༄། །གསང་ཕུ་དང་བདེ་བ་ཅན་སོགས་གདན་ས་ཆེན་པོ་རྣམས་སུ་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་པ་རྒྱ་ཆེར་གནང་ནས་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བྱ་བས་དུས་འདའ་བར་མཛད་པ་བདག་གིར་བྱས། དགུང་ལོ་ཉི་ཤུ་རྩ་ལྔ་བཞེས་མཚམས་ཡར་ལུང་རྣམ་རྒྱལ་དུ་ཕེབས་ཏེ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲི་བྷ་དྲའི་མཁན་བརྒྱུད་ཚོགས་ཆེན་པའི་མཁན་པོ་དཀའ་བཞི་ཚུལ་རིན་པས་མཁན་པོ་དང༌། ཚོགས་པ་བྱི་རྫིང་བས་མཁན་པོ་འདུལ་འཛིན་ཤེར་མགོན་གྱིས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས།
དགུང་གྲངས་སོ་དྲུག་པ་ཆུ་སྤྲེལ་(༡༣༩༢)ལོའི་ཟླ་བཅུ་པར་འཇམ་དཀར་དཔལ་ལྡན་བཟང་པོ་དང༌། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བཟང་པོ་སྐྱོང༌། གནས་བརྟན་བྱང་སེང་བཅས་དབུས་པ་བཞི་དང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང༌། དགེ་བཤེས་ཤེས་རབ་གྲགས་པ། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་བཅས་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་ཁ་ཆོས་ལུང་དུ་ཕེབས་ཏེ་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད་ཅིང༌། དབེན་གནས་ལྷ་སྡིངས་སུ་ཐུགས་དམ་ཉམས་བཞེས་སྐབས་ཟབ་མོ་དབུ་མའི་ལྟ་བ་ཐུགས་ལ་འཁྲུངས། མདོར་ན་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་མཁས་པར་སྦྱངས་ཤིང་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད།
མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་བཀྲལ་བར་མ་ཟད། དོན་ཉམས་སུ་བཞེས་ཏེ་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང༌། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་སྤེལ་ཏེ་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད། ཁོང་གི་བླ་མ་རེད་མདའ་བས་ཀྱང་གངས་ཅན་མཁས་པའི་གཙུག་རྒྱན་ཞེས་བསྔགས་པར་མཛད་པ་མ་ཟད། མཁས་དབང་འགོས་ལོ་གཞོན་ནུ་དཔལ་གྱིས་ཀྱང་དེ་ཡི་དུས་སུ་ས་ཆེན་པོ་འདི་རྗེ་ཙོང་ཁ་པའི་གདུགས་དཀར་གཅིག་གིས་ཁྱབ་ནས་ཡོད་པ་ཡིན་ཞེས་ཀྱང་བསྔགས་པ་མཛད་ཡོད།
མེ་བྱི་(༡༣༩༦)ལོར་གཉལ་སྟོད་རྭ་གྲོང་དུ་དཀའ་བཅུ་དར་མ་རིན་ཆེན་དང་མཇལ་ཞིང་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་ཞེ་དྲུག་པ་རབ་བྱུང་བདུན་པའི་ཆུ་རྟ་(༡༤༠༢)ལོར་གནམ་རྩེ་སྡིངས་དུ་དབྱར་གནས་མཛད་དེ་འདུལ་བའི་ཕྱག་ལེན་ལ་དག་ཐེར་དང༌། ལོ་དེར་རྭ་སྒྲེང་དགོན་དུ་བྱང་ཆུབ་ལམ་རིམ་ཆེན་མོ་གསར་རྩོམ་མཛད། རྗེ་བདག་ཉིད་ཆེན་པོ་དགུང་གྲངས་ང་གཅིག་པ་མེ་ཕག་(༡༤༠༧)ལོར་སེ་ར་ཆོས་སྡིངས་སུ་བཞུགས་སྐབས་མཁས་གྲུབ་དགེ་ལེགས་དཔལ་བཟང་མཇལ་བར་ཕེབས་ཏེ་ཞབས་ལ་གཏུགས་པས་སྲས་ཀྱི་ཐུ་བོར་གྱུར། ལོ་དེར་གོང་མ་ཏཱ་མིང་ཡུང་ལོ་རྒྱལ་པོ་ཐུགས་དད་ལྷག་པར་འཕེལ་ཏེ་མི་སྣ་ཆེད་དུ་མངགས་ནས་རྒྱའི་རྒྱལ་སར་སྤྱན་འདྲེན་པའི་འཇའ་ས་དང༌། གསེར་ཡིག་ཕྱག་རྟེན་དངོས་པོ་དང་བཅས་ནན་ཏན་ཆེན་པོས་སྔ་ཕྱི་ལན་གསུམ་ཙམ་གདན་ཞུ་གནང་རུང་ཞལ་བཞེས་མ་མཛད། མཐར་གང་གི་སྐུ་ཚབ་ཏུ་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གོང་མའི་མཆོད་གནས་སུ་གཏོང་གནང་མཛད། བྱམས་ཆེན་ཆོས་རྗེས་རྗེའི་བཀའ་དགོངས་ལྟར་ནན་ཅིན་དུ་ཕེབས་ཏེ་དགོན་པ་འདེབས་པ་དང༌། དགེ་འདུན་གྱི་སྡེ་འཛུགས་པ་སོགས་གོང་མའི་ཐུགས་བཞེད་དང་མཐུན་པའི་མཛད་པ་རྒྱ་ཆེར་སྤེལ།
གཞན་ཡང་རྗེ་བདག་ཉིད་ཆེན་པོ་དགུང་ལོ་སོ་དྲུག་བཞེས་སྐབས་བྱ་བྲལ་ལ་ཕེབས། དེའི་ཕྱིས་སུ་འོལ་ཁར་རྫིང་ཕྱིའི་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བར་གཟིགས་ཏེ་རྟེན་དང་བརྟེན་པར་བཅས་པ་ཞིག་གསོ་བླ་ན་མ་མཆིས་པ་མཛད་པ་དང༌། དགུང་ལོ་ཞེ་གཅིག་ལ་གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བ། དགུང་ལོ་ང་གསུམ་པ་ས་ཕྱི་(༡༤༠༨)ལོར་ལྷ་ལྡན་གཙུག་ལག་ཁང་དང༌། གཙུག་ལག་ཁང་གི་ཁྱམས་ར་དང་ལྡེབས་བྲིས་སོགས་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་རྒྱས་པར་གནང༌བ། དེའི་ཕྱི་ལོ་ས་གླང་(༡༤༠༩)ལོའི་བོད་ཟླ་དང་པོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་མཆོད་གསར་འཛུགས་ཐོག་ཇོ་ཤཱཀ་རྣམ་གཉིས་ལ་རིན་པོ་ཆེའི་དབུ་རྒྱན་དང༌། ན་བཟའ་མཆོད་རྫས་སོགས་གྱ་ནོམ་པ་བཟང་ཞིང་ཕུལ་དུ་ཕྱིན་པ་འབུལ་བར་མཛད་པ། ཚེས་གཅིག་ནས་བཅོ་ལྔའི་བར་རྟེན་རྣམས་ལ་ཆུ་བཞི་ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔའི་མཆོད་སྤྲིན་སོགས་ཕྱིའི་མཆོད་པ་རྒྱ་ཆེན་པོ་དང༌། དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་རྣམ་དཀར་རྒྱ་ཆེར་སྤེལ་བའི་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་གསར་དུ་འཛུགས་པར་མཛད།
དེ་སྔོན་རྗེ་བདག་ཉིད་ཆེན་པོ་དཔོན་སློབ་རྣམས་བཞུགས་གནས་ངེས་མེད་ཀྱིས་ཕེབས་བཞུད་གནང་བ་ལས་གཏན་བཞུགས་ཀྱི་གནས་གཞི་འདི་ཡིན་མེད་སྟབས་རྗེ་བདག་ཉིད་ཆེན་པོའི་བུ་སློབ་རྣམས་དང་དད་སྦྱིན་ཁག་གིས་རྗེ་བདག་ཉིད་ཆེན་པོ་སྐུ་ན་མཐོ་བས་གནས་གཞི་ངེས་མེད་ལ་ཕེབས་བཞུད་སྐུ་ངལ་གྱི་གཞིར་བརྟེན་གཏན་བཞུགས་གནང་ཡུལ་གདན་ས་ཞིག་འདེབས་དགོས་ཞེས་ཞུ་བ་ནན་ཆེར་ཕུལ་བ་དང༌། འབྱོར་ལྡན་ཁག་ནས་གནས་གཞི་རྙིང་པ་དང་ས་ཡུལ་འབུལ་མཁན་མང་དུ་བྱུང༌། ལྷ་སའི་སྨོན་ལམ་ཆེན་མོ་གྲོལ་འཕྲལ་བདག་ཉིད་ཆེན་པོ་སྐུ་ངོ་མ་དང༌། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན། དཀའ་བཅུ་པ་དར་མ་རིན་ཆེན་སོགས་དཔོན་སློབ་དགུ་འབྲོག་རིར་བྱོན་ཏེ་གདན་ས་བསྐྲུན་ཡུལ་གཟིགས་སྐོར་ཞིབ་བརྟག་མཛད་པར་བཙུན་མོ་སྡིངས་ཞེས་པའི་ས་དེ་ཉིད་ལེགས་པར་དགོངས་ནས་དགོན་པ་ཇི་ལྟར་འདེབས་དགོས་པའི་བཀའ་སློབ་ཀྱང་ཞིབ་པར་གནང༌།
སྐབས་དེར་དགོན་པ་གཞི་འདེབས་པའི་སྦྱིན་བདག་གཙོ་བོ་ཕག་མོ་གྲུ་པའི་སྡེ་སྲིད་མི་དབང་གྲགས་པ་རྒྱལ་མཚན་དང༌། སི་ཏུའི་བློན་རྒྱུད་བྲག་དཀར་ནང་སོ་རིན་ཆེན་ལྷུན་པོ༑ ནང་སོ་རྒྱ་བོ་སྤུན་མཆེད། རྒྱ་མ་ཁྲི་དཔོན་ཟླ་བ་བཅས་ཡིན་ཞིང༌། གཞན་ཡང་འཁོར་དུ་ཉེ་བའི་སེར་སྐྱ་རྣམས་ཀྱིས་རྒྱུ་དངོས་ཕུལ་བའམ་ལུས་ཀྱི་རྩོལ་བར་ཞུགས་པ་སོགས་མཐུན་རྐྱེན་བསྒྲུབས་ཏེ་རྗེ་བདག་ཉིད་ཆེན་པོའི་གཟིམ་ཁང་དང༌། དགེ་འདུན་སྤྱིའི་འདུ་ཁང་དང་གཙང་ཁང༌། བྲང་ཁང་ངམ་གྲྭ་ཤག་བདུན་ཅུ་སྐོར་བཅས་ལོ་དེ་རང་ལ་གྲུབ་པ་དང་དུས་མཚུངས་བྲང་ཁང་བརྒྱ་ཕྲག་བརྒལ་བའི་རྨང་བཏིང༌། བདག་ཉིད་ཆེན་པོ་ཁོང་དང་རྒྱུན་དུ་ལྷན་ཕེབས་གནང་མཁན་དགེ་འདུན་ལྔ་བརྒྱ་སྐོར་ཡོད་པ་རྣམས་ལོ་དེར་འབྲོག་རིར་ཕེབས། དེ་ནས་བཟུང་གདན་སའི་གཙུག་ལག་ཁང་ལེ་ལག་རྣམས་དང་འདུས་ཚོགས་དགེ་འདུན་གྱི་གྲངས་བཅས་རིམ་བཞིན་འཕེལ་རྒྱས་བྱུང༌།
དེའི་ཕྱི་ལོ་ལྕགས་སྟག་(༡༤༡༠)ལོའི་ཟླ་གཉིས་པའི་ཚེས་ལྔ་ལ་རྗེ་བདག་ཉིད་ཆེན་པོ་དགའ་ལྡན་དུ་གདན་ཞུས་ཐོག་རབ་གནས་ཀྱི་རིམ་པ་རྒྱས་པར་མཛད་ཅིང༌། དུས་དེ་ནས་བཟུང་རྗེ་ཙོང་ཁ་པ་དངོས་སློབ་དང་བཅས་པ་དགའ་ལྡན་དུ་གཏན་བཞུགས་ཀྱིས་གསང་ཆེན་ཐེག་པ་ཆེན་པོའི་ཆོས་གསུངས་པ་སོགས་གདན་ས་ཉིད་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་རྨང་འཛུགས་པར་མཛད། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱིས་ལུང་བསྟན་པ་ལྟར་གདན་སའི་མིང་ལ་དགེ་ལྡན་ཞེས་བཏགས་པར་བརྟེན་གདན་ས་དེའི་རིང་ལུགས་འཛིན་པ་མཐའ་དག་ལའང་དེ་ནས་བཟུང་དགེ་ལྡན་རིང་ལུགས་འཛིན་པ་ཞེས་པའི་མིང་ཆགས།
ཤིང་ལུག་(༡༤༡༥)ལོར་རྒྱལ་བ་དགེ་འདུན་གྲུབ་པས་འོན་བཀྲ་ཤིས་རྡོ་ཁ་(དུ་ཁ་)རུ་རྗེ་ཙོང་ཁ་པ་མཇལ་བར་ཕེབས་པར་རྗེ་བདག་ཉིད་ཆེན་པོས་ཐང་ཤམ་ཞིག་གནང་ནས་མ་འོངས་པར་བསྟན་པ་རྒྱ་ཆེར་སྤེལ་བའི་རྟེན་འབྲེལ་འགྲིག །རྗེ་བདག་ཉིད་ཆེན་པོས་གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཞིག་ལོགས་སུ་སྐྲུན་བཞེད་ལྟར་དགུང་གྲངས་ང་དགུ་པ་ཤིང་ལུག་ལོའི་དབྱར་དུས་སུ་ཡངས་ཅན་གཙུག་ལག་ཁང་ཀ་བ་བདུན་ཅུ་དོན་གཉིས་དང༌། གཙང་ཁང་ཁྱམས་དང་བཅས་པའི་རྨང་བཏིང་ནས་དེའི་ཕྱི་ལོ་མེ་སྤྲེལ་(༡༤༡༦)ལོར་ལེགས་པར་གྲུབ། མེ་བྱ་(༡༤༡༧)ལོའི་ཟླ་གསུམ་པའི་ནང་བཟོ་རིག་མཁས་པ་སྤྲུལ་སྐུ་སླེའུ་ཆུང་བ་སོགས་དུ་མ་བསྐོངས་ནས་ཡངས་ཅན་གཙུག་ལག་ཁང་གི་རྟེན་གཙོ་ཐུབ་དབང་ཚུལ་ཁྲིམས་མའི་གསེར་སྐུ་ཆེན་མོས་གཙོས་གསེར་ཟངས་ཀྱི་སྐུ་ཆེ་བ་རྣམས་དང༌། བློས་བསླངས་ཀྱི་དཀྱིལ་འཁོར་གསུམ་སོགས་ཡངས་ཅན་གཙུག་ལག་ཁང་གི་རྟེན་རྣམས་གསར་བསྐྲུན་དང་འབྲེལ་རྒྱུད་སྡེའི་དགོངས་པ་བཞིན་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་དགའ་ལྡན་སྒྲུབ་མཆོད་ཆེན་མོར་གྲགས་པ་གསར་འཛུགས་མཛད།
ས་ཁྱི་(༡༤༡༨)ལོར་ཡངས་ཅན་ཆོས་རྒྱལ་ལྷ་ཁང་གི་མགོན་ཁང་དུ་རྟེན་གཙོ་རྡོ་རྗེ་འཇིགས་བྱེད་ཀྱི་འཇིམ་བརྙན་ཆེ་བ་དང༌། སྲུང་མའི་གཙོ་བོ་དམ་ཅན་ཆོས་རྒྱལ་ཡབ་ཡུམ། མགོན་པོ་གཙོ་འཁོར་རྣམས་སོ་སོའི་རྒྱུད་ནས་བཤད་པ་ལྟར་ཚད་དང་ལྡན་པ་གསར་སྐྲུན་ཐོག་སྐུ་རྟེན་རྣམས་ལ་རབ་གནས་དང་རྟེན་བཞེངས་ལེགས་འགྲུབ་ཀྱི་དགའ་སྟོན་རྒྱ་ཆེར་མཛད། རྗེ་བདག་ཉིད་ཆེན་པོ་དགུང་གྲངས་རེ་གསུམ་དུ་ཕེབས་པ་ས་ཕག་(༡༤༡༩)ལོའི་སྟོན་དུས་སུ་སྟོད་ལུང་དང༌། འབྲས་སྤུངས། ལྷ་ས། སེ་ར། གསང་སྔགས་མཁར། གྲུ་བཞི་རྣམས་སུ་ཕེབས་ནས་ཆོས་མང་དུ་གསུངས། སླར་ཡང་དགའ་ལྡན་དུ་ཕེབས་ནས་ཐུབ་དབང་ཚུལ་ཁྲིམས་མའི་སྐུའི་མདུན་དུ་མཆོད་འབུལ་དང་སྨོན་ལམ་རྒྱས་པར་མཛད་རྗེས་གཟིམ་ཁང་དུ་ཕེབས་ཏེ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་སྐུ་བེར་དང་དབུ་ཞྭ་གནང་སྟེ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་དོན་གྱིས་གོ་བར་མཛད།
རབ་བྱུང་བདུན་པའི་ས་ཕག་(༡༤༡༩)ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། གསུང་འབུམ་པོད་བཅོ་བརྒྱད་ཡོད་པ་སྐུ་གཤེགས་རྗེས་རྒྱལ་ཚབ་རྗེས་སྐུལ་མ་གནང་བ་ལྟར་གཞིས་ཀ་བྲག་དཀར་ནང་སོ་པས་དཔར་སྐྲུན་བྱས་ཏེ་དགའ་ལྡན་དུ་ཕུལ་བ་དགའ་ལྡན་པར་རྙིང་ཞེས་གྲགས་པ་དེ་དགའ་ལྡན་ཟུང་ཆུ་ཁང་ཚན་དུ་བཞུགས་ཡོད་སྐད། རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དངོས་སློབ་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བདུན་བྱུང༌།
སྐབས་དེར་རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་རྗེ་བདག་ཉིད་ཆེན་པོའི་དངོས་སློབ་གཞན་རྣམས་དང་མོས་བསྡུར་ཐོག་དངུལ་བྲེ་ཆེན་ (དངུལ་སྲང་ལྔ་བཅུ་ལ་བྲེ་ཆེན་གཅིག་) བཅོ་བརྒྱད་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་བསྐྲུན་ཏེ་བུམ་ནང་དུ་སྐུ་གདུང་རིལ་པོ་མ་ཉམས་པར་སྣམ་སྦྱར་བསྒྲོན་པ་ཙན་དན་གྱི་སྒྲོམ་དང་བཅས་པ་བཞུགས་སུ་གསོལ། དེ་རྗེས་སྣེ་གདོང་དང༌། འབྲི་གུང། སྣེའུ་སོགས་ནས་གདུང་འབུལ་གསེར་དངུལ་མང་དུ་བྱུང༌། སློབ་དཔོན་རྣམ་གཉིས་ཀྱིས་དངུལ་གདུང་མཆོད་རྟེན་བཞུགས་ཡུལ་གཙུག་ལག་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་བསྐྲུན་ཏེ་དངུལ་གདུང་དེར་གདན་དྲངས་ནས་རབ་གནས་རྒྱས་པར་མཛད།
རྗེ་བདག་ཉིད་ཆེན་པོ་སྐུ་གཤེགས་པའི་ཕྱི་ལོ་ལྕགས་བྱི་(༡༤༢༠)ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་སྒྲུབ་པ་སོགས་རྗེ་བདག་ཉིད་ཆེན་པོའི་གདུང་མཆོད་རྒྱ་ཆེར་མཛད། དེ་ནས་བཟུང་དགའ་ལྡན་ལྔ་མཆོད་ཆེན་མོར་གྲགས་པའི་སྲོལ་དར་ནས་བོད་ལྗོངས་མཐའ་དབུས་ཀུན་ཏུ་ལོ་ལྟར་བོད་ཟླ་བཅུ་པའི་ཚེས་ཉེར་ལྔའི་དགོང་མོར་གླིང་མེ་སྦར་བ་དང་ཁང་པའི་ཕྱི་ནང་ཀུན་ཏུ་མཆོད་མེ་མང་པོ་སྦར་ནས་དུས་མཆོད་རྒྱ་ཆེན་པོ་གནང་སྲོལ་དེ་དར་བ་ཡིན་ནོ།།