སེ་ར་དགོན་པ།

༄། །གསེར་རྟ་སེ་ར་དགོན་པ་ནི་ཐོག་མར་སྐྱབས་མགོན་རིན་ཆེན་ཕྲེང་བ་སྐུ་ཐོག་དང་པོ་བླ་མ་བློ་བཟང་འོད་ཟེར་གྱིས། ཕྱི་ལོ་ ༡༧༧༩ ལོར་སྙི་སྨད་སེ་ར་ལུང་བར་ཕྱག་འདེབས་མཛད། དེ་རྗེས་བསོད་རྒན་སྤྲུལ་སྐུ་དང་། སྤྲུལ་བའི་སྐུ་འཇིགས་མེད་དགའ་བའི་རྡོ་རྗེ། སྤྲུལ་སྐུ་རིན་ཆེན་ཕྲེང་བ་སྐུ་ཕྲེང་ཕྱི་མ་སོགས་ཀྱིས་རིམ་བཞིན་བསྐྱངས།

༡༩༢༥ ལོར་རིན་ཆེན་ཕྲེང་བ་སྐུ་ཕྲེང་གསུམ་པ་སྐྱབས་མགོན་འོད་ཟེར་རྒྱ་མཚོ་མཆོག་གིས། གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་གྱི་སྲོལ་བཏོད། དེ་ནས་བཟུང་དགོན་འདིར་གྲྭ་ས་ཆེན་པོའི་ཕྱག་བཞེས་ཇི་བཞིན་གཞི་གསུམ་གྱི་ལག་ལེན་དང་། བཤད་སྒྲུབ་ཀྱི་འཆད་ཉན་སོགས་དར་རྒྱས་ཆེན་པོར་གྱུར། མདོ་སྔགས་གཞུང་ལུགས་སྨྲ་བར་ཐོགས་པ་མེད་པའི་བཀའ་རབ་འབྱམས་པ་དང་། འདུལ་བ་འཛིན་པའི་སློབ་མ་བགྲང་བ་ལས་འདས་པ་བྱུང་། རྗེས་སུ་བོད་ཡུལ་གྱི་དགོན་སྡེ་གཞན་དག་དང་འདྲ་བར་ཟིང་འཁྲུག་གོད་ཆག་འོག་ནས་མི་ལོ་ཉི་ཤུ་ཙམ་ལ་སྟོང་རལ་དུ་གྱུར། ཆོས་སྒོ་ཕྱེས་རྗེས་སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོས་དགོན་གནས་ཞིག་གསོ་མཛད། མཁན་ཆེན་དམ་པ་རྗེ་བཙུན་གྲགས་པ་རྒྱ་མཚོ་མཆོག་གིས་འདུལ་ཁྲིམས་གཙང་མའི་དགེ་འདུན་གྱི་སྡེ་བཙུགས། སྔོན་གྱི་འཆད་ཉན་གྱི་རྒྱུན་སྲོལ་སླར་གསོ་བྱས། རྒྱལ་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པ་འབར་བའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་སོགས་མདོ་སྔགས་རིག་གནས་དང་བཅས་པ་ཐུགས་སུ་ཆུད་པའི་སློབ་མ་མང་དུ་བྱུང་། དེང་སྐབས་ཡང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམ་པ་ཁོང་གི་སློབ་མའི་གཙོ་བོ་སྐྱབས་མགོན་རིན་ཆེན་ཕྲེང་བ་སྐུ་ཕྲེང་ལྔ་པ་ཐུབ་དབང་བློ་བཟང་དགེ་ལེགས་རྒྱ་མཚོ་སོགས་མཁན་སྤྲུལ་དགེ་བའི་བཤེས་གཉེན་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ལས་དགོན་འདི་སྔར་ལས་དར་ཞིང་རྒྱས་པ་དང་། དགེ་འདུན་གྱི་སྡེ་རིན་པོ་ཆེའང་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་བསླབ་པ་སློབ་གཉེར་དང་། ཐོས་བསམ་སྒོམ་གསུམ་སོགས་འཁོར་ལོ་གསུམ་གྱི་ལས་ལ་བརྩོན་བཞིན་པ་ལགས་སོ།།

ལོ་རྒྱུས་འདི་དགོན་པ་དང་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་བ་བཞིན་བཀོད་པའོ། །༡༩༩༣ ལོ་ནས་ ༢༠༡༧ བར་དུ་རྩོམ་པ་པོ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་སོགས་གྲྭ་རྒྱུན་གཉིས་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད།།

དཔྱད་མཆན་སྤེལ།