རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་བཞི་ངོ་སྤྲོད་བསྡུས་ཙམ།

༄། །རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་བཞི་ཞེས་ཡོངས་སུ་གྲགས་པའི་དང་པོ་རྫིང་ཕྱིའི་བྱམས་པ་ཞིག་གསོས་ནི། རྗེ་བདག་ཉིད་ཆེན་པོ་དགུང་ལོ་སོ་དྲུག་བཞེས་སྐབས་གྲྭ་རྐྱང་དཀྱུས་མ་ཞིག་གི་ངང་ཚུལ་བྱས་ནས་བྱ་བྲལ་དུ་ཕེབས། དེའི་ཕྱིས་སུ་(༡༣༩༤)དགུང་ལོ་སོ་བརྒྱད་བཞེས་མཚམས་འོལ་ཁར་ཕེབས་པ་ན། རྫིང་ཕྱི་ཞེས་པ་དེར་རྗེ་བཙུན་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བ། ཐལ་རྡུལ་དང་བྱ་རྟུག་སོགས་འབགས་བཙོག་གི་ཁྲོད་ན་ལྷག་འདུག་པ་གཟིགས་ནས། ཁོང་གི་ཐུགས་ཀྱིས་མ་བཟོད་པར་ཁོང་དཔོན་སློབ་རྣམས་ཀྱི་ཡོ་བྱད་ཕྲན་ཚེགས་ཚུན་ཆད་བཙོངས་ནས་བྱམས་སྐུ་ཞིག་གསོས་ཀྱི་འགྲོ་གྲོན་ཏུ་བཏང། དེ་ལྟར་ཁོང་རྣམ་པའི་མཛད་སྤྱོད་ལ་བརྟེན་ནས་དད་ལྡན་པ་མང་པོས་དངུལ་དངོས་སོགས་ཀྱི་དད་འབུལ་མང་དུ་ཕུལ། འབུལ་དངོས་ཡོད་ཚད་ཀྱིས་རྟེན་གྱི་གཙོ་བོ་བྱམས་པའི་སྐུ་རྡུལ་དང་དྲི་མས་གོས་པ་རྣམས་ལེགས་པར་ཕྱིས་ཏེ་རྟེན་དང་བརྟེན་པར་བཅས་པ་ཞིག་གསོས་གནང་ནས་གསར་དུ་བཞེངས་པ་ལྟར་མཛད།

བྱམས་པའི་གཙུག་ལག་ཁང་དང་ཁོ་ར་ཁོར་ཡུག་ཀུན་དད་པའི་གསོས་སུ་གྱུར་པའི་མཆོད་གནས་ཀྱི་རྣམ་པར་བསྒྱུར་ཏེ་རབ་གནས་མཛད། རབ་གནས་དངོས་གཞིའི་ཉིན། ཐུགས་དམ་ནར་མར་མཛད་མཁན་དང། དུས་ངེས་ཅན་དུ་ལས་བྱེད་པ་སོགས་མང་པོ་ཞིག་ལ་དེ་ཉིན་སྔར་དང་མ་འདྲ་བའི་ཉི་མ་ཚད་ལས་ཆེས་རིང་དུ་གྱུར་པ་མངོན་སུམ་མཐོང་ཆོས་སུ་གྱུར་པ་དང། གཞན་ཡང་དེ་ཉིན་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ཕྱག་རྡོར་བའི་གཟིགས་སྣང་ལ། སངས་རྒྱས་རབས་བདུན་ནམ་མཁའ་ལ་བྱང་ཕྱོགས་སུ་འབྱོན་པ་གཟིགས། གང་དུ་བཞུད་ཅེས་གསོལ་བ་ན། རྫིང་ཕྱིའི་རབ་གནས་ལ་སྤྱན་འདྲེན་གྱིན་འདུག ཅེས་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་འདི་ནི་རྗེའི་མཛད་ཆེན་བཞིའི་ནང་གི་རྫིང་ཕྱིའི་བྱམས་པ་ཞིག་གསོས་ཞེས་གྲགས་པ་དེ་ཡིན་ནོ།།

རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་བཞི་ལས་གཉིས་པ་གཉལ་གྱི་ལུང་ར་ཆེན་མོ་ཞེས་པ་ནི། རྗེ་བདག་ཉིད་ཆེན་པོ་(༡༣༩༧)དགུང་ལོ་བཞི་བཅུ་ཞེ་གཅིག་བཞེས་སྐབས་གཉལ་གྱི་སྒང་ཆུང་གི་ལྷ་ཁང་དུ་བཞུགས་ནས་དགེ་འདུན་རྣམས་ལ་བཀའ་ཆོས་མང་པོ་གསུངས། གཉལ་གསེར་ཕྱེ་འབུམ་པར་མཆོད་པ་ཆེན་པོ་ཕུལ་ཞིང། གནས་དེར་གདུལ་བྱ་རྣམས་ལ་འདུལ་བའི་ཆོས་མང་དུ་གསུངས། ཁྱད་པར་ལག་ལེན་དངོས་སུ་བསྟར་དགོས་པ་རུང་ཆུ་འདེབས་པ་ཡན་ཆད་ཀྱི་ཆོས་འདུལ་བའི་བཅས་མཚམས་ཕྲན་ཚེགས་རྣམས་ཞིབ་པར་ཉམས་སུ་ལེན་ཚུལ་དང། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་སྲུང་དགོས་པ་འདི་ཁོ་ན་ཡིན་པ་སོགས། གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ཉམས་པར་གྱུར་པ་གཏིང་ནས་མ་བཟོད་པའི་ཐུགས་ཀྱིས་བསྟན་པ་རིན་པོ་ཆེའི་རྨང་དཀའ་བ་ཆེན་པོས་གཞི་ནས་འཛུགས་པར་མཛད་པ་འདི་དང། ཁྱིམ་པའི་སྐྱེ་བོའི་ཚོགས་མང་དུ་འདུས་པ་ལའང་བསྙེན་གནས་དང་སྐྱབས་འགྲོ་སོགས་འཕྲལ་དང་ཡུན་དུ་ཕན་པའི་དགེ་བ་ལ་སྦྱོར་བར་མཛད་པ། རྗེ་རང་ཉིད་ཀྱིས་ཐོག་དྲངས་ནས་ཐམས་ཅད་ལ་བསྐུལ་ནས་སཙྪ་འབུམ་ཕྲག་མང་པོ་བཏབ་པ། ཕྱིས་ཀྱང་ལོ་རེ་བཞིན་སཙྪ་འདེབས་པའི་སྲོལ་བཙུགས་པ། གནས་དེར་སྔར་རུ་སྡེ་ཕན་ཚུན་བར་དོགས་མི་བདེ་བའི་རྩོད་པ་ཕྲན་ཚེགས་ཡོད་པ་རྣམས། རྗེ་བདག་ཉིད་ཆེན་པོའི་ཐུགས་རྗེ་དང་བསོད་ནམས་ཀྱི་མཐུ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་ཐམས་ཅད་རྩོད་པ་མེད་ཅིང་དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་གྱུར་པ། ཕྱིས་སུ་ཡང་ལོ་རེ་བཞིན་ཆོས་སྤྱོད་ཀྱི་བྱ་བ་མཛད་དགོས་པའི་ཞལ་ཏ་སོགས་མཛད་པས་ཐམས་ཅད་ཀྱིས་དགའ་སྤྲོ་དང་བཅས་དང་དུ་བླངས་ཤིང༌། དུས་དེང་སང་གི་བར་དུ་ཡང་ལོ་དུས་དེར་ཆོས་སྤྱོད་ཀྱི་བྱ་བ་ཉིན་ཞག་མང་པོ་བྱེད་བཞིན་པ་འདི་ནི་རྗེའི་མཛད་ཆེན་བཞིའི་ནང་གི་གཉལ་གྱི་ལུང་ར་ཆེན་མོ་ཞེས་པའི་མཛད་ཆེན་དེ་ཡིན་ནོ།།

རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་བཞི་ལས་གསུམ་པ་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་འདི་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་མོའི་སྒོ་ནས་གདུལ་བྱའི་འགྲོ་དོན་མཛད་ཚུལ་དེ་གངས་རིའི་ལྗོངས་སུ་སླར་གསོ་གནང་བ་ཞིག་ཡིན་པ་དང། སྒོས་སུ་རྗེ་བདག་ཉིད་ཆེན་པོས་འབྲོག་རི་བོ་ཆེར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་པའི་སྔོན་འགྲོའི་སྐུ་རིམ་ལྟ་བུ་ཡིན་མོད། ༡༤༠༨ ལོའི་བོད་ཟླ་བཅུ་གཉིས་པའི་ནང་རྗེ་རིན་པོ་ཆེས་གངས་རིའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་རྟེན་འབྲེལ་དུ་དགོངས་ནས། ཆོས་རྒྱལ་སྲོང་བཙན་སྒམ་པོས་གངས་རིའི་ཁྲོད་འདིར་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་གསར་དུ་བཙུགས་པའི་གནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་ཞིག་གསོ་ལེགས་པར་མཛད་དེ། རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསར་དུ་བཞེངས་པ་ལྟ་བུར་མཛད།

དེ་ནས་གླང་གི་ལོ (༡༤༠༩) བོད་ཟླ་དང་པོའི་ཚེས་གཅིག་ནས་བཅུ་དྲུག་བར་དུ་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་དངོས་གཞི་མཛད་པ་ལ། ཇོ་བོ་རིན་པོ་ཆེའི་དྲུང་དུ་དེ་བཞིན་གཤེགས་པ་རིགས་རྣམ་པ་ལྔ་འཕྲུལ་ལས་བཏོན་པ་ལྟ་བུའི་དར་དཔྱངས་དང་བཅས་པའི་རིགས་ལྔའི་དབུ་རྒྱན་རྒྱུ་གསེར་བཟང་པོ་འབའ་ཞིག་ལས་གྲུབ་པ་ལ། རིན་པོ་ཆེ་ནལ་དང། མུ་ཏིག་དང། གཡུ་ལ་སོགས་པའི་ཕྲ་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་བསྒྲོན་པ་དང། ཇོ་བོ་མི་བསྐྱོད་པ་དང་བཅུ་གཅིག་ཞལ་ལ། དངུལ་བཟང་པོ་ལས་བྱས་པའི་དབུ་རྒྱན་ཕུན་སུམ་ཚོགས་པ་དང་བཅས་པ་ཕུལ་ཞིང་། ཇོ་བོ་རིན་པོ་ཆེའི་དྲུང་དུ་དངུལ་གྱི་ལྷུང་བཟེད་ཆེ་ཚད་དུ་ལོངས་པ་དེའི་ཁ་ལ་འཚམ་པའི་དངུལ་གྱི་མཎྜལ་དང་བཅས་པ་དང་། ཇོ་ཤཱཀ་རྣམ་གཉིས་བཅུ་གཅིག་ཞལ་དང་བཅས་པ་ལ་ཆོ་འཕྲུལ་གྱི་རིང་ཉིན་རེ་བཞིན་ཞལ་གསེར། ཚེས་བརྒྱད་དང་བཅོ་ལྔ་ལ་སྐུ་ཡོངས་རྫོགས་ལ་གསེར་ཆབ་དང་བཅས་པ་ཕུལ་ཞིང་། ཇོ་ཤཱཀ་རྣམ་གཉིས་དང་ཐུབ་པ་གངས་ཆེན་མཚོས་གཙོ་མཛད་སྤྲུལ་སྐུའི་རྣམ་པ་ཅན་གྱི་སྐུ་འབུར་དུ་དོད་པ་ཐམས་ཅད་ལ། གོས་དར་ཕུན་སུམ་ཚོགས་པ་ལས་བྱས་པའི་བླ་གོས་དང་སྣམ་སྦྱར་དང། སེམས་དཔའ་སེམས་མ་བཅུ་དྲུག་ལ་སོགས་པ་དང་ཁྲོ་བོའི་རྣམ་པར་བཞུགས་པ་ལ་སོགས་པ་རྣམས་ལ་ནི་གོས་ཆེན་དང་དར་ཆེན་སོགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་གསོལ་བ་དང། གཞན་ཡང་གཙུག་ལག་ཁང་ཆེ་ཆུང་རྣམས་ཀྱི་ཏོག་དང་བྱ་འདབ་ལ་སོགས་པའི་རྩེ་ཟུར་ཕན་ཚུན་དུ་ཐ་གུས་སྦྲེལ་བ་ཐམས་ཅད་ལ་བ་དན་དང་རྔ་ཡབ་དང་དྲིལ་བུ་ལ་སོགས་པས་བར་མ་ཆད་པར་མཛེས་པར་བྱས་པ་སོགས་མདོར་ན། རྗེའི་གསང་རྣམ་ལས། ཆོས་འཁོར་ལྷ་སར་ཆོ་འཕྲུལ་ཆེན་པོའི་དུས། །ངོ་མཚར་བཀྲ་ཤིས་སྣ་ཚོགས་བརྒྱ་བཀོད་པའི། །མཆོད་པ་བདེ་བ་ཆེན་པོར་བྱིན་བརླབས་ནས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཉེས་པར་མཛད། །ཅེས་དང།

ཡང་དེ་ཉིད་ལས། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་རྣམས། །རྣམ་དག་སྨོན་པའི་དབང་པོར་སྤྱན་དྲངས་ཚེ། །རང་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཡི༑ ༑སྐུ་ཡི་བཀོད་པས་མཆོད་པ་བདག་གིར་མཛད། །ཅེས་གསུངས་པ་བཞིན་ནོ། །དེས་ན་སྐབས་དེར་འདོད་ཡོན་སྣ་ལྔས་གཙོ་བྱས་པའི་ཕྱི་ནང་གི་མཆོད་པ་བཀོད་པ་ལེགས་ཤིང་མཛེས་ཉམས་ལྡན་པ། ཀུན་ཏུ་གཙང་ཞིང་དྲི་བཟང་འཐུལ་བ་སོགས་ཀུན་བཟང་མཆོད་སྤྲིན་ཚར་དུ་དངར་བ་འདིས། དད་ལྡན་སྐྱེ་བོ་ཁྲི་སྟོང་མང་པོའི་ལུས་སེམས་ལ་བདེ་དགའ་ངང་གིས་འབྱུང་ཞིང་རང་བཞིན་གྱིས་རྒྱུད་འཇམ་པ་དང། སེམས་དང་བ་དང། དགེ་བ་ལ་སྤྲོ་བ་སོགས་ཀྱི་གཞན་དབང་དུ་གྱུར་པས་ཉིན་མཚན་ཀུན་ཏུ་ཆོས་ཉན་པ་དང། ཕྱག་དང་སྐོར་བ་བྱེད་པ། བསྔོ་བ་དང་སྨོན་ལམ་འདེབས་པ། གཟུངས་བགྲང་བ་དང་ཁ་ཏོན་བྱེད་པ་སོགས་ཀྱིས་དུས་འདའ་བར་གྱུར་པ། དགེ་འདུན་འདུས་པའི་ཚོགས་ཀྱིས་ཀྱང་ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ་བ། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་སོགས་ཆོས་སྤྱོད་ཀྱི་བྱ་བས་དུས་འདའ་བར་གྱུར་པ། སྔོན་སྟོན་པ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོའི་སྒོ་ནས་གདུལ་བྱ་སྨིན་གྲོལ་ལ་བཀོད་པར་མཛད་པ་དེ་དེ་བཞིན་དུ་སྒོ་ཀུན་ནས་མཚུངས་པར་གྱུར་པ། ཚེས་གཅིག་ནས་བཅུ་དྲུག་བར་དུ་བསྟན་པའི་སྦྱིན་བདག་ཟམ་མ་ཆད་པར་དད་གཏོང་ལྷག་བསམ་ཡངས་པས་ཀུན་ནས་བསླངས་ཏེ་རང་གི་ཚོགས་གསོག་སྒྲིབ་སྦྱོང་གི་ལས་ལ་གཞོལ་བས་དུས་འདའ་བར་གྱུར་པ་དང།

སྨོན་ལམ་ཆེན་མོ་གྲོལ་མཚམས་སུ་དད་འབུལ་གྱི་དངུལ་དངོས་ཡོད་ཚད་ལ་རྩིས་ཁྲ་དང་མ་དངུལ་གཏོང་འཇོག་སོགས་ཧ་ཅང་གི་ཞིབ་ཚགས་པོ་ཕྱི་གསལ་ནང་གསལ་ཀུན་ལ་ཐུགས་དོགས་མི་དགོས་པ། མདོར་ན་ཆོ་འཕྲུལ་སྨོན་ལམ་གྱི་མཛད་ཆེན་འདི་དབུ་མཇུག་ཀུན་ཏུ་བཀྲ་ཤིས་པར་གྱུར་པ། དུས་དེ་ནས་བཟུང་གངས་རིའི་ལྗོངས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ། དུས་ད་ལྟའང་དགེ་ལྡན་པ་ཡོངས་ནས་རྣམ་དཀར་ཆོས་སྤྱོད་ཀྱི་ལས་ཉག་གཅིག་ཏུ་གྱུར་འདུག་པ་འདི་ནི་རྗེའི་མཛད་ཆེན་བཞིའི་ནང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་གྲགས་པ་དེ་ཡིན་ནོ།།

རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་བཞི་ལས་བཞི་པ་དགའ་ལྡན་སྒྲུབ་མཆོད་ཆེན་མོ། རྗེ་བདག་ཉིད་ཆེན་པོས་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཚོགས་ཁང་དུ་བྱས་ན་དབང་མ་ཐོབ་པ་རྣམས་ཀྱིས་དཀྱིལ་འཁོར་མཐོང་བ་སོགས་དགག་བྱ་ཆེ་བར་འདུག་པས། གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ལོགས་སུ་བྱ་དགོས་པར་འདུག་ཅེས་སྔར་ནས་གསུངས་པ་བཞིན། ༡༤༡༥ ལོར་རྗེ་བདག་ཉིད་ཆེན་པོ་དགུང་གྲངས་ང་དགུ་པ་ཤིང་མོ་ལུག་གི་ལོའི་དབྱར་དུས་སུ། ཡངས་ཅན་གཙུག་ལག་ཁང་ཁྱམས་གཙང་ཁང་དང་བཅས་པ་ལ་ཀ་བ་བདུན་ཅུ་རྩ་གཉིས་ཀྱི་ས་ཁྱོན་ཅན་བཞེངས་དགོས་པའི་ཐུགས་བཀོད་གནང།

༡༤༡༦ ལོར་དབུས་ཀྱི་གཙང་ཁང་དུ་སྟོན་པའི་སྐུ་ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཅུང་ཞིག་གིས་ཆེ་བ་དང། སྟེང་གི་གཙང་ཁང་དུ། དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པ་ལྷ་དྲུག་ཅུ་རྩ་གཉིས། དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་རྟེན་དང་བརྟེན་པར་བཅས་པའི་གཞལ་ཡས་ཁང་བློས་བསླངས་རྣམས་རྒྱུ་རིན་པོ་ཆེ་འབའ་ཞིག་ལས་བསྒྲུབས་པ་མེ་སྤྲེལ་ལོར་ལེགས་པར་གྲུབ། དེ་ལྟར་གཙུག་ལག་ཁང་གྲུབ་པ་ན་མེ་བྱ་(༡༤༡༧)ལོའི་ཟླ་གསུམ་པའི་ནང་རྟེན་རྣམས་གསར་བསྐྲུན་དང་འབྲེལ་དགའ་ལྡན་སྒྲུབ་མཆོད་ཆེན་མོར་གྲགས་པ་གསང་འདུས། བདེ་མཆོག །འཇིགས་བྱེད། དུས་འཁོར། ཕྱག་རྡོར་འཁོར་ཆེན། ཀུན་རིག །རྡོར་དབྱིངས། རྣམ་སྣང་མངོན་བྱང། ཚེ་དཔག་མེད་ལྷ་དགུ། མི་འཁྲུགས་པ་རྣམས་རྒྱུད་སྡེའི་དགོངས་དོན་ལྟར་གྱི་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་གསར་དུ་འཛུགས་པར་མཛད།

དུས་དེར་བདེ་མཆོག་གི་བློས་བསླངས་དེ་ལ་བརྟེན་ནས་སྒྲུབ་མཆོད་མཛད་པའི་ཚེ་རྗེ་བླ་མར་འཁོར་ལོ་བདེ་མཆོག་གིས་ཞལ་གཟིགས་ཤིང། ནམ་མཁའ་ནས་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པ་དང། བསྟོད་དབྱངས་བྱེད་པ་རྣམས་གསན་ནས་ཐུགས་ལ་བཟུང་སྟེ་ཏིང་འཛིན་པིར་ལེགས་མ་དང། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་མཆོད་བསྟོད་རྣམས་དབྱངས་དང་བཅས་པ་མཛད་པ་འདི་ནི་རྗེའི་མཛད་ཆེན་བཞིའི་ཡ་གྱལ་དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཞེས་གྲགས་པ་དེ་གསར་དུ་མཛད་པའི་ཚུལ་མདོ་ཙམ་མོ།།

དཔྱད་མཆན་སྤེལ།