མཆོད་རྟེན་ལྕོག་དགོན་པ།

༄། །མཆོད་རྟེན་ལྕོག་ཐེག་ཆེན་བྱམས་པ་གླིང་། ཐོག་མར། ༡༤༡༢ ལོར་རྗེ་བདག་ཉིད་ཆེན་པོའི་ཐུགས་སྲས་མཁན་ཆེན་ངག་དབང་གྲགས་པས་མདོ་སྨད་རྔ་ཡུལ་སྣང་ཞིག་ལྷ་སྟེང་ཞེས་བྱ་བའི་གནས་དེར་ཕྱག་བཏབ། མཆོད་རྟེན་ལྕོག་གི་ཉེ་བ་ན་ཡོད་པ་སྣང་ཞིག་བླ་མ་ངག་དབང་ཆོས་འཕེལ་གྱིས་དགོན་འདི་བསྐྱངས། དེ་བཞིན་སྣང་ཞིག་སྐུ་ཕྲེང་རིམ་བྱོན་དང་སྒང་བ་རྒྱ་ནག་མཁན་པོ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་པ་དང་། དེའི་རྗེས་སུ་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་སོ་ལྔ་པ་ལྕགས་གླང་ལོར་དགོན་པ་འདི་གནས་སྤོས་ཏེ་ལྷ་སྟེང་མཆོད་རྟེན་ལྕོག་ཏུ་བསྡོངས། དེང་གི་ཆར་དགོན་པ་འདིར་ལོ་རེ་རེར་ཆོས་ཕྱོགས་མཛད་རིམ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། བདེ་གཤེགས་སོ་ལྔའི་ཕྱག་མཆོད་ཆེན་མོ། གསང་འདུས། བདེ་མཆོག །འཇིགས་བྱེད། ཀུན་རིག །མི་འཁྲུགས་པ་བཅས་ཀྱི་སྒྲུབ་མཆོད་རྡུལ་ཚོན་དང་བཅས་པ། དེ་མིན་མཁའ་སྤྱོད་མ་དང་མ་ཎིའི་སྒྲུབ་མཆོད། དཔལ་ལྡན་ལྷ་མོའི་རྟེན་མདོས། ཕུར་པ་བདུན་སྒྲུབ། རྟ་མགྲིན་བདུན་སྒྲུབ། དགུ་གཏོར། སྨྱུང་ཆེན་སོགས་སྐྱེ་འགྲོ་ཀུན་ལ་ཐར་པའི་ས་བོོན་སྐྲུན་བྱེད་ཀྱི་སྒྲུབ་མཆོད་མང་དུ་འཚོགས་བཞིན་ཡོད་པར་མ་ཟད། ཐེག་ཆེན་ནོར་བུའི་སློབ་གླིང་ཞེས་པའི་སློབ་གྲྭ་ཞིག་ཀྱང་བཙུགས་ཡོད་ལ་དེའི་ནང་དུ་སློབ་མ་བཞི་བཅུ་ལྷག་གིས་ཐ་སྙད་རིག་གནས་ལ་སྦྱང་བརྩོན་ནན་ཏན་བྱེད་བཞིན་ཡོད།

གཞན་ད་དུང་རབ་བྱུང་བཅུ་བདུན་གསེར་འཕྱང་མེ་བྱ་ལོར་ཨ་མཆོག་མཚན་ཉིད་དགོན་ནས་དགེ་བའི་བཤེས་གཉེན་ཆེན་མོ་རྨེའུ་སྐོར་བསྟན་འཛིན་རྒྱ་མཚོ་ལགས། དགེ་རྒན་དུ་གདན་འདྲེན་ཞུས་ཏེ་ཚད་མ་རིག་པའི་གཞུང་ལ་སྦྱོང་བའི་འགོ་གསར་དུའང་བཙུགས་ཡོད་ལ། དེ་མིན་དགོན་འདིའི་གྲྭ་པ་ཉི་ཤུ་ལྷག་མདོ་སྟོད་སྨད་ཀྱི་བཤད་གྲྭ་མང་པོར་སློབ་གཉེར་དུ་ཕེབས་ཤིང་ལོ་མཇུག་རྣམས་སུ་ཕྱིར་རང་དགོན་དུ་ཕེབས་ཏེ་སྦྱང་འབྲས་ཀྱི་རྩོད་རྒྱུགས་ཀྱང་འབུལ་བཞིན་ཡོད་པ་སོགས་ལྟོས་ས་ལྟོས་འཇོག་གིས་སྔོན་ཆད་དང་བསྡུར་ན་དགོན་འདིའི་ཕྱིའི་འཛུགས་སྐྲུན་དང་ནང་གི་ཉམས་ལེན་སོགས་ཆ་གང་ཐད་ནས་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་བ་བཞིན་བཀོད་པའོ། །༡༩༥༡ ལོ་ནས་༢༠༡༧ བར་དུ་སོག་པ་འཇམ་དབྱངས་ཁང་ཚན་དུ་དགེ་བཤེས་དཀོན་མཆོག་ཐབས་མཁས་སོགས་གྲྭ་རྒྱུན་ལྔ་ལྷག་སྒྲིག་ཞུགས་གནང་ཡོད། དེ་སྔ་བོད་ཀྱི་དགའ་ལྡན་སོག་པ་ཁང་ཚན་དུ་གྲྭ་སར་ཕེབས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བྱོན་ཡོད།།

དཔྱད་མཆན་སྤེལ།