བསུ་བ་དགོན་པ།

༄། །བསུ་བ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་ལོ་རྒྱུས་མདོར་བསྡུས། སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་གཞི། །ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་སྟོན་པ། །སྐལ་བཟང་སྟོང་ལས་པད་དཀར་ལྟར་བསྔགས་པ། ། བསྟན་པའི་བདག་པོ་རྣམ་འདྲེན་བཞི་པར་འདུད། །མདོ་སྔགས་གཞུང་ལུགས་ཆུ་བོ་སྟོང་གི་བཅུད། །མི་ངལ་ཕྱག་གིས་ཡུར་བ་ལ་དྲངས་ཏེ། །གངས་ཅན་རྨོངས་པའི་མུན་པ་སེལ་མཛད་པ། །ཙོང་ཁ་པ་ཡི་ཞབས་ལ་ལན་བརྒྱར་འདུད། །སྐལ་བཟང་རྣམ་འདྲེན་ཐུབ་བསྟན་སྤེལ་བའི་གཉེན། །ངག་གི་དབང་ཕྱུག་འཇམ་དབྱངས་མི་ཡི་གར། །བཤད་སྒྲུབ་ཆོས་ཚུལ་འཕེལ་མཛད་གདུལ་བྱའི་མགོན། །དྲིན་ཅན་བླ་མའི་ཞབས་ལ་གུས་ཕྱག་མཚལ།།

ཞེས་མཆོད་པར་བརྗོད་པས་བདུན་བསུས་ཏེ་གང་གླེང་བར་བྱ་བ་ནི་༸རྗེ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་མཆོག་གི་ཐུགས་བསྐྱེད་ལས་འཁྲུངས་པའི་རྔ་ཡུལ་བསུ་བ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དང་། གདན་ས་འདི་ཕྱག་འདེབས་མཛད་པ་པོ་བླ་མའི་རྣམ་ཐར། གདན་ས་འདིའི་བྱུང་བ་དངོས་དང་། ཉམས་པ་སླར་གསོས་ཏེ་དར་རྒྱས་སུ་བྱུང་བ། གདན་ས་རང་གི་བླ་མ་དགེ་བའི་བཤེས་གཉེན་དང་རྟེན་གཙོ་འགའ་བཅས་སོ།།

༸གཉན་རྩེ་དཔོན་སློབ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར། དེ་ཡང་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་ཆེན་པོ༑ བློ་བཟང་རྒྱལ་བ་གཉིས་པའི་གདུང་འཚོབ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸རྗེ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་དཔལ་བཟང་པོ་མཆོག་ནི་རབ་བྱུང་བཅུ་གཅིག་པ་ཤིང་གླང་ཕྱི་ལོ་ ༡༦༨༥ ལོར་རྔ་སྟོད་དུ་རུས་གཉན་རྩེ་མགོ་ལོག་གི་རྒྱུད་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་དབུས་སུ་བྱོན་ཏེ་དགའ་ལྡན་ཤར་རྩེའི་ཆོས་གྲྭར་ཞུགས། ཡེ་ཤེས་ཀྱི་མགོན་པོ་ལུས་དང་གྲིབ་མ་བཞིན་འགྲོགས་པས་མཚན་མོ་སྐྱོར་སྦྱང་གི་དུས་སུ་ཁྱི་ནག་པོ་འཇིགས་སུ་རུང་བ་ཞིག་གི་རྣམ་པས་བསྲུངས་པ་ཀུན་གྱིས་མཐོང་།

ཁྲི་ཆེན་དགེ་འདུན་ཕུན་ཚོགས་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། བདེ་མཆོག་གི་དབང་གནང་སྟེ་རྗེ་ཉིད་ཀྱིས་བཞེས་བཞིན་པའི་ནཱ་རོ་བའི་རུས་རྒྱན་ཀྱང་གནང་། ཕུར་ལྕོགས་དཔོན་སློབ་ངག་དབང་བྱམས་པ་དང་དུས་འཁོར་བ་ཡོན་ཏན་དར་རྒྱས་སོགས་ལས་དབང་བཀའ་ཆོས་ལུང་མན་ངག་གི་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས།

དེ་ནས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་དང་ཇུན་གར་བ་ལྷན་དུ་འཛོམས་ཏེ་ཁྲི་ཆེན་པའི་བཀའ་བཞིན་གདན་ས་གསུམ་གདན་འཛོམས་པའི་དབུས་སུ་རྩོད་པར་བྱོན། མཁས་མང་འདུས་པའི་དབུས་སུ་རྩོད་པ་ལས་རྣམ་པར་རྒྱལ་ཏེ་སྙན་པའི་གྲགས་པ་ཆེས་ཆེར་རྒྱས། དེའི་ཚེ་མཆོད་ཡོན་ལྷན་རྒྱས་ནས་གསོལ་བ་བཏབ་སྟེ་དགའ་ལྡན་ཤར་རྩེའི་མཁན་པོར་བསྐོས། བཞུགས་མ་འདོད་པར་མཚན་མོར་བྲོས། མངའ་རི་དང་ཙ་རི་སོགས་གནས་ཆེན་དུ་མ་ནས་སྒྲུབ་པ་མཛད་དེ་ཉམས་དང་རྟོགས་པ་རྒྱུད་ལ་འཁྲུངས། ཕྱིར་དགའ་ལྡན་དུ་བྱོན་ཚེ་ཇུན་གར་བ་ཕེབས་ཟིན་ཀྱང་ཤུལ་དུ་ཡི་གེ་བཞག་ནས་ཁྱེད་དགའ་ལྡན་ཤར་རྩེའི་ཁྲི་ལ་མ་བསྡད་ཕྱིན་རྗེ་རིན་པོ་ཆེ་ལ་འདང་མ་བརྒྱབ་པ་ཡིན་ཟེར་བའི་ཞལ་ཆེམས་དེ་མཐོང་བས། དགའ་ལྡན་ཤར་རྩེའི་ཁྲི་ལ་བཞུགས་ཏེ་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་བཞིན་མཛད། རབ་བྱུང་བཅུ་གཉིས་པ་ཤིང་འབྲུག་ (དགུང་ལོ་༤༠) ཕྱི་ལོ་ ༡༧༢༤ ཡས་མས་སུ་གདུལ་བྱའི་དབང་གིས་ཕྱིར་མདོ་སྨད་དུ་བྱོན། རབ་བྱུང་བཅུ་གཉིས་པ་མེ་རྟ་(དགུང་ལོ་༤༢) ཕྱི་ལོ་ ༡༧༢༦ ལོར་གཉན་རྩེ་དགོན་དགེ་ལྡན་བྱང་ཆུབ་གླིང་བཏབ། ཕྱི་ལོ་ ༡༧༢༦ ལོར་མདོ་བ་དགོན་བསམ་གཏན་གླིང་བཏབ། ཕྱི་ལོ་ ༡༧༢༨ ལོ་བསུ་བ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་སོགས་རང་ཡུལ་དུ་དགོན་སྒྲུབ་སྡེ་བཅུ་གསུམ་བཏབ། རབ་བྱུང་བཅུ་གཉིས་པ་མེ་ལུག་ (དགུང་ལོ་༤༣) ཕྱི་ལོ ༡༧༢༧ ལོར་སྡེ་སྣོད་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པས་མཁས་པའི་ཕ་རོལ་ཏུ་སོན་ཅིང་། བསླབ་གསུམ་གྱིས་ཐུགས་ཀྱི་བང་མཛོད་ཁེངས་ཤིང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་མངའ་བརྙེས་པ། ལུང་དང་རྟོགས་པའི་བདག་ཉིད་ཆེན་པོ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་མཆོག་གིས་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ཚང་དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས། ཚེ་རབས་དུ་མའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་བག་ཆགས་ཀྱིས་སྔར་འདྲིས་ཀྱི་བླ་སློབ་ལྟར་ཡབ་སྲས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་གནང་།

སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་ཡི་དམ་གྱི་ལྷ་དུ་མའི་རྗེས་གནང་དང་ཚེ་དཔག་མེད། ཀུན་རིག །འཇིགས་བྱེད། བདེ་གསང་རྣམས་ཀྱི་དབང་། མཚན་བརྗོད་སྒྲོལ་མ་ཤེར་སྙིང་སོགས་ཀྱི་ལྗགས་ལུང་གནང་། སྐུ་གསུང་ཐུགས་རྟེན་གྱིས་གཙོས་བདོག་པའི་དངོས་པོ་རྒྱ་ཆེ་བ་མཎྜལ་གྱི་ཚུལ་དུ་ཕུལ། བསྟན་པའི་བདག་པོའི་སྐུ་བརྙན་སོགས་གནང་སྦྱིན་གྱི་དངོས་པོ་ཚན་ཆེན་པོ་ཕུལ། སྡེ་ཁྲི་གོང་མ་རྗེ་བློ་བཟང་དོན་གྲུབ་ (༡༦༧༣-༡༧༤༦) བཀའ་ཆོས་ཞུ་བར་བྱོན། ཞབས་ཕྱི་བ་རབ་བརྟན་རྒྱ་མཚོ་ཡོད། མཛད་སྤྱོད་ཀྱི་ཐུགས་ཕྲོགས་ཏེ་དགེ་བཤེས་ཚོ་ཞབས་ཕྱིར་ཁྲིད་པ་ཅུང་མ་རེད་གསུངས་པ་དང་། ཡང་འཕན་ཤུལ་རྟེན་རྒན་གྱིས་སྡོམ་པ་གཏོར་མས་སྟེར་བ་ན། དགེ་སློང་གཏོར་མས་སྒྲུབ་པ་སོགས་བསྟན་པ་ཉམས་རྐྱེན་མང་དུ་བྱེད་པས་ཉམས་ཞོག་གསུངས། བླ་མའི་བཀའ་ཡིན་པས་དྲུག་ཅུ་མ་ཞིག་བསྔོ་དགོས་སམ་དགོངས་ཀྱང་རྟེན་རྒན་ལ་ལྷ་བབས་ཏེ། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི་ཐུགས་ལ་ཕོག་ཡོད་པས་སྐུ་རིམ་གྱིས་ཟེར་བ་ལྟར་བསྒྲུབས་པས་རེ་ཞིག་སྡེ་ཁྲི་རིན་པོ་ཆེ་ཁོང་ནས་ཐུགས་བརྗེད་བྱུང་འདུག །ཕྱིས་ཚོགས་ཆེན་ཁྲིའི་དུས་སུ་སོག་པོ་འབུལ་སྡུད་ཕེབས་ལམ་དུ་རྟེན་རྒན་གྱིས་ལྷ་ཆས་གྱོན། ཁལ་རྟ་སོགས་ཤོམ་བྱས་ནས་འོངས་པ་དང་ཐུག་པས་ཐུགས་དྲན་སོས། དྲུག་ཅུ་མ་བསྔོས་པས་རྟེན་རྒན་འཕྲལ་དུ་ཤི །བར་སྐབས་ཤིག་ལ་ཨ་མཆོག་དཀའ་ཐུབ་ཡག་གི་སྲས་བློ་བཟང་ཡེ་ཤེས་མཆོག་ལ་ཞང་བོ་ཥོ་ཐོས་བཀའ་སྩལ་བ་བཞིན་ཨ་མཆོག་ཡུལ་སྒར་གྱི་བོན་པོ་རྣམས་ཞྭ་སེར་དུ་བསྒྱུར་ཏེ་གཉན་རྩེ་རིན་པོ་ཆེ་ལ་གསོལ་བ་བཏབ་པ་བཞིན་བྱོན་ནས་འདུ་ཁང་གསར་པ་ལ་རབ་གནས་བྱས།

རབ་བྱུང་བཅུ་གཉིས་པ་ཆུ་ཁྱི་སྟེ་ (དགུང་ལོ་༥༧) ཕྱི་ལོ་ ༡༧༤༢ ལོར་གཉན་རྩེ་དཔོན་སློབ་མཆོག་གིས་ཉིད་ཀྱི་སློབ་བུ་ཀིརྟི་བསྟན་པའི་རྒྱལ་མཚན་ལ་འཇམ་དཔལ་ཞལ་ལུང་དང་བདེ་གསང་འཇིགས་གསུམ་སོགས་རིམ་གཉིས་ཀྱི་ཁྲིད་ཟབ་རྒྱས་གནང་། རབ་བྱུང་བཅུ་གཉིས་པའི་མེ་སྟག་སྟེ་ (དགུང་ལོ་༦༢) ཕྱི་ལོ་༡༧༤༦ ལོར་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྤྲུལ་གུང་ཐང་བསྟན་པའི་རྒྱལ་མཚན་མཆོག་སྔར་སྐུ་གོང་མའི་ཐུགས་སྲས་དམ་པ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་ལས་ཐུགས་རྫོགས་བཞེས་པ་དང་། ཟབ་ཆོས་དུ་མ་གསན་ཆེད་རྔ་ཡུལ་དུ་ཆིབས་བསྒྱུར་གནང་། གཅའ་ཁོག་བརྒྱུད་ནས་གཉན་རྩེར་འབྱོར། ༸རྡོ་རྗེ་འཆང་ཆེན་པོ་གཉན་རྩེ་དཔོན་སློབ་དང་མཇལ་བ་ཙམ་གྱིས་དཔོན་སློབ་རྣམ་གཉིས་ཕ་དང་བུ་འཕྲད་པ་ལྟ་བུར་གྱུར་ཅིང་དམ་པའི་ཆོས་ཀྱི་གསུང་གླེང་གིས་དུས་འདའ་བར་མཛད།

བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་འདུལ་འཛིན་ཆེན་པོ་དེ་ཉིད་ཀྱིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པའི་གཞི་མ་སོ་སོར་ཐར་པའི་སྡོམ་པའི་ཡང་རྩེ་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་ངེས་པ་དོན་གྱི་ཐུབ་པའི་གདུང་འཚོབ་ཏུ་གྱུར། གསང་བདེ་ཀུན་རིག་ཚེ་དཔག་མེད་སོགས་ཀྱི་དབང་དང་། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་མང་དུ་གནང་། ཁྱད་པར་བདེ་མཆོག་གི་དབང་སྩལ་ཏེ་ཁྲི་ཆེན་གྱིས་རང་ལ་གནང་བའི་རུས་རྒྱན་ཡོངས་རྫོགས་སྐུ་ལ་བསྒྲོན་ནས། སྔོན་ཁྲི་ཆེན་དེ་ཉིད་ཀྱིས་ཁོ་བོ་ལ་བདེ་མཆོག་གི་དབང་གནང་སྐབས་ཉིད་ཀྱི་སྐུ་ལ་བཞེས་པའི་རུས་རྒྱན་ཡོངས་རྫོགས་གནང་ནས། འདི་སླར་ཡང་ཁྱོད་ཀྱིས་ང་ལ་གཏད་དགོས་པ་ཡོད་ཅེས་གསུངས་ཡོད་པ་ལྟར་ད་རེས་ཁྱེད་བདག་པོ་ལ་འཕྲོད་པ་ཡིན། གསུངས་ནས་དཀྱིལ་འཁོར་གྱི་བདག་པོར་མངའ་གསོལ་པར་མཛད།

རབ་བྱུང་བཅུ་གསུམ་པ་ཤིང་ཁྱི་སྟེ་ (དགུང་ལོ་༧༠) ཕྱི་ལོ་ ༡༧༥༤ ལོར་སློབ་བུ་ཀིརྟི་བསྟན་པའི་རྒྱལ་མཚན་གྱིས་སྟག་ཚང་ལྷ་མོ་རུ་རྒྱུད་གྲྭ་འཛུགས་སྐབས་ནག་ཕྱོགས་པ་འགའ་ཞིག་གིས་དབྱེན་བྱས་ནས་ཁྲི་རིན་པོ་ཆེ་དང་སེལ་བཅུག་མི་འོས་པའི་སྒྲོ་བཏགས་དུ་མ་བྱས་སྐབས། གཉན་རྩེ་རིན་པོ་ཆེས་བཀའ་ཤོག་གནང་བར་ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུ་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཡ་ང་བ་དང་བག་ཚ་བ་གང་གིས་ཞུམ་པ་མེད་པར་སྙིང་སྟོབས་བསྐྱེད་ལ་སྟོད་རྒྱུད་ལུགས་ཀྱི་བསྟན་པ་ཚུགས་པར་གྱིས་དང་འདིར་ཡང་བསྟན་པ་རིན་པོ་ཆེ་སྲུང་ཞིང་སྤེལ་བའི་ཆོས་སྐྱོང་རྣམས་ལ་འཕྲིན་བཅོལ་བྱེད་གསུངས་ནས་ཞལ་ཏ་དང་ལམ་སྟོན་མཛད།

རྗེ་ཉིད་ཀྱི་སློབ་མ་གཙོ་བོ་གུང་ཐང་ངག་དབང་བསྟན་པའི་རྒྱལ་མཚན། ཉག་རོང་དཔོན་སློབ་ངག་དབང་ཡར་འཕེལ། ཀིརྟི་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ཁྲི་བདེ་བ་བློ་བཟང་དོན་གྲུབ། བཤེས་གཉེན་ཆེན་པོ་རབ་བརྟན་རྒྱ་མཚོ། ས་སྐྱ་བ་འཇབ་བླ་མ་དངོས་གྲུབ། ཝམ་པ་དགེ་བཤེས་ངག་དབང་ཕུན་ཚོགས། ཤར་རྩེའི་དགེ་བཤེས་ལ་ཁ་ཀུན་དགའ་ཆོས་བཟང་སོགས་སློབ་མ་མཁས་གྲུབ་མང་དུ་མཆིས། རབ་འདོད་མེ་བྱི་སྟེ་ (དགུང་ལོ་༧༢) ཕྱི་ལོ་ ༡༧༥༦ ལོར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོོའི་རི་ནས་ཤེར་ཕྱིན་གྱི་མདོ་གསུངས་པ་དང་ལྷོ་ཕྱོགས་དཔལ་གྱི་འབྲས་སྤུངས་མཆོད་རྟེན་ཆེན་པོའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་ཏེ་ནག་པའི་ཉ་ལ་གདུལ་བྱ་རྣམས་ཆོས་ལ་སྐུལ་ཕྱིར་རེ་ཞིག་ཀུན་རྫོབ་གཟུགས་སྐུའི་བཀོད་པ་དོན་དམ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ།།

༸གཉན་རྩེ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་འཕྲིན་ལས་མཆོག་ནི་རབ་བྱུང་བཅུ་གསུམ་པ་མེ་བྱི་སྟེ་ཕྱི་ལོ་ ༡༧༥༦ ལོར་སོག་པོ་ལ་མོ་སྡེ་ཐོག་ཏུ་ལོ་དེའི་ནང་ལ་སྐུ་བལྟམས། མཚམས་ཚ་དགེ་བཤེས་ངག་དབང་ཤེས་རབ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། དབང་བཀའ་ཆོས་མང་པོ་གསན། སྟག་ཚང་ལྷ་མོའི་ཆོས་གྲྭར་ཞུགས། ཀིརྟི་བསྟན་པའི་རྒྱལ་མཚན་ཞི་བར་གཤེགས་པའི་བསྔོ་རྟེན་འབྱོར། ལྷ་དང་བླ་མའི་གཟིགས་སྣང་དང་ཤྲ་མ་ཎས་རྗེས་སུ་བཟུང་བའི་ལུང་བསྟན་མང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་རྗེ་དཀོན་མཆོག་འཇིག་མེད་དབང་པོའི་དྲུང་ནས་དབང་བཀའ་ཆོས་མང་པོ་གསན། སྒྲུབ་སྡེ་རྣམས་ཚུལ་བཞིན་དུ་བསྐྱངས།

རབ་བྱུང་བཅུ་བཞི་པ་མེ་གླང་གི་དགུན་དུས་སུ་ (དགུང་ལོ་༦༢) ཕྱི་ལོ་ ༡༨༡༧ ལ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་དགོངས་རྫོགས་ལ་བྱོན། ༸གཉན་རྩེ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་བཞི་པ་ས་སྟག་ཕྱི་ལོ་ ༡༨༡༨ ལོར་ཨ་མཆོག་ར་ཁོ་ཆོས་འབྱོར་གྱི་སྲས་སུ་འཁྲུངས། དགེ་བཤེས་བྱམས་པའི་དྲུང་ནས་རབ་ཏུ་བྱུང་། དགའ་ལྡན་དུ་ཐུགས་གཉེར་མཛད་དེ་དམ་པའི་བག་ཆགས་ཀྱི་མཐུ་བརྟས་པ་ཞིག་གོ །༸གཉན་རྩེ་སྐུ་ཕྲེང་བཞི་པ་ངག་དབང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་མཛོད་དགེ་ཨ་སྐྱིད་དུ་འཁྲུངས། ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་རྔ་སྟོད་དུ་གདན་དྲངས་ནས་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་གསན། རབ་བྱུང་བཅོ་ལྔ་པ་ཤིང་བྱ་ཕྱི་ལོ་ ༡༨༨༥ ལོར་ལྷ་མོ་རུ་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་དྲུང་དུ་ཕུར་པའི་དབང་གསན། རབ་བྱུང་བཅོ་ལྔ་པ་ཆུ་འབྲུག་ཕྱི་ལོ་ ༡༨༩༢ ལོར་ཀིརྟི་བློ་བཟང་འཕྲིན་ལས་གཉན་རྩེ་རུ་གདན་ཞུ་བྱས་ཏེ་དབང་བཀའ་ཆོས་མང་པོ་གསན། རབ་བྱུང་བཅོ་ལྔ་པ་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོ་སྐུ་ཞི་བར་གཤེགས། ཀིརྟི་བློ་བཟང་འཕྲིན་ལས་ཕེབས་ནས་བླ་མཆོད་མཆོག་ཁྲུས་དང་རིམ་གྲོ་དྲུག་ཅུ་པ་བསྔོས། སྤྲུལ་སྐུ་དང་དགོན་པའི་ལས་དོན་ཐམས་ཅད་ཉིད་གཅིག་པུར་རེ་ལྟོས་བྱས་ཡོད། ལས་སྣེ་ནས་ཞུ་དོན་ལྟར་སྤྲུལ་སྐུ་མྱུར་བྱོན་གནད་སྨིན་བརྩེ་བས་བཀའ་དྲིན་བསྐྱངས། (སྤྲུ་སྐུ་མྱུར་བྱོན་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་དུ་ཡོད)

༸གཉན་རྩེ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་རྨ་ཆུའི་ཤོག་བཤོང་དུ་ཡབ་དགེ་འདུན་སྐྱབས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ཕྱི་ལོ་ ༡༩༠༢ ལོོར་སྐུ་བལྟམས། རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་གྲྭར་ཞུགས། སྐ་བློ་བཟང་ཟླ་བ་ (༡༨༩༦-༡༩༦༣) ཡོངས་འཛིན་དུ་བསྟེན། བསྡུས་གྲྭ་དང་རྣམ་འགྲེལ་སོགས་སྦྱངས། འཛིན་གྲྭ་གཅིག་པའི་རོང་པོ་དགེ་བཤེས་དང་ཁང་སར་བློ་བཟང་སོགས་ཀྱིས་བསྔགས་བརྗོད་གནང་། འཕྲིན་རྒྱམ་དང་མཉམ་དུ་སྐ་བློ་བཟང་ཟླ་བའི་གཟིམ་ཤག་ཏུ་བཞུགས། རབ་བྱུང་བཅོ་ལྔ་པ་ཤིང་བྱི་ཕྱི་ལོ་ ༡༩༢༤ ལོར་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་མཛད།

༸གཉན་རྩེ་སྐུ་ཕྲེང་དྲུག་པ་རྗེ་འཇམ་དབྱངས་བརྩོན་འགྲུས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ཤིང་གླང་ཕྱི་ལོ་ ༡༩༢༥ ལོར་ཡབ་ཚེ་ཐར་རམ་སྟག་ལོ་དང་ཡུམ་ཨ་འཁར་མཁན་ཐོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་གཉིས་ཡོད་པ་ལས་སྲས་རྗེ་འདི་པ་དང་། བུ་མོ་དམ་ཆོས་སྒྲོལ་མ་ཡིན། ཤ་བླ་མ་དོན་ལྡན་གྱི་དྲུང་དུ་ཀློག་བསླབས། སྐུ་ན་ཕྲ་བའི་སྐབས་སུ་ཡུམ་ཚེ་ལས་འདས། ཡུམ་གྱི་དགེ་རྩ་སྒྲུབ་ཕྱིར་འདུག་གེ་རི་ཁྲོད་དུ་བསྙེན་གནས་ལ་ཕེབས། དེའི་སྐབས་སུ་གཉན་རྩེ་དགོན་དང་། བསུ་བ་དགོན། མདོ་བ་དགོན་བཅས་ཀྱི་ལས་སྣེ་རྣམས་སྐུ་བདག་ལ་རི་ཁྲོད་དུ་འབྱོར། སྦྲ་གུར་ཕུབ་སྟེ་སྒར་བཏབ་ནས་རྗེ་འདི་པ་ལ་ན་བཟའ་ཆ་ཚང་གསོལ། ཡབ་དང་སྐུ་སྲིང་གཉིས་ལ་ན་བཟའ་སོགས་དངོས་རྫས་གཏོས་ཆེ་བ་ཕུལ།

རབ་བྱུང་བཅུ་དྲུག་པ་མེ་གླང་ཕྱི་ལོ་ ༡༩༣༧ ལོར་རྗེ་འདི་པ་ཁང་སར་ནས་གདན་དྲངས་ཏེ་མེ་ཏོག་སེར་ཆེན་དང་། པད་མ་ལྷ་སྟེང་བརྒྱུད་དེ་གྲྭ་ཚང་དང་ལྷ་སྡེ་རུ་སྡེ་ཡོངས་ཀྱིས་བསུ་བ་སེར་སྦྲེངས་ཀྱིས་མདུན་བསུས་ནས། གཉན་རྩེ་དགོན་གྱི་སྐུ་གོང་མའི་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ། ཨ་ཁུ་ཐོགས་མེད་དང་འཇམ་དབྱངས་གཉིས་ཡོངས་འཛིན་དུ་བསྟེན་ནས་རྒྱུད་སྡེ་བཞི་ཆོ་ག་ཆོས་སྤྱོད་བཅས་དཔྱིས་ཕྱིན་པར་སྦྱངས། རབ་བྱུང་བཅུ་དྲུག་པའི་ས་ཡོས་ཕྱི་ལོ་ ༡༩༣༩ ལོར་སྒོ་མང་དགོན་གྱི་ཆོས་གྲྭར་ཞུགས། ཞིང་རྩེའི་དགེ་བཤེས་ཡོངས་འཛིན་ལ་བསྟེན་ནས་ཐོས་བསམ་རྒྱ་ཆེ་བ་གནང་། ཤར་རི་ལབ་རྩེ་བཞག་སྟེ་བསང་ཡིག་བརྩམས། ཁང་སར་དགོན་དགའ་ལྡན་ཆོས་འཁོར་གླིང་གི་ཁྲི་ལ་བཞུགས། འདུ་ཁང་ལ་གསེར་ཚོན་དང་མང་འགྱེད་སོགས་གྱ་ནོམ་པ་མཛད། རབ་བྱུང་བཅུ་དྲུག་པ་ས་ཁྱི་ཕྱི་ལོ་ ༡༩༥༨ ལོར་རྗེ་འདི་དང་གཉན་རྩེའི་དགེ་བསྐོས་གཉིས་རྒྱ་ནག་གི་བཙོན་དུ་བཟུང་། ཁྲིམས་ཁང་རིམ་པར་བརྒྱུད་དེ་མཐར་ (ཞན་ཁོའུ) ཁྲིམས་ཁང་དུ་བཞུགས་དགོས་བྱུང་། རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༩༦༡ (དགུང་ལོ་༣༧) ལ་རེ་ཞིག་གཟུགས་སྐུ་མཐའ་མའི་མཛད་པ་བསྡུས།

༸གཉན་རྩེ་སྐུ་ཕྲེང་བདུན་པ་རྗེ་སྐལ་བཟང་ངག་དབང་འཇམ་དབྱངས་ཆོས་འཕེལ་དཔལ་ལྡན་བླ་མ་དམ་པ་འཇམ་མགོན་རྒྱལ་བའི་གདུང་འཚོབ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་༸རྗེ་སྐལ་བཟང་ངག་དབང་འཇམ་དབྱངས་ཆོས་འཕེལ་དཔལ་བཟང་པོ་མཆོག་ནི་རྔ་ཡུལ་བསུ་བའི་སྟོད་དུ་ཡབ་རྡོ་རྗེ་དང་ཡུམ་མཁྱེན་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་ཕྱི་ལོ་ ༡༩༧༥ ལོར་སྐུ་བལྟམས། ཆུང་དུས་ནས་བསུ་བ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་ལ་རབ་ཏུ་བྱུང་། གད་ཐོག་འཇམ་དབྱང་བློ་གྲོས་དང་སྐལ་བཟང་དར་རྒྱས་ལས་རྒྱུད་སྡེ་བཞི་དང་ཆོ་ག་ཆོས་སྤྱོད་སོགས་སྦྱངས་པ་མི་དམན་པ་གནང་། རབ་བྱུང་བཅུ་བདུན་པ་ས་འབྲུག་ཕྱི་ལོ་ ༡༩༨༨ ལོར་ཀིརྟི་དགོན་གྱི་བཤེས་གཉེན་རྗེ་བློ་བཟང་ཐབས་མཁས་ཀྱི་དྲུང་དུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། ༸གོང་ས་ལྷ་མིའི་རྣམ་འདྲེན་འཕགས་མཆོག་ཕྱག་ན་པད་དཀར་འཆང་བ་མཆོག་གིས་སྐུ་གོང་མ་གཉན་རྩེ་དཔོན་སློབ་ཀྱི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད་ཅིང་དུས་དབང་གིས་རེ་ཞིག་ལུས། རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ཕྱི་ལོ་ ༡༩༩༤ ལོར་འཕགས་མཆོག་ཕྱག་ན་པདྨོས་ལུང་བསྟན་པ་བཞིན་ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་བཅས་ཀྱི་ཐུགས་དགོངས་གཅིག་གྱུར་གྱིས་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་བཟུང་། ལོ་དེར་བསུ་བ་དགོན་དུ་ན་བཟའ་གསོལ་ནས་ངོས་འཛིན་ཀྱི་མཛད་སྒོ་ཟབ་རྒྱས་སྤེལ། སྟོན་དུས་སུ་གཉན་རྩེ་དགོན་དང་། བསུ་བ་དགོན། མདོ་བ་དགོན་བཅས་གྱིས་ཁྲི་སྟོན་རྒྱ་ཆེར་བྱས་དེ་སྐུ་གོང་མའི་གསེར་ཁྲིའི་བདག་པོ་ལ་མངའ་གསོལ།

ཞིང་ངེ་སྤྲུལ་སྐུ་སྐལ་བཟང་ལུང་རྟོགས་རྒྱ་མཚོ་ཡོངས་འཛིན་ལ་བསྟེན་ཏེ་སུམ་དག སྙན་ངག །སྒྲ་རྩིས་སོགས་དང་། བསྡུས་ཕར་ས་ལམ་སོགས་མདོ་སྔགས་རིག་གནས་སྤྱི་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་བྱས། ཡོངས་འཛིན་རྗེ་སྐལ་བཟང་ལུང་རྟོགས་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་དང་རྗེ་དགེ་འདུན་རྒྱ་མཚོ། རྗེ་འཇམ་དབྱངས་རྒྱ་མཚོ། ཡོངས་འཛིན་དཔལ་ལྡན་རྒྱ་མཚོ། སྨད་སོག་བསོད་ནམས་རྒྱ་མཚོ། བཤེས་གཉེན་གྲགས་པ་རྒྱ་མཚོ། ཡོངས་འཛིན་རྗེ་སྐལ་བཟང་ལུང་རྟོགས་རྒྱ་མཚོ། བླ་མ་བློ་བཟང་ཚུལ་ཁྲིམས་བཅས་མཁས་གྲུབ་མང་པོའི་དྲུང་དུ་རྒྱུད་སྡེ་བཞིའི་བསྐྱེད་རྫོགས་དང་། ནཱ་རོ་མཁའ་སྤྱོད་མ། ཟབ་ལམ་གཅོད་སོགས་མདོ་སྔགས་ཀྱི་དབང་ལུང་མན་ངག་ཟབ་ཆོས་མང་དུ་གསན། མདོ་བའི་རི་ཁྲོད། བསུ་བའི་ལུང་ཡངས་རི་ཁྲོད། གཉན་རྩེའི་རི་ཁྲོད་བཅས་སུ་བསྙེན་ཆེན་དང་བདག་འཇུག་སོགས་ཀྱིས་དུས་འདའ་བར་བྱས། དབུས་སུ་ཕྱག་བཙལ་དེ་ལན་གཅིག་དང་། ཆུ་མིག་ཏུ་ལྷ་ས་དང་རྒན་གྱ། བསུ་བ། རྔ་ཉིན་སྲིབ་ཏུ་ལན་མང་པོར་ཕེབས། སྟོད་ཙ་རི་དང་སྨད་རི་བོ་རྩེ་ལྔ་སོགས་ལ་གནས་སྐོར་དུ་བྱོན། བསུ་མོ་བའི་གནས་རི་དང་ལོ་གྱོན་མའི་གནས་ཆུ་ལ་གནས་སྒོ་ཕྱེས། གནས་སྐོར་དུ་ཕེབས་ཏེ་ཤར་གྱི་གཏེར་སྒོ་ཡང་ཕྱེས། མདོར་ན་གཉན་རྩེ་དགོན་དང་། བསུ་བ་དགོན། མདོ་བ་དགོན་བཅས་སུ་འཇིགས་བྱེད་དང་ཚེ་དབང་སོགས་ལན་འགའ་སྩལ་ཏེ་ཡུལ་མི་ལྷ་སྡེ་ཡོངས་ལ་བསྙེན་གནས་དང་མ་ཎི་འདོན་པ་སོགས་ཆོས་ལ་བསྐུལ། ད་ལྟར་བསྟན་པ་དང་འགྲོ་བའི་དོན་དུ་མཚམས་བསྙེན་སྒྲུབ་དང་ལུགས་གཉིས་ཀྱིས་ཚུལ་བཞིན་བསྐྱངས་ཏེ་རྣམ་དཀར་གྱི་མཛད་འཕྲིན་རྣམས་རྒྱས་བཞིན་པའི་སྐབས་ལགས་སོ།།

དཔྱད་གཞིའི་ཡི་གེ་<མདོ་སྨད་ཆོས་འབྱུང་>། <ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་དད་པའི་ས་བོན།> <ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན།> <བླ་བྲང་གདན་རབས་ལྷའི་རྔ་ཆེན།> <ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་དཔག་བསམ་ལྗོན་ཤིང་།> <རྗེ་འཇིགས་མེད་དབང་པོའི་རྣམ་ཐར།>

དེ་ཡང་བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་ཞེས་གངས་ཅན་སྨན་ལྗོངས་ཕྱུག་མོའི་ཆོལ་ཁ་གསུམ་དུ་འབོད་པའི་མདོ་སྨད་རྟའི་ཆོལ་ཁའི་ས་ཆར་སྨར་རོལ་མ་ལག་དྲུག་གི་ནང་ཚན། རྔ་ཁོག་བ་ལག་སྐྱ་མོ་སྟེ། རྔ་ཡུལ་གཡང་གི་ར་བའི་སྟོད་ཕྱོགས་ཨ་རན་ཚོ་པ་དྲུག་གི་ཡ་གྱལ། ས་ལ་དགེ་བཅུ་འཛོམས་པའི་ཡུལ་བསུ་བ་རུ་གནས་པའི་བསུ་བ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་ནི། རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ་ ༡༧༢༨ ལོར་གཉན་རྩེ་སྐུ་གོང་མ་དགའ་ལྡན་ཤར་རྩེའི་མཁན་ཆེན་༸རྗེ་ངག་དབང་ཆོས་འཕེལ་དཔལ་བཟང་པོོས་སྔོན་གྱི་རི་ཁྲོད་པ་རྣམས་ཀྱིས་རྨང་བྱས་ཏེ། བློ་བཟང་རྒྱལ་བའི་རང་ལུགས་གསེར་སྦྱངས་དྲི་མ་མེད་པ་དཔལ་ལྡན་སྟོད་རྒྱུད་ལུགས་ཀྱི་རྒྱུད་གྲྭ་ཕྱག་བཏབ། གཟའ་སྐར་ལེགས་པའི་ཉིན་ས་འདུལ་མཛད་ཅིང་ཤིས་བརྗོད་ཀྱིས་མདུན་བསུས་ཏེ་ཁང་སེར་མ་བཞེངས། དཔལ་གསང་བ་འདུས་པ་ཉམས་བཞེས་མཛད་ཀྱང་ཆོས་རྒྱལ་བསྐང་བཤགས་དུང་ཕྱུར་དུ་མའི་རྒྱུན་བསྐྱངས། དཔལ་གསང་བ་འདུས་པའི་ལྷ་གྲངས་ཀྱི་ཞལ་ཐང་བཞུགས། བར་སྐབས་ཤིག་ལ་དཀོམ་སྒང་སྒར་གྲྭ་དང་། གཡག་རི་དགོན་སོགས་ལ་འཕོ་འགྱུར་བྱུང་སྟེ་གདན་ས་འདིར་ཇེ་རྒྱས་སུ་སོང་། གཉན་རྩེ་སྐུ་ཕྲེང་རིམ་བྱོན་ནས་བདག་སྐྱོང་གནང་། ལྷ་མོ་ཉིན་གྱི་དཔོན་སློབ་དཔལ་ཤུལ་བ་ཡོན་ཏན་རྒྱ་མཚོས་འདུ་ཁང་གསར་དུ་བཞེངས་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་རྒྱས་པར་བྱས། ཀླུ་དབང་རྒྱལ་པོའི་ཚ་ཁང་བྱིན་ཅན་བཞེངས་ཏེ་གྲུབ། རབ་བྱུང་བཅོ་ལྔ་པ་ཙམ་ལ་དགའ་ལྡན་ཤར་རྩེའི་དགེ་བཤེས་ཆེན་མོ་ནག་ཥེ་རྗེ་བློ་བཟང་ཆོས་འཕེལ་དཔལ་བཟང་པོ་མཆོག་སྐུ་ཚེ་སྨད་དུ་གདན་ས་འདིར་རྒྱུན་རིང་བཞུགས་ཏེ་དབང་མན་ངག་ཟབ་ཆོས་དང་། ཁྱད་པར་ལམ་རིམ་ཆེན་མོ་དམར་ཁྲིད། མེ་ཏོག་མཆོད་པའི་སྲོལ་བཙུགས་པ་སོགས་ཆོས་སྲིད་གཉིས་ལ་ཕ་ཡི་བུ་བཞིན་བསྐྱངས། བསྒྲུབ་བྱ་མང་པོ་སོ་ཐར་གྱི་བསླབ་པའི་གཞི་ལ་བཀོད། བཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བདེ་ལམ་དངོས་གྲུབ་ཀུན་འབྱུང་གི་འགྲེལ་པ་ཐར་ལམ་གསལ་བའི་སྒྲོན་མེ་དང་། གདན་ས་འདིའི་བཅའ་ཡིག་སོགས་ཆོས་ཚན་མང་པོ་བརྩམས་ཏེ་དཔར་དུ་བཀོད། ཁྲི་ལ་ལོ་དུ་མར་བཞུགས།

གཞན་ཡང་མཚོ་སྔོན་དགེ་བཤེས་ཚང་དབུས་ནས་ཕེབས་ཏེ་གདན་ས་འདིར་བཀའ་ཆོས་དང་། དབང་ལུང་གི་རྒྱུན་བསྐྱངས་ནས་གསུང་འབུམ་ཡང་དཔར་དུ་བཀོད། ཆུ་ཤུལ་སྐུ་གོང་མས་གདན་ས་འདིའི་རྒྱབ་རི་ལ་ལ་བཙས་བསྟོད། ཀླུ་གཉན་གྱི་གནོད་པ་ལ་ཕྱག་རྡོར་འཁོར་ཆེན་དང་། བདུད་འདུལ་མཆོད་རྟེན་བཞེངས་པའི་ཐུགས་བཀོད་སོགས་ལུང་བསྟན་གྱི་མཛད་པ་གནང་། ལོ་དེར་བདུད་འདུལ་མཆོད་རྟེན་བཞེངས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་རྗེ་འཇིགས་མེད་རྒྱ་མཚོ་དང་། སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་སྔ་རྗེས་སུ་གདན་ས་འདིར་ཕེབས་ཏེ་ཟབ་ཆོས་མང་དུ་སྩལ། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དང་། ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་སོགས་ཀྱིས་གདན་ས་འདིར་འདོད་ཆོས་མང་པོ་གནང་། རབ་བྱུང་བཅོ་ལྔ་པའི་ཤིང་གླང་ཕྱི་ལོ་ ༡༩༢༥ ཡས་མས་སུ་ཀུན་མཁྱེན་འཇམདབྱངས་བཞད་པ་སྐུ་ཕྲེང་ལྔ་པ་ཆེན་པོ་བསྟན་པའི་རྒྱལ་མཚན་མཆོག་གདན་ས་འདིར་ཞག་བཞུགས་གནང་སྟེ་ལྗགས་ལུང་འགའ་སྩལ། དེ་ནས་སྔ་རྗེས་སུ་ལན་བཞི་ལ་ཕེབས།

ཁྱད་པར་དུ་སྒང་བ་མཁན་ཆེན་རྗེ་སྐལ་བཟང་བསྟན་པ་རྒྱ་མཚོ་མཆོག་གིས་གདན་ས་འདིར་དབང་ལུང་ཟབ་ཆོས་བུམ་པ་གང་བྱོས་ཚུལ་དུ་སྩལ། གསུང་གི་སློབ་བུ་མང་དུ་བསྐྱངས། སྔོ་ཤུ ལ་རི་ཁྲོད་པ་གདན་ས་འདིའི་ཁྲི་ལ་བཞུགས་ཏེ་བཀའ་དྲིན་ཆེ་བར་གྲགས། གདན་ས་རང་ནས་བ་ཙ་དཀོན་མཆོག་བསྟན་པ། གཟེས་ཕྱོགས་གླང་། ལྟགས་ཀ་འཕགས་མཆོག་གམ་བློ་བཟང་ཤེས་རབ། བདེ་བ་སྐལ་བཟང་ཤེས་རབ། ཡོད་རི་ཁྲོད་པ་ཤེས་རབ་བསྟན་འཛིན་སོགས་ཉམས་རྟོགས་ཀློང་དུ་བརྡོལ་བའི་མཁས་གྲུབ་མང་པོ་བྱུང་། གདན་ས་འདིའི་ཆོས་སྤྱོད་ཀྱི་རིམ་པ་ནི་ལོ་རེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ། བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་ཐིག་རྡུལ་ཚོན་དང་བཅས་པ། ཀུན་རིག་སྒྲུབ་མཆོད། ལུག་ཟླའི་མ་ཎི་བཅུ་སྒྲུབ་ཆེན་མོ། དགུ་གཏོར། དབྱར་དགག་གསོ་གསུམ་བཅས་ཆོས་སྤྱོད་དུ་མས་ཉམས་ལེན་གྱིས་དུས་འདའ་བར་བྱས། གདན་ས་འདིར་བཞུགས་པའི་རྟེན་གྱི་གཙོ་བོ་འགའ་བརྗོད་ན། སྔོན་སྤྲོ་ཚིགས་དགོན་རྙིང་གི་རྟེན་གཙོ་སྤྲོ་ཚིགས་ཇོ་སྐུ་བྱིན་ཅན་རྗེ་ང་འདྲ་མ། གཉན་རྩེ་དཔོན་སློབ་ཀྱི་ན་བཟའ། ཙན་དན་པད་སྤུངས་མཆོད་རྟེན། སློབ་དཔོན་བཻ་རོ་ཙ་ནའི་ཞབས་རྗེས། ཅོ་ནེ་རྒྱལ་པོས་གཉན་རྩེ་དཔོན་སློབ་ལ་ཕུལ་བའི་བརྒྱད་སྟོང་པ་གསེར་བྲིས། ཐུབ་པ་རྡོར་གདན་མ་མང་པོ་བཅས་དང་། གསེར་དངུལ་གྱིས་བྲིས་པའི་པོ་ཏི་ཁྲི་ཕྲག་བརྒལ་བ་བཅས་སོ།།

ང་བརྒྱད་ལོའི་རིག་གསར་སྐབས་སུ་གདན་ས་འདི་གཞི་ནས་བཤིགས་ཏེ་སྐུ་གསུང་ཐུགས་རྟེན་འགའ་དང་། སྔར་གསེར་དངུལ་གྱིས་བྲིས་པའི་པོ་ཏི་རྣམས་མཆི་མ་དང་སྨྲེ་སྔགས་ཀྱི་ཁྲོད་དུ་འབྱུང་བཞིའི་ཁམས་སུ་ཐིམ་སོང་། རབ་བྱུང་བཅུ་དྲུག་པ་ཆུ་ཁྱི་ཕྱི་ལོ་ ༡༩༨༢ ལོར་ཡང་དར་བསྟན་པའི་སྒོ་ཆེན་ཕྱེས་པ་དང་ཆབས་ཅིག་གདན་ས་འདིར་ཆོས་ཀྱི་སྒོ་མོ་ཕྱེས། ཐོག་མར་ཁང་སེར་མ་གསར་དུ་བཞེངས། བུམ་པ་བདུད་རྩིས་གང་བ་ཞིག་ས་འོག་ནས་བྱུང་བའི་རྟེན་འབྲེལ་ཆེ་བ་ཀུན་གྱིས་བཤད། ཨ་མཆོག་རིན་པོ་ཆེ་དང་ཀིརྟི་ཚང་སྔ་རྗེས་སུ་ཕེབས་ནས་ཟབ་ཆོས་ཀྱི་ལུང་དང་ཤིས་བརྗོད་ཀྱི་མེ་ཏོག་འཐོར། རབ་བྱུང་བཅུ་དྲུག་པ་མེ་སྟག་ཕྱི་ལོ་ ༡༩༨༦ ལོར་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་མགོ་བརྩམས། ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གདན་ས་འདིར་ཕེབས་ཏེ་ལུགས་གཉིས་ཀྱི་བསླབ་བྱ་དང་ཟབ་ཆོས་ཀྱི་ལུང་སོགས་མང་དུ་སྩལ། རབ་བྱུང་བཅུ་བདུན་པ་ལྕགས་ལུག་ཕྱི་ལོ་ ༡༩༩༡ ལོར་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་ལེགས་པར་གྲུབ། གདན་ས་འདི་དང་གཉན་རྩེ་དགོན། མདོ་བ་དགོན་བཅས་སུ་རབ་གནས་ཆེན་མོ་འཚོགས་པ་དང་། དགོན་གྲོང་ཡོངས་ཀྱིས་ཆོས་སྟོན་ཟབ་རྒྱས་བྱས།

རབ་བྱུང་བཅུ་བདུན་པ་ཆུ་སྤྲེལ་ཕྱི་ལོ་ ༡༩༩༢ ལོར་དབྱར་གནས་ཆེན་མོ་སླར་གསོ་བྱས་ཏེ་བཀྲ་ཤིས་པའི་རྫས་ཀྱི་ཆོས་དུང་ངོར་འཇམ་དབྱངས་གཟུངས་སྔགས་རང་བྱོན་ཏུ་བབས། ལོ་དེའི་སྟོན་ཁ་གདན་ས་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་ཆེན་མོ་ཕེབས། རབ་བྱུང་བཅུ་བདུན་པ་ཤིང་ཁྱི་ཕྱི་ལོ་ ༡༩༩༤ ལོར་གདན་ས་འདིའི་ཞོལ་གྱི་སྤང་ཐང་དུ་གཉན་རྩེ་སྐུ་ཕྲེང་བདུན་པ་༸རྗེ་སྐལ་བཟང་ངག་དབང་འཇམ་དབྱངས་ཆོས་འཕེལ་མཆོག་ངོས་འཛིན་གྱི་མཛད་སྒོ་སྤེལ་ཏེ་བཀྲ་ཤིས་ལྷ་དར་གྱིས་མདུན་བསུས་ནས་ན་བཟའ་གསོལ་ཏེ་གདན་ས་འདིར་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ།

བར་སྐབས་ཤིག་ལ་ཨ་ཁུ་སྐལ་བསམ་དང་། སྒོ་རི་སྤྲུལ་སྐུ་བློ་བཟང་འཇམ་དཔལ་རྒྱ་མཚོ། སེར་སྐྱེ་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། སྤྲོ་ཚིགས་བསྟན་གོ གདན་ས་འདིའི་བླ་མ་བློ་བཟང་ཚུལ་ཁྲིམས། ཨ་ཁུ་སྐལ་བཟང་བཅས་ཀྱིས་དབང་ལུང་ཟབ་ཆོས་མང་པོ་སྩལ། རབ་བྱུང་བཅུ་བདུན་པ་ཆུ་རྟ་ཕྱི་ལོ་ ༢༠༠༢ ལོར་སྔར་གྱི་ཁང་སེར་མ་བསྐྱར་བཞེངས་བྱེད་འགོ་བརྩམས། རབ་བྱུང་བཅུ་བདུན་པ་མེ་ཁྱི་ཕྱི་ལོ་ ༢༠༠༦ ལོའི་སྟོན་དུས་སུ་ཁང་སེར་མ་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་པའི་འགྲུབ་སྟོན་དང་། གཉན་རྩེ་རིན་པོ་ཆེས་དབུས་སུ་ཕྱག་བཙལ་ཏེ་ཕྱིར་ཕེབས་པའི་ཆོས་སྟོན་དུས་གཅིག་ཏུ་གདན་ས་འདི་དང་། ལྷ་སྡེ་བསུ་བ་སྟོད་སྨད་གཉིས་ཀྱིས་ཟབ་ཅིང་རྒྱས་བ་བྱས། རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ཕྱི་ལོ་ ༢༠༡༠ ལོར་བླ་མ་བློ་བཟང་ཚུལ་ཁྲིམས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དུ་གདན་ས་འདི་དང་ལྷ་སྡེ་བསུ་བ་སྟོད་སྨད་སོགས་དད་ལྡན་ཡོངས་ཀྱིས་བརྟན་བཞུགས་དང་སྟོན་མོ་ཟབ་རྒྱས་བྱས། ལོ་དེར་བླ་མ་བློ་བཟང་ཚུལ་ཁྲིམས་མཆོག་གིས་སྔར་གྱི་བདུད་འདུལ་མཆོད་རྟེན་བསྐྱར་བཞེངས་བྱས། རབ་བྱུང་བཅུ་བདུན་པ་མེ་ཡོས་ཕྱི་ལོ་ ༢༠༡༡ ལོར་བླ་མ་བློ་བཟང་ཚུལ་ཁྲིམས་མཆོག་གིས་འདུ་ཁང་ཆེན་མོར་གསེར་གྱི་རྒྱ་ཕིབས་བཞེངས་ཤིང་དེའི་ཕྱི་ལོར་ཡོངས་སུ་གྲུབ། རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ཕྱི་ལོ་ ༢༠༡༢ ལོར་གཉན་རྩེ་རིན་པོ་ཆེ་དང་གདན་ས་འདིའི་བླ་གྲྭ་ཡོངས་ཀྱིས་བསུ་མོ་བའི་མདུན་གྱི་ལོ་གྱོན་མའི་གནས་ཆུ་ལ་གནས་སྒོ་ཕྱེས་ཏེ་རབ་གནས་དང་ཐུགས་སྨོན་རྒྱ་གང་ཆེ་གནང་།

རབ་བྱུང་བཅུ་བདུན་པ་ཆུ་སྦྲུལ་ཕྱི་ལོ་ ༢༠༡༣ ལོར་བླ་མ་བློ་བཟང་ཚུལ་ཁྲིམས་མཆོག་གིས་ཁང་སེར་མའི་རྒྱ་ཕིབས་ཞོལ་མ་དང་ལྕགས་རི་བཅས་བཞེངས། ལོ་དེར་གདན་ས་འདི་དང་བསུ་བ་སྟོད་སྨད་སོགས་དད་ལྡན་ཡོངས་ཀྱིས་ནག་ཥེ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དང་བརྟན་བཞུགས་ཕུལ། སྟོན་དུས་སུ་ཁྲི་ཆེན་གུང་ཐང་སྤྲུལ་སྐུ་བསྟན་པའི་མཁན་ཆེན་མཆོག་གདན་ས་འདིར་ཕེབས་ཏེ་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད། གཉན་རྩེ་རིན་པོ་ཆེའི་ཐུགས་སྐྱོང་འོག་གདན་ས་འདིར་སློབ་གྲྭ་གསར་པ་བཙུགས།

རབ་བྱུང་བཅུ་བདུན་པ་ཤིང་རྟ་ཕྱི་ལོ་ ༢༠༡༤ ལོར་བླ་མ་བློ་བཟང་ཚུལ་ཁྲིམས་མཆོག་གིས་ཀླུ་དབང་ཚྭ་ཁང་ཉམས་གསོ་བྱས་ཏེ་དེའི་ཕྱི་ལོར་རྟེན་དང་བརྟེན་པ་རྒྱ་ཕིབས་དང་བཅས་པ་གྲུབ། བླ་མ་བློ་བཟང་ཚུལ་ཁྲིམས་མཆོག་གིས་ཡོན་གནས་མཛད་དེ༑ གཉན་རྩེ་རིན་པོ་ཆེས་གཙོས་གདན་ས་འདིའི་བླ་གྲྭ་ཡོངས་ཀྱིས་རབ་གནས་ཆེན་མོ་སྔ་རྗེས་སུ་ལན་གསུམ་ལ་འཚོགས། རབ་བྱུང་བཅུ་བདུན་པ་ཤིང་ལུག་ཕྱི་ལོ་ ༢༠༡༥ ལོར་བླ་མ་བློ་བཟང་ཚུལ་ཁྲིམས་མཆོག་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སུ་གཉན་རྩེ་རིན་པོ་ཆེས་གཙོས་གདན་ས་འདི་དང་། གཉན་རྩེ་དགོན། མདོ་བ་དགོན་བཅས་ཀྱིས་མཆོག་སྤྲུལ་མྱུར་བྱོན་དང་ཐུགས་སྨོན་ཟབ་རྒྱས་གནང་།

ད་ལྟར་གཉན་རྩེ་དཔོན་སློབ་༸རྗེ་སྐལ་བཟང་ངག་དབང་འཇམ་དབྱངས་ཆོས་འཕེལ་དཔལ་བཟང་པོ་མཆོག་གིས་ཐད་ཀར་ཆོས་སྲིད་ཀྱི་གཟིགས་སྐྱོང་གནང་བའི་ཆོས་སྡེ་འདིར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་བཞེས་གཙོས་བཤད་སྒྲུབ་ཀྱི་བྱ་བ་རྣམས་ཆུ་གཏེར་བཞིན་འཕེལ་ཞིང་། ལྷ་སྡེ་བསུ་བ་སྟོད་སྨད་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་བཟང་འདི་ལེགས་སོ།།

གདན་ས་རང་གི་མཚན་ལྡན་བཤེས་གཉེན་འགའི་རྣམ་ཐར་མདོར་བསྡུས། ༸རྗེ་ནག་ཥེ་བློ་བཟང་ཆོས་འཕེལ་དཔལ་བཟང་པོ་ནི་མདོ་སྨད་རྨ་ཆུའི་ཆུ་ཁ་མ་རུ་ཡབ་སྐར་མ་འབུམ་དང་ཡུམ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་དུས་ནས་དབུས་སུ་ཕེབས་དེ་དགའ་ལྡན་དུ་ཆོས་གྲྭར་ཞུགས། རྗེ་ཡེ་ཤེས་ཐུབ་བསྟན་དང་། བཤེས་གཉེན་དཀོན་མཆོག་ཚུལ་ཁྲིམས་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་པས་མཁས་པའི་ཀློང་བརྡོལ། ཐོས་དོན་ཉམས་བཞེས་མཛད་པས་ཉམས་རྟོགས་རྒྱུད་ལ་འཁྲུངས། ཕྱིར་མདོ་སྨད་དུ་ཕེབས་ནས་གདུལ་བྱ་མང་པོ་ལ་བྱང་ཆུབ་ལམ་རིམ་གྱི་ཁྲིད་སོགས་ཟབ་ཆོས་མང་དུ་སྩལ། རྨ་སྡེ་གྲོང་སེར། ཝ་བན་གསར་མ། གདན་ས་འདི་བཅས་ལ་མེ་ཏོག་མཆོད་པའི་སྲོལ་བཙུགས། གདན་ས་འདིར་རྒྱུན་རིང་བཞུགས་ཏེ་བདེ་ལམ་དངོས་གྲུབ་ཀུན་འབྱུང་གི་འགྲེལ་པ་ཐར་ལམ་གསལ་བའི་སྒྲོན་མེ་སོགས་ལྗགས་རྩོམ་མང་པོ་གནང་བ་དང་། ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བའི་ངང་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་(༡༩༡༥)ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

སྐུ་ཕྲེང་གཉིས་པ་སྐུ་ན་ཕྲ་བའི་སྐབས་སུ་གཤེགས། ༸ནག་ཥེ་སྐུ་ཕྲེང་གསུམ་པ་རྗེ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་མཆོག་ནི་ཆུ་ཁ་མ་རུ་འཁྲུངས། དཔལ་ལྡན་སྨྲ་སེང་གླིང་གི་ཆོས་གྲྭར་ཞུགས། གདན་ས་འདིར་ཆོས་སྲིད་ལུགས་གཉིས་ཀྱིས་སྐྱོང་བཞིན་པ་ལེགས་སོ། །མཚོ་སྔོན་དགེ་བཤེས་སྣང་མཛད་རྡོ་རྗེ་ཚང་ནི་ཆུང་དུས་ནས་དབུས་སུ་ཕེབས་ཏེ་ནག་ཥེ་བློ་བཟང་ཆོས་འཕེལ་སོགས་བཤེས་གཉེན་མང་དུ་བསྟེན། མདོ་སྔགས་གཉིས་ལ་མཁས་པར་གྱུར་ཏེ་ཕྱིར་རང་ཡུལ་ལ་བྱོན། གདན་ས་འདིར་རྒྱུན་རིང་བཞུགས་ཏེ་ལུགས་གཉིས་ཀྱིས་བསྐྱངས་། མདོ་སྔགས་ཀྱི་ཆོས་ཚན་མང་པོ་ལྗགས་རྩོམ་མཛད་དེ་དཔར་དུ་བཀོད། གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ནས་གཟུགས་སྐུ་མཐའ་མར་བསྡུས་པའི་ཚུལ་མཛད།

དེའི་སྤྲུལ་སྐུ་སྐལ་བཟང་ཀླུ་སྒྲུབ་བསྟན་པའི་ཉི་མ་མཆོག་ནི་དཔལ་ལྡན་སྨྲ་སེང་གླིང་དུ་བཞུགས། གདན་ས་འདི་ལ་བརྩེ་གཟིགས་གནང་སྟེ་སྔར་གྱི་དཔར་ཤིང་རྣམས་ཉམས་གསོ་བྱས་པ་སོགས་བཀའ་དྲིན་གྱིས་སྐྱོང་བཞིན་པ་ལགས། ༸སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༧༦ ལོར་རྔ་ཡུལ་བསུ་བའི་དཀོམ་ཚང་གི་ཡབ་སྣང་གོ་དང་ཡུམ་ཚེ་དཔག་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདན་ས་འདིར་རབ་ཏུ་བྱུང་། ཨ་ཁུ་འཇམ་དབྱངས་བློ་གྲོས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་རྒྱུད་སྡེ་བཞིའི་ཆོ་ག་སོགས་ལ་བསླབས། དཔལ་ལྡན་སྨྲ་སེང་གླིང་དུ་ཆོས་གྲྭར་ཞུགས། ནག་ཥེ་རིན་པོ་ཆེ་དང་ཨ་ཁུ་བསམ་གཏན་ཚང་སོགས་ཡོངས་འཛིན་དུ་བསྟེན་ནས་བློ་རྟགས་སོགས་ལ་སློབ་གཉེར་བྱས། བླ་བྲང་དུ་ཕེབས་ནས་གུང་ཐང་དྲུག་པའི་མདུན་ནས་ཟབ་ཆོས་མང་དུ་གསན། སྣེ་དྲུག་བློ་བཟང་ཚང་གི་དྲུང་དུ་བསྡུས་ཕར་སོགས་གཞུང་ལ་སྦྱང་། ཨ་ཁུ་འཇམ་དབྱངས་ཉི་མ་ལས་གསོ་རིག་རྒྱུད་བཞིའི་ཁྲིད་ལུང་དང་རྩིས་དཀར་ནག་ལ་སློབ་གཉེར་དཔྱིས་ཕྱིན་པ་བྱས།

འཕགས་ཡུལ་དུ་བྱོན་ཏེ་དགའ་ལྡན་ཤར་རྩེའི་སོག་པ་ཁང་ཚན་གྱི་ཆོས་སྒོར་ཞུགས། བཤེས་གཉེན་ཐུབ་བསྟན་བཀྲ་ཤིས་དང་། ཤར་པ་ཆོས་རྗེ། དགེ་བཤེས་ཕུན་ཚོགས་རྒྱལ་མཚན། མཁྱེན་རབ་དར་རྒྱས། བླ་ཏི་ཚང་། སྒོ་མང་ཨ་ཁུ་ཡོན་ཏན་ཚང་སོགས་བཤེས་གཉེན་མང་པོའི་དྲུང་ནས་འདུལ་བ་དང་དབུ་མ། རྣམ་འགྲེལ། ས་ལམ། དྲང་ངེས་སོགས་གཞུང་བཀའ་པོད་ལྔ་ལ་གསན་སྦྱངས་མི་དམན་པ་བྱས། གཞན་ཡང་ཇོ་ནང་མཁན་པོ་ཀུན་དགའ་ཕུན་ཚོགས་སོགས་བཤེས་གཉེན་འགའི་དྲུང་ནས་དུས་འཁོར་སྦྱོར་དྲུག་སྒོམ་རིམ་དང་རྩ་རླུང་ཐིག་ལེའི་རྣམ་གཞག །ལུས་སྦྱོང་འཁྲུལ་འཁོར་གྱི་གསང་བའི་གནད་མང་པོར་ཡུན་རིང་སྦྱངས་པ་བྱས། ཁྱད་པར་དུ་མཚུངས་མེད་བླ་མ་དམ་པ་འབྲུག་པ་བཀའ་བརྒྱུད་ཀྱི་རྡོ་རྗེ་སློབ་དཔོན་ངག་དབང་བསྟན་འཛིན་རིན་པོ་ཆེ་དང་། བཀའ་བརྒྱུད་མཁན་པོ་ཨ་ཆོས། མཁན་ཨ་འདུས་ལས་ནཱ་རོ་སྦྱོར་ཆོས་དྲུག་དང་ནེ་གུ་མ་སོགས་གསང་སྔགས་ཀྱི་བསྐྱེད་རྫོགས་དབང་ལུང་མན་ངག་དང་བཅས་པར་ཐོས་བསམ་རྒྱ་ཆེར་བྱས། ད་ལྟ་བོད་བརྒྱུད་ནང་བསྟན་ཀྱི་ལུས་སྦྱོང་འཕྲོད་བསྟེན་རིག་པས་ནུབ་ཡོ་རོབ་དང་ཨ་རི་སོགས་ཡུལ་གྲུ་འགའི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་བཞིན་པ་དང་། རང་ཡུལ་གྱི་སློབ་མ་སྟོང་ཕྲག་འགའ་ལ་སློབ་ཡོན་གྱི་རོགས་སྐྱོར་གནང་བ་སོགས་བསྟན་འགྲོའི་དོན་དུ་འཕྲིན་ལས་རྒྱས་བཞིན་པའི་སྐབས་ལེགས་སོ།།

༸མི་སར་སྤྲུལ་སྐུ་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ས་ལུག་ཕྱི་ལོ་ ༡༩༡༩ ལོར་བསུ་སྟོད་དུ་སྐུ་འཁྲུངས། ཆུང་དུས་ནས་གདན་ས་འདིར་རབ་ཏུ་བྱུང་སྟེ་སྒོ་མང་དགོན་དུ་གདན་དྲངས། གདན་ས་འདི་དང་སྒོ་མང་དགོན་གྱི་ཁྲི་ལ་བཞུགས། དགུང་གྲངས་རེ་དགུ་པ་རབ་གནས་མེ་ཡོས་ཕྱི་ལོ་ ༡༩༨༧ ལོར་གཟུགས་སྐུ་མཐའ་མའི་མཛད་པ་བསྡུས།

༸ཆུ་ཤུལ་སྤྲུལ་བའི་སྐུ་རྗེ་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ཕྱི་ལོ་ ༡༩༣༡ ལོར་རྔ་ཡུལ་བསུ་བའི་སྣ་ཐང་དུ་ཡབ་དཔལ་རྒྱམ་དང་ཡུམ་གཡུང་རིས་ཀྱི་སྲས་སུ་སྐུ་འཁྲུངས། ཁྲི་བློ་བཟང་ནོར་བུ་ཚང་ནས་དགེ་ཚུལ་དང་རབ་བྱུང་མཛད། སྒང་བ་རྒྱ་ནག་མཁན་ཆེན་རྗེ་སྐལ་བཟང་བསྟན་པ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་བཞེས། ཡོངས་འཛིན་བདེ་བ་སྐལ་བཟང་ཤེས་རབ་ལས་རིག་གནས་སྤྱི་དང་དགོན་པའི་འདོན་ཆ་སོགས་ལ་བརྩོན་པ་ཆེ་བསྐྱེད་ཀྱིས་སློབ་གཉེར་བྱས། ཕྱིས་སུ་ཆུ་མིག་སྟོང་རྩ་དང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་དཔལ་གསང་བ་འདུས་པའི་བསྙེན་ཆེན། ཟབ་ལམ་གཅོད་ཀྱི་བསྙེན་ཆེན། མཁའ་སྤྱོད་མའི་བསྙེན་ཆེན། གཞན་ཡང་སྨན་བླ་དང་ཐུགས་རྗེ་ཆེན་པོ་དང་ཚེ་དཔག་མེད། མགོན་ཆོས་སྡེ་ལྔ་སོགས་བསྙེན་སྒྲུབ་ཀྱིས་དུས་འདའ་བར་བྱས། ཁྱད་པར་དུ་དུས་ངན་སྐབས་སུ་བཀའ་ཆེན་བདེ་ལམ་དང་དེའི་འགྲེལ་པ་ནག་ཥེ་ལམ་རིམ་གྱི་དཔར་ཤིང་གིས་གཙོས་སྐུ་གསུང་ཐུགས་རྟེན་མང་པོ་སྦས་བསྐུངས་མཛད་ཀྱང་བསྙེན་སྒྲུབ་དང་གསོ་སྦྱོང་ཆགས་མེད་བྱས།

བསྟན་པ་ཡང་དར་སྐབས་སུ་གདན་ས་འདི་ལ་བླ་མ་རྡོ་རྗེ་འཛིན་པ་དང་ཁྲི་ལ་ལོ་མང་པོར་བཞུགས། འདུ་ཁང་གོང་འགབ་ཀྱི་གསེར་གྱི་རྒྱ་ཕིབས་དང་རྒྱལ་མཚན་ཆོས་འཁོར་གསེར་ཏོག་སྤེན་རྒྱན་སོགས་དང་གསང་བདེ་འཇིགས་གསུམ་གྱི་སྐུ་བརྙན་དང་བློས་བསླངས་གསུམ། བདུད་འདུལ་མཆོད་རྟེན་དང་ཀླུ་དབང་རྒྱལ་པོའི་ཕོ་བྲང་སོགས་བཞེངས་བསྐྲུན་མཛད་དེ་དད་ལྡན་གྱི་དད་རྫས་རྣམས་ཆུད་ཟོས་སུ་མ་བཏང་བར་རབ་གནས་ཆེན་མོ་དང་མང་འགྱེད་སོགས་ལན་དུ་མར་མཛད། གཞན་ཡང་སྣོད་ལྡན་གྱི་གདུལ་བྱ་རྣམས་ལ་དབང་དང་མན་ངག་སོགས་བུམ་པ་གང་བྱོས་ཚུལ་དུ་སྩལ། མདོར་ན་སྐུ་ཚེ་གང་པོར་གཞན་དོན་དང་བསྙེན་སྒྲུབ་ཀྱིས་དུས་འདའ་བར་བྱས་ཏེ་མཐར་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་བསུ་བ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་ནས་གཟུགས་སྐུ་མཐའ་མའི་མཛད་པ་བསྡུས།

ད་ལྟར་གདན་ས་འདིར་བཞུགས་པའི་སྐུ་གསུང་ཐུགས་རྟེན་གྱི་རིམ་པ་ནི། རྟེན་གཙོ་སྔོན་གྱི་སྤྲོ་ཚིགས་ཇོ་སྐུ་བྱི་ཅན།(སྨན་སྤོས) རྗེ་ང་འདྲ་མ།(སྨན་སྤོས) གཉན་རྩེ་དཔོན་སློབ་ཀྱི་ན་བཟའ། སློབ་དཔོན་བཻ་རོ་ཙ་ནའི་ཞབས་རྗེས། སྨྀ་ཏི་ཛྙ་ནའི་ཕྱག་ཚ། ཙན་དན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྟ་འགྲིན་ལྕགས་རལ་ཅན།(ལི་སྐུ) ཙན་དན་པད་སྤུངས་མཆོད་རྟེན། ཐུབ་པ་རྡོར་གདན་མ་ལི་སྐུ་མང་པོ་བཅས་དང་། ཅོ་ནེ་རྒྱལ་པོའི་གཉན་རྩེ་དཔོན་སློབ་ལ་ཕུལ་བའི་བརྒྱད་སྟོང་པ་གསེར་བྲིས། ཐར་མདོ་གསེར་བྲིས། བཀའ་ཐང་ཡིག་སྡེ་ལྔ་གསེར་བྲིས། དངུལ་བྲིས་ཀྱི་པོ་ཏི་མང་པོ་དང་བཀའ་བསྟན་བཅས་བཞུགས། འཇམ་དབྱངས་གཟུངས་རང་བྱོན་དུ་ཡོད་པའི་ཆོས་དུང་། གཉན་རྩེ་དཔོན་སློབ་ཀྱི་གདུང་རྟེན་དང་ནག་ཥེ་སྐུ་གོང་མའི་དབུ་ཐོད་བཞུགས་པའི་གདུང་རྟེན་སོགས་མཐའ་ཡས་པ་བཞུགས་སོ། །དགའ་ལྡན་ལྷ་ཡི་ལུང་དང་རྟོགས་པའི་བསྟན། །བཀྲ་ཤིས་ཆོས་ཀྱི་སྦྲང་ཆར་འབུམ་འཇོ་བས། །གླིང་བཞིའི་ལུས་ཅན་ཞིང་ས་གཤིན་པོ་ལ། །དོན་གཉིས་ལོ་ཏོག་རྟག་ཏུ་སྨིན་པར་ཤོག། །ཅེས་སྒྲུབ་བརྒྱུད་བསྟན་པའི་འབྱུང་གནས་བསུ་བ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་ལོ་རྒྱུས་མདོར་བསྡུས་རེ་ཞིག་རྫོགས་པར་བྱ། ཐེངས་འདིར་འཚོལ་ཞིབ་དང་ཞུ་དག་རོགས་རམ་བྱེད་མཁན་ཡོངས་ལ་ལག་ཟུང་ཐལ་མོ་སྦྱར་ཏེ་བཀའ་དྲིན་ཞུ་བ་དང་བཅས་གོང་བ་ཚང་བློ་བཟང་མཁྱེན་རབ་རྒྱ་མཚོས་བྲིས་པ་དགེའོ།།

ལོ་རྒྱུས་འདི་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་བ་བཞིན་བཀོད་པའོ། ། ༡༩༩༣ ལོ་ནས་ ༢༠༡༧ བར་དུ་སྤྲུལ་བློ་བཟང་དམ་ཆོས་ཉི་མ་སོགས་གྲྭ་རྒྱུན་ལྔ་ལྷག་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད།།

དཔྱད་མཆན་སྤེལ།