ཨ་འདུས་ཡག་འགོ་དགོན།

༄། །ཨ་འདུས་ཡག་འགོ་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་ནི། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དངོས་སློབ་སྔ་ཚར་བཞིའི་ཡ་གྱལ་དང་། ༸རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་མདོ་ཁམས་ཕྱོགས་སུ་སྤེལ་བའི་དར་ཆེན་བརྒྱད་ཀྱི་ནང་ཚན། ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་གསེར་སྦྱང་བཙོ་མ་ལྟ་བུའི་རྗེའི་བཤད་སྒྲུབ་ཀྱི་ལུགས་བཟང་སྤེལ་སླད་དགོན་པ་བརྒྱ་དང་བརྒྱད་ཕྱག་བཏབ་མཛད་པའི་ཐོག་མ་ཡིན་པས། ཨ་འདུས་ཡག་འགོ་དགོན་ཞེས་ཡོངས་སུ་གྲགས་ཤིང་། ད་བར་ལོ་དྲུག་བརྒྱ་ཉི་ཤུ་ལྷག་གི་ལོ་རྒྱུས་ཡོད། (༢༠༡༧ བར་དུ་གོ་དགོས།)

ཨ་མདོ་རྔ་ཡུལ་གྱི་དགོན་པ་ཆེས་རྙིང་གྲས་སུ་གཏོགས། ཚ་ཁོ་ངག་དབང་གྲགས་པ་རབ་བྱུང་བདུན་པའི་ཤིང་ཁྱི་སྟེ་ཕྱི་ལོ་ ༡༣༩༤ ལོར་རྔ་ཡུལ་དུ་ཐོག་མར་ཕེབས། བསྟན་པའི་རྩ་བར་དགོངས་ཏེ་རབ་བྱུང་བསྒྲུབས་ཤིང་གཞི་གསུམ་གྱི་ཕྱག་ལེན་བཙུགས། ༸རྗེ་རིན་པོ་ཆེས་གནང་བའི་ལུང་བསྟན་གྱི་སའི་དཔེ་རིས་ལ་གཏུགས་ཏེ་བཞུགས་གནས་བཞེངས་ཡུལ་དེང་སང་ཡང་མཇལ་རྒྱུ་ཡོད། ལོ་དེའི་ཟླ་དགུ་པར་ཤར་ཕྱོགས་རྒྱལ་མོ་རོང་དུ་དགོན་པ་བརྒྱ་རྩ་བརྒྱད་འདེབས་པའི་དབུ་བརྩམས། ཐོག་མར་ཕེབས་དུས་དགོན་པ་འདིར་བསྡོམས་པའི་ཟླ་གཉིས་ལྷག་ལ་བཞུགས།

ཨ་འདུས་ཡག་འགོ་དགོན་ནས་དབུ་བརྩམས་ཏེ། ཡག་རི་དགོན། སྒང་བ་དགོན། གནམ་ལྕགས་དགོན། མཆོད་རྟེན་ལྕོག། །གདོང་རི་དགོན། སུམ་མདོ་དགོན། ཟངས་དཀར་ན་ཁང་དམར་དགོན། དམུ་དགེ་དགོན། ཚ་ཁོ་དགོན། ཟུང་ཆུའི་མཁར་ཡག་དགོན། ཞང་དུར་ཕུ་ཏོའི་དགོན་དང་། རོང་ཆུ་ནག་ཏུ་ཙས་རིས་དམར་དགོན། ཁྲོ་ཆུའི་ཕྱོགས་སུ་ཀླུ་བཟོའི་དགོན། བཙན་ལྷ་སུམ་མདོ་དགོན། མིས་ཐཱོ་དགོན། ཚོ་བདུན་དགོན། དམ་པ་དང་ཐག་ཉེ་སར་མཆོད་རྟེན་ས་མགོ་དགོན་དང་གྲུབ་མནོས་དགོན། མཁར་ཡག་རི་ཁྲོད་དང་ཚ་ཁོའི་ད་ཚང་དགོན་ལྷུན་གྲུབ་གླིང་སོགས་ཐོག་མར་ཨ་འདུས་ཡག་འགོ་དགོན་དང་མཐའ་མ་ཚ་ཁོའི་ད་ཚང་སོགས་དགོན་སྡེ་བརྒྱ་དང་བརྒྱད་བཏབ་པ་ཐ་སྙད་རྐྱང་པས་དཔག་ནུས་སོ།།

དུས་ཕྱིས་མཚེ་མཁན་ཆེན་བློ་བཟང་ཆོས་གྲགས་མཆོག་ཕེབས། ཁོང་ནི་ཨ་འདུས་དཔོན་ཁག་བརྒྱད་ཀྱི་ནང་ཚན་འབྲུ་ཆུ་སྡེ་པའི་ཁང་སར་མཚེ་སང་དུ་སྐུ་འཁྲུངས་ཤིང་། འདི་པ་དབུས་སུ་བྱོན་ཏེ་སློབ་གཉེར་མཛད་པས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོར་གྱུར། མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་ཤར་རྩེ་མཁན་རབས་ཞེ་བརྒྱད་པར་བཞུགས། རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་མཚན་ཞབས་གནང་། ཕྱིར་རང་དགོན་དུ་ཕེབས་ཏེ་ཨ་འདུས་དགོན་གྲོང་གཉིས་ཀ་ཐུགས་བརྩེས་བསྐྱངས་ཤིང་། དགོན་པ་འདིའི་ཆོས་སྤྱོད་ཀྱི་ཕྱག་བཞེས་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་མཛད་དེ་དགའ་ལྡན་སྟོད་རྒྱུད་གྲྭ་ཚང་དང་མཐུན་པར་མཛད།

ཤར་རྩེ་གྲྭ་ཚང་ལ་དཔེ་མཛད་དེ་བསྲེ་ཁྲབ་བསྟན་སྲུང་གི་གཙོ་བོར་བསྐོས། རྗེ་འདིའི་སྐབས་ནས་བཟུང་ཨ་འདུས་དགོན་པ་དགའ་ལྡན་ཤར་རྩེའི་ལེ་ལག་ཏུ་གྱུར། ཤར་རྩེ་གྲྭ་ཚང་ནས་དགའ་ལྡན་པ་ཞེས་གདན་སའི་བླ་ཚབ་ཅིག་གཏོང་སྲོལ་ཡོད་ལ། དེས་ཁྲི་པའི་འགན་ཁུར་དགོས་ཀྱི་ཡོད། དེ་ཡང་རྗེ་འདིའི་ཤུགས་རྐྱེན་ལས་བྱུང་བ་ཡིན་ནམ་སྙམ། དགོན་པ་འདི་ནི་རྔ་ཡུལ་གྱི་དགོན་ཁག་གང་གི་ཡང་དགོན་ལག་ཏུ་མི་གཏོགས། དགོན་པ་འདིར་གཞི་གསུམ་ཉམས་ལེན་དང་རྒྱུད་ཀྱི་འཆད་ཉན་གཙོ་བོ་བྱེད་པའི་སྒྲུབ་གྲྭ་རུ་དཔལ་གསང་བ་འདུས་པ་དང་། འཁོར་ལོ་སྡོམ་པ། རྡོ་རྗེ་འཇིགས་བྱེད། ཀུན་རིག་རྣམ་པར་སྣང་མཛད། ཚན་ཁ་ཆེ་པའི་གཤིན་རྗེའི་གཤེད་ཀྱི་སྒོ་ནས་ལྕགས་མཁར་དང་དེའི་བསྒྲལ་འཆམ། རྡོ་རྗེ་རྣམ་འབྱོར་མའི་བདུན་སྒྲུབ། མ་ཎི་དུང་སྒྲུབ་སོགས་ཐིག་རྡུལ་ཚོན། ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྤྱི་ལྟར་དང་དེའི་མཇུག་ཏུ་གཙང་བཀྲ་ཤིས་ལྷུན་པོར་དཔེ་མཛད་དེ་གཤིན་རྗེའི་གཤེད་ཀྱི་སྒོ་ནས་འཆམ། དགའ་ལྡན་ལྔ་མཆོད། མགོན་ཆོས་རྔ་འཆིང་། སྒྲོལ་ཆོག །སྐུ་རིམ་སོགས་ཟླ་རེ་བཞིན་ཆགས་མེད་བྱ། སྐུ་རྟེན་གྱི་སྐོར་ལ། ཚ་ཆེན་ངག་དབང་གྲགས་པས་བཞེངས་གནང་བའི་དུས་གསུམ་སངས་རྒྱས། ༸ཤར་རྒྱལ་བ་ཙོང་ཁ་པས་རྗེ་ཚ་ཆེན་ངག་དབང་གྲགས་པ་ལ་གནང་བའི་ཐུབ་དབང་རྡོར་གདམས་མ། གསུང་གི་རྟེན་གཙོ་བོ་གསེར་འཕགས་རིང་བསྲེལ་འབབ་པ། ཐུགས་ཀྱི་གཙོ་བོ་བཀའ་གདམས་མཆོད་རྟེན། ༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དབུ་ཞྭ། རྗེ་རིན་པོ་ཆེའི་ཞལ་འདོན་རྡོ་རྗེ་གཅོད་པ། རྗེ་རིན་པོ་ཆེའི་ཤངས་ཁྲག་གིས་བཞེངས་པའི་ཆོས་རྒྱལ་ནང་སྒྲུབ་ཀྱི་ཞལ་ཐང་། དགོན་འདི་ཕྱག་འདེབས་མཛད་པ་པོ་རྗེ་ཚ་ཁོ་ངག་དབང་གྲགས་པའི་འདྲ་སྐུ་བྱིན་ཅན། མཁན་ཆེན་བློ་བཟང་ཆོས་གྲགས་ཁོང་མདོ་སྨད་དུ་བྱོན་ཁར་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་གནང་བའི་གདུགས་རྟ་དར་བཅུ་གསུམ་དང་མཁན་ཆས་ཆ་ཚང་། དབུ་སྔས་ཀྱི་མི་འཁྲུགས་བདུད་རྩི་ཅན། རྗེའི་དབུ་སྐྲ་གཟུངས་གཞུག་ཅན་གྱི་སྤོས་སྐུ་དང་གནས་བརྟན་བཅུ་དྲུག་གི་ཐང་ཀ་ཀློང་རྡོལ་བླ་མའི་ཆོས་སྣམ་བཞུགས་པའི་མཆོད་རྟེན་སོགས་དང་། བོད་གཞུང་ཨེར་ཏི་ནི་ནོམ་ཆི་མཁན་པོ་ཞེས་པའི་ཆོ་ལོ་དང་ཐམ་ཀ །མཁན་ཆེན་བློ་བཟང་ཆོས་གྲགས་ཀྱི་དབུ་ཞྭ། རྗེ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོའི་ཆོས་སྣམ་སོགས་བཞུགས།

དགོན་པའི་ཁྱབ་ཁོངས་སུ་ཁང་ཚན་བཞི་དང་བླ་བྲང་བརྒྱད་དང་སློབ་གྲྭ་བཅས། ལྷ་འབངས་དཔོན་ཁག་བརྒྱད། འབྲོག་སྡེ་མཚེ་རུ་མ་དང་བཅས་པའི་ལམ་སྟོན་གྱི་བདག་པོའམ་སྐྱབས་དང་མགོན་དུ་མཚེ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་དང་སྐྱོང་མུས་སུ་གནས་སོ།།

ལོ་རྒྱུས་འདི་དགོན་པ་འདི་ཉིད་ཀྱི་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་བ་བཞིན་བཀོད་པའོ། ། ༡༩༩༠ ནས་ ༢༠༡༧ བར་དུ་བློ་བཟང་བསྟན་འཕེལ་སོགས་གྲྭ་རྒྱུན་ཉེར་དྲུག་ལྷག་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད། དེ་སྔར་བོད་ཀྱི་དགའ་ལྡན་སོག་པ་ཁང་ཚན་དུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བྱོན་ཡོད།།

དཔྱད་མཆན་སྤེལ།