ཨ་འདུས་དགོན་དགའ་ལྡན་དར་རྒྱས་གླིང་།

༄། །མདོ་སྨད་ཞྭ་སེར་བསྟན་པའི་ཆུ་འགོ་དཔལ་རྔ་ཡུལ་ཨ་འདུས་དགོན་དགའ་ལྡན་དར་རྒྱས་གླིང་ནི། འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་དྲི་མེད་འཛིན་པའི་ཆོས་སྡེ་ཞིག་ཡིན་ལ། ཆོས་སྡེ་འདི་ཉིད་རྔ་བ་རྫོང་གི་མངའ་ཁོངས་ཨ་འདུས་ཡུལ་ཚོའི་ཉེ་འགྲམ་སྟེ་རྫོང་ནས་སྤྱི་ལེ་ ༡༧ ཙམ་གྱི་སྟོད་ཀྱི་སའི་ཆར་ཨ་འདུས་དུང་ལུང་ཞེས་ས་དབྱིབས་ཆོས་དུང་དང་དངོས་སུ་མཚུངས་པའི་ཤར་གཉན་པོ་གཡུ་རྩེའི་རི་རྒྱུད། རྔ་ཆུ་དང་མཛོད་ཆུའི་རྒྱུན་བཟང་གཡས་གཡོན་ནས་དལ་གྱིས་འབབ་པའི་དཀྱིལ་དབུས། དཔལ་འཁོར་ལོ་བདེ་མཆོག་གི་གནས་སུ་བསྔགས་པའི་སར་བོད་རབ་བྱུང་བདུན་པའི་སྟོད་དུ་རྗེ་རྒྱལ་བ་གཉིས་པའི་དངོས་སློབ། སྲས་སྔ་ཚར་བཞིའི་ནང་ཚན་༸རྗེ་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་མཆོག་གིས་རྗེའི་སྤྱན་སྔར་མདོ་སྨད་རྒྱལ་རོང་གི་ཡུལ་དུ་དགོན་པ་གྲངས་བཅད་ཅིག་འདེབས་པའི་ཞལ་བཞེས་གནང་སྟེ་མདོ་སྨད་དུ་ཆིབས་བསྒྱུར་གནང་སྐབས་སྔོན་ཁོང་དཔོན་སློབ་རྣམ་གཉིས་ཀྱིས་ལྷ་ལྡན་གཙུག་ལག་ཁང་གི་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་རྒྱལ་བསྟན་སྤེལ་བའི་ཐུགས་སྨོན་རྒྱ་ཆེན་མཛད་སྐབས་ཚ་ཆེན་མཆོག་གི་མནལ་ལམ་དུ་དུང་ཆེན་པོ་གཉིས་ནམ་མཁའ་ནས་བབས་པ་སོགས་ཀྱི་མཚན་ལམ་དང་དངོས་སུ་མཐུན་པའི་གནས་འདིར་ཞབས་ཀྱི་རི་མོ་ཐོག་མར་བཀོད་དེ་ཆོས་སྡེ་འདིའི་གཞི་རི་ཁྲོད་ཀྱི་ཚུལ་དུ་ཕྱག་འདེབས་མཛད།

གཞི་གསུམ་གྱི་ཆོ་ག་ལག་ལེན་དུ་བསྟར་ཏེ་དབྱར་སོགས་ཞལ་བཞེས་མཛད་པས་འདུལ་བསྟན་སྤེལ་བའི་གནས་མཆོག་ཏུ་གྱུར་པས་ཚ་ཆེན་ངག་དབང་གྲགས་པས་འདུལ་བསྟན་ཐོག་མར་སྤེལ་བའི་གནས་མཆོག་ཨ་འདུས་དུང་ལུང་རི་ཁྲོད་ཅེས་གྲགས་ཤིང་རྔ་ཡུལ་གྱི་གཙུག་གི་རྒྱན་དང་རྩེ་མོའི་ཏོག་ལྟར་ལྷུན་གྱིས་ཆགས་ཡོད། ཆོས་སྡེ་འདི་རྨང་བཏབ་ནས་ད་བར་དུ་ལོ་འཁོར་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་རྒྱུན་བཟང་དལ་གྱིས་བཞུར་བཞིན་པས་རྔ་བའི་ཡུལ་གྱི་དགོན་རྙིང་འགངས་ཆེན་ཞིག་ཏུ་བརྩི་ཞིང་ཡུལ་འདིའི་ཆེས་སྔ་ཤོས་ཀྱི་དགེ་ལུགས་པའི་ཆོས་སྡེ་ཞིག་ཏུ་ཆགས་ཡོད།

དེ་ནས་རིམ་བཞིན་གནས་འདིར་ཚེ་གཅིག་ཉམས་ལེན་ལ་གཞོལ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་ཟམ་མ་ཆད་པར་བྱོན་ནས་རི་ཁྲོད་འདི་ཡུན་གྱིས་བསྐྱངས། ཕྱིས་སུ་རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གནས་འདིར་བྱོན་ནས་མ་ཎི་མང་པོ་གསུངས་ཏེ་མ་ཎིའི་དུང་སྒྲུབ་བཙུགས། རྟེན་དུ་ཁོང་གིས་ཕྱག་བཟོས་སྨན་འདམ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ཞིག་གནང་། རྟེན་འདི་མ་ཎི་དུང་སྒྲུབ་མཛད་སྐབས་ཀྱི་གཟུངས་ཐག་འབུལ་ས་ཡིན། དེ་ནས་ལ་ཁ་སློབ་དཔོན་ཀུན་དགའ་ཆོས་བཟང་དང་། ཐར་ཚིགས་ལྷ་རམས་པ་ངག་དབང་ཤེས་རབ་སོགས་ཀྱིས་ཡུན་རིང་བསྐྱངས།

རྗེས་སུ་ཐར་ཚིགས་ལྷ་རམས་པའི་དངོས་སློབ་དགོན་རབ་འབྱམས་པ། དགོན་དགེ་བཤེས་ཚང་། དགོན་སྨན་པ་ཚང་སོགས་རིམ་པར་བྱོན། ཁོང་རྣམ་པས་རི་ཁྲོད་འདིར་བརྩེ་གཟིགས་གནང་བའི་སྐྱེས་བུ་ཞིག་བླུ་རྒྱུ་ཞལ་འཆམས་ཏེ། རྒྱལ་བའི་མཚན་ཞབས་༸དགོན་ཁང་སར་མཁན་ཆེན་ངག་དབང་བློ་བཟང་ནོར་བུ་མཆོག་བསུ་བའི་མྱི་སར་ཚང་དུ་སྐུ་འཁྲུངས་ཤིང་། ཁོང་སྐྱེས་བུ་ཁྱད་མཚར་ཞིག་ཡིན་པའི་སྙན་པ་ཐོས་ཏེ་ཁོང་ཨ་འདུས་དུང་ལུང་རི་ཁྲོད་ཀྱི་གདན་སར་བཀོད། དགོང་ལོ་བཅོ་བརྒྱད་སྟེང་དབུས་ལྷ་ལྡན་དུ་སློབ་གཉེར་དུ་བཏང་ནས་དགའ་ལྡན་ཤར་རྩེར་ཆོས་ཞུགས་གནང་།

ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་ཚང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པར་བགྱིས་པའི་འབྲས་རྟགས་སུ། ལྷ་ལྡན་སྨོན་ལམ་ཆེན་མོར་གདན་ས་གསུམ་གྱི་མཁས་མང་འདུས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་སྟེ་དབུས་གཙང་དུ་མཁས་པའི་སྙན་པ་རྒྱས། དེ་ནས་ཁོང་རྒྱུད་སྟོད་དུ་ཆོས་གྲྭར་ཕེབས། གསང་སྔགས་རྡོ་རྗེ་ཐེག་པའི་རིམ་པ་ཆ་ཚང་ལ་ལེགས་པར་སྦྱངས་ནས་སྔགས་ཀྱི་དམ་བཅའ་བཞག་སྟེ་དགུང་གྲངས་བཞི་བཅུའི་སྟོད་བར་སློབ་གཉེར་ལ་ཐུགས་བརྩོན་གནང།

དེ་ནས་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་མཚན་ཞབས་མཁན་པོའི་འོས་ཐོ་འབྱོར་དོན་ལྟར་མཚན་ཞབས་སུ་ཕེབས། ལོ་འགའི་རྗེས་༸རྒྱལ་དབང་བཅུ་པ་མཆོག་ནས། རྒྱལ་བ་དགེ་འདུན་རྒྱ་མཚོའི་གདན་ས་ཆོས་འཁོར་རྒྱལ་གྱི་མཁན་པོར་ཕེབས་དགོས་ཀྱི་བཀའ་ཕེབས་པ་ལྟར་ཆོས་འཁོར་རྒྱལ་གྱི་མཁན་པོར་བཞུགས་ཤིང་གདན་སའི་སློབ་གཉེར་འཛིན་སྐྱོང་སོགས་༸རྒྱལ་བའི་ཐུགས་ཟིན་པ་བྱུང་བས་བདག་རྐྱེན་གྱི་ཚུལ་དུ་དགའ་ལྡན་ཤར་རྩེའི་མཁན་པོར་བསྐོས།

དགོན་ཁང་སར་མཁན་ཆེན་མཆོག་ནི་དབུས་གཙང་གཉིས་སུ་ཆོས་སྲིད་གཉིས་ཆར་ནས་དབུ་འཕང་མཐོ་བའི་གནས་སྐབས་དེར། ཁང་སར་དཔོན་པོས་མདོ་སྨད་ཕྱོགས་སུ་ཁོང་སྐུ་འཁོར་དང་བཅས་པའི་ཆིབས་ཁ་བསྒྱུར་ཏེ་རང་ཡུལ་དུ་གདན་དྲངས། དེ་དུས་མགོ་ལོག་ཁག་གསུམ་གྱི་སེར་སྐྱ་ཡོངས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་གནང་། ཁང་སར་དཔོན་ཚང་གིས་གཙོས་ལྷ་སྡེ་མི་སྡེ་དང་བཅས་པས་བླ་མའི་གཙོ་བོར་བསྟེན་པས་སྐུ་ཕྲེང་རིམ་བྱོན་ལ་ཁང་སར་མཁན་པོ་ཞེས་འབོད་སྲོལ་བྱུང་། ཡོངས་སུ་གྲགས་པའི་མདོ་སྨད་ཀྱི་མཁན་པོ་རྣམ་གསུམ་ཞེས་པའི་ཡ་གྱལ་ཡིན། ཁོང་རང་ཡུལ་དུ་བྱོན་སྐབས་ཨ་འདུས་དཔོན་ཁག་བརྒྱད་ཀྱིས་ཆིབས་བསུ་ཟབ་རྒྱས་བྱས།

ཤིང་འབྲུག་སྟེ་ཕྱི་ལོ་ ༡༨༤༤ ལོར་རྗེ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པས་ཕྱག་བཏབ་པའི་དུང་ལུང་རི་ཁྲོད་ཀྱི་རྨང་གཞིའི་སྟེང་རྒྱ་བསྐྱེད་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་ལྟར་རྒྱུད་སྡེ་བཞི་ཉམས་བཞེས་གནང་བའི་སྲོལ་བཙུགས་ཏེ་མཚན་ལ་དགའ་ལྡན་དར་རྒྱས་གླིང་ཞེས་གསོལ་ཞིང་དེ་ནས་བཟུང་ཁོང་སྐུ་ཕྲེང་རིམ་བྱོན་སྡེ་འདིའི་བསྟན་པའི་བདག་པོར་གྱུར་པ་དང་ཨ་འདུས་དཔོན་ཁག་བརྒྱད་ཀྱི་མཆོད་གནས་དམ་པར་གྱུར། ཁོང་དགུང་ལོ་བརྒྱད་ཅུ་ལྷག་བཞུགས་ཤིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་ལོ་ཚིགས་གསལ་པོ་མ་མཐོང་ཡང་ཧོར་ཟླ་ ༦ ཚེས་ ༡༥ ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།།

སྐུ་ཕྲེང་གཉིས་པ། ༸རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་ཚང་ནི་སོག་ཚང་དུ་རབ་བྱུང་བཅུ་བཞི་པའི་སྟོད་དུ་སྐུ་འཁྲུངས། དབུས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་སློབ་གཉེར་བྱས་ཀྱང་། དགུང་ལོ་ཆེར་མ་སྨིན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། གསུམ་པ། ༸རྗེ་བཙུན་ངག་དབང་བློ་བཟང་རྒྱལ་མཚན་མཆོག་ནི་རབ་སྲིད་ལྕགས་ཕག་སྟེ་༡༨༥༡ ལོར་དབལ་ཤུལ་གཅའ་སྡེ་པའི་སྨན་པ་ཚང་དུ་འཁྲུངས་ཤིང་། ཨ་མཆོག་མཚན་ཉིད་དགོན་དུ་གྲྭ་སར་བཞུགས། ཐོས་བསམ་སློབ་གཉེར་མཐར་ཕྱིན་པར་བྱས་ཤིང་རྔ་ཡུལ་ཀིརྟི་དགོན་གྱི་མཁན་ཁྲིར་བཞུགས་པ་སོགས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་ ༡༩༢༡ ལོར་སྐུ་གཤེགས།

བཞི་པ། ༸རྗེ་བཙུན་ངག་དབང་བློ་བཟང་བརྩོན་འགྲུས་རྒྱལ་མཚན་ནི་རབ་ཚེས་ཆུ་ཁྱི་སྟེ་ ༡༩༢༢ ལ་དབལ་ཤུལ་གཅའ་སྡེ་པའི་ཚོ་འདུ་ཚང་དུ་སྐུ་འཁྲུངས། ཕྱེ་གཞུང་ཨ་ལགས་སེར་བ་ཚང་གི་དགའ་ལྡན་གསེར་ཁྲི་ཁྲི་རབས་གོ་གཅིག་པ་བློ་བཟང་རྒྱལ་མཚན་མཆོག་གི་མདུན་ནས་ངོས་བཟུང་བ་དང་། ཀིརྟི་སྐྱབས་མགོན་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་མཆོག་གིས་དགོན་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་དངོས་འཛིན་མཛད་པ་གཉིས་མཚན་ཐོ་གཅིག་ཏུ་བབས་ཏེ་ངོས་འཛིན་འཁྲུལ་མེད་གནང་།

རྔ་ཡུལ་ཀིརྟི་དགོན་ཆེན་དུ་གྲྭ་སར་ཞུགས་ཏེ་སློབ་གཉེར་མཐར་ཕྱིན་པར་བྱས་ཤིང་གདན་ས་དེའི་ཚོགས་ཆེན་མཁན་པོར་བཞུགས་ནས་གདན་སའི་སློབ་གཉེར་འཛིན་སྐྱོང་ཇེ་ལེགས་སུ་བཏང་བ་སོགས་ཀྱིས་མཚོན་པའི་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་དེ་མཐར་ ༡༩༨༨ ལ་སྐུ་གཤེགས། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་དཀོན་མཆོག་རྒྱལ་མཚན་མཆོག་ནི་ཡག་པ་རྒྱུད་ཀྱི་གྱང་ཚང་དུ་ ༡༩༩༠ ལོར་སྐུ་འཁྲུངས། ཀུན་མཁྱེན་འཇམ་དབྱངས་བཞད་པས་དགོན་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་དངོས་འཛིན་མཛད་དེ། ད་ལྟ་བསྟན་པ་དང་འགྲོ་བའི་མགོན་དུ་བཞུགས་ཏེ་ཐོས་བསམ་སློབ་གཉེར་བྱེད་བཞིན་པའི་སྐབས་ཡིན། ཁོང་གིས་ཆོས་སྡེ་འདིར་པཎ་ཆེན་བླ་མ་བསོད་ནམས་གྲགས་པའི་ཡིག་ཆ་ཕྱི་ལོ་ ༢༠༡༡/༩/༢༩ ཉིན་གསར་འཛུགས་མཛད་དེ་ད་ལྟ་འཛིན་གྲྭ་བཅུ་ལྷག་གིས་ཐོས་བསམ་སློབ་གཉེར་བྱེད་བཞིན་པའི་སྐབས་སོ།།

གཞན་ཡང་ཆོས་སྡེ་འདི་ཉིད་ཕྱག་སྐྱོང་གནང་མཁན་གྱི་སྐྱེས་ཆེན་དམ་པ་གསེར་རིའི་ཕྲེང་བ་ལྟར་མང་པོ་བྱོན་རིམ་ནི། བདུད་འདུལ་ཚང་སྐུ་ཕྲེང་རིམ་བྱོན། འོན་པའི་ངག་བཟང་ཚང་སྐུ་ཕྲེང་རིམ་བྱོན། སྒོ་རུ་ཚང་། རྒྱུན་ནུ་ཚང་། འཕེལ་ཥེ་དཔོན་སྤྲུལ་རིམ་བྱོན། ཕྱོགས་སྐྱོང་དགེ་བཤེས། ཨ་ལགས་བློ་འཕྲིན་ཚང་སྐུ་ཕྲེང་རིན་བྱོན། སྐྱབས་རྗེ་སྐལ་བ་བཟང་པོ་ཚང་སྐུ་ཕྲེང་རིམ་བྱོན།
སེར་སྨད་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཡར་འཕེལ། ཁོང་ཤིང་སྟག་སྟེ་ ༡༩༡༤ ལ་སྐུ་འཁྲུངས། རིག་གསར་སོགས་ཀྱི་སྐབས་སུའང་ཁོང་གིས་ཡར་ངོ་མར་ངོའི་གསོ་སྦྱོང་གི་རྒྱུན་མ་ཆད་པར་བསྐྱངས་ཏེ་ཕྱིས་ཆོས་སྒོ་གསར་འབྱེད་སྐབས་མགོ་ལོག་ལུང་དཀར་དགོན་དང་། མཚན་སྒྲོགས་དགོན་སོགས་དགོན་སྡེ་མང་པོར་གཞི་གསུམ་དང་དབང་ལུང་སོགས་ཀྱི་བསྟན་པའི་མེ་རོ་སླར་གསོ་མཛད་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་ཤིན་ཏུ་ཆེ། མཐར་ ༡༩༨༧ ལ་སྐུ་གཤེགས།

ཁོང་གི་གསུང་འབུམ་པོད་དུ་མ་བཞུགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཨ་ཁུ་བཟོད་པ་ཚང་། གྲུབ་པའི་དབང་ཕྱུག་ཆེན་པོ་སྨར་རོང་བླ་མ་སྐྱབས་གྲོལ་ཚང་། བསྟན་སྲུང་བསེ་ཁྲབ་བྲན་བཞིན་འཁོར་བའི་གནས་བརྟན་ཚུལ་མཆོག་ཚང་། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་ཨ་ཁུ་ཕེ་ལམ། ཟབ་ལམ་གཅོད་ཀྱི་རྣལ་འབྱོར་བ་ཨ་ཁུ་ཀླུ་སྒྲུབ་ཚང་། བྱ་བཏང་བ་ཨ་ཁུ་བསམ་གཏན་ཚང་སོགས་མང་བོ་བྱོན། ད་ལྟ་བསྟན་འགྲོའི་མགོན་དུ་འཚོ་བཞིན་པ་ནི། དགོན་སྐུ་ཕྲེང་ལྔ་པ་༸རྗེ་བཙུན་ངག་དབང་བློ་བཟང་དཀོན་མཆོག་རྒྱལ་མཚན། འཕེལ་ཥེའི་དཔོན་སྤྲུལ་ས་སྐྱ་བའི་དྲུང་ཆེ་ཨ་འདུས་བླ་མ་བསོད་ནམས་རིན་ཆེན། ལ་ཁ་དཔོན་སློབ་ཚང་། ཨ་ལགས་བདུད་འདུལ་ཚང་། རྡོ་རྗེ་འཆང་ཨ་ལགས་སྒོ་རུ་ཚང་། ཚོགས་ཆེན་ཁྲི་པ་འབྲས་སྤུངས་སྒོ་མང་དགེ་བཤེས་བློ་བཟང་དགེ་འདུན། ཨ་ལགས་བློ་འཕྲིན་ཚང་། སྐྱབས་རྗེ་སྐལ་བ་བཟང་པོ་ཚང་། སྔགས་བཟང་ཚང་སོགས་བཞུགས་བཞིན་པ་འདི་ལགས་སོ།།

ཆོས་སྡེ་འདིའི་དུས་མཆོད་ཀྱི་རིམ་པ་ནི་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་དགུ་གཏོར་སྨོན་ལམ་སོགས་ཡོད་དོ། །སྡེ་འདིར་བཞུགས་པའི་རྟེན་གསུམ་གྱི་རིམ་པ་ནི། མཁན་ཆེན་ངག་དབང་གྲགས་པས་གནང་བའི་ཐུབ་དབང་བདུད་རྩི་རང་འབབ་མ་བྱིན་ཆེན། གླང་རི་ཐང་བའི་འབྲལ་སྤང་ཐུབ་སྐུ་རྒྱ་གར་ཤར་ལི་མ་དགའ་ལྡན་གསེར་ཁྲི་ཁྲི་རབས་རེ་དགུ་པ་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་ཚང་གི་ཡང་འབྲལ་སྤངས་ཡིན་པ་བྱིན་ཆེན། རྒྱལ་པོ་གསར་རྒྱལ་གྱི་ནང་རྟེན་དུ་གྲགས་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གསེར་སྐུ་བྱིན་ཆེན། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཕྱག་བཟོས་སྨན་འདམ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་བྱིན་ཆེན། བཀའ་བློན་བཤད་སྒྲའི་རྟེན་གཙོ་རྗེ་ཡབ་སྲས་རྣམ་གསུམ་གྱི་སྤོས་སྐུ་མཐུ་ལྡོག་མ་བྱིན་ཆེན། ལྕང་སྐྱ་རོལ་བའི་རྡོ་རྗེའི་དབུ་སྔས་ནས་གནང་བའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གསེར་སྐུ་བྱིན་ཆེན། ཀློང་རྡོལ་བླ་མའི་ཕྱག་ཚ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཨ་ལགས་བློ་འཕྲིན་ཚང་གི་དབུ་ཐོད་ཨོཾ་གསུམ་པ་ཁྲ་ལམ་མེར་རང་བྱོན་ཅན།

གསུང་རྟེན་རྒྱལ་བའི་བཀའ་འགྱུར་བསྟན་འགྱུར་དང་། སྐལ་བཟང་གསེར་གྱི་སྐ་རགས་ཅན་སོགས་བཀའ་བསྟན་དུ་མ་བཞུགས། ཐུགས་རྟེན་རི་ཁྲོད་ནང་རྟེན་བཀའ་གདམས་མཆོད་རྟེན་དང་མཆོད་བརྒྱད་སོགས་བཞུགས། རྗེའི་ཕྱག་ཕྲེང་གི་རྡོག་པོ་གཅིག་ནང་རྟེན་དུ་བཞུགས་པའི་རྗེ་ཕྱག་མཛུབ་དང་ཕྱག་ཕྲེང་བཅས་ཀྱི་ཤུལ་འབུར་དུ་དོད་པའི་ཕྱག་དཔར་གྱི་ཚོགས་བདག་གླང་སྣ་བྱིན་ཆེན། རྒྱལ་བའི་མཚན་ཞབས་དགོན་ཁང་སར་མཁན་ཆེན་མཆོག་ལ་བོད་སྡེ་པ་གཞུང་ནས་གནང་བའི་བ་སོ་དང་ཙན་དན་བཅས་ཀྱི་བཀའ་ཐམ་སོགས་མང་པོ་བཞུགས། སྡེ་འདིར་བཞུགས་པའི་ལྷ་ཁང་གི་རིམ་པ་ནི༑ འདུ་ཁང་གསར་རྙིང་། དཔེ་མཛོད་ཁང་དང་བཙན་ཁང་སོགས་དུ་མ་ཡོད་དོ།།

བསྟན་པའི་གསལ་བྱེད་དམ་པ་སེར་སྨད་དགེ་བཤེས་དུང་དཀར་མཁན་པོ་རྗེ་བློ་བཟང་ཚུལ་ཁྲིམས་ཡར་འཕེལ་མཆོག་ནི། རབ་ཚེས་ཤིང་སྟག་ཕྱི་ལོ་ ༡༩༡༤ ལོར་རྔ་ཡུལ་ཕྱུག་མོའི་སྟོད་ཕྱོགས་གཡང་གི་རྭ་བར་ཨ་འདུས་རྒྱ་སྐྱི་སྡེ་པའི་ཕྱུག་ལུ་ཚང་དུ་ཡབ་དོན་འགྲུབ་དང་ཡུམ་ལོ་ལུ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྡེ་འདིའི་ཆོས་གྲྭར་ཞུགས་ཏེ། འདོན་ཆོས་སྤྱོད་སོགས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་པ་ཕྱི་ལོ་ ༡༩༢༧ ལོར་ཁྱབ་བདག་འཁོར་ལོའི་མགོན་པོ་མཁན་ཆེན་བདུད་འདུལ་བློ་བཟང་འཇིགས་མེད་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་། བཱ་བླ་མ་བློ་བཟང་འཕྲིན་ལས་མཆོག་གི་ཐུགས་བཞེད་བཞིན། དགུང་ལོ་བཅུ་དྲུག་པ་ཕྱི་ལོ་ ༡༩༣༠ ལོར་དབུས་སུ་ཕེབས་ནས་སེར་སྨད་གྲྭ་ཚང་གི་ཆོས་གྲྭར་ཞུགས། མདོ་སྔགས་གཞུང་ལུགས་ཀུན་ལ་སྦྱངས་པ་མཐར་ཕྱིན། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་སྐུ་བདག་མཛད་དེ་ཁོང་གི་དགོན་པར་གདན་དྲངས་ཏེ་མཁན་པོར་བསྐོས། དུང་དཀར་དགོན་པར་ས་ཡོམ་གྱི་འཇིགས་པ་བྱུང་བས་དགོན་པ་གནས་སྤོར་བྱེད་པའི་ས་གཟིགས་དང་འདུ་ཁང་སར་ལྟོ་འཕྱེའི་ཐིག་དང་བཀྲ་ཤིས་གསོ་སྦྱོང་སོགས་བཀྲ་ཤིས་པའི་ཆོ་ག་མང་དུ་མཛད།

དུང་དཀར་དགོན་གྱི་ཉེ་འཁྲིས་སུ་རི་ཁྲོད་འགྲིམས་ནས་ལོ་འགར་མཚམས་ལ་བཞུགས། ཕ་ཡུལ་གྱི་སྐུ་མཆེད་བསམ་གཏན་ཚང་བསུ་བར་ཕེབས་ནས་བཙན་ཤེད་ཀྱིས་མདུན་གཡོག་ཉི་མ་བཅས་ཕྱི་ལོ་ ༡༩༥༧ ལོར་རང་དགོན་དུ་གདན་དྲངས། དུས་འགྱུར་སྐབས་ཁོང་གི་དགོན་པའི་གྲྭ་རྒན་འགས་དབུ་ཁྲིད་མཛད་དེ་སྦ་གསང་སྒོའི་ཡར་ངོ་མར་ངོའི་གསོ་སྦྱོང་གཅིག་ཀྱང་མ་ཆད་པའི་སྐུ་དྲིན་བསྐྱངས། ཕྱི་ལོ་ ༡༩༨༢ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འདིར་ཨ་འདུས་སུ་ཕེབས་སྐབས་ཨ་འདུས་རུ་སྒར་གསུམ་གྱི་ཚབ་བྱས་ཏེ་མཎྜལ་བཤད་པ་ཕུལ། དགོན་པ་བསྐྱར་བཞེངས་ཀྱི་གཙོ་འགན་བཞེས། སྤྲོ་ཚིགས་དགོན་སོགས་རྔ་སྟོད་སྨད་བར་གསུམ་གྱི་སློབ་བུ་མང་པོ་ལ་དགེ་ཚུལ་སློང་སྒྲུབ་གནང་མཛད། རབ་རྒྱལ་ལྕགས་བྱ་ཕྱི་ལོ་ ༡༩༨༡ ལོར་མགོ་ལོག་ལུང་དཀར་དགོན་དུ་ཕེབས་ནས། ས་ཟླའི་ཚེས་བཅོ་ལྔའི་ཉིན་སློབ་བུ་བརྒྱ་ཕྲག་ལྷག་དགེ་ཚུལ་སློང་བསྒྲུབས་ཏེ་དབྱར་གནས་མཛད། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་རྗེས་གནང་སོགས་མང་དུ་སྩལ། དེའི་ཕྱི་ལོར་རྨ་ཆུའི་མཚན་སྒྲོག་དགོན་དུ་ཕེབས་ནས་དེ་བཞིན་མཛད། ཕྱི་ལོ་ ༡༩༨༢ ལོར་སྡེ་འདིར་ཆོས་སྒོ་ཕྱེས་ནས་འདུ་ཁང་བསྐྱར་བཞེངས་ཀྱི་འགོ་བཟུང་། སྔར་གྱི་འདུ་ཁང་གྱང་རལ་ནང་ཟླ་ཚེས་དགེ་བའི་ཉིན་བཀྲ་ཤིས་གསོ་སྦྱོང་མཛད་དེ་ལྟོ་འཕྱེའི་ཐིག་བཏབ། དགུང་ལོ་དོན་གསུམ་པ་ཕྱི་ལོ་ ༡༩༨༧ ལོར་དགོངས་པ་རྫོགས།

ཁོང་ལ་གསུང་འབུམ་པོད་ཆེ་ཆུང་སོ་གཉིས་བཞུགས། ལོ་རྒྱུས་འདི་དགོན་པའི་ལས་སྣེ་སོགས་ནས་མཁོ་སྤྲོད་གནང་བྱུང་བ་བཞིན་བཀོད་པའོ། ། ༢༠༠༥ ལོ་ནས་ ༢༠༡༧ བར་གྲགས་པ་ཀུན་དགའ་སོགས་གྲྭ་རྒྱུན་གཉིས་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད། དེ་སྔ་བོད་དགའ་ལྡན་སོག་པ་ཁང་ཚན་དུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བྱོན་ཡོད།།

དཔྱད་མཆན་སྤེལ།