རྗེ་བདག་ཉིད་ཆེན་པོ་མདོ་རྒྱུད་བསྟན་བཅོས་ཁག་ནས་ཇི་ལྟར་ལུང་བསྟན་པའི་ཚུལ་མདོ་ཙམ་དགོད་པ།

༄། །རང་ཅག་འགྲོ་བ་ཡོངས་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་ཞིང་མཚན་བརྗོད་པར་དཀའ་བ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ན་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཆུ་གཏེར་གྱི་རྒྱ་མཚོ་ཆེན་པོ་ལྟ་བུ་ལས་ཆུ་ཐིགས་ཀྱི་ཟེགས་མ་ཙམ་ཞིག་འདིར་དགོད་པར་བྱ་བ་ལ། དེ་ཡང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང༌། ཁྱད་པར་དུ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་དང༌། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རེ་རེ་ནས་བརྗོད་ན་ལྕེ་ཡི་དབང་པོ་སྟོང་དུ་སྤྲུལ་ནུས་ན་ཡང་བདག་ལྟ་བུས་བརྗོད་པར་ག་ལ་ནུས། འོན་ཀྱང་ཤེར་ཕྱིན་མདོ་ལས། ཕྱི་མ་ཕྱི་མའི་ཚེ་ན་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་ཤེར་ཕྱིན་གྱི་འཆད་ཉན་དང་། སྒྲུབ་པ་ཉམས་ལེན་འཕེལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་སོག་པ་འཇམ་དབྱངས་ཁང་ཚན་གྱི་ཕྱི་ནང་གསང་གསུམ་ལ་བློ་གཟུ་བོའི་སྒོ་ནས་ཞིབ་པར་བསམས་ན། ཁང་ཚན་འདི་ཉིད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་རྗེ་བདག་ཉིད་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པའི་སྒོར་ཞུགས་ནས་ཐུབ་པ་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཉིད་ཕྱོགས་བཅུ་མཐའ་དབུས་ཀུན་ཏུ་བསྐྱངས་དང་སྐྱོང་བཞིན་པ་དང་། ཁྱད་པར་དུ་བྱང་ཕྱོགས་བྱང་གི་ཆར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཇི་སྙེད་ཅིག་བྱོན་དང་འབྱོན་བཞིན་པ་ན་འདིར་སྔོན་གླེང་གི་ཚུལ་དུ་ཁོང་གི་རྣམ་ཐར་སྙིང་བསྡུས་ཤིག་དགོད་པར་ཡིད་དང་བས་ཀུན་ནས་བསླངས་ཏེ་སྤྲོ་བ་ཆེན་པོ་བརྟས།

དེ་ཡང་སྔོན་བྱུང་སྟོན་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱའི་ཉམས་ལེན། །ཞེས་པ་ལྟར་འདིར་གཟིགས་པ་པོ་རྣམས་ལ་ཡང་ཁོང་གི་རྣམ་ཐར་འདི་མཇལ་བ་ན་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ལ་ཉམས་ལེན་གྱི་གནད་དམ་པ་རེ་ངོ་འཕྲོད་པར་རེ་བས་ཀྱང་བདག་གིས་དང་དུ་བླངས། དེས་ན་རྗེ་བདག་ཉིད་ཆེན་པོ་ཁོང་ལུང་སྟོན་པའི་མདོ་རྒྱུད་བསྟན་བཅོས་དང་རྟགས་དང་རྟེན་འབྲེལ་དག་སྣང་དང་ཞལ་གཟིགས་སོགས་ཇི་སྙེད་ཅིག་ཡོད་ཀྱང་རྟེན་འབྲེལ་གྱི་ཚུལ་དུ་དེ་དག་ལས་མཚོན་པ་ཙམ་བཀོད་ན། སྟོན་པ་ཉིད་ཀྱི་འཇམ་དཔལ་རྩ་རྒྱུད་ཀྱི་རབ་འབྱམས་སོ་དྲུག་པ་ལས། ཡི་གེ་བ་ཞེས་སྡོམ་བརྩོན་གྲགས། །དེ་ལས་གཞན་པ་དང་ཡིག་ར། །དང་པོའི་ཡི་གེ་བ་གྲགས་པ། །སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །བློ་ལྡན་དང་པོ་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང༌། །རྣམ་པ་དུ་མར་སྡོམ་བརྩོན་གསུངས། །དེ་ཚེ་མཐའ་ཡས་འབྱུང་བར་འགྱུར། །སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང༌། །སྟོན་པའི་བསྟན་པ་གསལ་བར་བྱེད། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །སྟོན་པའི་གཟུགས་བརྙན་ཡིད་དུ་འོང༌། །བྱེད་པར་འགྱུར་བ་ཐེ་ཚོམ་མེད། །ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ༑ ༑ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐའ་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པའི། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་དང༌། དེའི་རབ་འབྱམས་ཉེར་བརྒྱད་པ་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི༑ ༑སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང༌། གསང་སྔགས་སྔ་འགྱུར་དཔལ་གསང་བ་འདུས་པའི་རྒྱུད་མངོན་བརྗོད་བླ་མ་ལས། མ་འོངས་བྱང་གི་ཕྱོགས་སུ་འབྱུང༌། །མིང་གི་ཐོག་མ་བློ་ཞེས་བྱ། །བཟང་པོའི་སྤྱོད་པས་བསྟན་པ་སྐྱོང༌། །གྲགས་པ་ཀུན་ཁྱབ་སྐྱེ་བ་ནི། །འཇམ་དཔལ་ཞིང་གི་བཀོད་པར་འགྲོ། །ཞེས་གསུངས་ཏེ། རྒྱུད་འདིའི་རྒྱ་དཔེ་སློབ་དཔོན་པདྨས་ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་རྫུ་འཕྲུལ་གྱིས་བླངས་ཏེ། ད་ལྟ་ཡང་བསམ་ཡས་ན་བཞུགས་ཞེས་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན་གྱིས་གསུངས་སོ།།

མཁའ་འགྲོ་གསང་རྒྱུད་ལས། འཇམ་དཔལ་སྤྲུལ་པ་བློ་བཟང་ཞེས། །བསྟན་པ་རྒྱས་བྱེད་ངོ་མཚར་ཅན། །ཞེས་དང༌། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་སར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། །ཞེས་དང༌། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས། ཀུན་དགའ་བོ། ད་ལྟར་ང་ལ་ཤེལ་དཀར་གྱི། །ཕྲེང་བ་སྟེར་བའི་ཁྱེའུ་འདི། །ང་ཡི་བསྟན་པའི་གསོ་བྱེད་ལ། །མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མིང་ཅན་འབྱུང༌། །འཁོར་ནི་རྣམ་མང་བསྡུ་བར་བྱེད། །ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང༌། །ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་གཟུགས་སྐུ་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པ་བྱེད། །སྟོན་པའི་མདོ་བཞིན་གསུང་སྒྲོག་ཅིང༌། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །ང་ལ་གསོལ་བ་རབ་འདེབས་ན། །བསྟན་པ་ལོ་སྟོང་བར་དུ་གནས། །དེ་ནས་འཕོས་ནས་ཤར་ཕྱོགས་ཀྱི། །རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །སེང་གེའི་ང་རོ་ཞེས་བྱར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་དང༌། ལང་ཀར་གཤེགས་པའི་མདོ་རྒྱ་ནག་འགྱུར་ལས། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་དཀར་པོ་ཞིག་ཕུལ་བ་མཽངྒལ་གྱི་བུ་ལ་གནང་ནས། འདི་ཁྱོད་ཀྱིས་འགོག་པ་རིར་སྦོས་ཤིག །མ་འོངས་པ་ན་དགེ་སློང་པདྨའི་ངད་ལྡན་འདིས་གཏེར་ནས་འདོན་པས་དེའི་ཚོགས་དུང་དུ་འགྱུར་གྱི་གཏེར་བདག་སྤྲེའུའི་གཟུགས་ཀྱིས་གནས་བྱེད་དོ༑ ༑ཞེས་དང༌། རྗེ་བླ་མ་དང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། སྐལ་ལྡན་གྱི་ལྷ་ལྔ་བཅས་ལ་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་གསལ་བའི་མེ་ལོང་ལས། བྱ་རྒོད་ཕུང་པོའི་རིར་སྟོན་པ་སངས་རྒྱས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་ཕུལ་བ་རེ་ཞིག་ཆོས་དུང་མཛད། དེ་རྗེས་སྟོན་པ་འཁོར་བཅས་ཁ་ཆེར་ཕེབས་དུས། ད་ལྟའི་སློབ་མ་དགེ་སློང་པདྨའི་ངད་ལྡན་འདི། བོད་གདོང་དམར་གྱི་ཡུལ་དུ་བློ་བཟང་གྲགས་པ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རྒྱས་པར་བྱེད་པ་འོང་གསུངས་ཏེ། ཀུན་དགའ་བོ་ལ་བཀའ་སྩལ་པས། ཀུན་དགའ་བོས་སྔར་གྱི་དུང་བསྣམས་ནས་མོ་འགལ་གྱི་བུ་དང་གཉིས་རྫུ་འཕྲུལ་གྱིས་བྱོན་ཏེ། འབྲོག་རི་བོ་ཆེར་གཏེར་དུ་སྦས་སོ།།

གཏེར་བདག་ཚོགས་བདག་ལ་བཅོལ་བས་སྤྲེའུའི་གཟུགས་སུ་ཡོད་དོ། །ཞེས་དང༌། འཇམ་དཔལ་དབྱངས་ཀྱི་ལུང་བསྟན་ལས། སྔོན་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་སྔ་རོལ་ཏུ། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཁོར་ཚོགས་རྒྱ་མཚོའི་དབུས་སུ་ཐེག་པ་མཆོག་ཏུ་གྱུར་པ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །དེའི་ཚེ་རྗེ་བདག་ཉིད་ཆེན་པོ་འདི་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྲས་ཀྱི་ཐུ་བོ། གཟུངས་དང༌། སྤོབས་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། བདེན་གཉིས་མངོན་སུམ་དུ་གཟིགས་པ་དག་པའི་ཡེ་ཤེས་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ། །དེ་ནས་རྗེ་བཙུན་འཇམ་དཔལ་དབྱངས་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་དབང་པོའི་ཏོག་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བའི་མདུན་སར་གཤེགས་ཤིང་བཞུགས་པ་ན། བཅོམ་ལྡན་འདས་རྒྱལ་བ་དབང་པོའི་ཏོག་གིས་ཚངས་པའི་དབྱངས་ཀྱིས། བྱང་ཆུབ་སེམས་དཔའ་གང་དག་མ་དག་པའི་ཞིང་ཁམས་གྲངས་མེད་པ་རྣམས་སུ་ཟབ་མོ་དབུ་མའི་ལམ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་བཟང་ལུས་དང་སྲོག་ལ་མི་ལྟ་བར་རྒྱས་པར་བྱེད་པ་དེ་ནི༑ རྒྱལ་སྲས་རྣམས་ཀྱི་རླབས་ཆེན་སྤྱོད་པ་རྒྱ་མཚོའི་རབ་དང༌། ཕུལ་དང༌། མཆོག་ཏུ་གྱུར་པའི་ཞེས་སེངྒེའི་སྒྲ་བསྒྲགས་པ་དང༌། བདག་ཉིད་ཆེན་པོ་འདི་སྙིང་སྟོབས་ཆེས་ཆེར་རྒྱས་པས། འཁོར་ཚོགས་རྒྱ་མཚོའི་དབུས་སུ་བཞེངས་ཏེ། ཞུམ་པ་མེད་པའི་སྒྲ་དབྱངས་ཀྱིས་དེང་ནས་བརྩམས་ཏེ་ལུས་དང་སྲོག་ལ་མི་ལྟ་བར་མ་དག་པའི་ཞིང་གྲངས་མེད་པར་ཟབ་མོ་དབུ་མའི་ལམ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་བཟང་རྒྱས་པར་བྱའོ་ཞེས་དེ་བཞིན་གཤེགས་པ་དབང་པོའི་ཏོག་སོགས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དཔང་དུ་བཞག་སྟེ་དམ་བཅས་ཤིང༌། བདེན་པའི་ཚིག་གི་སྒྲ་དབྱངས་བསྒྲགས་སོ།།

དེའི་ཚེ་དེ་བཞིན་གཤེགས་པ་དབང་པོའི་ཏོག་སོགས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ། །ཁྱོད་ནི་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོའོ་ཞེས་དབུགས་དབྱུང་ཞིང༌། དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུའང་བདག་ཉིད་ཆེན་པོ་དེའི་མཚན་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོར་གྲགས་སོ། །དེ་ནས་རྒྱལ་བ་དབང་པོའི་ཏོག་གི་སྐུ་ལས་འོད་ཟེར་གྱི་ཚོགས་བྱེ་བ་དཔག་ཏུ་མེད་པ་འགྱེད་ཅིང་ཞལ་འཛུམ་པ་དང་ལྡན་པས། ཁྱོད་ཀྱིས་ཇི་ལྟར་དམ་བཅས་པ་བཞིན་དུ། དེང་ནས་བཟུང་སྟེ་མ་དག་པའི་ཞིང་གྲངས་མེད་པ་རྣམས་སུ་མདོ་སྔགས་ཀྱི་དམ་ཆོས་རྒྱས་པར་བྱས་ཏེ། མཐར་གྱིས་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་དུ་དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བའི་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པར་མཛད་དོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཞེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ༑ ༑བཤད་པའི་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་བལྟམས། །ཞེས་དང། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས། །མ་འོངས་སྙིགས་མའི་དུས་ཀྱི་མཐར། །མཐའ་འཁོབ་ཁ་བའི་ཡུལ་ལྗོངས་སུ། །བློ་བཟང་ཞེས་བྱའི་སྐྱེས་བུ་འབྱུང༌། །ཟླ་མེད་སྟོན་པའི་བསྟན་པ་དང༌། །ང་ཡི་ལུགས་བཟང་སྤེལ་བར་བྱེད། །གདོང་དམར་ལས་ཅན་སྐལ་ལྡན་རྣམས། །མྱུར་དུ་སྨིན་ཅིང་གྲོལ་བར་འགྱུར། །ཞེས་དང།

ཆོས་རྗེ་དོན་གྲུབ་རིན་ཆེན་པས། རྡོ་རྗེ་འཇིགས་བྱེད་དང་ཡང་མཇལ་བར་གསོལ་བ་བཏབ་པས། འཇིགས་བྱེད་ཀྱི་ཞལ་ནས། སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་ཡོང༌། དེ་བར་དུ་བདེ་བར་གྱིས་གསུངས་པ། དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཁྱོད་ཀྱི་བུར་འདུག་པའི་ཐིགས་པ་ཡིན་གསུངས་ནས་ཡི་དམ་གྱི་བྲིས་སྐུ་བྱིན་རླབས་ཅན་སོགས་ཆེད་དུ་སྐྱེལ་མི་བཏང་བ་ཡིན། ཞེས་གསུངས།

ལུང་དེ་དག་ནི་དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་རིན་པོ་ཆེའི་ཆོས་འབྱུང་ལས་བཏུས་ཏེ་དྲངས། དེ་དག་གིས་ནི་ངེས་པ་དོན་གྱི་སྐྱེས་ཆེན་དམ་པ། བྱམས་སེམས་ཀྱི་བདག་པོ། འཇིག་རྟེན་འདིར་འབྱུང་བ་དཀོན་པ། སྲིད་ན་རྙེད་པར་དཀའ་བ། རྗེ་བདག་ཉིད་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་དང་བཅས་པ་མདོ་རྒྱུད་བསྟན་བཅོས་རྣམས་ལ་ཁུངས་དག་པར་གཏུགས་པ་སྟེ་དང་པོའོ།།

དཔྱད་མཆན་སྤེལ།