༄༅། །དགའ་ཤར་སོག་པ་ཁང་ཚན་གྱི་ལོ་རྒྱུས་ལེའུ་གཉིས་པ་བཞུགས་སོ།།

༄༅། །མཚན་དཔེའི་བཀོད་པ་སྤྲུལ་བའི་གར་བསྒྱུར་ངུར་སྨྲིག་གྱོན་པའི་དགེ་སྦྱོང་ཚུལ།།
དྲུག་ཅུའི་དབྱངས་ལྡན་དོན་བཞིན་སྟོན་པ་བདེན་བཞིའི་འཇུག་ལྡོག་སྲོལ་འབྱེད་དངོས།།
མཉམ་གཞག་གསལ་སྟོང་རྟེན་འབྱུང་དངོས་ཡོད་ཇི་བཞིན་གཟིགས་པའི་བློ་གྲོས་མཆོག།
འཕགས་པའི་ཡུལ་འདིར་ཉན་ཐོས་སྤྱོད་པའི་ཐུབ་དབང་མཚན་ཅན་གང་དེར་འདུད།།

རྡོ་རྗེ་འཆང་དངོས་སྟོན་པ་མཆོག་གིས་གདུལ་བྱའི་ཁམས་བཞིན་དོན་སྟོན་པ།།
བྱ་རྒྱུད་རྩ་བཞིའི་དགོངས་དོན་ཇི་བཞིན་བསམ་གཏན་བཞི་ཡི་བསྙེན་སྒྲུབ་ལ།།
པདྨའི་རིགས་གཏོགས་འཕགས་མ་ཏཱ་རེའི་སྒྲུབ་ཐབས་གསུང་གི་མན་ངག་སྩལ།།
ཕྱག་འཚལ་མཆོད་བསྟོད་རྒྱུན་ཆད་མེད་པར་གསོལ་བ་འདེབས་སོ་བྱིན་ཆར་ཕོབས།།

སྐྱེས་ཙམ་ཉིད་ནས་རང་བཞིན་བཟང་ཞིང་ཚུལ་བཞིན་སྤྱོད་པའི་ཡིད་དབང་འཕྲོག།
གཞོན་ནུའི་དུས་ནས་མང་ཐོས་འབྱོར་པས་མཁས་བརྒྱ་སྨྲ་བའི་གཙུག་ན་རྒྱལ།།
འཆད་རྩོད་རྩོམ་པས་ཚིམ་པར་མ་བྱས་ཉམས་ལེན་གསུམ་སྒྲིལ་གདམས་པ་བརྙེས།།
མདོ་རྒྱུད་དགོངས་དོན་གཅིག་ཏུ་སྒྲིལ་བའི་བློ་བཟང་གྲགས་པའི་དཔལ་དེར་འདུད།།

ཞི་དུལ་སྐུ་ཡི་གཟི་མདངས་མཇལ་ཚེ་དང་བའི་ཡིད་རབ་གཏིང་ནས་གུས།།
དངོས་ཡོད་བདེན་པའི་གསུང་གི་སྒྲ་དབྱངས་མི་འཇིགས་སྨྲ་བའི་སྤོབས་པ་འཆང་།།
ཀུན་ལ་ཉེ་རིང་རིས་སུ་མ་མཆིས་བྱམས་དང་བརྩེ་བས་ཡོངས་སུ་གཏམས།།
བཀའ་དྲིན་གསུམ་ལྡན་ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོའི་ཞབས་རྡུལ་བཀུར།།

མདོ་སྔགས་བསྟན་པ་ཟུང་དུ་འཇུག་པའི་རྗེ་ཡི་གདན་ས་ནོར་བུའི་གླིང་།།
བཀའ་བསྟན་གཞུང་ལུགས་དོན་བཞིན་སྟོན་མཛད་མཚན་ལྡན་དགེ་བའི་བཤེས་ཀྱི་མགོན།།
གཞུང་ཆེན་པོད་ལྔའི་ཕ་མཐར་སོན་མཛད་ཚུལ་བཞིན་སྤྱོད་པ་ཆོས་མཐུན་གྲོགས།།
དང་བའི་ཡིད་ཀྱིས་ཐལ་མོ་སྦྱོར་བཞིན་འབྲལ་བ་མེད་པའི་ཤིས་བརྗོད་གྱེར།།

ཨ་ཡིག་མཚན་གྱི་ཕྲེང་བའི་ཅོད་པན་ལུ་གུ་རྒྱུད་དུ་བདག་གིར་བཞེས།།
མདོ་སྡེའི་གསུང་རབ་བཀའ་བསྡུ་བྱེད་པོ་ཉན་ཐོས་ཀུན་དགའི་མཛད་པ་བསྐྱངས།།
འཕགས་བོད་མཁས་པའི་གཞུང་ལམ་བྱེད་པོ་མི་འཇིགས་གདོང་ལྔའི་ཁྲི་ལ་བརྗིད།།
ཐོས་བསམ་ལས་ལ་གཅིག་ཏུ་སྐུལ་མཛད་རྩ་བའི་བླ་མས་དུས་ཀུན་སྐྱོངས།།

ལོ་རྒྱུས་གཏམ་ཚོགས་དུས་བཞིའི་འགྲོས་ལྟར་ཁོར་མོ་ཡུག་ཏུ་མཆེད་ན་ཡང་།།
ལོ་དང་དུས་ཚིགས་འཁྲུལ་མེད་གཅིག་གྱུར་ཉིན་མོའི་སྐར་ལྟར་མཐོང་དུ་དབེན།།
ཆོས་ཀྱི་མཛད་རྣམ་བྱུང་བ་ངོ་མཚར་གླེང་བརྗོད་འབུམ་དུ་བཀྲམས་ན་ཡང་།།
གདན་ས་དག་གི་ཁང་ཚན་ཆོས་འབྱུང་རྙེད་དུ་ཡོད་པ་རེ་གཉིས་ཙམ།།

ཆོས་འབྱུང་ལོ་རྒྱུས་གཏམ་དུ་སྨྲ་བའི་ཐོས་བརྩོན་ཏིལ་ལས་ཕྲ་ན་ཡང་།།
མི་ཚེའི་ལམ་སྟོན་བདག་ཉིད་ཆེན་པོའི་བཀའ་ལུང་ཟློག་པའི་སྤོབས་མ་མཆིས།།
འཛིན་དང་བསྐྱར་སྦྱོང་བྱ་བའི་གསེབ་ནས་ཁོམ་ལོང་གོ་སྐབས་ཕྲ་ན་ཡང་།།
ལེ་ལོ་གསུམ་གྱི་ཞུམ་པ་སྤངས་ནས་འབྲི་བ་བདག་གིས་ཁུར་དུ་བླངས།།

སོག་པ་འཇམ་དབྱངས་ཁང་ཚན་གྱི་བྱུང་རིམ་ངོ་སྤྲོད།

༄། །སོག་པ་ཞེས་པའི་མཚན་ཐོགས་ཚུལ་སྐོར། སོག་པ་འཇམ་དབྱངས་ཁང་ཚན་འདི་ཕྱག་འདེབས་པ་པོ་སུ་ཡིན་གྱི་སྐོར་སྔར་ཡོད་ཀྱི་ལོ་རྒྱུས་རྣམས་སུ་གསལ་ཁ་ཡོད་པ་རྙེད་སོན་མ་བྱུང་ཡང་སོག་པ་ཞེས་པའི་མཚན་ཐོགས་སྟངས་ལ་བཤད་ཚུལ་མི་འདྲ་བ་འགའ་རེ་འདུག་མོད། ལོ་རྒྱུས་ལྡན་པ་ཡིག་ཐོག་ལ་ཡོད་པ་དེ་འདྲ་ལག་སོན་མ་བྱུང་ཡང། རྒན་རབས་པ་ཚོའི་ངག་རྒྱུན་ལ་ཡོད་པ་དེ་ཚོ་འདི་ལྟར། དེ་ཡང་སོག་པོ་ཞེས་དང་སོག་པ་ཞེས་འབོད་སྲོལ་གཉིས་ཡོད། སོག་པོ་ཞེས་པའི་སྟེང་ནས་འགྲེལ་མཁན་ཚོས་སོག་པོའི་གྲྭ་རྒྱུན་རྣམས་ཀྱི་ཐོབ་ཁུངས་ཡིན་པའི་ཆ་ནས་སོག་པོ་ཞེས་ཐོགས་པ་རེད་ཅེས་ཟེར།

རྒྱ་གར་ནས་ཁང་ཚན་འདིའི་མཚན་ཐོ་རྒན་པ་དགེ་བཤེས་དཀོན་མཆོག་ཐབས་མཁས་ནས་གསུང་དོན། འབྲས་སྤུངས་སྒོ་མང་མཁན་ཟུར་རྒན་ངག་དབང་ཉི་མ་ལགས་ནས་སོག་པ་ཁང་ཚན་དེ་སྔོན་མ་སོག་པོ་ཁང་ཚན་ཞེས་པའི་སྒྲ་དེ་ཟུར་ཆགས་པ་རེད། དེ་ཡང་སྔར་སོག་པ་ཁང་ཚན་དེ་སོག་པོ་ཚོའི་ཐོབ་ཁུངས་ཡིན་པ་རེད། སོག་པ་ཁང་ཚན་ལ་སོག་པོའི་ལས་སྦྱོར་མང་པོ་བྱེད་སྲོལ་ཡོད། དཔེར་ན་སོག་མོ་འདེབས་པ། སོག་ཉན་བྱེད་པ། སོག་པ་མེ་བསྲེག་བཏང་ནས་གས་སྲུབས་ཀྱི་རི་མོ་ལ་བརྟགས་ནས་འཆར་འགོད་བྱེད་པ་སོགས་སྲོལ་རྒྱུན་མང་པོ་ཞིག་སོག་པ་ཁང་ཚན་ལ་བྱེད་སྲོལ་ཡོད་པ་རེད། དེ་ཚོ་ཚང་མ་སོག་པོ་ནས་དར་ཡོང་བ་རེད་ཅེས་གསུངས་བྱུང་བ་རྒན་དཀོན་མཆོག་ཐབས་མཁས་ལ་གསལ་པོ་གསུང་རྒྱུ་འདུག

ཡང་སོག་པ་ཞེས་འགྲེལ་མཁན་ཚོས་འབྲས་སྤུངས་སུ་༸གོང་ས་༸མཆོག་སྐུ་ཕྲེང་ན་རིམ་ཆིབས་བསྒྱུར་སྐབས་ཆིབས་བཤོལ་གནང་སྟེ་སྐུ་ཕྱག་འབུལ་ཡུལ་གྱི་ས་ཆ་ཞིག་ཡོད་པ་དེའི་མིང་ལ་སོག་པ་སྒང་ཞེས་ཟེར། ས་ཆ་དེ་དང་གཅིག་མཚུངས་ཤིག་དགའ་ལྡན་དུ་ཡོད་པ་དེའི་མིང་ལའང་སོག་པ་སྒང་ཞེས་འབོད་ཅིང་ས་ཆ་དེ་ཁང་ཚན་གྱིས་བདག་དབང་བྱེད་པའམ་ཁང་ཚན་གྱི་ས་ཆ་ཞིག་ཡིན་པས་ན་དེའི་མིང་ཁང་ཚན་གྱི་མིང་དུ་ཆགས་ཏེ་སོག་པ་ཁང་ཚན་ཞེས་མཚན་ཐོགས་པ་རེད་ཅེས་ཀྱང་ཟེར།

སྒྲ་ཟུར་ཆགས་པ་ཡིན་མིན་བཤད་ཚོད་དཀའ་ཡང་། ཐེ་པོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བརྩམས་གནང་བའི་ཨ་མཆོག་སྐུ་ཕྲེང་གཉིས་པ་༸རྗེ་བཙུན་༸དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་པ་དཔག་བསམ་ལྗོན་པ་ལས། སོག་པ་ཁང་ཚན་གྱི་ཚོམས་སུ་ཁྲི་ཆེན་ནམ་མཁའ་བཟང་གི་བཞུགས་ཁྲིར་སྤྱན་དྲངས་ཏེ་གཞིས་ལེན་
རྒྱས་པ་ལྟར་ཞེས་གསུངས་པས་དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ནས་སོག་པ་ཞེས་འབོད་ཀྱིན་ཡོད་པ་ཤིན་ཏུ་གསལ། འཇམ་དབྱངས་ཁང་ཚན་ཞེས་འབོད་པ་ནི་ཆེས་ལོ་རྒྱུས་ལྡན་པ་ཞིག་ཡིན། དེ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས་དགའ་ལྡན་དུ་ས་བདག་ལྟོ་ཐིག་གནང་སྐབས་ས་བདག་གི་ལྟེ་བར་སོག་པ་ཁང་ཚན་ཁེལ་ཡོད་པས་དེ་ལ་ས་བཅོས་སུ་མཁས་གྲུབ་རྗེ་རང་གིས་ཕྱག་བྲིས་གནང་ཞིང་རྒྱུ་ཆ་རྗེ་བདག་ཉིད་ཆེན་པོའི་ཤངས་ཁྲག་ལས་གྲུབ་པའི་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་ཐང་ཐོག་བརྩེགས་གཅིག་ཅན་ཞིག་བཞེངས་བསྐྲུན་གནང་ཡོད་པ་དེ་སོག་པ་ཁང་ཚན་དུ་བཞུགས་ཡོད་པ་གནས་བརྟན་བགྲེས་པ་རྣམས་ཀྱི་གསུང་རྒྱུན་དུ་ཡོངས་གྲགས་སུ་ཡོད།

དེའི་སྐོར་ལ་དགེ་བཤེས་དཀོན་མཆོག་ཐབས་མཁས་ལགས་ནས་ཕྲན་ལ་སྒྲུང་རིང་པོ་ཞིག་གསུངས་མྱོང། ཕྱི་ལོ་ ༡༩༦༩ལོར་གདན་ས་ཁག་སྦག་ས་ཆོས་སྒར་ནས་
རྒྱ་གར་ལྷོ་ཕྱོགས་ལ་གནས་སྤར་ཏེ་དགའ་ལྡན་དགོན་པ་ལྷོ་ཕྱོགས་མོན་གྷོ་རུ་གཞིས་ཆགས་ནས་དེའི་རྗེས་ལོ་རབས་བདུན་ཅུའི་ནང་སོག་པ་ཁང་ཚན་གསར་དུ་འཛུགས་སྐྲུན་བྱེད་སྐབས་དགེ་བཤེས་ཁོང་དྷ་ས་རུ་ཤེས་རིག་དཔར་ཁང་དུ་ཁང་ཚན་སྤྱི་ཁང་གསར་རྒྱག་གི་ཆེད་དུ་སློང་དེབ་བཟོ་རུ་སོང་འདུག །དེའི་སྐབས་ཤེས་རིག་ལས་བྱེད་གཙོ་གྲས་ཤིག་སྟེ་མིང་ལ་ཉག་རེ་ཆོས་མཛད་ཟེར་བ་ཞིག་ཡོད་འདུག། །མིང་འདོགས་ལ་སྟུན་གོ་ཟེར། སོག་ཉག་གཉིས་ཉེ་ལོགས་ཡིན་པས། ཁོང་སོག་པ་ལ་དགའ་ཞེན་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག །ཁོང་ལ་དགེ་བཤེས་ལགས་ནས་དགའ་ལྡན་དུ་སོག་པ་ཁང་ཚན་གྱི་སྤྱི་ཁང་ཞིག་རྒྱག་རྩིས་ཡོད། དེའི་ཆེད་དུ་སློང་དེབ་ཅིག་བཟོ་རོགས་དགོས་འདུག་ཅེས་ཞུས་པར། ཁོང་གིས་དེ་ཧ་ཅང་ཡག་པོ་རེད། ཡིན་དང་ཡིན། ངས་སློང་དེབ་བཟོ་རོགས་བྱེད་ཆོག །ཉིན་ཁ་ཤས་རྗེས་ནས་ལེན་དུ་ཤོག །ཡིན་ན་ཡང་དགེ་བཤེས་ལ་དྲི་བ་ཞིག་ཡོད། སོག་པ་འཇམ་དབྱངས་ཁང་ཚན་གང་འདྲ་ཐོགས་པ་ཡིན་སྐོར་དགེ་བཤེས་ལགས་ནས་མཁྱེན་གྱིན་ཡོད་ན་ཅིག་གསུང་རོགས་གནང་ཞེས་དྲིས་འདུག

དགེ་བཤེས་དཀོན་མཆོག་ཐབས་མཁས་ཁོང་གིས། སྔར་དགའ་ལྡན་དགོན་པ་ཕྱག་འདེབས་སྐབས་ས་བདག་ལ་ས་སློང་དགོས་པ་རེད། དེའི་སྐབས་ས་བདག་ལྟོ་ཐིག་འདེབས་མཁན་མཁས་གྲུབ་རྗེ་ཡིན་འདུག །ས་བདག་གི་ལྟེ་སྙིང་མགྲིན་པ་གསུམ་ལ་སོག་པ་དང་ཏཱ་དབོན་དང་བསམ་བློ་གསུམ་ཁེལ་ཡོད་འདུག །སོག་པ་ལ་འཇམ་དབྱངས་ཞལ་ཐང་དང་ཏཱ་དབོན་ལ་བྱམས་སྐུ་བསམ་བློ་ལ་རྗེའི་སྐུ་འདྲ་བཅས་ས་བདག་ཀླུ་གཉན་གྱི་ཁ་གནོན་དུ་ཕུལ་ཡོད་འདུག །རྒྱུ་མཚན་དེའི་དབང་གིས་སོག་པ་ཁང་ཚན་ལ་སོག་པ་འཇམ་དབྱངས་ཁང་ཚན་དང་། ཏཱ་དབོན་ཁང་ཚན་ལ་ཏཱ་དབོན་བྱམས་པ་ཁང་ཚན་སོགས་ཐོགས་པ་རེད་ཅེས་ཞུས་པར་ཁོང་གིས་དངོས་གནས་ཡག་པོ་གསུངས་སོང་། དེས་ན་ང་ལ་འཇམ་དབྱངས་ཀྱི་སྐུ་འདྲ་ཞིག་ཡོད། དེ་སོག་པ་ཁང་ཚན་ལ་རྟེན་འབྲེལ་གྱི་ཚུལ་དུ་དབུལ་རྒྱུ་ཡིན་ཞེས་སྒྲུང་རིང་མང་པོ་ཞིག་གསུངས་པ་བདག་གིས་ཐེངས་མང་པོ་གོ་མྱོང་།

གྲོང་ཁྱེར་ལྷ་ས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་ཡིག་རྒྱུ་ཆ་རྩོམ་འབྲི་ཨུ་ཡོན་ལྷན་ཁང་ནས་རྩོམ་འབྲི་བྱས་པའི་ <<དགའ་ལྡན་དགོན་པ་དང་བྲག་ཡེར་པའི་ལོ་རྒྱུས་>> ཞེས་པའི་ནང་། བསམ་བློ་དང་རྟ་དབོན། སོག་པ་གསུམ་ཆགས་ཡུལ་ས་བདག་གི་སྤྱི་མགྲིན་སྙིང་ཁ་རྣམས་སུ་ཁེལ་བས་ཁ་གནོན་དུ་རྟེན་གཙོ་རྗེ་རིན་པོ་ཆེ་དང། བྱམས་པ།

འཇམ་དབྱངས་(ཐང་སྐུ)བཅས་ཀྱི་སྐུ་བརྙན་ཡིན་པ་དང། དེ་མིན་ཁང་ཚན་མི་ཚན་ཕལ་ཆེར་གྱི་རྟེན་གཙོ་བོ་རྗེ་ཡབ་སྲས་ཡིན་ཞིང་། ཞེས་གསལ་ཡོད། དེ་བཞིན་མདོ་སྨད་ཆོས་འབྱུང་ལས། (ཁྲི་ནམ་བཟང་བའི་སྐབས།) རྗེ་ཉིད་ཀྱི་ཐུགས་དམ་རྟེན་འཇམ་དབྱངས་ཐང་ག་ཕྱག་བྲིས་མ་དགའ་ལྡན་སོག་པ་ཁམས་ཚན་དུ་བཞུགས། དེའི་སྟབས་ཀྱིས་ཁམས་ཚན་དེར་དགེ་བཤེས་མང་དུ་ཐོན། ཞེས་གསུངས་ཡོད།

ཀློང་བརྡོལ་བླ་མས་འཇམ་དབྱངས་སྐུ་ཐང་གི་རྗེས་སུ་མ་མཐའ་ཡང་དགེ་བཤེས་རེ་རེ་རྒྱུན་མ་འཆད་པར་འོང་། ཞེས་ལུང་བསྟན་གནང་ཡོད་འདུག དེ་ལྟ་བུའི་ཞལ་ཐང་བྱིན་ཅན་དེ་དག་ ༡༩༥༩ ལོ་བར་དུ་སོག་པ་ཁང་ཚན་རང་དུ་བཞུགས་པས་སོག་པ་འཇམ་དབྱངས་ཁང་ཚན་ཞེས་མཚན་དེ་ཡོངས་གྲགས་སུ་གྱུར་འདུག དེ་ནི་སོག་པ་ཁང་ཚན་ལ་རྗེ་འཇམ་པའི་དབྱངས་ཀྱི་སྐུ་རྟེན་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་མཚན་དེ་ལྟར་ཐོགས་པ་ཡིན་ལ། རྗེ་འཇམ་པའི་དབྱངས་ཀྱི་ཞལ་ཐང་འདིའི་རྒྱུ་ཆ་རྗེ་བདག་ཉིད་ཆེན་པོའི་ཤངས་ཁྲག་ལས་གྲུབ་པ་ཁོང་གི་ཐུགས་སྲས་ཀྱི་གཙོ་བོ་མཁས་གྲུབ་རིན་པོ་ཆེས་ཕྱག་བྲིས་གནང་བ་སོགས་ཆེས་བྱིན་རླབས་དང་དངོས་གྲུབ་ཀྱི་རྟེན་གཙོ་བོ་ཁྱད་པར་ཅན་ཞིག་ཏུ་ཀུན་གྱིས་མཐོང་ཆོས་སུ་གྱུར་པར་བརྟེན་དགའ་ལྡན་གྱི་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་དག་གི་མཚན་ཕུད་དམ་བཅའ་འཇོག་སྐབས། ཐོག་མར་སོག་པ་འཇམ་དབྱངས་ཁང་ཚན་དུ་འཇོག་སྲོལ་ཡོད་པ་ཡང་ཞལ་ཐང་བྱིན་ཅན་དེ་ཁང་ཚན་འདིར་བཞུགས་པས་རྟེན་འབྲེལ་ཁྱད་པར་ཅན་ཞིག་ཏུ་རྩི་སྲོལ་དར་ཡོད་པ་རེད་འདུག

དུས་ད་ལྟ་ཡང་ཕྱག་སྲོལ་བཟང་པོ་དེ་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་བཅས་སོག་པ་འཇམ་དབྱངས་ཁང་ཚན་གྱི་མཚན་ཐོགས་ཚུལ་མདོ་ཙམ་བརྗོད་པ་དེས་འཐུས་པར་བྱ་ལ༑ དེ་ནས་༡༩༥༧ལོར་སྐྱབས་རྗེ་མཁན་ཟུར་ཨ་མཆོག་རིན་པོ་ཆེ་གདན་སར་ཕེབས་ནས་ཁང་ཚན་འདིར་སློབ་གཉེར་གནང་སྐབས་ཁོང་གིས་ཞལ་ཐང་བྱིན་ཅན་དེའི་མདུན་ནས་རྒྱན་འཇུག་གཉིས་དང་། འཇམ་དཔལ་མཚན་བརྗོད། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་སོགས་སྐྱོར་སྦྱང་གནང་ཡོད་པ་དང་། ཁོང་གིས་ཞལ་ཐང་དེ་གཟིགས་སྐབས་བྲིས་བཟོ་ཤིན་ཏུ་ལེགས་ཤིང་། རྗེ་འཇམ་པའི་དབྱངས་ཀྱི་ཕྱག་གཡོན་པ་ན་བརྒྱད་སྟོང་པའི་གླེགས་བམ་བསྣམས་ཡོད་པ་དང་། དེ་ལ་འཇམ་དབྱངས་གང་བློ་མ་ཞེས་དང། ཕྱག་གཡས་པ་ན་ཤེས་རབ་ཀྱི་རལ་གྲི་བསྣམས་ཡོད་པ་སོགས་ད་ལྟ་དྲན་ལམ་དུ་གསལ་འདུག་ཅེས་གསུངས་བྱུང་།

དེས་ན་སོག་པ་ཁང་ཚན་འདི་མཁས་གྲུབ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ནས་དགའ་ལྡན་དགོན་གྱི་ཆ་ཤས་སུ་གྱུར་ཡོད་པའི་ཚོགས་སྡེ་རྙིང་གྲས་ཤིག་ཡིན་པར་འཇམ་དབྱངས་ཀྱི་ཞལ་ཐང་འདིས་ཀྱང་མཚོན་ནུས་ཞེས་གནས་བརྟན་བགྲེས་པ་རྣམས་ཀྱི་ངག་རྒྱུན་དུ་སྒྲོག་ཀུན་འདུག །དེར་མ་ཟད་སོག་པ་ཁང་ཚན་འདི་ལ་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡོད་པ་ནི། ཁང་ཚན་གྱི་ཐོག་ཁར་རྒྱལ་མཚན་བཞི་དང་ཐུག་ནག་གཉིས་འཇོག་སྲོལ་འདུག འདིའི་ལོ་རྒྱུས་ཁ་གསལ་ཞིག་རྙེད་སོན་མ་བྱུང་ཡང་། རྒན་པ་ཚོའི་ངག་རྒྱུན་དང་རང་གིས་འཆར་སྣང་ཙམ་བརྗོད་ན།

རྒྱལ་མཚན་དང་ཐུག་ནག་སྐོར། བློ་བཟང་དགོངས་རྒྱན་དེབ་ཕྲེང་ཞེ་བདུན་པར། གསེར་དངུལ་ཟངས་ལྕགས་དང་རས་གཞིར་སོགས་གང་ལ་བྲིས་པ་ཡིན་ཡང་ངོ་བོ་གཅིག་མཚུངས་ཡིན། ཤམ་བུ་སུམ་བརྩེགས་ཅན་ནི། རྣམ་སྲས་ཀྱི་རྒྱལ་མཚན་དང། དགུ་བརྩེགས་ཅན་ལ་བཀྲ་ཤིས་དགུ་བརྩེགས་ཟེར། ལྡེབས་སུ་སེང་གེ་ཁྱུང་གི་མགོ་ཅན་དང། ཆུ་སྲིན་དུང་གི་མཇུག་མ་ཅན། ཉ་སྲམ་གྱི་སྤུ་ཅན་བཅས་ཀྱི་གཟུགས་བརྙན་དེས་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན་ཞིང་། ཞེས་དང་།

ཐུག་ནག་ནི། ས་སྐྱ་པཎྜི་ཏས་སྟོད་ཁུལ་དུ་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་རིགས་པས་ཚར་བཅད་པའི་དན་རྟགས་སུ་འཕྲོག་བྱེད་དགའ་བོའི་རལ་པ་བཅད་དེ་རྔམ་བརྗིད་མཚོན་ཆེད་ཁང་པའི་ཡང་སྟེང་དུ་བཀལ་བ་རེད། ཅེས་ཡོངས་གྲགས་ཀྱི་བཤད་རྒྱུན་ཡོད་པ་ལྟར། རྗེས་སུ་ལུགས་སྲོལ་ལྟ་བུར་གྱུར་ནས་རྔ་མ་དང་རྩིད་པ་ནག་པོ་ལས་བཟོས་པའི་ཐིགས་རལ་དང། ལྕགས་མདུང་མེ་རི་གསུམ་དང་ལྡན་པའི་ཐུག་ནག་དེ་དེང་སང་ཡང་ཕོ་བྲང་དང་ལྷ་ཁང་སོགས་ཀྱི་ཡང་སྟེང་དུ་འཛུགས་སྲོལ་ཆགས་པ་ཡིན་ནོ། །ཞེས་གསལ། དེས་ན་རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས་ཅན་ཡིན་ལ། སྤྱིར་གདན་སའི་ཕྱག་སྲོལ་ལ་ཁང་ཚན་དེར་དགའ་ལྡན་གསེར་ཁྲི་བྱོན་ན་གསེར་ཏོག་འཇོག་སྲོལ་དང། བཀའ་འགྱུར་ཚར་རེ་ལ་རྒྱལ་མཚན་རེ་འཛུགས་སྲོལ་ཡོད་འདུག །དེ་མཚུངས་ཀྱི་རྟགས་དང་རྟེན་འབྲེལ་ཁྱད་པར་ཅན་ནམ་ཡང་ན་དགོས་དབང་འགའ་ཞིག་གིས་རྒྱལ་མཚན་དང་ཐུག་ནག་སོགས་འཛུགས་སྲོལ་དར་ཡོད་ངེས་ཡིན་པས། འཇམ་དབྱངས་ཐང་སྐུ་སྤྱན་དྲངས་ཏེ་ཁང་ཚན་དུ་བཞུགས་སྐབས་རྒྱལ་མཚན་བསྒྲེངས་ཡོད་ཚོད་རེད་སྙམ་པ་དང་། ཡང་ན་ཁྲི་ནམ་མཁའ་བཟང་པོ་དགའ་ལྡན་དུ་བཞུགས་སྐབས་བཞུགས་ཁྲི་ཁང་ཚན་འདིར་གདན་འདྲེན་ཞུས་ཡོད་པས་དེའི་སྐབས་ཤིག་ལ་བཙུགས་པ་ཡིན་སྙམ།

ཐུག་ནག་ནི་རྔམ་བརྗིད་མཚོན་བྱེད་ཡིན་པ་ལོ་རྒྱུས་སུ་གསལ་བ་ལྟར་སོག་པ་ཁང་ཚན་ས་བདག་གི་ལྟེ་བར་ཁེལ་ཡོད་པས་མཁས་གྲུབ་ཐམས་ཅད་མཁྱེན་པས་ས་བདག་ལྟོ་ཐིག་གནང་ཞེས་རྒན་རབས་པའི་ངག་རྒྱུན་ལ་ཡོངས་གྲགས་ཡིན་པས། སྟེས་དབང་དེ་འདྲ་ཞིག་གིས་ཁང་ཚན་གྱི་ཐོག་ཁར་ཐུག་ནག་འཛུགས་སྲོལ་དར་བ་ཡིན་ནམ་སྙམ་སྟེ་ལོ་རྒྱུས་གཞན་གསལ་པོ་མ་ཐོས་པས་ནོར་འཛོལ་བྱུང་ཡོད་ན་ཕྱིས་སུ་དག་བཅོས་བྱ་བར་ལགས་སོ་སྟེར། སྤྱིར་ཁང་ཚན་གྱི་མིང་འདོགས་སྟངས་སྣ་ཚོགས་པ་ཞིག་ཡོད་དེ། དཔེར་ན་ཀླུ་འབུམ་ཁང་ཚན་ལྟ་བུ་རྗེ་རིན་པོ་ཆེས་རང་ཡབ་ཀྱི་མཚན་ཁང་ཚན་ལ་བཏགས་པ་དང་། ཚ་བ་དང་ཏྲེ་ཧོར། རྒྱལ་རོང་དང་ཀོང་པོ་ལྟ་བུ་ཡུལ་ལུང་གི་མིང་བཏགས་པ་དང་། ཏཱ་དབོན་དང་བསམ་བློ་ལྟ་བུ་འཛུགས་མཁན་གང་ཟག་གི་མིང་བཏགས་པ་དང་། ཉག་རེ། ལྷོ་པ། ཐེ་པོ། ཅོ་ནེ། མངའ་རིས་སོགས་ཁང་ཚན་ཕལ་ཆེ་བ་ཞིག་ཐོག་མར་མི་ཚན་སོ་སོའི་སྤྱི་ཁང་དུ་གྲྭ་རྒྱུན་མང་ཕྱོགས་ཀྱི་ཡུལ་མིང་དེ་རིམ་པས་ཁང་ཚན་གྱི་མཚན་དུ་ཐོགས་འདུག་པ་ལྟར་སོག་པ་ཞེས་མཚན་ཐོགས་ཚུལ་འདི་ཡང་སོག་པོའི་གྲྭ་རྒྱུན་གྱི་ཐོབ་ཁོངས་ཡིན་པའི་ཆ་ནས་མཚན་དེ་ལྟར་བཏགས་པ་རེད་ཅེས་པ་དེར་ཡང་བདེན་པའི་གནས་ལུགས་ཤིག་ལོ་རྒྱུས་ཀྱི་གཤིས་ལ་རང་བཞིན་གྱིས་གྲུབ་འདུག་སྙམ་མོ།།