༄། །བྲག་དཀར་དགོན་བཀྲ་ཤིས་དགེ་འཕེལ་གླིང་ནི་ཕྱོགས་བཞི་ཆོས་རྗེ་བསམ་འགྲུབ་ཚང་གིས་ཕྱག་བཏབ། འདེབས་ལོ་མི་གསལ་ཡང་འདི་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སློབ་མ་ཡིན་པར་བཤད་པས། པཎ་ཆེན་འདི་པ་རབ་བྱུང་བཅུ་པའི་ལྕགས་སྟག་ལོར་འཁྲུངས་ཤིང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་འདས་པ་དང་བསྡུར་ན། རབ་ཕྱོགས་ཀྱི་སྨད་དམ་རབ་དྲག་གི་སྟོད་ཅིག་ཏུ་བཏབ་པ་འདྲ།
མདོ་སྨད་ཆོས་འབྱུང་ལས་སྔོན་མ་ཞིག་གིས་བར་བཞིར་དགོན་པ་བཞི་བཏབ་གསུངས་པ་དེའི་འདེབས་པ་པོ་དང་དགོན་པ་བཞི་པོའི་མིང་སོགས་མ་ངེས། གང་ལྟར་ཡང་ཆོས་རྗེ་བསམ་འགྲུབ་ཚང་བར་བཞིའི་དགོན་པར་བཞུགས་པ་ན། འཛམ་ཐང་ཆོས་རྗེ་ཀོར་རྒྱལ་གྱིས་གྲུབ་མཐའི་དབང་གིས། མགོ་ལོག་དཔོན་ནག་ཐར་བསྐུལ་བས་གནོད་འཚེ་དུ་མས་གཙེས་པ་ལ་བརྟེན་ནས་ཆོས་གོས་རྣམ་གསུམ་ནབ་བཞིན་མཁའ་ལ་འཕུར་ཏེ་རྔ་ཡུལ་ཕྱོགས་སུ་བྱོན་ནས། རྔ་སྟོད་དུ་རེ་ཞིག་བཞུགས། དེ་ནས་དགོན་འདི་བཏབ། དེའི་སྤྲུལ་སྐུ་ཕྱོགས་བཞི་བློ་བཟང་འཕྲིན་ལས་ཀྱིས་བཏབ་ཀྱང་ཟེར་གསུངས། དེས་ཕྱོགས་བཞི་དགེ་བཤེས་བྱམས་པ་ཕུན་ཚོགས་ལ་གཏད། འདི་པ་སེར་སྨད་དུ་བྱོན་ནས་སློབ་གཉེར་མཛད་དེ་ལྷ་རམས་པ་ཐོན། རྒྱུད་སྨད་ནས་སྔགས་ཀྱི་དམ་བཅའ་དང་དགེ་བསྐོས་མཛད། རང་ཡུལ་དུ་བྱོན་ནས་ཕྱོགས་བཞི་བྱམས་པ་ཐར་འདོད་ཁྲིར་བསྐོས། ཁོང་ཉིད་ཐུགས་དམ་ཉམས་བཞེས་དང། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཏབ་སྟེ་སྐལ་ལྡན་གྱི་གདུལ་བྱ་ཆེས་མང་བའི་རྒྱུད་སྨིན་པར་བྱས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བཀོད། འདི་བར་སྐྱེ་བརྒྱུད་ཡོད་གསུངས།
དེ་རྗེས་ཕྱོགས་བཞིའི་དཔོན་པོ་དཀོན་མཆོག་རྒྱ་མཚོ་སོགས་ཀྱིས་བསྐྱངས་ཞེས་གསུངས། ཕྱོགས་བཞི་དགེ་བཤེས་བྱམས་པ་ཕུན་ཚོགས་དང་། ཕྱོགས་བཞི་བློ་བཟང་ཐོགས་མེད། ཕྱོགས་བཞི་བྱམས་པ་དགེ་ལེགས་གསུམ་ནི་སྐུ་སྤུན་ཡིན། ཕྱོགས་བཞི་བྱམས་པ་དགེ་ལེགས་ཀྱིས་སེ་ར་ནས་ཐོས་བསམ་བྱས། བླ་མ་བྱམས་པ་བསྟེན་ཏེ་འདུལ་བའི་བཅས་མཚམས་མཐའ་དག་མིག་གི་འབྲས་བུ་ལྟར་བསྲུངས། སྟོད་གངས་རིར་སྒྲུབ་པ་མཛད་པའི་དུས། བློ་བཟང་ཐོགས་མེད་དང་ཕྱོགས་བཞི་དགེ་བཤེས་གཉིས་འདི་པ་གདན་འདྲེན་དུ་བྱོན། ཁོང་ཕུར་ལྕོགས་པའི་ཡོངས་འཛིན་ཡིན་སྟབས་གདན་འདྲེན་དཀའ་ཚེ། དགེ་བཤེས་ཀྱིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བཀའ་ཤོག་བླངས་ནས་ཁོང་ལ་ཕུལ་བ་ལ་གཟིགས་པ་ན། དེར་མདོ་སྨད་དུ་ཕེབས་ན་བསྟན་འགྲོར་ཕན་པ་འབྱུང་ངེས་སོགས་མཐོང་བས་སྐྱོ་ཉམས་དང་བཅས་རང་ཡུལ་དུ་བྱོན།
ལམ་དུ་སྤྱང་ལྟོགས་མི་ཟན་མང་དུ་འཕྲད་ཀྱང་ས་ལ་གནས་པའི་སེམས་དཔའ་ཆེན་པོ་ཡིན་པས་གནོད་པ་མ་བྱུང་། རྭ་སྨད་དུ་བཀྲ་ཤིས་འབྱུང་ཞེས་པའི་རི་ཁྲོད་བཏབ། དེར་ཆོས་འཕེལ་དར་རྒྱས། བ་མགོ་ཡོན་ཏན། མདོ་སྣ་ཚང་། བཅུད་ལེན་པ་ཨ་སིད་རི་ཁྲོད་པ༑ ཡེ་ཤེས་མཐའ་ཡས། འཕྲིན་ལས། ལྷ་མོའི་དགེ་སློང་བློ་བཟང་སོགས་འདུལ་བ་འཛིན་པ་བཅོ་ལྔ་ཙམ་འདུས། སྐུ་ཚེ་གང་པོར་བྱང་ཆུབ་ལམ་རིམ་ཆེན་མོའི་སྒོ་ནས་ཉམས་ལེན་བསྐྱངས་པས་འཁོར་བའི་ཕུན་ཚོགས་མཐའ་དག་དུག་སྦྲུལ་གྱི་ཚང་དང་འདྲ་བ་མཐོང་སྟེ་ས་ལམ་གྱི་རྟོགས་པ་བཟང་པོ་མངོན་དུ་གྱུར།
དགོན་འདིར་དམ་པ་དེ་ཉིད་ཀྱི་གདུང་རྟེན་དང་། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ཕྱོགས་བཞི་ཆོས་མཛད་ཚང་ལ་གནང་བའི་ཐུབ་སྐུ་བྱིན་ཅན་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་འདྲ་སྐུ་གསུང་འབྱོན་མ། སྒྲོལ་མ་གསུང་འབྱོན་མ། ཤངས་མཚལ་གྱི་ཞལ་ཐང་། བཀའ་བསྟན་སོགས་རྟེན་གསུམ་ཤིན་ཏུ་མང་། ད་ལྟ་ཕྱོགས་བཞི་སྤྲུལ་སྐུ་ཀླུ་སྒྲུབ་རྒྱ་མཚོས་བསྐྱངས་བཞིན་པའི་སྐབས་ཡིན། འདི་པ་འཁྲུངས་ཡུལ་ཁྲོ་ཆུའི་ཡུལ་དུ་རབ་རྒྱལ་ས་སྟག་ཕྱི་ལོ་ ༡༩༣༧ ལོར་འཁྲུངས། རྔ་ཡུལ་ཀཱིརྟིའི་ཆོས་གྲྭར་ཞུགས། ད་ལྟ་ཀཱིརྟི་དགོན་པའི་ཆོས་སྲིད་གཉིས་ཀྱི་གཙོ་འགན་བཞེས་ཏེ་བསྟན་འགྲོའི་བྱ་བ་རྒྱ་ཆེན་བསྒྲུབས་དང་སྒྲུབ་བཞིན་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་བཞིན་པའོ།།
ལོ་རྒྱུས་འདི་རྔ་རྫོང་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་དུ་གསལ་བ་བཞིན་བཀོད་པའོ། ། ༡༩༩༨ ལོ་ནས་ ༢༠༡༧ བར་དུ་འཇམ་དབྱངས་ཉི་མ་སོགས་གྲྭ་རྒྱུན་གསུམ་ལྷག་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད།