གནམ་ལྕགས་དགོན་པ།

༄། །རྣམ་དག་དགའ་ལྡན་བསླབ་གསུམ་དགེ་འཕེལ་བསམ་གཏན་གླིང་ནི། ཕྱི་ལོ་ ༡༤༡༠ ལོར་རྔ་གཡང་ཕྱུག་མོའི་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་སར་རྨེའུ་སྐོར་ཁོག་ཆེན་སྒྱེད་གསུམ་ཟེར་བའི་གནས་རྒྱ་གེ་བླ་བའི་རི་ཁྲོད་སྐྱིད་ཕུག་ཉི་འཁྱིལ་ཞེས་པ་དེར་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པས་ཕྱག་བཏབ། རྣམ་པར་དག་པའི་དགོན་པ་ཞེས་མཚན་གསོལ། རྟེན་སྐལ་དུ་ནཱ་རོ་བའི་ཁ་ཊཱྃ་ག་དང་མགོན་པོའི་ཞལ་ཐང་སོགས་གནང་། དགོན་ས་ཐེངས་གསུམ་ལ་སྤོར་འདུག

ཐོག་མར་རྒྱ་གེ་དཀའ་བཅུ་རིམ་བྱོན་གྱིས་བསྐྱངས་ཤིང་རྐུན་ཇག་གིས་གནོད་པ་བྱས་པས་རབ་བྱུང་བཅུ་གཅིག་པའི་ནང་དུ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ཚང་ལ་གཏད་པ་ནི་བཀའ་ཤོག་ཏུ་གསལ། དེའི་རྗེས་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་སྟེ་ཕྱི་ལོ་ ༡༧༩༠ ལོར་མདོ་སྨད་བསྟན་པའི་བདག་པོ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐྱབས་མཆོག་འཇིགས་མེད་དབང་པོ་རང་དགོན་དུ་ཞབས་ཟུང་བཀྲ་ཤིས་ཀྱི་རི་མོ་མངོན་པར་བཀོད་ནས་འདོན་ཆོས་འགའ་སྩལ་བར་མ་ཟད་དེ་དུས་དགོན་མགོ་ཡང་ཕུལ་ནས་བུ་དགོན་དུ་གྲགས་པ་འདི་ལགས་སོ།།

རྒྱ་གེ་བས་མི་དགོན་དགེ་བཤེས་རྗེ་ཚུལ་ཁྲིམས་རྒྱ་མཚོ་ཚང་ལ་ཆོས་སྲིད་ལུགས་གཉིས་ཀྱི་བྱེད་པོར་བསྐོ་བཞག་མཛད། རྗེ་འདི་ཉིད་མི་མགོན་བསྟན་པའི་གསལ་བྱེད་ཆེན་པོ་སྐུ་ཕྲེང་དང་པོ་ཡིན། ཁོང་ནི་ཕྱི་ལོ་ ༡༨༢༦ ལོར་མདོ་སྨད་རྔ་ཡུལ་གྱི་སའི་ཆར་གཏོགས་རྨེའུ་སྐོར་གཤོང་བ་སྡེ་པའི་མི་མགོན་ཚང་དུ་སྐུའི་མཚན་དཔེ་གསར་དུ་བཞད། ༡༨༢༨ ལོར་དཔལ་ལྡན་སྨྲ་སེང་གླིང་དུ་ཆོས་སྒོར་ཞུགས། བླ་མའི་གསུང་བཞིན་དབུས་ཕྱོགས་དགའ་ལྡན་སོག་པ་ཁང་ཚན་དུ་དགེ་བའི་བཤེས་གཉེན་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། ༡༨༣༨ ལོར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། ལྟོ་སྐྱ་གོས་ཧྲུལ་གྱིས་དཔེ་གཟིགས་རྡོ་རུས་ཐུག་པ་ལྟ་བུ་གནང་བར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་མཛད་པས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་རྒྱས། ༡༨༩༢ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན།

སྐུ་ཕྲེང་གཉིས་པ་ ༡༨༩༣ ལོར་འཁྲུངས། རྐྱེན་དབང་གིས་ཁྲིར་འཁོད་ལོངས་མ་བྱུང་། ༡༩༡༥ ལོར་སྐུའི་བཀོད་པ་བསྡུས། སྐུ་ཕྲེང་གསུམ་པ་སྐྱབས་རྗེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་མཆོག་ཕྱི་ལོ་ ༡༩༡༦ ལོར་རྔ་བའི་སྟོད་ཀྱི་ཆར་ཕྱོགས་བཞིའི་ཁེར་ཁང་ཚང་གི་ཡབ་ཆོས་མགོན་དང་ཡུམ་སྣ་བཟའ་ཚེ་རིང་འཚོ་གཉིས་ཀྱི་སྲས་སུ་ཁྱད་མཚར་བལྟས་བཅས་སྐུ་བལྟམས། ཀུན་མཁྱེན་ལྔ་པ་ཆེན་མོས་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད། རང་དགོན་གྱི་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ། རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱངས་ཚུལ་བཞིན་དུ་མཛད། དུས་དབང་གི་རྐྱེན་གྱིས་སྐུ་ཚེགས་ཚད་མེད་མྱངས། ༡༩༧༨ ལོར་སྐུའི་བཀོད་པ་བསྡུས་ཚུལ་བསྟན།སྐུ་ཕྲེང་བཞི་པ་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ ༡༩༧༩ ལོར་ཡབ་ཐོགས་བཟང་དང་ཡུམ་ཨ་འཁྱིལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་གི་སྟེང་མཆོད་རྟེན་ལྕོག་ཐེག་ཆེན་བྱམས་པ་གླིང་གི་ཆོས་སྒོར་ཞུགས། དགུང་ལོ་བརྒྱད་ཀྱི་སྟེང་ཨ་མཆོག་རིན་པོ་ཆེའི་ཞལ་གསུང་ལྟར་ཨ་མཆོག་མཚན་ཉིད་དགོན་དུ་ཞུགས་ཤིང་མཚོ་སྔོན་ཚང་ཀླུ་སྒྲུབ་བསྟན་པའི་ཉི་མ་སོགས་ཀྱིས་ཡོངས་འཛིན་མཛད། དེའི་རྗེས་སུ་འཕགས་ཡུལ་དུ་ཕེབས་ནས་དགའ་ལྡན་སོག་པ་འཇམ་དབྱངས་ཁང་ཚན་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་གནང་ནས་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་ལྷ་རམས་རྒྱུགས་སྤྲོད་དུ་ཕེབས་བཞིན་པའོ།།(ཁོང་གི་རྣམ་ཐར་གོང་དུ་གསལ།)

དེ་བཞིན་ཨ་ལགས་སྔགས་རམས་པ་མཆོག་དང་ཤིང་བཟའ་ཚང་རྗེ་བློ་བཟང་བསྟན་པ་དར་རྒྱས་ཁྲི་གདན་ཟུར་དང་བཅས་པས་དགོན་འདི་ལ་ཐུགས་ཁུར་དང་བཀའ་དྲིན་བླ་མེད་ཀྱིས་སྐྱོང་བཞིན་པ་བཅས་སོ། །དེང་གི་ཆར་ཆོས་སྡེ་རང་གི་བཤད་སྒྲུབ་འཆད་ཉན་གཙོ་བོ་རྒྱུད་སྡེ་བཞིས་མཚོན་པའི་ཆོ་ག་དྲུག་གི་ཐིག་རྡུལ་ཚོན་ས་ཆོག་དང་བཅས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་ལེན་མ་ཉམས་པར་གནང་དང་གནང་མུས་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་ལྟར་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་སྨོན་ལམ་ཆོ་ག་ཇི་ལྟ་བ་བཞིན་བཙུགས།

དབྱར་དགག་གསོ་གསུམ་སོགས་ཨ་ཁུ་ཚང་གི་གཞི་གསུམ་ལག་ལེན་ལྟར་དང་། ༢༠༡༥ ལོ་ནས་བཟུང་སྔར་ཡོད་ཀྱི་ཆོ་ག་ཆོས་སྤྱོད་ཁར་མི་མགོན་བསྟན་པའི་རྒྱལ་མཚན་མཆོག་གི་ཞལ་གསུང་ལྟར་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་སྙན་གྲགས་ཚང་གདན་དྲངས་ཏེ་བསྡུས་གྲྭ་དང་ཐ་སྙད་རིག་གནས་སོགས་སྦྱང་བ་བྱེད་བཞིན་པ་བཅས་མདོར་མཚོན་པ་ཙམ་མོ།།

ལོ་རྒྱུས་འདི་དགོན་པ་རང་དང་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་བ་ཚིག་སྣ་ཅུང་བསྡུས་ཏེ་བཀོད་པའོ། །༡༩༩༠ ནས་ ༢༠༡༧ བར་དུ་མི་མགོན་བསྟན་པའི་རྒྱལ་མཚན་སོགས་གྲྭ་རྒྱུན་གསུམ་ལྷག་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད།།

དཔྱད་མཆན་སྤེལ།