༄། །དེ་ནས་རྗེ་བདག་ཉིད་ཆེན་པོ་འདི་གངས་ཅན་མཁས་པའི་གཙུག་རྒྱན་ཞེས་མཚན་གྱི་ཅོད་པན་ཇི་ལྟར་བཞེས་པའི་ཚུལ་ནི། རྗེ་བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ཇི་སྙེད་མཆིས་པ་རྣམས་ནི་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱི་དད་པའི་གསོས་སུ་འགྱུར་བ་ཤ་སྟག་ཡིན་པ་སྨོས་ག་ལ་དགོས། དེ་དག་མདོར་དྲིལ་ཏེ་ཚིག་ཉུང་ངུས་གོ་སླ་བར་བརྗོད་ན། ཁོང་གི་ཉམས་ལེན་གྱི་གདམས་པ་གསུམ་ནི་བླ་མ་དང་ཡི་དམ་ངོ་བོ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་རྒྱུན་དུ་བཏབ་ཅིང་བསྙེན་སྒྲུབ་བྱེད་པ། ཉིན་མཚན་དུས་དྲུག་ཏུ་ཉོན་མོངས་པའི་དབང་དུ་མ་སོང་བར་བསགས་སྦྱང་གཉིས་ལ་ལེགས་པར་འབད་པ། མདོ་རྒྱུད་བསྟན་བཅོས་ཀུན་ལ་རིགས་པ་ཡང་དག་གིས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ། འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གནང་བའི་ཉམས་ལེན་སུམ་སྒྲིལ་གྱི་གདམས་པ་ཞེས་པ་དེ་ཡིན་ནོ།།
དེ་ཡང་དང་པོར་གཞུང་ལུགས་མང་དུ་ཐོས་པ། བར་དུ་ཐོས་དོན་གདམས་པར་
ཤར་བ། མཐར་ཉམས་སུ་ལེན་པའི་རིམ་པ་གསུམ་གྱི་དབང་དུ་བྱས་ན། དེ་ཡང་དགུང་ལོ་བདུན་ནས་སོ་དྲུག་བར་དུ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་རྣམས་ཚུལ་བཞིན་དུ་བསྟེན་ནས་གཙོ་བོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་སྐབས་དང། དགུང་ལོ་སོ་དྲུག་ནས་ཞེ་གཅིག་བར་ཐོས་དོན་གཙོ་བོ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ནས་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་སྐབས་དང། དགུང་ལོ་ཞེ་གཅིག་ནས་རེ་གསུམ་བར་དུ་གཙོ་བོ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་འབྲས་བུ་རྡོ་རྗེ་ཐེག་པའི་ལམ་གྱི་སྣོན་པ་བཏབ་ནས་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པའི་རིམ་པའོ། །དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོ་ཁོང་གིས་མདོ་སྔགས་ཀྱི་གཞུང་གཉིས་ཕན་ཚུན་གཅིག་ལ་གཅིག་ཏུ་བརྟེེན་ནས་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ལ་ཐོག་མར་རྒྱུ་ཕར་ཕྱིན་ཐེག་པས་རྒྱུད་ལེགས་པར་སྦྱང་དགོས་པ་དང། དེའི་སྟེང་དུ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པས་སྣོན་པ་བཏབ་སྟེ་མདོ་སྔགས་ཟུང་འབྲེལ་གྱི་ལམ་ལ་རིམ་གྱིས་བགྲོད་དགོས་པ་དང། གསང་སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་པ་དགེ་སློང་དག་གིས་ཀྱང་དམ་ཆོས་འདུལ་བ་ནས་བཤད་པའི་ཕྱག་ལེན་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཇི་ལྟ་བ་བཞིན་སྲུང་དགོས་པ་ལས་ཆ་ཕྲ་མོ་ཙམ་ཡང་འདོར་མི་རུང་བ་དང། ཚད་མ་རིག་པའི་བསྟན་བཅོས་དག་ཀྱང་རྣམ་གྲོལ་དོན་གཉེར་ཅན་རྣམས་ལ། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཉམས་ལེན་གྱི་གནད་རྩལ་དུ་བཏོན་ནས་བསྟན་ཡོད་པར་རིགས་པའི་སྒོ་དུ་མ་ནས་བསྟན་པ་སོགས་ཐུན་མོང་མིན་པའི་ཟབ་བཤད་དང་ཁྱད་ཆོས་འདི་དག་གིས། རྗེ་བདག་ཉིད་ཆེན་པོ་འདི་ཉིད་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་མངའ་གསོལ་བ་ཡིན་ཏེ། དེའི་སྐབས་ཀྱི་མཁས་པའི་དབང་པོ་གནམ་ཀྱིས་ས་བཀབ་པ་ལྟ་བུའི་དཀྱིལ་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་དག་གིས་རྗེ་བདག་ཉིད་ཆེན་པོའི་ཞབས་ཀྱི་པདྨོ་ལ་གུས་པར་བཏུད་ཅིང། བསྟོད་པའི་མེ་ཏོག་གིས་མངོན་པར་མཆོད་པ་ཇི་སྙེད་ཅིག་མཛད་ཡོད།
དེ་དག་ལས་འགའ་ཞིག་སྨོས་ན། ཀུན་མཁྱེན་བོ་དོང་བ་ཆེན་པོས། མཁས་པ་ངང་པའི་དེད་དཔོན་བློ་བཟང་ཞེས། །གྲགས་པ་མགྲིན་པའི་རྫ་རྔ་སྒྲོག་པ་ཅན། །ལེགས་བཤད་གཤོག་རླབས་དབང་པོ་སྙན་དྲུང་དུ། །འཇིགས་མེད་བུང་བ་གཞོན་ནུས་འདི་སྐད་དུ། །
ཐུབ་བསྟན་ཉི་མ་ནུབ་རིར་ལྷུང་གྱུར་ཅིང། །ཤེས་ལྡན་རྐང་དྲུག་ལྡན་པ་མྱ་ངན་རྒྱས། །ལོག་སྨྲ་འབྱུང་པོའི་བྱ་ཚོགས་རྒྱུ་དུས་འདིར། །སྨྲ་བའི་ཟླ་བ་བློ་བཟང་གྲགས་པ་ཤར། །ཞེས་དང། ལོ་ཙྪ་བ་ངག་དབང་གྲགས་པས། ཐུབ་དབང་ཞིང་དུ་ཁྱོད་ཉིད་འཁོད་ནས་ནི། །ཐུབ་བསྟན་གསལ་བའི་འཕྲིན་ལས་འདི་འདྲ་ན། །ཐུབ་པའི་རྒྱལ་ཚབ་བདག་གིས་ཅི་བྱ་ཞེས། །མི་ཕམ་མགོན་དེས་ཕྲག་དོག་མི་མཛད་དམ། །ཞེས་དང།
སི་ཏུ་རྣམ་རྒྱལ་གྲགས་པས། ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན། །དབུ་མའི་ལམ་འདི་སྟོན་པ་གཞན་མེད་ཅེས། །སྒྲོ་སྐུར་བྲག་རིའི་ཕུང་པོ་གཞོམ་སླད་དུ༑ ༑མགོན་ཁྱོད་རྡོ་རྗེའི་མེ་ཆར་ལྟ་བུར་གྱུར། །ཞེས་དང། སྒྲ་པ་ཤེས་རབ་རིན་ཆེན་གྱིས། ཁྱོད་བློའི་ཉི་མས་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་བརྩེའི་གཏེར་ལ་གསོལ་བ་འདེབས། །བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་ཉུང། །དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། །བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ། །དེ་གསུམ་མཐར་ཕྱིན་ཁྱོད་ལ་གསོལ་བ་འདེབས། །ཞེས་དང། གསུང་རབ་མཐའ་དག་ཁྱད་པར་རྡོ་རྗེའི་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་འདུས་པ་དང། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པས་བསྟོད་དོ།།
རྗེ་ཀརྨ་མི་བསྐྱོད་རྡོ་རྗེས། བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ། །
ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས། །འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ༑ ༑རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི། །ས་དྭགས་བཀའ་གདམས་སྲོལ་འཛིན་གསང་ཕུ་བ། །བོད་ཡུལ་བསྟན་པ་ནུབ་ཏུ་ཉེ་བ་ན། །ཉིད་བསྟན་གསར་པས་ཁྱབ་མཛད་ཙོང་ཁ་པ། །རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི། །འཇམ་དཔལ་དབྱངས་ཀྱིས་ཁྱོད་ལ་ཉིན་བཞིན་ཡང་། །ཀླུ་སྒྲུབ་ལུགས་ཀྱི་ལེགས་བཤད་ཉིན་བཞིན་སྩལ། །སྔོན་མེད་དབུ་མའི་སྲོལ་འཛིན་ཙོང་ཁ་པ། །རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི། །ཞེས་དང་། དཔལ་ཡིད་བཟང་རྩེ་བ་ཆེན་པོའི་ཞལ་ནས་ཀྱང། དེའི་དུས་སུ་ས་ཆེན་པོ་འདི་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་མཛད་དེ་ཡོད་པ་ཡིན་གསུངས། གོང་གི་བསྟོད་ཚིག་འདི་དག་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དཔལ་ལྡན་ས་གསུམ་མའི་འགྲེལ་པར་འགའ་ཞིག་དྲངས་ཡོད་པ་དང་། ཁ་ཤས་རྩོམ་པ་པོ་རྣམས་ཀྱི་གསུང་འབུམ་དུ་བཞུགས་ཡོད་པ་དེ་ཉིད་དུ་གཟིགས་པ་ཙམ་གྱིས་ངེས་པར་འགྱུར་བས་འདིར་མགོ་སྨོས་པ་ཙམ་གྱིས་འཐུས་བར་བྱས་པའོ།།
རྗེའི་རྣམ་ཐར་སྙིང་བསྡུས་འདི་ནི་༸སྐྱབས་རྗེ་མཁན་ཟུར་ཨ་མཆོག་རིན་པོ་ཆེ་རྗེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་ཁོང་གིས་ ༢༠༡༥/༥/༡༡ ཉིན་གུས་པ་བདག་ལ་སོག་པ་འཇམ་དབྱངས་ཁང་ཚན་གྱི་ལོ་རྒྱུས་ཀྱི་དབུར་རྗེ་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས་ཤིག་འཇོག་ཐུབ་ན་འབྲེལ་བ་ཞིག་འདུག་གསུངས་བྱུང་བས། བདག་གིས་རྗེའི་རྣམ་ཐར་ཁག་ལས་ཕྱོགས་བསྡུས་བྱས་ནས་ཚིག་ཚོགས་སྐྱུང་ཅི་ཐུབ་ཀྱིས་ས་བཅད་དྲུག་ཙམ་གྱིས་གོ་བདེ་བར་བྱས་ཏེ་མཚོན་པ་ཙམ་བཀོད་པའོ།།
༢༠༡༥/༡༢/༨/ དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་མཛད་སྒོའི་ཉིན་རྫོགས་པར་བྲིས།