྔ་སྟོད་དུ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་གྱིས་ཕྱག་འདེབས་མཛད་ཅིང། མཚན་ལ་དགེ་ལྡན་བྱང་ཆུབ་གླིང་ཞེས་གསོལ། ཁོང་གི་རྣམ་ཐར་གོང་དུ་བཀོད་ཟིན་པ་ཡིན། དགོན་པ་འདི་གཉན་རྩེ་སྐུ་ཕྲེང་རིམ་བྱོན་གྱིས་བདག་སྐྱོང་གནང་མུས་སུ་ཡོད། མདོ་སྨད་རྔ་ཡུལ་གཉན་རྩེ་དགོན་དགེ་ལྡན་བྱང་ཆུབ་གླིང་འདི་ནི་མདོ་སྔགས་ཟུང་འབྲེལ་གྱི་དགོན་སྡེ་ཞིག་ཡིན་པས་རྒྱུད་སྡེ་བཞིའི་བདུན་སྒྲུབ་དང་། ཐིག་རྡུལ་ཚོན། གར་ཐིག་དབྱངས་གསུམ། རྡུང་ཕྱག་ལེན་སོགས་སྐྱེས་ཆེན་དམ་པའི་ཕྱག་བཞེས་རྒྱུན་མ་ཆད་པར་ཡོད་པ་དང། མདོ་ཁམས་འཇང་དགུན་ཆོས་ཆེན་མོར་ཕྱི་ལོ་ ༢༠༡༥ ལོ་ནས་དུས་ལྟར་ཕེབས་བཞིན་ཡོད། དགོན་སྡེ་འདིར་འཆད་ཉན་བཙུགས་ནས་ལོ་སུམ་ཅུ་ཙམ་སོང་ཡོད། འཆད་ཉན་གྱི་ཡིག་ཆ་གཙོ་བོ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་ཡིག་ཆ་ཡིན། དགེ་འདུན་པ་ཉིས་བརྒྱ་ལྷག་གིས་ལོ་གཅིག་རིང་ལ་དབྱར་གནང་དང་དགུན་གནང་གི་ཟླ་བ་གཉིས་མ་གཏོགས་སྔ་དྲོའི་ཆོས་གྲྭར་དུས་ཚོད་གཉིས་དང་། དགོང་དྲོའི་ཆོས་གྲྭར་དུས་ཚོད་གཉིས་བཅས་རྒྱུན་ལྡན་དུ་འཚོག་བཞིན་ཡོད།

ཆོས་ཕྱོགས་མཛད་རིམ་གཙོ་བོ། འཇིགས་བྱེད་བདུན་སྒྲུབ། གསང་འདུས་བདུན་སྒྲུབ། བདེ་མཆོག་བདུན་སྒྲུབ། ཀུན་རིག་བདུན་སྒྲུབ། བསྐང་གསོ་བདུན་སྒྲུབ། མ་ཎི་བདུན་སྒྲུབ། ཆོ་འཕྲུལ་སྨོན་ལམ་རྒྱས་པ་ཉིན་བཅུ་གསུམ། བཀའ་འགྱུར་དག་འདོན། རྟ་ཟླའི་ལྔ་མཆོད། གཉན་རྩེ་སྐུ་ཕྲེང་གོང་མ་སོགས་ཀྱི་གདུང་མཆོད་སོགས་དང་། རྒྱུན་ལྡན་གྱི་དུས་བཟང་ཁག་ལ་ཕྱག་མཆོད་སོགས་འཚོགས་བཞིན་པ་དང་། གཞུང་ཆེན་ཁག་གི་འཆད་ཉན་དང་སློབ་གྲྭ་བཅས་ཡོད།

བླ་སྤྲུལ་བྱོན་པ་ཁག་ནི། སྨྱུང་གནས་སྤྲུལ་སྐུ་ཡར་འཕེལ་རྒྱ་མཚོ། ལྷ་རམས་པ་ཀུན་དགའ་རྒྱལ་མཚན་གྱི་སྤྲུལ་སྐུ་འཕྲིན་ལས་རྒྱ་མཚོ། གཉན་རྩེ་སྐུ་གོང་མའི་ཡོངས་འཛིན་ཚང་གི་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་སོགས་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་ཁྲི་རབས་བྱོན་པ་ཁག་ནི། ཁྲི་རབས་དང་པོ་སྒོ་མང་འབྲས་སྤུངས་རབ་བརྟན་རྒྱ་མཚོ། ཁྲི་རབས་གཉིས་པ་རྗེ་སྐལ་བཟང་ལུང་རྟོགས་རྒྱ་མཚོ། ཁྲི་རབས་གསུམ་པ་མཁན་རྙིང་སྐལ་བཟང་འཇམ་དཔལ་རྒྱ་མཚོ། ཁྲི་རབས་བཞི་པ་དགེ་བཤེས་ཡེ་ཤེས་གྲགས་པ། ཁྲི་རབས་ལྔ་པ་མཚོ་སྔོན་སྤྲུལ་སྐུ་སྐལ་བཟང་ཀླུ་སྒྲུབ་བསྟན་པའི་ཉི་མ། ཁྲི་རབས་དྲུག་པ་རྗེས་དཀར་ཆོས་ཀྱི་ཉི་མ། ཁྲི་རབས་བདུན་པ་འཕེ་ཥེ་སངས་རྒྱས་ཚང་བློ་བཟང་ལེགས་བཤད་རྒྱ་མཚོ། ཁྲི་རབས་བརྒྱད་པ་ཡོན་ཏན་བཟང་པོ། ཁྲི་རབས་དགུ་པ་བསྟན་པའི་ཉི་མ། ཁྲི་རབས་བཅུ་པ་ཁྱོམ་ཚཱ་འཇམ་དབྱངས་ཀླུ་སྒྲུབ་རྒྱ་མཚོ། ཁྲི་རབས་བཅུ་གཅིག་པ་གཤའ་བླ་བསྟན་པའི་དབང་ཕྱུག །ཁྲི་རབས་བཅུ་གཉིས་པ་ཀླུ་སྒྲུབ་སྙན་གྲགས། ཁྲི་རབས་བཅུ་གསུམ་པ་ཀླུ་སྒྲུབ་བཟོད་པ་རྣམ་རྒྱལ་སོགས་དང་།

རྟེན་བཞེངས་སྐོར་ནི། འདུ་ཁང་ཆེན་མོ། བླ་བྲང་གོང་མ། རྗེའི་ལྷ་ཁང་། སྒྲོལ་མའི་ལྷ་ཁང་། མགོན་ཁང་། མཆོད་རྟེན་སོགས་དང་། སྟོན་པ་ཐུབ་པའི་དབང་པོའི་གསེར་སྐུ་བྱིན་ཅན་དང་། འཇམ་དབྱངས་ཆོས་འཁོར་བདུད་རྩི་རང་འབབ་མ། ཚེ་དཔག་མེད་རྣམ་པ་མི་འདྲ་བ་དུ་མ། མགོན་པོ་ཕྱག་དྲུག་པ་སོགས་རྒྱ་གར་ཤར་ལི་ལས་གྲུབ་པ་བྱིན་ཅན་མང་པོ༑ ཙན་དན་དཀར་པོ་ལས་གྲུབ་པའི་རྒྱལ་བ་རྡོ་རྗེ་འཆང་། རིགས་གསུམ་མགོན་པོའི་སྤོས་སྐུ་རང་བྱོན་མ། རྗེའི་གདུང་རུས་འཁྲུལ་མེད་སྙིང་པོར་བཞུགས་པའི་རྗེའི་སྐུ་འདྲ། དཔོན་སློབ་ཀྱི་འདྲ་སྐུ་སོགས་གསེར་དང་སྤོས་སྨན་གྱི་སྐུ་མང་པོ་བཞུགས། གཞན་གཉན་རྩེ་དཔོན་སློབ་ཀྱིས་གུང་ཐང་ངག་དབང་བསྟན་པའི་རྒྱལ་མཚན་ལ་རྡོ་རྗེ་ཕྲེང་བའི་དབང་གནང་སྐབས་ཀྱི་དཀྱིལ་ཐང་རང་བྱོན་དུ་གྲགས་པ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་རྣམས་དང་། རྒྱུད་རྒྱལ་འདུས་པ་སོགས་དང་ལྷག་པའི་ལྷ་དུ་མའི་ཐང་སྐུ་མང་པོ་བཞུགས།

གསུང་ལ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གཙོ་བོར་གྱུར་པའི་སྐྱེས་ཆེན་དམ་པའི་གསུང་འབུམ་མང་པོ་དང་། གསེར་དངུལ་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས་ཡོད་པ་བཅས་མདོ་ཙམ་མོ། །༡༩༨༦ ལོ་ནས་ ༢༠༡༧ བར་དུ་དགེ་བཤེས་བློ་བཟང་ཚུལ་ཁྲིམས་སོགས་གྲྭ་རྒྱུན་བཅུ་བཞི་ལྷག་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད། དེ་སྔ་བོད་ཀྱི་དགའ་ལྡན་སོག་པ་ཁང་ཚན་དུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བྱོན་ཡོད།།

དཔྱད་མཆན་སྤེལ།