སོག་པ་འཇམ་དབྱངས་ཁང་ཚན་དུ་སློབ་གཉེར་མཐར་ཕྱིན་གནང་ནས་ དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རབས་ཀྱི་གྲས་སུ་བྱོན་པ་དང་བསྟན་པ་ལ་བྱ་བ་རྒྱ་ཆེ་བདག་གིར་བཞེས་པ་ཁག་ཅིག་གི་རྣམ་ཐར།

༄། །དེ་ཡང་ལོ་རྒྱུས་ཁུངས་ལྡན་གྱི་དེབ་ཐེར་རྣམས་སུ་གསལ་འདུག་པ་རང་གི་ལག་ཏུ་སོན་པ་རྣམས་དགོད་རྒྱུ་ཡིན་པ་ལས། རྣམ་ཐར་གསལ་པོ་མེད་པ་དང་ཡོད་ཀྱང་ལག་སོན་མ་བྱུང་བ་རྣམས་འགོད་ཐབས་མ་བྱུང་། དེ་ཡང་སོག་པ་ཁང་ཚན་དུ་བཞུགས་པའི་མདོ་སྨད་ཕྱོགས་ཀྱི་མཁན་རབས་དང་སྐྱེས་ཆེན་རྣམས་ལས་དབུས་གཙང་ཕྱོགས་ནས་ཁང་ཚན་ནང་དུ་མཁན་རབས་བྱོན་ཡོད་མེད་ལོ་རྒྱུས་ཀྱི་རྒྱུ་ཆ་གང་ཡང་རྙེད་སོན་མ་བྱུང་།

གྲྭ་ཚང་གི་ཆོས་འབྱུང་ཁག་ན་མཁན་རྒྱུད་གསོལ་འདེབས་དང་མཁན་རབས་རིམ་བྱོན་གྱི་རྣམ་ཐར་སོགས་བཀོད་ཡོད་ན་ཡང་མཁན་པོ་ཕལ་ཆེ་བ་ལ་ཕ་ཡུལ་གང་ཡིན་དང་། ཁང་ཚན་མི་ཚན་གང་ཡིན་སོགས་གསལ་ཁ་ཐོན་མེད་པ། མཁན་རབས་རྣམ་པའི་མཚན་འཁོད་ཡོད་ཀྱང་དེ་དག་མཁན་པོ་འདི་དང་དེ་ཞེས་ཁང་ཚན་དང་མི་ཚན་ཕ་ཡུལ་སོགས་མཚམས་སྦྱོར་གསལ་པོ་འཁོད་མི་འདུག་པས་ན་གུས་པས་རྣམ་ཐར་དང་ལོ་རྒྱུས་ཀྱི་ཡིག་ཆ་ཁ་ཤས་ལ་ཁུངས་བཅོལ་ནས་སོག་པ་འཇམ་དབྱངས་ཁང་ཚན་དུ་དགའ་ལྡན་ཤར་རྩེའི་མཁན་པོའི་མཚན་གནས་བཞེས་པ་དང་མཁན་པོའི་མཚན་གནས་ཕུལ་བ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཁག་ཅིག་གི་རྣམ་ཐར་རགས་བསྡུས་ཙམ་དགོད་པ་ལ། དེ་ཡང་། དང་པོ། མཁན་རབས་སོ་དྲུག་པ། གཉན་རྩེ་ངག་དབང་ཆོས་འཕེལ། གྲྭ་ཚང་ཆོས་འབྱུང་ལས། གཉན་རྩེ་དཔོན་སློབ་འདི་ཉིད་བརྒྱུད་འདེབས་དང་ཤར་རྩེ་ཆོས་འབྱུང་འདི་གཉིས་ཀའི་ནང་ཆད་པར་ངེས་ལ་ཞེས་གསལ་ཡོད། འོན་ཀྱང་མཁན་རབས་སོ་དྲུག་པ་ལ༑ ངག་དབང་བློ་གྲོས་ཡར་ཟླ་ལྟར་འཕེལ་བ། །ཞེས་གསལ་བ་འདི། ཁོང་གི་སློབ་མ་ངག་དབང་ཡར་འཕེལ་གྱི་མཚན་དུ་གསལ་མོད། འོན་ཏེ་གཉན་རྩེ་ངག་དབང་ཆོས་འཕེལ་དང་ཁོང་གི་སློབ་མ་ངག་དབང་ཡར་འཕེལ་གཉིས་ཀྱི་མཚན་གཅིག་ཏུ་བསྡོམས་ནས། ངག་དབང་བློ་གྲོས་ཡར་ཟླ་ལྟར་འཕེལ་བ། །ཞེས་གོ་ཚུལ་ཞིག་ཡོད་ཆོག་སྙམ་སྟེ་རྩོམ་པ་པོའི་དགོངས་པ་སོང་མིན་ཅི་ཆ།

གཉན་རྩེ་དཔོན་སློབ་འདི་པ་མཁས་གྲུབ་ཀྱི་མཚན་སྙན་ཤིན་ཏུ་ཆེ་བས་མཁན་རྒྱུད་གསོལ་འདེབས་སུ་ཆད་པར་མི་འོས་སོ་སྙམ་མོ། །གང་ལྟར་ཁོང་གི་སློབ་མ་ངག་དབང་ཡར་འཕེལ་མཁན་རབས་སོ་དྲུག་པ་ཡིན་པ་གསལ་བས་ཁོང་མཁན་རབས་སུ་བགྲང་ཚེ་ཁོང་མཁན་རབས་སོ་དྲུག་པ་དང་། ཁོང་གི་སློབ་མ་ངག་དབང་ཡར་འཕེལ་མཁན་རབས་སོ་བདུན་པར་བགྲང་དགོས་སོ་སྙམ་མོ།།
དེ་ཡང་གཉན་རྩེ་ངག་དབང་ཆོས་འཕེལ་མཆོག་གི་རྣམ་ཐར་ནི། སྐལ་བཟང་ངག་དབང་དམ་ཆོས་ཀྱི་རྔ་རྫོང་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་ལས། དེ་ཡང་གཉན་རྩེ་དགོན་དགའ་ལྡན་བྱང་ཆུབ་གླིང་ཕྱག་འདེབས་པ་པོ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་དཔལ་བཟང་པོ་ཡིན། མདོ་སྨད་ཆོས་འབྱུང་ལས། འདི་པ་གཉན་རྩེ་མགོ་ལོག་གི་རྒྱུད་དུ་འཁྲུངས་གསུངས། གང་ལྟར་རུས་གཉན་རྩེ། རབ་དྲག་གི་ཤིང་གླང་ ༡༦༨༥ ལོར་འཁྲུངས། ཆུང་དུས་ནས་དབུས་སུ་བྱོན། མཁས་གྲུབ་བྱེ་བའི་འབྱུང་གནས་དགའ་ལྡན་ཤར་རྩེའི་ཆོས་གྲྭར་ཞུགས། ཐོས་བསམ་ཚུལ་བཞིན་བྱས་པས་མཁས་གྲགས་ཀྱི་སྙན་པ་རྒྱས། ཞེས་དང།

ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པས་རྗེ་དེ་ཉིད་ཀྱིས་སྐུ་ལ་བཞེས་བཞིན་པའི་ནཱ་རོ་པའི་རུས་རྒྱན་གནང་སྟེ་སླར་བདག་པོ་ལ་སྤྲོད་དགོས་གསུངས། ཁྲི་ཆེན་སང་གྷའི་མཚན་ཅན་དང་ཇུན་གར་པ་གཉིས་ཀྱི་མདུན་སར། མཁས་པ་དུ་མའི་དབུས་སུ་རྩོད་པའི་ང་རོ་འགྲན་པས་མཁས་རྒུའི་གཙུག་ན་རྒྱལ། དགའ་ལྡན་ཤར་རྩེའི་ཁྲིར་བསྐོས། ཞེས་གསལ་ཡོད།

མདོ་སྨད་ཆོས་འབྱུང་ལས། སྒོ་མང་སྒར་པའི་ཕུར་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་གྱི་གདན་ས་ལ་མགོ་དགོན་བྱང་ཆུབ་ལུང་བཟང་། འདི་པ་གཉན་རྩེ་མགོ་ལོག་གི་རྒྱུད་དུ་འཁྲུངས། ཆུང་དུས་ནས་དབུས་སུ་བྱོན། དགའ་ལྡན་དུ་ཆོས་གྲྭར་ཞུགས། ཡེ་ཤེས་ཀྱི་མགོན་པོ་ལུས་དང་གྲིབ་མ་བཞིན་འགྲོགས་པས་མཚན་མོ་སྐྱོར་སྦྱང་གི་དུས་ཁྱི་ནག་པོ་འཇིགས་སུ་རུང་བ་ཞིག་གི་རྣམ་པས་བསྲུང་བ་ཀུན་གྱིས་མཐོང་། ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་ཞབས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པས་རྗེ་དེ་ཉིད་ཀྱིས་བཞེས་བཞིན་པའི་རུས་རྒྱན་ཀྱང་གནང་། ཅུན་གར་རྩོད་པའི་དུས་ཁྲི་ཆེན་གྱི་བཀས་རྩོད་དུ་བྱོན། རྩོད་པ་རྒྱལ་བས་ཤར་རྩེའི་མཁན་པོར་བསྐོས། བཞུགས་མ་འདོད་པར་མཚན་མོར་བྲོས། སྟོད་མངའ་རིས་ནས་སྨད་ཙ་རིའི་བར་གྱི་གནས་རྣམས་འགྲིམ། ཕྱིར་འཁོར་དུས་ཅུན་གར་ལོག་ཀྱང་ཁྱོད་ཤར་རྩེའི་ཁྲིར་མ་བསྡད་ཕྱིན་རྗེ་རིན་པོ་ཆེར་འདང་མ་བརྒྱབ་པ་ཡིན་ཞེས་ཡི་གེ་བཞག་པས་ཤར་རྩེའི་གདན་ས་པ་མཛད། ཅེས་དང་།
དེའི་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་སོག་པོར་ལ་མོ་སྡེ་ཐོག་ཏུ་མེ་བྱི་ལོར་འཁྲུངས། མཚམས་ཚ་དགེ་བཤེས་ངག་དབང་ཤེས་རབ་ (དགའ་ལྡན་དུ་ཞལ་ངོ་མཛད་) ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། དབང་བཀའ་མང་པོ་གསན། ལྷ་མོའི་ཆོས་གྲྭར་ཞུགས། ལྷ་དང་བླ་མའི་གཟིགས་སྣང་དང་ཤྲ་མ་ཎས་རྗེས་སུ་བཟུང་བས་ལུང་བསྟན་མང་། སྒྲུབ་སྡེ་རྣམས་ཚུལ་བཞིན་དུ་བསྐྱངས། རེ་གཉིས་པ་མེ་གླང་ལ་གཤེགས། དེའི་སྤྲུལ་སྐུ་ངག་དབང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཨ་མཆོག་རྭ་ཁོ་ཆོས་འབྱོར་གྱི་སྲས་སུ་འཁྲུངས། དགེ་བཤེས་བྱམས་པའི་དྲུང་ནས་རབ་ཏུ་བྱུང་། དགའ་ལྡན་དུ་ཐུགས་གཉེར་མཛད་དེ་དམ་པའི་བག་ཆགས་ཀྱི་མཐུ་བརྟས་པ་ཞིག་གོ །ཅེས་གསུངས་འདུག

ཁོང་གི་སྤྲུལ་སྐུ་ངག་དབང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དགའ་ལྡན་དུ་ཞུགས་པ་འདིས་ཀྱང་གཉན་རྩེ་སྐུ་གོང་མ་རྣམས་གྲྭ་སར་ཕེབས་སྐབས་དགའ་ལྡན་དུ་ཞུགས་ཡོད་པར་ངེས་ཤེས་རྙེད་ཐུབ་པ་ཡིན་ཏེ། ལྷ་ས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་ཡིག་རྒྱུ་ཆ་རྩོམ་འབྲི་ཨུ་ཡོན་ལྷན་ཁང་ནས་རྩོམ་འབྲི་བྱས་པའི་ <<དགའ་ལྡན་དགོན་པ་དང་བྲག་གཡེར་པའི་ལོ་རྒྱུས་>> ཞེས་པའི་ནང་། གྲྭ་རྒྱུན་གསར་འབྱོར་བ་རྣམས་ཐོབ་ཁུངས་ཁང་ཚན་དེར་འཛུལ་བ་མ་གཏོགས་རང་དགར་གང་བྱུང་དུ་འཛུལ་ན་རྩོད་ཉོག་ཡོད། འོན་ཀྱང་སྤྲུལ་སྐུ་ཡིན་ན་སྐུ་གོང་མའི་ཐོབ་ཁུངས་གཞིར་བཟུང་མ་གཏོགས་ཡུལ་ལུང་སོགས་ཀྱི་དབྱེ་བ་མེད། ཅེས་གསལ་ཡོད།

དེ་བཞིན་ཨ་ཁུ་རྗེ་ཤེས་རབ་རྒྱ་མཚོའི་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རིམ་གྱི་ཟབ་ཁྲིད་ལས། དགའ་ལྡན་གཉན་རྩེ་ཚང་གི་རི་ཁྲོད་པ་རྣམས་རྐང་བརྒྱད་ལ་ཌཱ་མ་རུ་འཁྲོལ་ཏེ་ཧཱུཾ་ཧཱུཾ་ཕཊ་གསུམ་ལ་འཁྱུད་རྒྱ་ལན་གསུམ་བྱེད་པ་རྒྱུད་སྟོད་ཀྱི་ཕྱག་བཞེས་ཡིན་འདུག་ཅེས་ཡེ་ཤེས་དགེ་ལེགས་ལས་ཐོས་ཀྱང་ཨ་མཆོག་གི་རྒྱུད་པར་མེད། ཅེས་གསུངས་པ་འདི་དག་གིས་གཉན་རྩེ་དཔོན་སློབ་ངག་ཆོས་འཕེལ་གྱི་མཛད་རྣམ་དངོས་ཡོད་བདེན་པའི་གནས་ལུགས་མང་པོ་ཞིག་ལ་ངེས་པ་སྟེར་ཐུབ་པོ་སྙམ།

གཉིས་པ། མཁན་རབས་སོ་བདུན་པ། རྗེ་ངག་དབང་ཡར་འཕེལ། ༢༠༡༠ ལོར་དཔར་བསྐྲུན་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་འབྱུང་འཇམ་དཔལ་སྙིང་པོའི་དགོངས་རྒྱན་དུ། ངག་དབང་བློ་གྲོས་ཡར་ཟླ་ལྟར་འཕེལ་བ། །ཞེས་བསྔགས་པ་མདོ་སྨད་རྔ་བའི་ཕྱོགས་སུ་སྐུ་འཁྲུངས་པ་སྨྲ་བའི་ཁྱུ་མཆོག་ངག་དབང་ཡར་འཕེལ་རྣམས་ཀྱང་སྡོམ་པ་གསུམ་གྱི་རྒྱན་གྱིས་མཛེས་ཤིང་ཐོས་བསམ་སྒོམ་པའི་ནོར་གྱིས་ཕྱུག་པའི་བདག་ཉིད་ཆེན་པོ་ཤ་སྟག་སྟེ། གདན་ས་འདིའི་ཁྲིར་ཕེབས་ནས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་ཐར་འདོད་བློ་གསར་པ་གྲངས་མེད་པ་ཞིག་སྨིན་གྲོལ་ལ་འགོད་པར་མཛད་པ་སོགས་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་རྣམ་པར་ཐར་པ་མངའ་བ་ཡིན་ནོ། །ཞེས་པ་ཙམ་ལས་རྣམ་ཐར་གསལ་པོ་འཁོད་མི་འདུག མདོ་སྨད་ཆོས་འབྱུང་ལས། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་བཏབ་པ་སྔོ་ཤུལ་རི་ཁྲོད། འདི་ལ་ཉག་རོང་དཔོན་སློབ་ཀྱང་ཟེར། གཉན་རྩེའི་དགེ་ཕྲུག །ཤར་རྩེ་མཁན་པོར་བཞུགས། ཞེས་པ་ཙམ་ལས་མཁན་རབས་གང་ཡིན་མི་གསལ་ཡང་རྗེ་ངག་དབང་ཆོས་འཕེལ་མཁན་རབས་སུ་བགྲངས་ཚེ་ཁོང་མཁན་རབས་སོ་བདུན་པ་ཡིན་དགོས་སོ་སྙམ་སྟེ་ཁོང་གཉན་རྩེ་དཔོན་སློབ་ཀྱི་དགེ་ཕྲུག་ཡིན་པ་མདོ་སྨད་ཆོས་འབྱུང་དུ་གསལ་བ་ལྟར་དང་། རྔ་རྫོང་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་ལས། མདོ་སྔགས་ཀྱི་གཞུང་ཡོངས་སུ་རྫོགས་པ་ལ་གསན་བསམ་མཛད་པ་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྒྱུད་ཀྱི་འཆད་ཉན་བྱས་པ་དང་། དགའ་ལྡན་ཤར་རྩེའི་ཁྲིར་ཕེབས་པ་དང་། རབ་བྱུང་བཅུ་གཅིག་པའི་སྨད་ཅིག་ཏུ་སྐུའི་མཚན་དཔེ་བཞད་ཅེས་གསུངས་ཡོད། འོན་ཀྱང་ཁོང་གཉན་རྩེ་ངག་དབང་ཆོས་འཕེལ་གྱི་དགེ་ཕྲུག་ཡིན་པ་མདོ་སྨད་ཆོས་འབྱུང་དུ་གསལ་བ་དང། གཉན་རྩེ་ངག་དབང་ཆོས་འཕེལ་རབ་བྱུང་བཅུ་གཅིག་པ་ ༡༦༨༥ ལོར་འཁྲུངས་པ་ཡིན་པར་ལོ་རྒྱུས་འགར་གསལ་བས་དེར་ཆ་བཞག་ན། ༡༦༨༧ ནས་རབ་བྱུང་བཅུ་གཉིས་པའི་ཐོག་མ་མེ་ཡོས་གསར་དུ་ཚེས་པ་ཡིན་པས་རབ་བྱུང་བཅུ་གཉིས་པའི་སྟོད་ཙམ་ལ་འཁྲུངས་པ་ཡིན་ནམ་སྙམ་མོ།།

མདོ་སྨད་ཆོས་འབྱུང་ལས། ༤༨༩ གཉན་རྩེའི་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་སོག་པོར་ལ་མོ་སྡེ་ཐོག་ཏུ་ལོ་ནང་དེར་འཁྲུངས། མཚམས་ཚ་དགེ་བཤེས་ངག་དབང་ཤེས་རབ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། དབང་བཀའ་མང་པོ་གསན། ཞེས་དང་། ༤༩༡ བྲག་དཀར་སྔགས་རམ་པ་ཤེས་རབ་སེང་གེས་བཏབ་པ་བཀྲ་ཤིས་རྩེ་རྒྱལ། མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱིས་བཏབ་ཀྱང་ཟེར། མགོ་ལོག་གིས་གཙེས་པས་སྤོར་པ་ལ་མཆོད་རྟེན་སྐྱག་ཟེར། མཚམས་ཚ་དགེ་བཤེས་ངག་དབང་ཤེས་རབ་ཀྱིས་བསྐྱངས། འདི་པ་ཨ་རིག་མཚམས་སྐོར་ནས་ཆད་པའི་རུ་པ་ཞིག་ཏུ་འཁྲུངས། དགའ་ལྡན་དུ་སློབ་གཉེར་མཐར་ཕྱིན། ཁྲི་ནམ་བཟང་བའི་སློབ་མའི་གཙོ་བོ། སྒྲོལ་མའི་ཞལ་རྟག་ཏུ་གཟིགས་ཤིང་གསུང་འབྱོན། དགའ་ལྡན་ཞལ་ངོ་མཛད། ཅེས་གསལ་ཡོད། གཉན་རྩེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལེ་ཚན་དྲུག་པར་གསལ། གསུམ་པ། མཁན་རབས་ཞེ་བདུན་པ། སྒང་བ་རྒྱ་ནག་མཁན་པོ་སྐུ་ཕྲེང་དང་པོ། མཁན་ཆེན་བློ་བཟང་ཆོས་གྲགས། གྲྭ་ཚང་ཆོས་འབྱུང་དུ། བློ་བཟང་དམ་ཆོས་མཆོག་ཏུ་རབ་གྲགས་པ། །ཞེས་བསྔགས་པ་མཁན་ཆེན་ཆོས་གྲགས་བགྲེས་པ་ནི། རབ་བྱུང་བཅུ་གསུམ་པའི་ཐོག་མ་མེ་ཡོས་(༡༧༤༧)ལོར་མདོ་སྨད་རྒྱལ་རོང་དང་ཉེ་བ་རྔ་བའི་ཕྱོགས་སུ་སྐུ་འཁྲུངས། ཞེས་འཁོད་ཡོད།

རྒྱལ་དབང་འཕྲིན་ལས་རྣམ་རྒྱལ་མཆོག་གིས་མཛད་པ་ཁྲི་བྱང་ཆུབ་ཆོས་འཕེལ་གྱི་རྣམ་ཐར་དགའ་ལྡན་བསྟན་པའི་མཛེས་རྒྱན་དུ། རྗེས་སོར་རྒྱ་ནག་མཁན་པོ་ཆོས་གྲགས་ཁྲི་གཤོལ་སྐབས། ཆོས་འགྲིམས་པ་སྤྱི་དང་། ཁྱད་པར་རྗེ་ཉིད་ལ་ཐུགས་རྗེ་ཤིན་ཏུ་ཆེ་བར་བརྟེན། རང་བཞིན་མཛེས་ཆོས་ཙམ་མིན་པར་ཐུགས་ཀྱི་གཏིང་ནས་བཀའ་དྲིན་དྲན་པས་རྐྱེན་བྱས་ཏེ་སྐུ་མདུན་དུ་བྱོན་ནས་ཁ་བཏགས་ཤིག་ཕུལ་ཏེ། ད་མཁན་རིན་པོ་ཆེ་གློ་བུར་དུ་ཁྲི་གཤོལ་ནས་ངེད་གྲྭ་རྐྱང་ཆོས་འགྲིམས་པ་རྣམས་མགོན་སྐྱབས་དང་བྲལ་སོང་ཞེས་ཞུ་བ་དང་སྦྲགས་སྤྱན་ཆབ་ཀྱང་མང་ཙམ་ཤོར་བར་མཁན་རིན་པོ་ཆེ་ནས། ཁྱོད་རང་དེ་འདྲའི་སེམས་ཁྲལ་མི་དགོས་དཔེ་ཆ་ཧུར་བསྐྱེད་གྱིས། ང་མཁན་ཁྲི་གཤོལ་ཀྱང་སོག་པ་ཁང་ཚན་དུ་སྡོད་རྒྱུ་ཡིན་ཁྱོད་ཚོའི་མགོ་འདྲེན་ངས་བྱེད་ཐུབ། ཅེས་དང་། དེ་བཞིན་ཁྲི་བྱང་ཆུབ་ཆོས་འཕེལ་ཁོང་གིས། གྲྭ་ཚང་སློབ་དཔོན་གཞུང་བརྒྱ་སྨྲ་བའི་མཁས་མཆོག་རྗེ་ཆོས་དབང་རྒྱ་མཚོ་དང་ལུང་རྟོགས་རྒྱ་མཚོའི་མངའ་བདག་སོག་པ་མཁན་པོ་བློ་བཟང་ཆོས་གྲགས་བགྲེས་གཞོན་གཉིས་བཅས་སྤྱི་ཆོས་ཀྱི་སློབ་དཔོན་དུ་བསྟེན་ནས་དད་གུས་འགྱུར་བ་མེད་པ་དང་བཅས་བརྩི་བཞག་སོགས་ཞུ་བར་མཛད། ཅེས་གསུངས་ཡོད། རྔ་རྫོང་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་ལས། སྒང་བ་རྒྱ་ནག་མཁན་པོའི་སྐུ་ཕྲེང་དང་པོ་བློ་བཟང་ཆོས་གྲགས་ཚང་ནི། ཁོག་ཆེན་སྒང་གདོང་ཞེས་པར་ཡབ་མགོན་པོ་ཚེ་རིང་དང་ཡུམ་ཆོས་མཚོ་གཉིས་ཀྱི་སྲས་སུ་རབ་ཉིའི་མེ་སྤྲུལ་ལོ་འཁྲུངས། ༡༧༣༧ ལོར་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གིས་སྒང་བ་སྤྲུལ་སྐུ་ཞེས་ངོས་འཛིན་བྱས། བཅུ་གསུམ་པར་དབུས་སུ་བྱོན། བཅོ་ལྔ་བར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཆོས་གྲྭར་ཞུགས། ཐམས་ཅད་མཁྱེན་པའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས། སུམ་ཅུ་པར་ལྷ་རམས་དམ་བཅའ་བཞག་པས་གྲགས་སྙན་ཀུན་ཏུ་རྒྱས། སོ་ལྔ་པར་རྒྱལ་མེ་ཏོག་ཐང་གི་མཁན་པོ་དང་། ཞེ་དགུ་པ་རབ་འདོད་ཤིང་སྦྲུལ་ལོ་ཆིང་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་ལྔ་བཅུ་པར། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་བཀས་རྒྱ་ནག་གི་དབུ་བླར་ཕེབས། ང་བརྒྱད་པར་ཤར་རྩེའི་ཁྲིར་བཞུགས། ཞེས་གསལ་ཡོད།

བཞི་པ། མཁན་རབས་ཞེ་བརྒྱད་པ། མཚེ་མ་བློ་བཟང་ཆོས་གྲགས། སེར་སྨད་མཁན་ཆེན་གྲགས་པ་མཁས་གྲུབ་ཀྱིས་མཛད་པ། གྲྭ་ཚང་ཆོས་འབྱུང་འཇམ་དཔལ་སྙིང་པོའི་དགོངས་རྒྱན་ལས། བློ་བཟང་བསྟན་པའི་དཔལ་ཆོས་གྲགས་པའི་དཔལ། །ཞེས་བསྔགས་པ་བློ་བཟང་ཆོས་གྲགས་གཉིས་པ་ནི། མདོ་སྨད་རྔ་བའི་ཕྱོགས་སུ་སྐུ་འཁྲུངས་ཤིང་། ཞེས་གསལ་ཡོད། འདི་གྲྭ་ཚང་ཆོས་འབྱུང་ལས་ཅུང་ཁ་བསྐོང་དགོས། ཞེས་དང་། རབ་བྱུང་བཅུ་གསུམ་པ་རབ་མྱོས་ཞེས་པ་ལྕགས་རྟ་ལོར་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་སྐོར་ནས་དབུས་གཙང་དུ་བྱོན་ཏེ་ཤར་རྩེ་གྲྭ་ཚང་གི་ཆོས་གྲྭར་ཞུགས། མཁས་གྲུབ་ཆེན་པོ་ཆོས་དབང་རྒྱ་མཚོ་དང་། སྨྲ་བའི་དབང་ཕྱུག་ཆོས་ཀྱི་གྲགས་པ་སོགས་ལས་བསྡུས་ཚད་དབུ་ཕར་འདུལ་མཛོད་སོགས་ལེགས་པར་གསན་ཏེ་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་ན་ལྷ་ལྡན་སྨོན་ལམ་གྲྭ་སྐོར་དང་། དེ་འཕྲལ་རྒྱལ་དབང་ཕྱག་ན་པདྨོའི་མཚན་ཞབས་མཁན་པོར་ཕེབས། སྐྱབས་མགོན་ནོ་མིན་ཧན་ཆེན་པོ། ཡོངས་འཛིན་ཆོས་ཀྱི་རྒྱལ་པོ། ཀློང་རྡོལ་གྲུབ་དབང་ཆེན་པོ། པཎ་ཆེན་ཐམས་ཅད་མཁྱེན་པ་སོགས་ལས་བཀའ་ཆོས་རྒྱ་ཆེན་པོ་གསན་བཞེས་དང་། རྒྱལ་བའི་སྐུ་ཡོན་གསན་བཞེས་ཀྱི་ཞབས་འདེགས། རང་ཉིད་ཀྱི་ཐུགས་དམ་ཉམས་བཞེས། སྡོམ་པའི་སྲུང་སྡོམ་སོགས་ལ་ལེ་ཤོར་མེད་པར་གྲུ་སྐྱ་མཉམ་རྒྱག་ལྟ་བུའི་ངང་ནས་རྒྱལ་དབང་མཆོག་གི་སྐུ་ཡོན་གསན་བཞེས་རྫོགས་པ་དང་གྲྭ་ཚང་གི་མཁན་ཁྲིར་ཕེབས། ཞེས་དང་།

མདོ་སྨད་ལོ་རྒྱུས་ཆེན་མོར། མཚེ་བླ་མ་སྐུ་ཐོག་དང་པོ་ནི་མགོ་ལོག་ཁང་གསར་དུ་འཁྲུངས། དགའ་ལྡན་དུ་སློབ་གཉེར་མཛད་དེ་དགེ་བཤེས་ལྷ་རམས་པ་ཐོན། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་མཚན་ཞབས་པ་ཞུས། ཕྱིས་དགའ་ལྡན་ཤར་རྩེའི་མཁན་པོར་བསྐོས། རྒྱལ་དབང་གི་བཀའ་བཀོད་ལྟར་མདོ་སྨད་དུ་ཕེབས། རྒྱལ་དབང་རིན་པོ་ཆེས་གནང་བའི་ཐུབ་པ་རྡོར་གདན་མ་སོགས་རྟེན་ཆས་དང་། མཁན་ཆས་སོགས་གནང་སྐྱེས་སྩལ་བ་བསྣམས་ཏེ་རྔ་ཡུལ་སོགས་སུ་ཕེབས། གདུལ་བྱ་རྒྱས། ཞེས་དང་། རྔ་རྫོང་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་ལས། མཚེ་ཤར་རྩེ་མཁན་པོ་བློ་བཟང་ཆོས་གྲགས་དཔལ་བཟང་པོ་ནི། འབྲུ་ཆུ་མགོའི་མཚེ་ཚང་ལ་སྐུ་འཁྲུངས། འདི་འཁྲུང་བའི་གནམ་ལོ་སོགས་གསལ་ཁ་མེད་མོད། རྒྱལ་བ་སྐུ་ཕྲེང་བརྒྱད་པ་དང་སྦྱར་ན། རབ་བྱུང་བཅུ་གཉིས་པའི་སྨད་ཅིག་དང་སྤྱི་ལོ་ཆིག་སྟོང་བདུན་བརྒྱ་ཞིག་ཡིན་པ་འདྲ། འདི་པ་དབུས་སུ་ཕེབས། མཁས་བརྒྱ་འབྱུང་གནས་དགའ་ལྡན་ཤར་རྩེའི་ཆོས་གྲྭར་ཞུགས་ནས་བཀའ་པོད་ལྔ་ལ་ཐོས་བསམ་ཚུལ་བཞིན་བྱས་པས། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བྱས་པར་ཨང་དང་པོ་ཐོབ། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་མཚན་ཞབས་མཁན་པོ་དང་ཤར་རྩེའི་མཁན་པོ་མཛད། ཅེས་གསལ་ཡོད། ཁྲི་བྱང་ཆུབ་ཆོས་འཕེལ་གྱི་རྣམ་ཐར་དུ། ཁྲི་བྱང་ཆུབ་ཆོས་འཕེལ་ཁོང་གྲྭ་ཚང་སློབ་དཔོན་གཞུང་བརྒྱ་སྨྲ་བའི་མཁས་མཆོག་རྗེ་ཆོས་དབང་རྒྱ་མཚོ་དང་ལུང་རྟོགས་རྒྱ་མཚོའི་མངའ་བདག་སོག་པ་མཁན་པོ་རྗེ་བློ་བཟང་ཆོས་གྲགས་བགྲེས་གཞོན་གཉིས་བཅས་སྤྱི་ཆོས་ཀྱི་སློབ་དཔོན་དུ་བསྟེན་ནས་དད་གུས་འགྱུར་བ་མེད་པ་དང་བཅས་བརྩི་བཞག་སོགས་ཞུ་བར་མཛད། ཅེས་གསལ་ཡོད།

ལྔ་པ། མཚེ་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས། འདི་གྲྭ་ཚང་གི་ཆོས་འབྱུང་མཁན་བརྒྱུད་གསོལ་འདེབས་ནང་དུ་ཁོང་གི་མཚན་གསལ་པོ་ཡོད་མེད་ངོས་འཛིན་མ་ཐུབ།

མདོ་སྨད་ལོ་རྒྱུས་ཆེན་མོར། མཚེ་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས་ནི། རྔ་བའི་རྨེའུ་སྡེའི་ཤོས་ཚང་གི་མཁར་ཚང་ལ་འཁྲུངས། དབུས་སུ་ཕེབས་ནས་དགའ་ལྡན་དུ་ལོ་ངོ་བཅུ་གསུམ་བཞུགས་ཤིང་མཁན་པོར་བསྐོས། དམ་བཅའ་ལེགས་པས་མཁས་པའི་གྲགས་པ་རྒྱས། དེའི་བདག་རྐྱེན་དུ་རྒྱལ་དབང་མཆོག་གིས་གཟེངས་བསྟོད་བཀའ་ཤོག་ཏུ༑ མདོ་སྨད་རྔ་ཡུལ་དང་། མཚམས་རིང་། ཁྲོ་ཁོ་སོགས་ཀྱི་བླ་མ་བྱེད་དགོས་པའི་བཀའ་རྩ་འཁོད་ཟེར། ཞེས་བྲིས་འདུག །སྐུ་ཕྲེང་གསུམ་པ་འཇམ་དཔལ་སྨྲ་བའི་ཉི་མ། སྐུ་ཕྲེང་བཞི་པ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོ། སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་འཇམ་དབྱངས། ཁོང་རྣམ་པའི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱའོ།།

དྲུག་པ། ཐར་ཚིགས་ལྷ་རམས་པ་ངག་དབང་ཤེས་རབ་མཆོག་གི་མཛད་རྣམ་མདོར་བསྡུས།

མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་དམ་པ་ཤར་རྩེའི་དགེ་བཤེས་ཐར་ཚིགས་ལྷ་རམས་པ་རྗེ་བཙུན་ངག་དབང་ཤེས་རབ་མཆོག་ནི། བོད་རབ་བྱུང་བཅུ་གཉིས་པའི་སྟོད་དུ་རྔ་ཡུལ་སྟོད་ཀྱི་ཆར་སྐུ་འཁྲུངས། ཁོང་སྐུ་གཞོན་དུས་ནས་དུང་ལུང་རི་ཁྲོད་འདིར་ཞུགས་ཏེ་རབ་ཏུ་བྱུང་ཞིང་། བཤེས་གཉེན་ཚུལ་བཞིན་བསྟེན་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས། ཕྱིས་སུ་ཁོང་དབུས་གཙང་དུ་ཕེབས་ཏེ་དགའ་ལྡན་ཤར་རྩེའི་ཆོས་གྲྭར་ཞུགས། དེར་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་ཚུལ་བཞིན་མཐར་ཕྱིན་པའི་འབྲས་རྟགས་སུ། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། མཆེད་ཟླ་རྣམས་ལས་ཁྱད་དུ་འཕགས་པ་བྱུང་བས་མཁས་པའི་སྙན་གྲགས་ཕྱོགས་སུ་རྒྱས། དེ་རྗེས་དམ་པ་དུ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་མཐའ་ཡས་པ་གསན་པས་བསླབ་གསུམ་རིམ་གཉིས་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་ཏེ་མཛད་འཕྲིན་དང་སྙན་པ་སྔར་བས་རྒྱས། ཡུལ་དབུས་ནས་སློབ་གཉེར་དང་བཅས་པ་གྲུབ་ནས་ཕྱིར་རང་ཡུལ་དུ་ཆིབས་བསྒྱུར་གནང་སྟེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དེ་ཡང་དཔེར་ན༑ ལྷ་མོ་ཉིན་གྱི་གདན་རབས་པད་དཀར་འཁྲི་ཤིང་ལས་ “ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་སུ་མ་ཏི་དྷ་ཛ་སིངྷ་ནས་ཕྱག་མདུད་ལྷ་རྫས་བཅས་བཀའ་ལུང་ཕེབས་དོན་བཞིན་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་དུ་ཆིབས་བསྒྱུར་གནང་སྟེ་ཁྲིམས་སྟོད་ཟླ་བའི་ཡར་ཚེས་ལ་མཁན་ཁྲི་བདུན་པར་བཞུགས། ཁྲི་བཤད་དང་བརྩི་བཞག །ལམ་རིམ་སྐྱེས་རབས་སོགས་འཆད་དེ་མཁས་མང་འདུས་པའི་ཚོགས་རྣམས་ཐུགས་འཕྲོག་པ་གནང་། དེ་མིན་གདན་ས་དེའི་ཆོས་སྲིད་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་” ཞེས་གསལ་བས་མཚོན་བསྟན་འགྲོའི་འཕྲིན་ལས་རྒྱ་ཆེར་སྤེལ་བ་ཡིན།

ཕྱིས་རང་གི་གདན་ས་༸ཚ་ཆེན་ངག་དབང་གྲགས་པས་ཕྱག་བཏབ་པའི་དུང་ལུང་རི་ཁྲོད་ “ད་ལྟའི་ཨ་འདུས་དགོན་གོང་དགའ་ལྡན་དར་རྒྱས་གླིང་” དུ་ཕེབས་ནས་ཡུན་རིང་བཞུགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ཞིག་ཡིན། དུང་ལུང་རི་ཁྲོད་བཞུགས་སའི་མཐིལ་གནང་སྟབས། སྐུ་གཤེགས་པའི་མཛད་པ་མཐའ་མའང་དེར་བསྟན་པ་དང་། སྐུ་གདུང་ཞུགས་ལ་ཕུལ་བ་ན། དབུ་ཐོད་སྟེང་ཨ་ཡིག་འབུར་དོད་དུ་བྱོན། ཚུལ་དེ་ནི་མདོ་སྨད་ཆོས་འབྱུང་དུ་ “ལྷ་མོ་ཉིན་གྱི་ཁྲི་མཛད་པ་ཐར་ཚིགས་ལྷ་རམས་པ་ངག་དབང་ཤེས་རབ་ཡུན་རིང་བཞུགས།” ཞེས་དང་། “དགོན་ནང་དུ་དགེ་བཤེས་ངག་དབང་ཤེས་རབ་ཀྱི་དབུ་ཐོད་ལ་ཨ་ཡིག་བྱོན་པ་ནང་བཞུགས་ཀྱི་ས་འབུམ་ཞིག་ཡོད་” ཅེས་གསུངས་ཡོད་པ་དེ་ལགས། དེ་ད་ལྟའང་དངོས་སུ་མཇལ་སྐལ་དུ་བཞུགས་ཡོད་པ་བཅས་སོ།། (ལོ་རྒྱུས་འདི་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་བ་བཞིན་བཀོད་པའོ།)

མདོ་སྨད་ཆོས་འབྱུང་ལས། ༤༨༤ ཤར་རྩེ་དགེ་བཤེས་ལ་ཁ་ཀུན་དགའ་ཆོས་བཟང་གིས་བཏབ་སྟེ་ཉིད་ཀྱི་བླ་མ་གཉན་རྩེ་དཔོན་སློབ་ལ་ཕུལ། ལྷ་མོ་ཉིན་གྱི་ཁྲི་མཛད་པ་ཐར་ཚིགས་ལྷ་རམས་པ་ངག་དབང་ཤེས་རབ་ཡུན་རིང་བཞུགས། དེའི་སྤྲུལ་སྐུ་ཀུན་གཟིགས་མཆོག་གི་དངོས་སློབ་ཁང་གསར་མཁན་པོ་བློ་བཟང་ནོར་བུ། འདི་པ་མི་སར་ཞེས་པར་སྐུ་འཁྲུངས། དགའ་ལྡན་དུ་སློབ་གཉེར་མཐར་ཕྱིན་ཏེ་ལྷ་རམས་པ་ཐོན། རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་མཚན་ཞབས་པ་མཛད་པའི་བདག་རྐྱེན་དུ་རྒྱལ་གྱི་མཁན་པོ་བསྐོས། ཞེས་དང།

སྐལ་བཟང་ངག་དབང་དམ་ཆོས་ཀྱིས་ཕྱོགས་བསྒྲིགས་མཛད་པའི་རྔ་ཁུལ་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་ལས། ཐར་ཚིགས་ལྷ་རམས་པ་ངག་དབང་ཤེས་རབ་ནི་གདན་རབས་པད་དཀར་འཁྲི་ཤིང་ལས་རྔ་སྟོད་ཀྱི་སའི་ཆར་འཁྲུངས་ཞེས་ལོ་རབས་དང་ཡབ་ཡུམ་སོགས་མི་གསལ། དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་དབུ་ཕར་མཛོད་འདུལ་སོགས་ལ་ཐུགས་གཉེར་བྱས་རྗེས་མཁས་པའི་མིང་རྟགས་བླངས་ཤིང་རང་ཡུལ་དུ་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་སྐབས་ཤིག་ཏུ། ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་སུ་མ་ཏི་དྷྭ་ཛ་སིདྷ་ནས་ཕྱག་མདུད་ལྷ་རྫས་བཅས་བཀའ་ལུང་བདེ་ཆེན་འཁོར་ལོའི་རྒྱན་དུ་ཕེབས་པ་ལ་བརྟེན་ནས་དཔལ་གདན་ས་ཆེན་པོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་དུ་ཆིབས་བསྒྱུར་གནང་སྟེ་ཁྲུམས་སྟོད་ཟླ་བའི་ཡར་ཚེས་ལ་ཁྲིར་བཞུགས་ཏེ་ཁྲི་བཤད་སོགས་ཀྱིས་མཁས་མང་མགུ་བར་བྱས་པ་སོགས་གྲྭ་ཚང་དེར་བཀའ་དྲིན་ཤིན་ཏུ་ཆེ་བར་བཤད། ཅེས་གསལ་ཡོད།

བདུན་པ། ཐར་ཚིགས་ལྷ་རམས་པ་ངག་དབང་ཤེས་རབ་ཀྱི་སྤྲུལ་སྐུ་ཁང་སར་མཁན་པོ་བློ་བཟང་ནོར་བུ། ༸རྒྱལ་བའི་མཚན་ཞབས་སྐྱབས་རྗེ་དགོན་ཁང་སར་མཁན་ཆེན་ངག་དབང་བློ་བཟང་ནོར་བུ་དཔལ་བཟང་པོ་སྟེ། མཁན་པོ་རྣམ་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་གྱི་དགོན་ཁང་སར་མཁན་ཆེན་ཞེས་གྲགས་པ་ཁོང་ནི། བོད་རབ་བྱུང་བཅུ་གསུམ་པའི་སྟོད་ཙམ་ལ་མདོ་སྨད་རྔ་ཡུལ་སྟོད་ཀྱི་ཆར་གཏོགས་སུ་བསུ་བའི་མྱི་སར་ཚང་དུ་སྐུ་འཁྲུངས། ཁོང་སྐུ་གཞོན་པའི་དུས་ཤིག་ན་རྒྱབ་རིའི་སྟེང་དུ་བྱོན་ནས་བཞུགས་ཏེ། རྔ་ཡུལ་སྟོད་ཀྱི་ཆར་ཨ་འདུས་ཞེས་པའི་ཡུལ་ལུང་དེར། དུང་ལུང་ཞེས་ས་དབྱིབས་དུང་དཀར་གཡས་སུ་འཁྱིལ་བའི་རྣམ་པར་ཡོད་པའི་གནས་མཆོག ༸རྗེ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པའི་རི་ཁྲོད་ཀྱི་ཕྱོགས་སུ་ཕྱག་མཛུབ་བསྟན་གནང་སྟེ། ཕ་གི་ངའི་སྔོན་གྱི་བཞུགས་གནས་རེད་ཅེས་དང་། དེའི་ཚེ་གདོང་གུའི་ཕྱོགས་ནས་སྤྲིན་ནག་གཡོས་ཏེ་འོངས་པ་ལས་དབྱར་རྔ་དྲག་ཏུ་དགོད་བཞིན། གནམ་ལྕགས་ཕབས་ཀྱང་ཉེས་སྐྱོན་ཅུང་ཟད་ཀྱང་མ་བྱུང་བར་སྐུའི་མཐའ་སྐོར་དུ་ཟླུམ་པོའི་ཚུལ་གྱིས་སར་བབས་པར་གྲགས།

གཞན་ཡང་ཁོང་གིས། ང་ལ་གདོང་གུས་སྔོན་དུས་སུའང་གནམ་ལྕགས་འཕངས་པ་ངའི་མཆོད་ཁང་གི་ཀ་བའི་ངོ་ལ་བབས་པའི་ཤུལ་ད་ལྟའི་དུས་སུ་ཡང་ཡོད་ཅེས་ཞལ་ནས་གསུངས་པ་སོགས་ངོ་མཚར་ཅན་གྱི་གསུང་དུ་མ་ཡོད། དེའི་སྐབས་སུ་དུང་ལུང་རི་ཁྲོད་དུ་དགའ་ལྡན་ཤར་རྩེ་དགེ་བཤེས་དགོན་རབ་འབྱམས་པ་དང་། དགོན་དགེ་བཤེས་ཚང་། དགོན་སྨན་པ་ཚང་བཅས་བཞུགས་པ་ལ་དགེ་བཤེས་རྣམ་གསུམ་ཞེས་གྲགས་པ་ཁོང་རྣམས་ཀྱིས་བསུ་བའི་བྱིས་པ་དེའི་སྙན་པ་ཐོས་ནས། རབ་འབྱམས་པ་དང་དགེ་བཤེས་ཚང་རྣམ་གཉིས་ཀྱིས་དགོན་སྨན་པ་ཚང་ལ་ལུང་བསྟན་ཞུས་པར། དགོན་སྨན་པ་ཚང་གིས། ༸རྗེ་ཚ་ཆེན་ངག་དབང་གྲགས་པའི་བཞུགས་གནས་འཛིན་མཁན་སྐྱེས་བུ་དམ་པ་ཞིག་ཡིན་པ་འདྲ་ཞེས་གསུངས།

དེ་ནས་གདན་ས་སྐྱོང་མཁན་དུ་བླུ་རྒྱུ་ཐུགས་མཐུན་བྱུང་བར་དང་པོའི་ཆར་བརྟག་པའང་མང་དུ་མཛད་པ་སྟེ། དགེ་བཤེས་རྣམ་པ་གཉིས་ཤར་ཕྱོགས་སུ་ནས་བསོད་ཀྱི་ཚུལ་གྱིས་བསུ་བའི་མྱི་སར་ཚང་དུ་སླེབས་པ་ན། ལོ་ན་བཅུར་སོན་པའི་བྱིས་པ་དེས་ཤིན་ཏུ་དགའ་སྤྲོའི་ངང་ཁོང་རྣམ་གཉིས་ཀྱི་ཕྱག་ཏུ་འཇུས་ཏེ། ཁྱེད་གཉིས་ཀྱིས་ང་བདག་པོ་བྱས་ན་ནོར་བུ་ལྟ་བུར་འབྱུང་ཞེས་གསུངས་ཏེ་པང་དུ་བསྡད་པ་སོགས་འབྲལ་མི་ཕོད་པའི་ཚུལ་མཛད་པས། ཁོང་གཉིས་ཀྱིས་རྟགས་དང་རྟེན་འབྲེལ་བཟང་པོ་དེར་དམིགས་ནས། ༸རྗེ་ཚ་ཁོ་ངག་དབང་གྲགས་པའི་གདན་ས་འཛིན་པའི་རྟེན་འབྲེལ་དུ་དམིགས་ནས་ཁོང་གི་མཚན་ཟུར་ངག་དབང་དང་། ཤར་རྒྱལ་བ་ཙོང་ཁ་པའི་རིང་ལུགས་གཙང་མར་སྐྱོང་བར་དམིགས་ནས་རྗེའི་མཚན་ཟུར་བློ་བཟང་དང་། བསྟན་པ་དེ་ཉིད་སྤེལ་ཞིང་རྒྱས་པར་བྱེད་པའི་ནོར་བུ་ལྟར་འགྱུར་བ་བཅས་དམིགས་ནས་ངག་དབང་བློ་བཟང་ནོར་བུ་ཞེས་མཚན་གསོལ།

ཕ་མ་གཉིས་ལ་ཁྱེད་ཀྱི་བྱིས་པ་འདི་ངེད་གཉིས་ཀྱི་དགེ་ཕྲུག་ཏུ་གནང་ངམ་ཞེས་ཞུས་པས། ཕ་མ་གཉིས་ནས་བུ་འདིས་ཁྱེད་གཉིས་མཐོང་བ་ཙམ་གྱིས་ཕ་མ་ལྟར་དགའ་དགའ་བྱེད་པ་ཡ་མཚན་ཆེ། བུ་འདི་ཁྱེད་གཉིས་ཀྱིས་བདག་པོ་བྱས་ན་བཟང་། འདི་རང་བཞིན་ཐ་མལ་པ་ཞིག་མིན་ལས་ཆེ། འདི་ལ་སྐྱེས་རྟགས་ཀྱང་ངོ་མཚར་མང་དུ་བྱུང་བ་ཡོད་པས། ཁྱིམ་འདིར་བཀྲ་ཤིས་ལོ་ལེགས་བྱུང་། དེར་བརྟེན། བུ་འདིའི་སློབ་གཉེར་མཐར་ཕྱིན་པ་ཞིག་ཡོང་བ་དང་ངེད་ཅག་ཉེ་འཁོར་དང་བཅས་པའི་བདག་པོ་མཛད་དུ་གསོལ་ཞེས་ཞུས་ནས་གནང་བར་མཛད།

དེ་ནས་མཆོག་སྤྲུལ་ངག་དབང་བློ་བཟང་ནོར་བུ་མཆོག་དགུང་ལོ་བཅུའི་ཐོག་ཨ་འདུས་དུང་ལུང་རི་ཁྲོད་དུ་གདན་དྲངས། དགོན་རབ་འབྱམས་པས་དགེ་རྒན་མཛད་དེ། དགུང་ལོ་ ༡༡ ཐོག་དགེ་ཚུལ་གྱི་སྡོམ་པ་ཕུལ། ཁོང་གིས་དགེ་བཤེས་རྣམ་གཉིས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་སློབ་གཉེར་ལ་ཐུགས་བརྩོན་གནང་། ཡི་གེ་བསླབ་པ་ཙམ་གྱིས་བག་ཆགས་སད་པ་ལྟ་བུའི་མཁྱེན་རྒྱ་བཟང་པོ་བྱུང་། རྒྱན་འཇུག་ཆོས་སྤྱོད་རྒྱུད་སྡེ་སོགས་ཐུགས་ལ་བཟུང་། རིག་པའི་གནས་ལ་སྦྱངས། རིགས་གསུམ་སྤྱི་སྒྲུབ་དང་། འཇམ་དབྱངས་བློ་འཕེལ་སོགས་རྗེས་གནང་དང་དབང་ལུང་མང་ཙམ་ཞུས། དགུང་ལོ་ ༡༨ ཐོག་དགེ་བཤེས་རྣམ་གཉིས་དང་མཉམ་དུ་དབུས་གཙང་དུ་ཕེབས་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་། དགེ་བཤེས་རྣམ་གཉིས་སྔར་ཤར་རྩེའི་ཆོས་གྲྭར་བཞུགས་སྐབས་ཁྲི་བྱང་ཆུབ་ཆོས་འཕེལ་མཆོག་དང་ཕན་ཚུན་ཐུགས་འདྲིས་ཆེ་སྟབས་ཁོང་ལ་མཆོག་སྤྲུལ་འདི་ཉིད་ཀྱི་སློབ་གཉེར་མཐར་ཕྱིན་ཡོང་བར་བདག་སྐྱོང་བཟང་པོ་གནང་དགོས་ཚུལ་བཅོལ་དམ་ཟབ་མོ་ཞུས་པ་བཞིན་ཞལ་བཞེས་གཙང་མ་གནང་ནས་ཁྱེད་རྣམ་གཉིས་རང་ཡུལ་དུ་ལོག་ཆོག་ཅེས་གསུངས། མཆོག་སྤྲུལ་ནས་ཀྱང་ཁོང་གིས་གཙོས་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པས་དབུས་གཙང་དུ་མཁས་པའི་མཚན་སྙན་རྒྱས། དགུང་ལོ་ཉེར་ལྔའི་སྟེང་རང་གི་ཡོངས་འཛིན་ཁྲི་བྱང་ཆུབ་ཆོས་འཕེལ་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་རྗེས་དགེ་བཤེས་གཏོང་སྒོའི་སྐབས་མཐུན་རྐྱེན་རྗེ་དྷརྨའི་མཚན་ཅན་གྱིས་བགྱིས་པས་ཀུན་ཡིད་ཚིམ་པ་ཞིག་བྱུང་། དེ་ནས་ཁོང་རྒྱུད་སྟོད་ཆོས་གྲྭར་ཕེབས། གསང་ཆེན་རྡོ་རྗེ་ཐེག་པའི་རིམ་པ་ཆ་ཚང་ལ་ལེགས་པར་སྦྱངས་ནས་སྔགས་ཀྱི་དམ་བཅའ་བཞག །མདོ་སྔགས་ཀྱི་ཆོ་ག་ཕྱག་བཞེས་རྣམས་ཞིབ་ནན་སྦྱངས། དགུང་གྲངས་བཞི་བཅུའི་སྟོད་བར་སློབ་གཉེར་ལ་ཐུགས་བརྩོན་གནང། རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན།

མདོ་སྔགས་ཡོངས་རྫོགས་ལ་ནང་བྱན་ཆུབ་སྟེ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བའི་སྐབས་ཏེ། བོད་རབ་བྱུང་ ༡༤ པའི་ས་གླང་ཕྱི་ལོ་ ༡༨༢༩ ལོར་གཞུང་ས་ནས་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་མཚན་ཞབས་མཁན་པོའི་འོས་ཐོ་འབྱོར་དོན་ལྟར་མཚན་ཞབས་སུ་ཕེབས། དེའི་སྐོར་དར་ཧན་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་བརྩམས་པའི་རྒྱལ་དབང་བཅུ་པའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ་ན། “རྒྱུན་དུ་ཐུགས་གཉེར་གནང་སའི་ཞབས་ཞུ་མཚན་ཉིད་བླ་མ་དགོས་རིགས་ཀྱང་དགེ་བཤེས་ཀྱི་མིང་ཐོགས་པ་ཙམ་མ་ཡིན་པར་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་ཁག་བདུན་ནས་འདེམས་སྒྲུག་གིས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་” ཞེས་དང་། “དགེ་ལྡན་ཤར་རྩེ་དགེ་བཤེས་སོག་པ་སྤྲུལ་སྐུ་བློ་བཟང་ནོར་བུ་སྟེ། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་འཇིགས་པ་མེད་པའི་དགེ་བའི་བཤེས་གཉེན་དེ་དག་ལ་བཀའ་བསྒྱུར་བསྐོ་བཞག་བསྩལ།” ཞེས་གསལ་བ་ལྟར་མཚན་ཞབས་སུ་ཕེབས།

དེའི་རྗེས་༸རྒྱལ་དབང་བཅུ་པ་མཆོག་ནས། རྒྱལ་བ་དགེ་འདུན་རྒྱ་མཚོའི་གདན་ས་ཆོས་འཁོར་རྒྱལ་གྱི་མཁན་པོར་ཕེབས་དགོས་ཀྱི་བཀའ་ཕེབས་པ་ལྟར་ཆོས་འཁོར་རྒྱལ་གྱི་མཁན་པོར་བཞུགས་ཏེ། གདན་སའི་སློབ་གཉེར་འཛིན་སྐྱོངས་སོགས་༸རྒྱལ་བའི་ཐུགས་ཟིན་པ་བྱུང་། དེའི་རྗེས་༸གོང་ས་མཆོག་གིིས་བདག་རྐྱེན་གྱི་ཚུལ་དུ་དགའ་ལྡན་ཤར་རྩེའི་མཁན་པོར་བསྐོས། གཞུང་ས་ནས་མཚན་ཞབས་མཁན་པོར་གདན་འདྲེན་དང་། གོང་ས་མཆོག་ནས་ཆོས་འཁོར་རྒྱལ་གྱི་མཁན་པོར་བསྐོས་པ་དང་། དགའ་ལྡན་ཤར་རྩེའི་མཁན་པོར་མངའ་གསོལ་བ་བཅས་མཁན་ཐོབ་གསུམ་ལྡན་གྱི་གཟིགས་པ་མཐོ་བ་དང་། སྐབས་དེའི་མཁས་པ་རྣམས་ཀྱི་ནང་ནས་མཁས་པའི་གྲགས་པ་འབར་བ་ཞིག་ཡིན་པ་རྒྱལ་དབང་བཅུ་པའི་རྣམ་ཐར་སོགས་ན་གསལ་བ་ལྟར་ལགས།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་འབྱུང་འཇམ་དཔལ་སྙིང་པོའི་དགོངས་རྒྱན་ཞེས་བྱ་བ་ན། “འཕགས་མཆོག་ཕྱག་ན་པདྨོ་ ༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཡོངས་འཛིན་དང་མཚན་ཞབས་གྲྭ་ཚང་འདི་ནས་ཇི་ཕེབས། བདུན་པ། ༸རྒྱལ་དབང་སྐུ་ཕྲེང་བཅུ་པའི་མཚན་ཞབས་དགོན་ཁང་སར་མཁན་པོ་བློ་བཟང་ནོར་བུ་” ཞེས་གསལ་བ་ལྟར་ན་ཡོངས་འཛིན་དང་མཚན་ཞབས་སུ་བསྐོས་པ་ཨང་རིམ་བདུན་པ་ཡིན་འདུག

བྲག་དགོན་པས་བརྩམས་པའི་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ན། “ཀུན་གཟིགས་མཆོག་གི་དངོས་སློབ་ཁང་སར་མཁན་པོ་བློ་བཟང་ནོར་བུ་དགའ་ལྡན་དུ་སློབ་གཉེར་མཐར་ཕྱིན་ཏེ་ལྷ་རམས་པ་ཐོན་ཏེ་༸རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་མཚན་ཞབས་པ་མཛད་པའི་བདག་རྐྱེན་དུ་རྒྱལ་གྱི་མཁན་པོར་བསྐོས་པ་དང་། དེའི་སྤྲུལ་སྐུ་དེང་སང་བཞུགས།” ཞེས་གསལ་བ་ལྟར་ལགས།

མགོ་ལོག་ཨ་སྐྱོང་ཁང་སར་དཔོན་པོ་དམག་ཟོར་མ་དང་དགོན་རབ་འབྱམས་པ་རྣམ་གཉིས་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་ཡོད་སྟབས། དགོན་རབ་འབྱམས་པས་ངེད་ཀྱི་མཆོག་སྤྲུལ་ཁོང་རང་ཡུལ་ལ་ངེས་པར་དུ་ཁྱེད་ཀྱིས་གདན་འདྲེན་དགོས་ཚུལ་གྱི་གསུང་མཆིད་ནན་མོ་ཕེབས་པ་བཞིན། ཕྱིས་སུ་ཨ་སྐྱོང་ཁང་སར་དཔོན་པོ་དམག་ཟོར་གྱི་སྲས་བསོད་ནམས་བསྟན་པ་ལྷ་སར་འབྱོར་སྐབས། རྒྱལ་བའི་མཚན་ཞབས་དགོན་མཁན་ཆེན་ངག་དབང་བློ་བཟང་ནོར་བུ་མཆོག་རྩེ་པོ་ཏ་ལའི་ཤར་ཆེན་ལྕོག་ཏུ་མཚན་ཞབས་ཀྱི་བཞུགས་གནས་སུ་བཞུགས་འདུག་པ་དང་མཇལ་ཏེ་ཁོང་གི་སར་མཎྜལ་རྟེན་གསུམ་བཅས་ཞུས་དོན་གཙོ་བོ་ནི། དམ་པ་ཁོང་གི་ཞལ་ཆེམས་དང་རུ་དགོན་སྐྱ་སེར་ཚང་མས་རང་ཡུལ་དུ་ཕེབས་པར་བཀའ་དྲིན་སྐྱོང་རྒྱུ་ཞེས་ཞུ་ནན་ཆེན་པོས་གསོལ་བ་འདེབས་བཞིན་འདུག་ཅེས་ཞུས་པར། དགོན་མཁན་ཆེན་ཚང་གི་ཞལ་ནས། ༸གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་ཁྲི་བྱང་ཆུབ་ཆོས་འཕེལ་དང་། གཞུང་ས་བཅས་ལ་དགོངས་པ་ཞུས་དང་བདག་ལ་ཁོང་རྣམས་ཀྱིས་ཅི་གསུངས་ལས་གཞན་མེད་ཅེས་གསུངས།

དེ་ནས་དགོན་མཁན་ཆེན་མཆོག་དང་དཔོན་ཚང་སོགས་ནས་མཎྜལ་རྟེན་གསུམ་དང་བཅས་༸གོང་ས་ཐམས་ཅད་མཁྱེན་པ་མཆོག་ལ་དགོངས་ཞུའི་གསོལ་འདེབས་ཞུས་པར། སྐུ་མདུན་ནས་དགོངས་པ་འཁྲོལ་བར་མ་ཟད། རྒྱལ་དབང་རང་ཉིད་ཀྱི་དབུ་ཞྭ་སྣེ་རིང་། སྣམ་སྦྱར། བླ་གོས། མཐིང་གོས། གདིང་བ། ལྷུང་བཟེད་བཅས་ཡོ་བྱད་ཆ་ཚང་དང་། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ། མཁན་ཐོབ་ཀྱི་ཁྲིའི་བཀའ་བཏབ་པའི་བཀའ་ཤོག །རྒྱལ་ཐམ། མཁན་ཆས་ཆ་ཚང་དང་། ཆབ་ཤོག་སོགས་གནང་།

དེ་ནས་ཁང་སར་དཔོན་པོས་གཞུང་ས་ལ་ངེད་ཀྱི་བླ་མ་རང་ཡུལ་དུ་བྱོན་དགོས་ཚུལ་གྱི་གནང་བ་ཞུ་ནན་ཕུལ་ཡང་བཀའ་མ་ཁྲོལ་སྟབས། ཨ་སྐྱོང་ཁང་སར་དཔོན་པོ་ལ་བོད་ཐོབ་ཡོད་སྟབས། ངེད་ཀྱི་བླ་མ་འདི་རང་ཡུལ་དུ་མ་བཏང་ཚེ་ཕྱིས་དབུས་སུ་འགྲོ་བ་རྣམས་བཀག་འགོག་བྱ་རྒྱུ་ཡིན་ཞེས་ལབ་པ་ན། གཞུང་ས་ནས་ཀྱང་བཀའ་མི་འཁྲོལ་ཐབས་མེད་བྱུང་ནས་ཕེབས་ཆོག་པའི་གནང་བ་སྩལ་ཏེ། གཞུང་སའི་བཀའ་ཐམ་དང་བཀའ་ཤོག་གོ་གནས་ཆོ་ལོ་སོགས་སྩལ། གཞུང་སའི་བཀའ་བློན་བཤད་སྒྲས་རྟེན་གཙོ་རྗེ་ཡབ་སྲས་གསུམ་གྱི་སྐུ་གཟི་བྱིན་འབར་བ་དེ་རྟེན་སྐལ་དུ་གནང་། དེ་ནས་ཁྲི་བྱང་ཆུབ་ཆོས་འཕེལ་ཚང་ལ་མཎྜལ་རྟེན་གསུམ་བཅས་ཕུལ་ནས་དགོངས་པ་ཞུས་པར། ཁྲི་ཆེན་མཆོག་གི་ཞལ་ནས། ཁྱོད་ངེད་ཀྱི་ཁྲིར་འདུག་རྒྱུའི་རེ་བ་བདག་ལ་ཆེ་ནའང་རང་ཡུལ་གྱི་རེ་འདོད་བསྐོང་བ་ལས་བྱ་ཐབས་བྲལ་གསུངས་ནས་གནང་བ་སྩལ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་ཀྱི་བསླབ་བྱ་དང་། ཕྲེང་བའི་དབང་སོགས་གནང་བར་མ་ཟད། བཀའ་གདམས་གླང་རི་ཐང་པའི་འབྲལ་སྤངས་ཐུབ་སྐུ་ངོ་མཚར་ཅན་སོགས་རྟེན་གསུམ་ཡང་མང་དུ་གནང་།

མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ན། ཕྲེང་དབང་གནང་མཁན་ནི་ཁྲི་ངག་དབང་ཆོས་འཕེལ་ཡིན་པར་བཀོད་འདུག །དེ་ནས་ཁོང་རྣམ་གཉིས་ཀྱིས་ཇོ་ཤཱཀ་རྣམ་གསུམ་དང་རྒྱལ་དབང་ཡབ་སྲས། སྤྱིར་སེ་འབྲས་དགེ་གསུམ། ལྷག་པར་དུ་ཤར་རྩེ་གྲྭ་ཚང་ལ་བསྙེན་བཀུར་གྱ་ནོམ་པ་ཕུལ་སྐབས། དགའ་ལྡན་ཤར་རྩེའི་ཚོགས་དབུས་སུ་གྲྭ་ཚང་གིས་ཁོང་ལ་མཎྜལ་རྟེན་གསུམ་དང་བསེ་ཁྲབ་ཀྱི་ཐང་ག་ཁྱད་པར་བ་ཞིག་གནང་བ་དུས་ད་ལྟ་ཡང་ཁོང་གི་གདན་སར་བཞུགས།

དགོན་མཁན་ཆེན་མཆོག་ནི་དབུས་གཙང་གཉིས་སུ་ཆོས་སྲིད་གཉིས་ཆར་ནས་དབུ་འཕང་མཐོ་བའི་གནས་སྐབས་དེར། ཁང་སར་དཔོན་པོས་མདོ་སྨད་ཕྱོགས་སུ་ཁོང་སྐུ་འཁོར་དང་བཅས་པའི་ཆིབས་ཁ་བསྒྱུར་ཏེ་རང་ཡུལ་དུ་གདན་དྲངས། དེ་དུས་མགོ་ལོག་ཁག་གསུམ་གྱི་སེར་སྐྱ་ཡོངས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་གནང་། ཁང་སར་དཔོན་ཚང་གཙོས་ལྷ་སྡེ་མི་སྡེ་དང་བཅས་པས་བླ་མའི་གཙོ་བོར་བསྟེན་པས་སྐུ་ཕྲེང་རིམ་བྱོན་ལ་ཁང་སར་མཁན་པོ་ཞེས་འབོད་སྲོལ་བྱུང་། ཨ་འདུས་དཔོན་ཁག་བརྒྱད་དང་བསུ་སྟོད་སྨད་གཉིས་ཀྱིས་གཙོས་པའི་རྔ་བའི་སེར་སྐྱ་དུ་མས་ཆིབས་བསུ་དང་ཇ་ཐབ་གཟབ་རྒྱས་ངང་། ཨ་འདུས་དུང་ལུང་རི་ཁྲོད་དུ་གདན་དྲངས་ཏེ། ཆོས་སྟོན་རྒྱ་ཆེན་པོ་དང་འབྲེལ་དབང་ལུང་སོགས་གང་མང་ཞུས་ནས་བླ་མའི་གཙོ་བོར་བསྟེན། སྐབས་དེར་འཕེལ་ཥེ་དཔོན་ཚང་གིས་དུད་ཁྱིམ་བདུན་གཞིས་ཀ་གཅིག་ཏུ་བྱས་ཏེ་ཁོང་གི་བཞུགས་སྒར་དུ་ཕུལ་བ་དེ། ད་ལྟའི་ཁང་སར་གྱི་དགོན་ཚང་ཡིན་པར་བཤད་དོ། །དེ་ནས་བཟུང་ཨ་འདུས་དཔོན་ཁག་བརྒྱད་དགོན་ཁང་སར་མཁན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བདག་ཏུ་གྱུར་པ་ཡིན།

བོད་རབ་བྱུང་བཅུ་བཞི་པའི་བགྲང་བྱ་སོ་བརྒྱད་པ་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོར་ “༸རྗེ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ། བོད་རབ་བྱུང་བདུན་པའི་སྟོད་ཙམ་དུ་ཁོང་དབུས་གཙང་ནས་ཕྱིར་མདོ་སྨད་དུ་ཕེབས་ནས། ཐོག་མར་གནས་འདིར་བཞུགས་ནས་གཞི་གསུམ་གྱི་ཆོ་ག་ཉམས་སུ་བསྟར། རི་ཁྲོད་ཀྱི་གནས་གཞི་ཕྱག་བཏབ་མཛད་དེ་རྒྱལ་བསྟན་རྒྱས་པའི་ཐུགས་སྨོན་མཛད།” ཞེས་པའི། དུང་ལུང་རི་ཁྲོད་ཀྱི་རྨང་གཞིའི་སྟེང་རྒྱ་བསྐྱེད་ནས་དགོན་པའི་རྣམ་པར་བཞེངས་དེ་རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་ལྟར་རྒྱུད་སྡེ་བཞི་ཉམས་བཞེས་གནང་བའི་སྲོལ་བཙུགས། འདུ་ཁང་ཁྱད་མཚར་བཞེངས། མཚན་ལ་དགའ་ལྡན་དར་རྒྱས་གླིང་ཞེས་གསོལ་ཏེ། འགྲོ་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། སྐབས་དེར། རྨེའུ་རྒྱལ་པོས་གཏམ་བཤད་སྐབས་མཁན་པོ་རྣམ་གསུམ་ཞེས་ངོམས་སོའི་ཚུལ་དུ་བསྒྲགས་པ་ཡིན་སྟབས། མཁན་པོ་རྣམ་གསུམ་ཞེས་ཡོངས་སུ་གྲགས། སླར་ཡང་དབུས་སུ་བྱོན་ནས་རྩེ་ཕོ་བྲང་གཙོས་ཇོ་ཤཱཀ་རྣམ་གསུམ་དང་སེར་འབྲས་དགེ་གསུམ་སོགས་མཆོག་གསུམ་གྱི་ཞིང་ལ་བསྙེན་བཀུར་གྱ་ནོམ་པ་བྱས་ཏེ་ཕྱིར་ཕེབས། དབལ་ཤུལ་དཔོན་པོ་མཁའ་འགྲོས་ཁོང་བླ་མར་བཀུར་ཏེ་མཎྜལ་གྱི་ཚུལ་དུ་རྒྱུ་མདོ་བཀྲ་ཤིས་ཐང་དགོན་སར་ཕུལ་ཏེ་མཐུན་རྐྱེན་ཡོངས་རྫོགས་སྒྲུབ་རྒྱུའི་ཁས་ལེན་བྱས། དབལ་ཤུ ལ་མཁའ་འགྲོས་བླ་མར་བཀུར་ཚུལ་ཀུན་མཁྱེན་འཇིགས་མེད་རྒྱ་མཚོའི་རྣམ་ཐར་དུ་གསལ། སྔོན་དུས་སུ་ཁང་སར་མཁན་པོའི་སུ་རུག་ཆགས་ཝ་མའི་ནང་དུ་ཡོད་པ་ལ་བོད་པ་ཚང་ཟེར། ད་ལྟའང་བོད་པ་ཚང་གི་ཁྱིམ་རྒྱུད་ཡོད། ཕྱིས་སུ་རྒྱུ་མདོ་བཀྲ་ཤིས་ཐང་དུ་དགོན་པ་གསར་འདེབས་བྱེད་རྒྱུའི་ལུང་བསྟན་ཡོད་ཀྱང་ཁོང་དགུང་ལོ་བགྲེས་པའི་དབང་གིས་འདེབས་མ་ཐུབ།

ཁོང་མདོ་སྨད་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དུང་ལུང་རི་ཁྲོད་དུ་བསྙེན་ཆེན་པ་རྣམས་དང་ལྷན་ལོ་ངོ་བདུན་ཙམ་ལ་སྐུ་མཚམས་སུ་བཞུགས་ཏེ་སྒྲུབ་པ་མཛད། དགེ་ཚུལ་སློང་ཡང་མང་པོ་བསྒྲུབས། སློབ་ཚོགས་མཐའ་ཡས་པ་ལ་དབང་ལུང་ཁྲིད་མན་ངག་དང་བཅས་པ་གནང་། ཨ་འདུས་དཔོན་ཁག་བརྒྱད། མགོ་ལོག་ཁག་གསུམ། དབལ་ཤུལ་ཆགས་ཝ་མ་གཙོས་ཁྲོ་ཁོ་ཁག་གསུམ། ཅོ་ནེ་ཁག་ལྔ། རྒྱལ་རོང་། ཚ་ཁོ། ཁྲོ་ཆུ། རྔ་བ་སོགས་སུ་སྐལ་ལྡན་གདུལ་བྱ་གྲངས་ལས་འདས་པ་ལ་ཐེག་གསུམ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་བདུད་རྩི་ཆོས་ཀྱིས་ཚིམས་པར་མཛད། ཁོང་དགུང་ལོ་བརྒྱད་ཅུ་ལྷག་བཞུགས་ཏེ་སྐུ་གཤེགས་པའི་ལོ་ཚིགས་གསལ་པོ་མ་མཐོང་ཡང་ཧོར་ཟླ་ ༦ ཚེས་ ༡༥ ཉིན་སྐུ་གཤེགས་པའི་ཚུལ་བསྟན་ཏོ།།

སྐུ་གདུང་ཞུགས་འབུལ་སྐབས་ཡེ་ཤེས་སེམས་དཔའི་ཚུལ་དུ་སྐུ་ཐུགས་གཉིས་འདྲེས་པ་མེས་མ་ཚིག་པར་མཐོ་གང་ཙམ་སར་རྡོ་རྗེ་སེམས་དཔའི་རྣམ་པ་འཇའ་ཚོན་སྣ་ལྔའི་རང་བཞིན་ཅན་བྱོན་པ་དེ། དགོན་བདེར་གཤེགས་སྐུ་གདུང་ཞེས་འབོད་པའི་བུམ་པའི་ནང་དུ་ད་ལྟའང་བཞུགས་ཡོད། ཁོང་གི་གསུང་འབུམ་དུས་འགྱུར་སྐབས་བོར་བརླག་ཏུ་སོང་བས་ཆོ་ག་དང་ཆོས་སྤྱོད་འཕྲིན་བཅོལ་འགའ་ལས་ལག་སོན་མ་བྱུང་ངོ་། །(རྣམ་ཐར་འདི་རྣམས་ཨ་འདུས་དགོན་གོང་མ་ནས་མཁོ་སྤྲོད་གནང་བྱུང་བ་བཞིན་བཀོད་པའོ།།)

སེར་སྐྱེ་སྐུ་ཕྲེང་བཅུ་བཞི་པ་ངག་དབང་ཆོས་འཛིན། མདོ་སྨད་ལོ་རྒྱུས་ཆེན་མོར། གཞུ་ཤུབས་དགའ་ལྡན་བསམ་གཏན་གླིང་ནི་ཤར་རྩེ་སོག་པ་སེར་སྐྱེ་དབོན་པོ་ལྷ་རམས་པ་ངག་དབང་ཆོས་འཛིན་གྱིས་བཏབ། ཅེས་གསལ་ཡོད། རྔ་རྫོང་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་ལས། སེར་སྐྱེ་སྐུ་ཕྲེང་ ༡༤ པ་དགའ་ལྡན་ཤར་རྩེ་སོག་པ་མཁན་པོ་སེར་སྐྱེ་ལྷ་རམས་པ་ངག་དབང་ཆོས་འཛིན་གྱིས་གྱ་གྱུའི་དགོན་གྲོང་སྡེ་དང་ཉེ་ཆེ་བས་ཆོས་སྒྲུབ་པའི་གེགས་སུ་འགྲོ་བར་དགོངས་ནས་རྒྱང་གྲགས་ལས་བརྒལ་ཕྱིར་གྱ་གྱུའི་ལམ་གྱི་རྩེ་མོར་གནས་སྤོར་མཛད་དེ། གཞུ་ཤུབས་དགོན་དགའ་ལྡན་བསམ་གཏན་གླིང་ཞེས་མཚན་གསོལ་ཏེ་བཅའ་ཡིག་སོགས་མཛད་ནས་ལུང་དང་རྟོགས་པའི་བསྟན་པའི་དགའ་ཚལ་ཆེན་པོར་གྱུར། ཞེས་གསལ་ཡོད། དགུ་པ། མཁན་རབས་དོན་དྲུག་པ། ཡོངས་འཛིན་དམ་པ་༸རྗེ་བཙུན་དཀོན་མཆོག་རྒྱ་མཚོ། གྲྭ་ཚང་གི་ཆོས་འབྱུང་དུ། དཀོན་པའི་མཆོག་གྱུར་ཐུབ་གསུང་རྒྱ་མཚོའི་དོན། །ཞེས་འཁོད་ཡོད། ཁོང་ནི་ཆུ་ཕོ་བྱ་སྟེ་ ༡༩༡༢ ལོར་མདོ་སྨད་ཨ་མཆོག་སྟོད་མའི་འདམ་མདོ་ཚང་ཞེས་པའི་ཁྱིམ་དུ་ཡབ་དཔལ་ཆེན་དང་ཡུམ་དབང་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུའི་མཚན་དཔེ་བཞད། དགུང་ལོ་ཆུང་ངུའི་སྐབས་ནས་རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་ལ་ཐོས་བསམ་དང་བསླབ་པ་གསུམ་ལ་ཉམས་བཞེས་མཛད།

མེ་ཕོ་སྤྲེལ་ཏེ་ཕྱི་ལོ་ ༡༩༥༦ ལོ་ནས་བཟུང་ཨ་མཆོག་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་མཆོག་གི་ཡོངས་འཛིན་མཛད། མེ་མོ་བྱ་སྟེ་ ༡༩༥༧ ལོར་ཁོང་ཨ་མཆོག་རིན་པོ་ཆེ་དང་མཉམ་དུ་དབུས་འགྱུར་ལྷ་ལྡན་དུ་ཕེབས་ནས་དགའ་ལྡན་ཤར་རྩེ་སོག་པ་འཇམ་དབྱངས་ཁང་ཚན་དུ་ཞུགས། ཕྱིས་དགུང་གྲངས་ང་བརྒྱད་དུ་ཕེབས་སྐབས་ཏེ་ ༡༩༦༩ ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་ལྷ་རམས་ཨང་དང་པོའི་མཚན་རྟགས་དང་གཟེངས་བསྟོད་བཞེས།

དེ་རྗེས་ ༡༩༧༣ ལོར། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོའི་ལས་ཁུར་མཛད་དེ་གྲྭ་ཚང་གི་འཆད་ཉན་འཕེལ་ཐབས་དང་། སྔོན་གྱི་བཀའ་སྲོལ་བཟང་པོ་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་དུ་འཕེལ་བར་མཛད་པའི་འཕྲིན་ལས་ཀྱི་རྒྱུན་བསྲིངས། མཁན་པོའི་ལས་ཁུར་མཛད་ནས་ལོ་ཤས་མཚམས་༸གོང་ས་མཆོག་གིས་ཆོས་དོན་བཀའ་བློན་བརྒྱུད་ནས་ཕྱག་ཡིག་ཅིག་འབྱོར་འདུག ཕྱག་ཡིག་དེའི་ནང་དུ་ཤར་རྩེ་གྲྭ་ཚང་ལ་དགེ་བཤེས་མཁས་པ་མང་པོ་བཞུགས་འདུག་པས་སློབ་གཉེར་ལ་སེམས་འཚབ་མི་དགོས། ཁྱེད་རང་གིས་མཁན་པོའི་ལས་གནས་ནས་དགོངས་པ་ཞུས་ཏེ་སྒོ་མང་གྲྭ་ཚང་ལ་དཔེ་ཁྲིད་དུ་ཕེབས་ཐུབ་ན་ཡག་པོ་འདུག །ཁྱེད་རང་ལ་ཤར་རྩེའི་མཁན་ཟུར་དང་སྒོ་མང་མཁན་ཟུར་གཉིས་ཀའི་ཐོབ་ཐང་ཡོད་པ་ཡིན་ཞེས་འཁོད་འདུག །སྐབས་དེར་ཆོས་དོན་བཀའ་བློན་ནས་བྱ་བ་གང་མགྱོགས་ངང་སྒྲུབ་དགོས་པ་ལས་འགོར་འགྱངས་སོང་ན་འགྲིག་གི་མ་རེད་ཅེས་གསུངས་འདུག །གྲྭ་ཚང་ལ་དགོངས་ཤོག་དབུལ་རྒྱུ་དང་། མཁན་པོ་གསར་པ་བསྐོ་གཞག་བྱེད་རྒྱུ་སོགས་ཚང་མ་ཆོས་དོན་སྐུ་ངོ་མཆོག་ནས་ངས་བསྒྲུབ་ཆོག །ཅེས་དེ་མ་ཐག་དགོངས་ཞུའི་ཡི་གེ་བྲིས་ནས་ཕུལ་ཡོད་འདུག།

དེ་ནས་༸གོང་ས་མཆོག་གིས་ཟླ་གཅིག་ཙམ་ནས་གནས་སྐབས་ཤར་རྩེའི་མཁན་པོ་ཁ་རུ་བློ་བཟང་ཆོས་འཕེལ་སླར་ཡང་ལོ་གཅིག་རིང་ཁུར་དགོས་པ་དང་། དེའི་རྗེའི་ཨ་ལག་བླ་ཏི་རིན་པོ་ཆེས་མཁན་པོ་མཛད་དགོས་ཞེས་བཀའ་གནང་འདུག །སྤྱིར་ཨ་ལག་བླ་ཏི་རིན་པོ་ཆེ་མཁན་པོར་འཇོག་རྒྱུ་ཡིན་ཀྱང་ཁོང་གནས་སྐབས་ཕྱི་རྒྱལ་ལ་ཕེབས་སོང་ཡོད་པས་ཕྱིར་མ་ཕེབས་བར་དུ་མཁན་ཟུར་ཁ་རུ་བློ་བཟང་ཆོས་འཕེལ་མཆོག་གིས་འགན་ཁུར་དགོས་ཅེས་བཀའ་གནང་ཡོད་པ་རེད་འདུག །དེར་བརྟེན་༸གོང་ས་མཆོག་གི་ཐུགས་བཀོད་ལྟར་སྒོ་མང་གྲྭ་ཚང་དུ་ལོ་གཉིས་གསུམ་རིང་དཔེ་ཁྲིད་མཛད་ཡོད་འདུགབཅུ་པ། མཁན་རབས་གྱ་གཅིག་པ། ༸སྐྱབས་རྗེ་ཨ་མཆོག་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག །གྲྭ་ཚང་གི་ཆོས་འབྱུང་དུ༑ བློ་བཟང་ཐུབ་བསྟན་མཁྱེན་རབ་མཚུངས་པ་མེད། །ཡེ་ཤེས་རྒྱ་མཚོ། ཞེས་གསལ་ཡོད།

༸སྐྱབས་རྗེ་མཁན་ཟུར་ཨ་མཆོག་རྡོ་རྗེ་འཆང་སྐུ་ཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་སྟེ་ཕྱི་ལོ་ ༡༩༤༥ ལོའི་ཟླ་ ༡ ཚེས་ ༨ ཉིན་མདོ་སྨད་ས་ཡི་ཐིག་ལེ་རྒྱལ་མོ་ཚ་བ་རོང་གི་སའི་ཆར་ཅོག་ཙེའི་ཡུལ་ཁྲོ་སྐྱབས་ཉ་ཚང་ཞེས་བྱ་བའི་ཁྱིམ་དུ། རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཁྲོ་བོ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་བཀྲ་ཤིས་པའི་ལྟས་བཟང་དང་བཅས་གཟུགས་སྐུའི་མེ་ཏོག་དང་པོར་བཞད། དགུང་གྲངས་གསུམ་བཞེས་པའི་སྐབས་སུ་སྐུ་འབུམ་གསེར་སྡོང་ཆེན་མོར་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱིས། ཨ་མཆོག་རིན་པོ་ཆེ་སྐུ་གོང་མ་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་དེ། མཚན་ལ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་ཞེས་སྩལ།

དགུང་གྲངས་ལྔ་བཞེས་པའི་སྐབས་སུ་ཨ་མཆོག་མཚན་ཉིད་དགོན་འཇམ་དབྱངས་སྨྲ་སེང་གླིང་དུ་རབ་ཏུ་བྱུང་ནས་ངུར་སྨྲིག་གི་རྒྱལ་མཚན་གྱོན་ཞིང་རིག་པ་སློབ་པའི་དབུ་བརྙེས། མེ་མོ་བྱ་སྟེ་ཕྱི་ལོ་ ༡༩༥༧ ལོར་དབུས་སུ་ཕེབས་ནས་ཨ་མཆོག་སྐུ་ཕྲེང་གོང་མ་ན་རིམ་གྱི་མཛད་པ་རྣམ་ཐར་ཇི་བཞིན་དགའ་ལྡན་ཤར་རྩེ་སོག་པ་འཇམ་དབྱངས་ཁང་ཚན་དུ་བཞུགས་ནས་ཤར་རྩེའི་མཁན་པོ་ཕུ་ཁང་ཁ་རུ་བློ་བཟང་ཆོས་འཕེལ་དང་། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སོགས་རྩ་བའི་བླ་མར་བསྟེན་ནས་གཞུང་ཆེན་མོ་རྣམས་ལ་སློབ་པའི་དབུ་བརྩམས། ༡༩༥༩ ལོར་དུས་འགྱུར་སྣ་ཚོགས་ཀྱི་རྐྱེན་པས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱ་མཚོ་དང་། ཨ་ལགས་སངས་ཚང་རིན་པོ་སོགས་སྐུ་འཁོར་ལྷན་རྒྱས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་རྗེས་བསྙེགས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་།

དེ་ནས་ཐོག་མར་སྦག་ས་ཆོས་སྒར་དུ་ལོ་མང་རིང་སློབ་གཉེར་གྱི་འཕྲོ་བསྐྱངས། ༡༩༦༩ ལོར་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་ལོ་ངོ་ཕྱེད་དང་གཉིས་ལྷག་གི་རིང་གཞུང་ཆེན་པོ་དང་སཾསྐྲྀ་ཏ་སོགས་ཀྱིས་མཚོན། ཕྱི་ནང་རིག་པའི་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་པ་གནང་སྟེ་ཨཱ་ཅཱརྱ་ཨང་དང་པོའི་མཚན་གནས་བཞེས། དབུས་བོད་མིའི་སྒྲིག་འཛུགས་ཆོས་དོན་ལས་ཁུངས་ནས་བཀའ་ཕེབས་པ་བཞིན་འཕགས་ཡུལ་བཀྲ་ཤིས་འཁྱིལ་དགོན་པའི་མཁན་ཁྲིར་ཕེབས།

མེ་མོ་སྦྲུལ་ཏེ་ཕྱི་ལོ་ ༡༩༧༧ ལོའི་དགེ་ལྡན་པའི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས། དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་འདུ་ཁང་དུ་རྒྱལ་མཚན་དཀར་པོའི་གུར་ཁང་འོག་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། དེ་ནས་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་དང་ཕྱག་དཔེ་དོ་དམ་འགན་འཛིན་གྱི་ཕྱག་ལས་གནང་། ༡༩༨༠ ལོར་ཨོ་སི་ཀྲི་རི་ཡའི་རྒྱལ་ས་ཝི་ཡ་ན་སྒྲ་སྙན་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭའི་བོད་རིག་པའི་དགེ་རྒན་ལོ་གཉིས་མཛད།
ཕྱི་ལོ་ ༡༩༨༣ ལོར་བྱམས་བརྩེའི་གཏེར་ཆེན་ཨ་ལགས་སངས་ཚང་རིན་པོ་ཆེ་དང་ལྷན་ཕ་ཡུལ་མདོ་སྨད་དུ་བྱོན་ནས་ཨ་མཆོག་མཚན་ཉིད་དགོན་གྱིས་མཚོན་པའི་ཆོས་སྡེ་དང་དད་ལྡན་མང་ཚོགས་གང་ཅི་སྙེད་ཅིག་ལ་གསུང་ཆོས་དབང་ལུང་མན་ངག་གི་གདམས་པ་སྩལ་ནས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ། རྗེ་གུང་ཐང་པ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་སོགས་དང་མཇལ་ཕྲད་གནང་། དེ་ནས་ཕྱིར་རྒྱ་གར་འཕགས་ཡུལ་དུ་བྱོན་ནས་སྔར་བཞིན་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་ཀྱི་ཕྱག་ལས་གནང་། ༡༩༨༧ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་བཀོད་ལྟར་སླར་རྒྱ་ནག་ཏུ་ཕེབས་ནས་པེ་ཅིང་དུ་ནང་བསྟན་སློབ་གྲྭའི་དགེ་རྒན་གྱི་ཐུགས་འགན་ཁུར། གུང་སེང་དང་བསྟུན་ཨ་མཆོག་མཚན་ཉིད་དགོན་དང་། རྔ་བ་སྤྲོ་ཚིགས་དགོན། དབལ་ཤུལ་གཤའ་དགོན་མི་ཕམ་བྱམས་པ་གླིང་སོགས་སུ་གསུང་ཆོས་ཀྱི་གདམས་པ་མང་དུ་གནང་སྟེ་སླར་ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་དུ་ཕེབས་ནས་དབུས་བོད་མིའི་སྒྲིག་འཛུགས་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས།

ཤིང་ཕོ་ཁྱི་སྟེ་ཕྱི་ལོ་ ༡༩༩༤ ལོར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཁྲིར་ཕེབས། ལོ་ཙཱ་བའི་ཊཱིཀ་ཆུང་གི་གླེང་བརྗོད་མི་ཕམ་བཞད་སྒྲ་ལྗགས་རྩོམ་གནང་། ཕྱི་ལོ་ ༡༩༩༨ ལོར་བཀའ་བསྟན་སོགས་རིག་པའི་གནས་ལྔ་ཕྱུར་བུར་གཏམས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ལྡེ་མིག་དང་ཐམ་ག་བཟུང་། སྐབས་དེར་རྒྱ་གར་གཞུང་གི་རིག་གཞུང་སྡེ་ཚན་ལ་འབོད་སྐུལ་གྱིས་ལོ་རེའི་རོགས་དངུལ་འབུམ་བཅུ་བཞི་ཡོད་པ་ནས་བཞི་བཅུ་བར་འཕར་སྣོན་ཐུབ་པ་བྱུང་ཞིང་ལས་བྱེད་ཀྱི་ཟླ་ཕོགས་ཀྱང་ཡིད་མགུ་བ་ཞིག་འཕར་ཏེ་དཀའ་ཁག་མི་ཉུང་བ་ཞིག་སེལ་ཐུབ་པ་བྱུང་།་ ་ལོ་ ༢༠༠༠ ལོར་༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཨ་རིའི་ཚན་རིག་ཨེ་མོ་རུ་གཙུག་ལག་སློབ་གཉེར་ཁང་གི་ཁུངས་ནང་བསྟན་ཚན་རིག་ཞིབ་འཇུག་གི་འགན་འཛིན་མཛད། ད་དུང་ཁང་ཚན་འདིར་བཀའ་དྲིན་བླ་མེད་དུ་ཆེ་བའི་མཛད་པ་ཁག་དང་མདོ་རྒྱན་རྩོམ་རིག་གསར་འཛུགས། ཆོས་རའི་དྷིཿསྐད་རྩོམ་སྒྲིག་པ་གསར་འཛུགས་སོགས་ལེ་ཚན་གཞན་དུ་བརྗོད་པར་བྱ། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར་ཁོང་གི་གསུང་འབུམ་ཡིག་ཐོག་ཏུ་བཞུགས་པ་རྣམས་ནི་ད་ལྟའི་ཆར་རིག་པའི་གཏེར་མཛོད་ཅེས་པའི་དེབ་ཕྲེང་དགུ་ཐོན་ཟིན་པ་དང་། ད་དུང་མུ་མཐུད་དུ་ཕྱོགས་སྒྲིག་བྱེད་བཞིན་པ་བཅས་སོ།།

ཁོང་རྡོ་རྗེ་འཆང་གི་མཚན་གྱི་རིམ་པ་ནི། ཐོག་མའི་མཚན་ཚེ་རིང་དོན་འགྲུབ། དེ་ནས་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་ཞེས་སྣང་བ་མཐའ་ཡས་ཀྱིས་སྐུ་འབུམ་དུ་སྩལ། དེའི་ཁ་སྣོན་དུ་འཕྲིན་ལས་ཞེས་བྱ་བ་འཕགས་ཡུལ་གྱི་ཁ་བ་རི་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་གཟིམ་ཆུང་བདེ་ཡངས་སུ་སྩལ་ཏེ། བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་ཞེས་རྒྱལ་དབང་དང་པཎ་ཆེན་རྣམ་གཉིས་ཀྱིས་བྱིན་གྱིས་བརླབས་པའི་དགེ་བཤེས་ལྷ་རམས་པ་༸སྐྱབས་རྗེ་ཨ་མཆོག་རིན་པོ་ཆེ་དེ་ཉིད་སྐུ་འཚོ་ཞིང་བཞུགས་ནས་གདུལ་བྱའི་འགྲོ་དོན་སྐྱོང་བཞིན་པ་སྟེ་ ༢༠༡༧ ལོའི་ཡན་གྱི་རྣམ་ཐར་ཕྱོགས་ཙམ་མཚོན་པའོ།།

ཁོང་གི་སྐུ་ཕྲེང་དང་པོ་ཨ་མཆོག་བསོད་ནམས་ཆོས་འཕེལ། སྐུ་ཕྲེང་གཉིས་པ་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་གསུམ་པ་ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། སྐུ་ཕྲེང་བཞི་པ་བདག་ཉིད་ཆེན་པོ་ཁོང་བཅས་སོ།།