རིག་གཏེར་ལས་བསྡུས།
༄༅། །ྋསྐྱབས་རྗེ་མཁན་ཟུར་ཨ་མཆོག་རྡོ་རྗེ་འཆང་སྐུ་འཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་སྟེ་སྤྱི་ལོ་ ༡༩༤༥ ལོའི་ཟླ་ ༡ ཚེས་ ༨ ཉིན་མདོ་སྨད་ས་ཡི་ཐིག་ལེ་རྒྱལ་མོ་རོང་གི་སའི་ཆར་མཆོག་རྩེའིི་ཡུལ་ཁྲོ་སྐྱབས་ཉ་ཚང་ཞེས་བྱ་བའི་ཁྱིམ་དུ། རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཁྲོ་བོ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་བཀྲ་ཤིས་པའི་ལྟས་བཟང་དང་བཅས་གཟུགས་སྐུའི་མེ་ཏོག་དང་པོར་བཞད།
སྐུ་འཁྲུངས་པའི་མཚན་མོ་དེར་ཡུམ་གྱི་མནལ་ལམ་དུ་མཚན་ལྡན་བླ་མ་ཞིག་གིས་ཕྲེང་རྡོག་ཅིག་གནང་བ་རྨིས་ཤིང༌། མཚན་མོའི་སྟག་གི་ཆུ་ཚོད་ལ་སྐར་ཁུང་ནས་ཚོན་མདོག་རྣམ་པར་བཀྲ་བའི་འཇའ་འོད་ཅིག་ཤར་ཏེ་འཇའ་སྣེ་ཟུག་པའི་སར། སྣང་གསལ་འོད་ཀྱིས་འཁྱུད་པའི་མཆོད་ཀོང་འདྲ་བ་བདུན་བྱུང༌། མ་ཟད་འཁྲུངས་ཡུལ་གྱི་བྲག་ཕ་བོང་ཞིག་ཏུ་རྡོ་དཀར་ལས་གྲུབ་པའི་ཨ་ཡིག་བདུན་རང་བྱོན་འབུར་དོད་དུ་འཁྲུངས་པ་སོགས་ངོ་མཚར་བའི་ལྟས་བཟང་ཧ་ཅང་མང་ནའང་ཚིགས་མང་བར་དོགས་ནས་མ་བྲིས། ཁོང་གི་མཚན་ལ་ཚེ་རིང་དོན་གྲུབ་ཅེས་བཏགས་ཤིང་དགུང་གྲངས་གསུམ་གྱི་ཐོག །ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱིས། ཨ་མཆོག་རིན་པོ་ཆེ་སྐུ་གོང་མ་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། མཚན་ལ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་ཞེས་བསྩལ། ངོས་འཛིན་མཛད་པ་དང་ཆབས་ཅིག །
པཎ་ཆེན་མཆོག་གི་ཞལ་ནས།
བློ༷་བཟ༷ང་ཐུ༷བ་དབང་གཉིས་པའི་བསྟན༷་པའི་གནད། །མཁྱེ༷ན་ར༷བ་ཡེ༷་ཤེ༷ས་མཆོག་གི་གཟིགས་པ་གང༌། །
རིས་མེད་གདུལ་བྱ་རྒྱ༷་མཚོ༷ར་འདོམས་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
ཞེས་རིང་འཚོའི་ཞབས་བརྟན་སྨོན་ཚིག་གསུངས་པར། ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བའི་བཤེས་གཉེན་རྣམ་པས་དགའ་དད་སྤྲོ་གསུམ་གྱིས་ཚིག་གི་འབྲུ་འགྲེལ་བ་ན། ཡང་སྤྲུལ་ཉི་མ་གཞོན་ནུ་ཁོང་སྐྱེ་འགྲོ་སྤྱིའི་བདེ་ཐབས་ཀྱི་མགོན་དཔུང་དུ་བཞུགས་དགོས་པ་ལས། རང་དགོན་ཁོ་ན་ལ་དབང་བ་ཞིག་ཡོང་བར་དཀའ་ཞེས་མ་འོངས་ལུང་བསྟན་དང་གཉིས་སུ་མ་མཆིས་པའི་དགའ་སྐྱོ་འདྲེས་མའི་དཔྱད་ཞིབ་ཀྱང་ཞུས།
དགུང་ལོ་ལྔའི་ཐོག་ཨ་མཆོག་མཚན་ཉིད་དགོན་འཇམ་དབྱངས་སྨྲ་བའི་སེང་གེའི་གླིང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་ཆོས་ཀྱི་ཁྲི་འཕངས་མཐོན་པོར་མངའ་གསོལ་མཛད་དེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་སྦྱིན་པ་རྒྱ་མཚོ་ཚང་ཡོངས་འཛིན་དུ་བསྟེན། རྒྱ་ནག་མཁན་པོ་སྒང་བ་རྡོ་རྗེ་འཆང་སྐལ་བཟང་བསྟན་པ་རྒྱ་མཚོ་ལས་ཚིགས་སྔ་མ་རབ་བྱུང་གི་སྡོམ་པ་ཞུས། སྐུ་ན་ཕྲ་བའི་སྐབས་ཁོང་གིས་དཔེ་ཆ་ཐུགས་འཛིན་གནང་ཞོར་དུ་རྩེད་ཆས་མདའ་གཞུ་ཞིག་ཕྱག་ཏུ་བསྣམས་ཏེ་སྐུ་རྩེད་གནང་བར། ཡོངས་འཛིན་མཆོག་གིས་“ཁྱོད་ཀྱིས་ཕྱག་ཏུ་མདའ་གཞུ་འཛིན་མི་རུང་”གསུངས་པར། “ཡོངས་འཛིན་ལགས། འཕགས་པ་སྤྱན་རས་གཟིགས་ཀྱིས་ཕྱག་ཏུ་མདའ་གཞུ་བཟུང་ཡོད་པ་མ་ཡིན་ནམ་”གསུངས་པས། ཡོངས་འཛིན་གྱིས་གཙོས་དད་ལྡན་སྐྱེ་བོའི་ཚོགས་ཀྱིས། “ཁོང་རྡོ་རྗེ་འཆང་གིས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པ་ཞལ་གྱིས་བཞེས་སོང༌།” ཞེས་སྤྱན་རས་གཟིགས་སྐུ་རློན་པར་བལྟས་ཏེ་དད་པ་ཞུ་བཞིན་པ་ནི་གྲགས་ཤིང་གྲུབ་པ་ཞིག་ཡིན། དེ་བཞིན་སྐུ་གཞོན་ནུའི་སྐབས་སྒྱུ་རྩལ་མཛེས་རིས་འབྲི་རྒྱུར་ཐུགས་མཉེས་པོ་ཡོད་སྟབས། མཛེས་རིས་ཀྱི་ལམ་ནས་མ་འོངས་ལུང་བསྟན་གནང་བ་དག །ཕྱིས་སུ་ཇི་བཞིན་དོན་ཐོག་ཏུ་འཁེལ་ཏེ་གདུལ་བྱ་ཆོས་ལ་བཀོད་པའི་ངོ་མཚར་རྨད་བྱུང་གི་མཛད་པ་རྣམ་ཐར་དག་ནི་ཁོང་སྐུ་ན་ཕྲ་བའི་སྐབས་ཀྱི་རྒྱུན་ལྡན་གནང་སྒོ་ཞིག་ཏུ་མཆིས།
དགུང་ལོ་བཅུ་གཉིས་ནས་བཟུང་མཚན་ཉིད་རིག་པའི་གཞུང་ཆེན་ལ་སློབ་གཉེར་གནང་མགོ་བཙུགས། དགུང་ལོ་བཅུ་གསུམ་པར་ཡོངས་འཛིན་སྐུ་བགྲེས་ཨ་ཁུ་སྦྱིན་པ་རྒྱ་མཚོ་ཚང་སྐུ་ཞི་བར་གཤེགས་པས། འདམ་མདོའི་དགེ་བཤེས་དཀོན་མཆོག་རྒྱ་མཚོ་ཚང་(ཕྱིས་སུ་དགའ་ལྡན་ཤར་རྩེའི་མཁན་ཁྲིར་ཕེབས་པ་)ཡོངས་འཛིན་དུ་བསྐོ་གཞག་ཞུས། དྲང་ངེས་ལེགས་བཤད་སྙིང་པོ་སོགས་གཞུང་ཆེན་དུ་མ་ཐུགས་འཛིན་གྱིས་སློབ་གཉེར་དཔྱིས་ཕྱིན་པར་མཛད། མེ་མོ་བྱ་སྟེ་སྤྱི་ལོ་ ༡༩༥༧ ལོར་ཡུལ་དབུས་སུ་ཕེབས་ནས། ཨ་མཆོག་སྐུ་འཕྲེང་ན་རིམ་གྱི་མཛད་པ་རྣམ་ཐར་ཇི་བཞིན་དགའ་ལྡན་ཤར་རྩེ་སོག་པ་འཇམ་དབྱངས་ཁང་ཚན་དུ་བཞུགས་ནས་གཞུང་གསར་འཛིན་གྲྭར་ཆོས་ཞུགས་གནང༌། ཤར་རྩེའི་མཁན་པོ་ཕུ་ཁང་དགེ་བཤེས་བློ་བཟང་ཆོས་འཕེལ་མཆོག་དཔེ་ཁྲིད་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་ལ་གསན་བསམ་ཚུལ་བཞིན་གནང༌། ནོར་གླིང་དུ་༸རྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་པ་ལས་ཆོས་འབྲེལ་ཞུས་ཤིང༌། བཀྲ་ཤིས་ལྷུན་པོར་བྱོན་ནས་༸ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལའང་ཆོས་འབྲེལ་ཞུས།
དེ་ནས་གསང་ཕུའི་ཆོས་གྲྭ་དང༌། འཇང་དགུན་ཆོས་སོགས་སུ་རྩོད་གྲྭར་བྱོན་ཏེ་སྙན་པའི་བ་དན་མཁའ་ལ་སྒྲེང་བའི་དམ་འཇོག་ཚུལ་བཞིན་མཛད། རྒྱལ་བའི་ཡོངས་འཛིན་གཞོན་པ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྩ་བའི་བླ་མར་བསྟེན། རབ་རྒྱལ་ས་མོ་ཕག་སྟེ་སྤྱི་ལོ་ ༡༩༥༩ ལོར་ཡོངས་འཛིན་དཀོན་མཆོག་རྒྱ་མཚོ་རིན་པོ་ཆེ་དང་། སྐྱབས་རྗེ་སངས་ཚང་རིན་པོ་ཆེ་ལ་སོགས་པ་སྟོན་འཁོར་རྒྱ་གར་འཕགས་ཡུལ་དུ་བྱོན།
དེ་ལྟར་སྐུ་འཁོར་ལྷན་རྒྱས་ཀྱིས་བྷག་ས་ཆོས་སྒར་དུ་ལོ་མང་རིང་སློབ་གཉེར་འཕྲོ་སྐྱོང་གནང་ནས། ས་མོ་བྱ་སྟེ་སྤྱི་ལོ་ ༡༩༦༩ ལོར་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་ལོ་ངོ་ཕྱེད་དང་གཉིས་ལྷག་གི་རིང་གཞུང་ཆེན་མོ་དང་སཾསྐྲྀ་ཏ་སོགས་ཀྱིས་མཚོན། ཕྱི་ནང་རིག་པའི་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་པར་གནང་སྟེ་ཨཱ་ཅཱརྱ་ཨང་དང་པོའི་མཚན་གནས་བཞེས།
ཆོས་རིག་ལས་ཁུངས་ཀྱིས་བཀའ་ཡིག་ཕེབས་པ་བཞིན། འཕགས་ཡུལ་བཀྲ་ཤིས་འཁྱིལ་དགོན་པའི་མཁན་ཁྲིར་ཕེབས་ཏེ། ལོ་ལྟར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཟླ་བ་དྲུག་རེའི་རིང་ཐོས་བསམ་གནང༌། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ྋརྒྱལ་བའི་ཡོངས་འཛིན་རྣམ་གཉིས་དང༌། ྋསྐྱབས་རྗེ་ཟོང་རྡོ་རྗེ་འཆང་སོགས་བླ་མ་དང་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་དུ་གསན། མེ་མོ་སྦྲུལ་ཏེ་སྤྱི་ལོ་ ༡༩༧༧ ལོའི་རི་བོ་དགེ་ལྡན་པའི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས། དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་འདུ་ཁང་དུ་རྒྱལ་མཚན་དཀར་པོའི་གུར་ཁང་འོག་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས།
དེ་ནས་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་དང་ཕྱག་དཔེ་དོ་དམ་འགན་འཛིན་གྱི་ཕྱག་ལས་གནང༌། ལྕགས་ཕོ་སྤྲེལ་ཏེ་སྤྱི་ལོ་ ༡༩༨༠ ལོ་ནས་བཟུང་ཡུ་རོབ་ཨོ་སུ་ཀྲི་རི་ཡའི་རྒྱལ་ས་ཝི་ཡ་ན་མཐོ་སློབ་ཏུ་ནང་ཆོས་དང་བོད་ཀྱི་སྐད་ཡིག་དགེ་རྒན་ལོ་གཉིས་ལ་མཛད། ཆུ་མོ་ཕག་སྟེ་སྤྱི་ལོ་ ༡༩༨༣ ལོར་བྱམས་བརྩེའི་གཏེར་ཆེན་ཨ་ལགས་སངས་ཚང་རིན་པོ་ཆེ་དང་ལྷན་ཕ་ཡུལ་མདོ་སྨད་དུ་བྱོན་ནས། ཤུལ་ལུས་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་འདུན་པ་ཞལ་གྲངས་བཞི་བརྒྱ་ཙམ་བཞུགས་པ་ལ། རྗེ་བདག་ཉིད་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་བཤད་ཁྲིད་རྒྱས་པ་སོགས་ཀྱིས་མཚོན་འདོད་ཆོས་ཅི་རིགས་བུམ་པ་གང་བྱོའི་ཚུལ་དུ་གནང༌། དེ་བཞིན་སྒྲུབ་སྡེ་དགོན་ཁག་བདུན་སོགས་དགོན་མ་ལག་དང་བཅས་ཉམས་པ་སླར་གསོ་དགོས་པའི་བཀའ་སློབ་བསྩལ་ཏེ་མཐུན་འགྱུར་ཡང་གནང༌། ལྷ་སྡེ་ཤོག་ཁ་བདུན་གྱིས་མཚོན་ལྷ་སྡེ་མི་སྡེ་རྣམས་ལ་དབང་ལུང་མན་ངག་ཅི་འདོད་དུ་བསྩལ་བར་མ་ཟད། མི་ཚང་རེ་རེར་ཁྱིམ་ཕེབས་ཀྱང་གནང་བས་སྐྱེ་དགུ་མཐའ་དག་དད་པའི་ས་ལ་བཀོད། མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་བྱམས་པ་གླིང་སོགས་སུ་བྱོན་ནས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང༌། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ། རྗེ་གུང་ཐང་བ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་སོགས་དང་མཇལ།
དེ་ནས་ཕྱིར་རྒྱ་གར་འཕགས་ཡུལ་དུ་བྱོན་ཏེ་མུ་མཐུད་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་ཀྱི་ཕྱག་ལས་གནང༌། མེ་མོ་ཡོས་ཏེ་སྤྱི་ལོ་ ༡༩༨༧ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས། རིན་པོ་ཆེ་ཁོང་དབྱིན་སྐད་གསུང་སྒྱུར་དུ་བྱོན་པའི་སྟབས་དང་བསྟུན་ནས། པཎ་ཆེན་རིན་པོ་ཆེས་པེ་ཅིང་དུ་བོད་བརྒྱུད་ནང་བསྟན་སློབ་གླིང་འཛུགས་འཆར་གྱི་དགེ་རྒན་ལ་ཕེབས་དགོས་པའི་བཀའ་སྤྱི་བོར་ཕེབས་པ་བཞིན། ྋགོང་ས་མཆོག་གིས་བཀའ་འཁྲོལ་བསྩལ་ཏེ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཆེད་ཕེབས་ཀྱིས། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རིས་སུ་མ་ཆད་པའི་བླ་ཆེན་ལྔ་བཅུ་བརྒལ་བར། ཟླ་བ་བརྒྱད་ཙམ་རིང་ཡོན་ཏན་གཞི་གྱུར་མའི་འགྲེལ་པའི་བཀའ་ཁྲིད་དང༌། ཞོར་དུ་བླ་སྤྲུལ་ཁག་དང་དེ་གའི་ལས་བྱེད་རྣམ་པར་གང་ལ་གང་འདོད་ཀྱི་དཔེ་ཁྲིད་དང་དབྱིན་ཡིག་སོགས་སློབ་ཁྲིད་གནང༌།
རང་དགོན་ཨ་མཆོག་མཚན་ཉིད་དགོན་དུ་ཕེབས་ཏེ་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་དཔེ་ཁྲིད་རྒྱས་པ་དང༌། རྔ་བ་སྤྲོ་ཚིགས་དགོན་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་རྒྱས་པ་གནང༌། དབལ་ཤུལ་གཤའ་དགོན་མི་ཕམ་བྱམས་པ་གླིང་དུ་དགོན་ཁག་བཅུ་གྲངས་ནས་ཕེབས་པའི་དགེ་འདུན་པ་ཉིས་བརྒྱ་ལྷག་ལ་དགེ་ཚུལ་སློང་གི་བསླབ་སྡོམ་བསྩལ། ཁོང་གིས་ཡུལ་ཕྱོགས་གང་སར་དབང་ལུང་མན་ངག་གནང་སྐབས། དད་ལྡན་སྐྱེ་བོའི་ཚོགས་ཀྱིས་ཆོས་ཡོན་དུ་ཕུལ་བའི་དངུལ་དངོས་རྣམས་གཅིག་ཀྱང་མ་བཞེས་པ་ཙམ་དུ་མ་ཟད། ངེས་པར་མཁོ་བའི་ཚོགས་སྡེ་དང་སློབ་གྲྭ་སོགས་མཐུན་རྐྱེན་ཞན་པ་རྣམས་ལ་ཞིག་གསོའི་ཆེད་ཞལ་འདེབས་ཕོན་ཆེ་གནང་བས། རྒྱ་གཞུང་གིས་ཀྱང་ཁོང་རྡོ་རྗེ་འཆང་གི་གནང་སྟངས་ལ་དགའ་མོས་དང་གདེང་འཇོག་གིས་གཟེངས་བསྟོད་ཞུས།
དེ་བཞིན་ཨ་མཆོག་མཚན་ཉིད་དགོན་འཇམ་དབྱངས་སྨྲ་བའི་སེང་གེའི་གླིང་དུ། དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་བཀའ་དབང་གནང་བའི་མཚན་སྙན་གྱི་གྲགས་པ་དཀར་པོ་མཐའ་དབུས་ཡུལ་གྲུ་ཀུན་ལ་ཁྱབ་པར་བརྟེན། མཐར་རྒྱ་གཞུང་འབྲེལ་ཡོད་ལས་ཁུངས་ཁག་གིས་ཀྱང་ནང་མོལ་དང་བླང་བྱ་བཏོན་པ་སོགས་ཀྱིས་མཚོན་དོ་སྣང་བྱེད་དགོས་བྱུང༌། ས་ཕོ་འབྲུག་སྟེ་སྤྱི་ལོ་ ༡༩༨༨ ལོར་ཕྱིར་རྒྱ་གར་དུ་ཕེབས་རྗེས། བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས། ཤིང་ཕོ་ཁྱི་སྟེ་སྤྱི་ལོ་ ༡༩༩༤ ལོར། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། །མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ། །ཞེས་གསུངས་པ་ལྟར། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་ཕྱག་ཐམ་རིན་པོ་ཆེ་ཕེབས་ཏེ། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཁྲིར་ཕེབས། སྐབས་དེའི་ཡས་མས་སུ། ཁོང་གིས་ལོ་ཙཱ་བའི་ཊཱིཀ་ཆུང་གི་གླེང་བརྗོད་རྒྱས་པ་སྟེ་<<གླེང་བརྗོད་མི་ཕམ་བཞད་སྒྲ་>>ལྗགས་རྩོམ་གནང༌།
ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་འཆད་ཉན་གོང་མཐོར་སྤེལ་སླད། འཛིན་གྲྭ་གོང་འོག་དཀྲུགས་ཏེ་དམ་བཅའ་ཡར་འཇོག་མར་འཇོག་གནང་རྒྱུ་སོགས། གནའ་སྔ་མོ་ཕྱག་ལེན་ལ་ཡོད་ཀྱང་ཕྱིས་སུ་ཉམས་པ་མང་དག་ཅིག་སླར་གསོ་གནང་བར་མ་ཟད། ཆོས་འགྲིམ་པའི་མཚན་གཞུང་བཟོས་ཏེ་འགྲིག་རྟགས་རྒྱག་རྒྱུ་སོགས་གསར་བཟོ་གནང་བས། མིག་གིས་མཐོང་ས་ཉིད་དུ་འཆད་ཉན་གྱི་སྤུས་ཀ་ཡག་ཏུ་ཕྱིན། དེ་བཞིན་སྔ་བར་ཕྱི་གསུམ་དུ་དངོས་བརྒྱུད་ཅི་རིགས་པའི་སྒོ་ནས་རང་གི་སློབ་མའི་ཚོགས་ལ་སློབ་གཉེར་གྱི་བསླབ་བྱ་འབེལ་གཏམ་གྱི་ཚུལ་དུ་གནང་བ་གྲངས་ལས་འདས་པ་ཞིག་ཡོད་ཅིང༌། དེ་དག་ཞུ་སྒྲིག་བགྱིས་པར་པོ་ཏི་གཅིག་གི་ཚད་ལོང་ཙམ་ཡོད། མེ་ཕོ་བྱི་སྟེ་སྤྱི་ལོ་ ༡༩༩༦ ལོའི་ཟླ་ ༡༡ པར་མཁན་པོའི་ཐུགས་འགན་ཡོངས་སུ་གྲུབ་རྗེས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་རྣམ་སྡེ་ཚན་གྱི་འགན་འཛིན་གནང་ཞིང་ལོ་ངོ་གཅིག་ལྷག་གི་རིང་སྡེ་ཚན་དེར་ཕྱག་ལས་གནང༌། ས་ཕོ་སྟག་སྟེ་སྤྱི་ལོ་ ༡༩༩༨ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཡི་ཅོད་པན་སྤྱི་བོར་ཕེབས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས། དུས་ཡུན་དེ་དག་གི་སྐབས་སུ། ཆོས་སྲིད་གང་ཐད་ནས་དཔེ་མཛོད་ཁང་གི་མཚན་གྱི་སྙན་པ་ཕྱོགས་སུ་སྤྲོས་ཤིང༌། རྒྱ་གར་གཞུང་གི་རིག་གཞུང་སྡེ་ཚན་ལ་འབོད་སྐུལ་གྱིས་ལོ་རེའི་རོགས་དངུལ་འབུམ་བཅུ་བཞི་ཡོད་པ་ནས་བཞི་བཅུ་བར་འཕར་སྣོན་ཐུབ་པ་བྱུང་བས། ལས་བྱེད་ཀྱི་ཟླ་ཕོགས་ཀྱང་ཡིད་མགུ་བ་ཞིག་འཕར་ཏེ་དཀའ་ཁག་མི་ཉུང་བ་ཞིག་སེལ།
ལྕགས་ཕོ་འབྲུག་སྟེ་སྤྱི་ལོ་ ༢༠༠༠ ལོར་ྋགོང་ས་མཆོག་གིས་བཀའ་ཡི་ཕེབས་སྒོ་བཞིན། གདན་ས་གསུམ་གྱིས་གཙོས་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས། རིས་སུ་མ་ཆད་པའི་དགོན་སྡེ་ཆེ་ཁག་རྣམས་ཀྱི་གཞུང་ཆེན་ལ་སྦྱང་བ་མཐར་སོན་པའི་དགེ་འདུན་པ་ཁག་ཅིག་གི་ཁྲོད་ཚན་རིག་སྦྱོང་བརྡར་གྱི་ཐུགས་འགན་བཞེས་ཏེ། ལོ་མང་རིང་ནུབ་ཕྱོགས་ཀྱི་ཚན་རིག་ཆེད་ལས་པ་གྲགས་ཅན་ཁག་གདན་ཞུས་ཀྱིས། རིས་མེད་དགེ་འདུན་པ་མི་ཉུང་བ་ཞིག་ལ་ཚན་རིག་ཟབ་སྦྱོང་དང༌། དེ་འབྲེལ་སློབ་གྲྭ་ཆེ་ཁག་རྣམས་སུ་ཆོས་ཚན་དང་འབྲེལ་བའི་སྦྱང་བཤད་ལེགས་སྦྱར་གནང་བ་སོགས། མདོར་ན་ནང་ཆོས་དང་ཚན་རིག་གི་ལྟ་བའི་ཐོག་བགྲོ་གླེང་གི་ལས་གཞི་རླབས་ཆེན་མཛད། ཁོང་གིས་ཆོས་ཚན་སྦྱོང་བརྡར་གྱི་ཐུགས་འགན་བཞེས་སྐབས། སློབ་གྲྭ་ཁག་གི་དྲི་བར་དྲིས་ལན་མཛད་པའི་<<ཉི་མའི་འོད་སྣང་དང༌།>> <<ཆོས་ཚན་བར་གྱི་གསེར་ཟམ།>> དེ་བཞིན་<<ཚད་མ་དང་ཚན་རིག་བར་གྱི་ཞི་འགྲིག>> སོགས་མདོར་ན་ཆོས་ཚན་དང་འབྲེལ་བའི་ལྗགས་རྩོམ་གནང་བ་ཁག་ཕྱོགས་བསྒྲིགས་ཞུས་པར་པོད་གཅིག་གི་ཚད་ལོང་ཙམ་བཞུགས།
ཆེས་རིན་ཐང་བྲལ་བའི་མཛད་པ་རྣམ་ཐར་གཞན་ཞིག་ནི། ཁོང་རྡོ་རྗེ་འཆང་གིས་སོག་པ་འཇམ་དབྱངས་ཁང་ཚན་གྱི་སློབ་གཉེར་བ་བཟང་གྲས་ཉི་ཤུ་རྩ་གྲངས་ཤིག་ཁུ་བསྡུས་གནང་སྟེ་བཀའ་ཡི་ཕེབས་སྒོར། “དེང་གི་དུས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་དང་སྦྱར་བའི་འཆད་རྩོད་རྩོམ་གསུམ་གྱི་སྲོལ་བཟང་ཉམས་ལ་ཉེ་བའི་སྐབས་སུ། ཁྱེད་ཅག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་གནང་བཞིན་པ་རྣམས་ཀྱིས་སྙིང་ལ་རུས་པ་བཏབ་སྟེ་མདོ་རྒྱན་མ་བུ་སྦྱར་བའི་གཞུང་ཆེན་མོ་ཞིག་འབྲི་རྩོམ་ཐུབ་ན། འདི་ནི་ཤཱཀྱའི་རྒྱལ་པོ་དགྱེས་པའི་མཆོད་སྤྲིན་དང༌། རྒྱན་དྲུག་མཆོག་གཉིས་བཞུད་པའི་ཤུལ་ལམ་ཡིན།
“དེས་ན་ཕ་བཟང་གི་བུ་གཅེས་དག །གསེར་ལས་དཀོན་པའི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་གོ་སྐབས་གང་ཡོད་ཀྱིས་ལས་ཆེན་འདི་ལ་ཞུགས་ཐུབ་པ་གྱིས་ཤིག་དང༌། མདོ་རྒྱན་སྦྱོར་སྟངས་ཐད་དཀའ་ཁག་དང་དོགས་གནས་གང་ཕྲད་ལ་ངོས་ཀྱིས་ཁུར་ལེན་དང་མཉམ་གནས་བྱེད་ཆོག་”གསུངས། མདོར་ན་བཅོམ་ལྡན་འདས་སྐུ་དངོས་སུ་བྱོན་ཞིང་གསུང་རྣ་བས་ཐོས་ཀྱང་འདི་ལས་ལྷག་པའི་རིན་བྲལ་གྱི་གདམས་པ་ཞིག་གནང་རྒྱུ་མེད་པར་བརྟེན། སློབ་བུའི་ཚོགས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་ལེགས་སོའི་ཐལ་མོ་སྦྱི་བོར་བཀོད་དེ། བགྲང་བྱ་བཅུ་གསུམ་རིང་དཀའ་ཚེགས་ཀྱི་ལམ་བུ་ཀྱག་ཀྱོག་ཅན་མང་དག་ཅིག་བརྒྱུད་ནས། འབད་འབུངས་དང་སྤྲོ་ཤུགས་ཀྱི་ཚོར་བ་མཚམས་མ་བཞག་པའི་ཉེར་འབྲས་སུ། ད་ཆ་<<འཕགས་བོད་མཁས་པའི་གཞུང་ལམ།>>ཞེས་མདོ་རྒྱན་མ་བུ་སྦྱར་བའི་གཞུང་ཆེན་མོ་དེ་ཉིད་ལེགས་པར་གྲུབ་སྟེ་དཔར་སྐྲུན་གྱིས་བོད་ཕྱི་ནང་གི་མཁས་དབང་ཁག་དང་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་ལ་རིན་མེད་དུ་ཕུལ་བར་གདེང་འཇོག་ཆེན་པོ་ཐོབ། དེ་ཡང་མདོ་རྒྱན་ཚོགས་ཆུང་གིས་མདོ་རྒྱན་མ་བུ་སྦྱོར་སྐབས་ཀྱི་ལོ་ངོ་འདི་དག་གི་རིང་། ཐག་མི་ཆོད་པའི་དོགས་གནས་དང༌། འབྲིར་མི་སྤོབས་པའི་དཀའ་ཁག་ཅི་ཞིག་ལ་ཕྲད་ཀྱང༌། ཁོང་ཨ་མཆོག་རྡོ་རྗེ་འཆང་གི་རྣམ་དཔྱོད་ཀྱི་འཕེལ་ཁ་ལས་མཆེད་པའི་ཟབ་བརླིང་ཕུགས་འཕེལ་གྱི་གསུང་ངག་རེ་རེས། ཐག་མི་ཆོད་ཅིང་འབྲིར་མི་སྤོབས་པའི་དོགས་གནས་ཀྱི་འཆིང་རྒྱ་ལས་ཉེ་བར་བཀྲོལ་བས། དོན་དངོས་སུ་གཞུང་བཟང་འདིའི་མཛད་པ་པོ་ནི་ཁོང་ཨ་མཆོག་རྡོ་རྗེ་འཆང་ཡིན་ཞེས་ཞུས་ཀྱང་དོན་ལ་གནས་པ་ཞིག་གོ།
དེ་བཞིན་ཁོང་གི་བཀའ་ཡི་ཕེབས་སྒོར། “ཁྱེད་རྣམ་པས་<<ཆོས་རའི་ནང་གི་དྷཱིཿསྐད་>>ཅེས་འཆད་ཉན་ཁོ་ནའི་གླེང་སྟེགས་ལ་དམིགས་པའི་ཟླ་དྲུག་དུས་དེབ་ཅིག་སྤེལ་ཐུབ་ན། འདི་ནི་འཆད་རྩོད་རྩོམ་གསུམ་ལ་སྨན་པའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་”ཞེས་གདམས་པ་ནི། ལེགས་གསུང་ཤཱཀྱའི་མགྲིན་བཟང་ཉན་ཐོས་བུ་ཡི་སྙན་དུ་འབྱོར་བ་བཞིན། སོག་པ་འཇམ་དབྱངས་ཁང་ཚན་གྱིས་དུས་དེབ་དེ་ཉིད་འདོན་སྤེལ་བྱས་ཏེ་ད་བར་འདོན་ཐེངས་ ༡༩ ཙམ་སྤེལ་ཟིན།
དེ་ལྟར་ཨ་མཆོག་རྡོ་རྗེ་འཆང་གི་ཞལ་ནས། ཐར་འདོད་སྐྱེས་བུར་མཁོ་བའི་བླང་དོར་གནས། །ཇི་བཞིན་འབྱེད་པའི་གོ་རིག་ཟུང་འབྲེལ་གྱི། །དཔྱད་པ་འདི་ལ་ཆོ༷ས་ར༷འི་དྷཱི༷ཿསྐད༷་ཅེས། །ལེགས་པར་བཤད་པའི་དེབ་གྲངས་བཅུ་དགུ་བསྐྲུན། །གདན་ས་ཆེན་པོར་འོས་པའི་མཛད་པ་གཅིག།།བླང་དོར་གནས་ལ་དཔྱད་པའི་དྷཱིཿསྐད་ཅེས། །མཁས་པ་མགུ་བའི་ལས་འདིས་པད་དཀར་འཆང༌། །མཆོད་པའི་བསོད་ནམས་སྣོད་དུ་ནམ་མཁའ་ཙམ། །ཞེས་གསུངས། དྷཱིཿསྐད་དུས་དེབ་ལ་གདན་ས་གསུམ་གྱི་མཁས་དབང་རྣམ་པས་གཙོས་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་གནང་མཁན་དག་གིས་དགའ་བསུ་དང་གདེང་འཇོག་ཚད་མེད་ཞུས་པར་མ་ཟད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་དྷཱིཿསྐད་དུས་དེབ་དང་མདོ་རྒྱན་འགྲེལ་ཆེན་<<འཕགས་བོད་མཁས་པའི་གཞུང་ལམ་>>གཉིས་ལ་ཚད་མཐོའི་བསྔགས་བརྗོད་ཀྱི་ཤིས་པ་བརྗོད་པ་དྷཱི་ཿསྐད་དུས་དེབ་ཀྱི་དབུ་ཤོག་ནས་མཇལ་ཐུབ།
ཤིང་མོ་བྱ་སྟེ་སྤྱི་ལོ་ ༢༠༠༥ ལོའི་ཟླ་བ་ ༤ ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གྱི་ཐུགས་འགན་ཡོངས་སུ་གྲུབ་སྟེ། ད་ལྟའི་ཆར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྐྱ་ཁྲི་སྟོང་མང་པོར། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གནང་བ་ཁག་ནས། ཟབ་ཁྲིད་དོགས་དཔྱོད་རྒྱས་པའི་ལམ་རིམ་བཀའ་ཁྲིད་ཁག་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རྩོམ་སྒྲིག་བྱེད་ཀྱིན་པའི་མཛད་འགན་བཞེས་བཞིན་བཞུགས་མུས་ལགས།
ལར་ནས་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས་མཉམ་མེད་ཇོ་བོ་ཆེན་པོ་ཇི་ལྟར་བསྟེན་པ་བཞིན། ཁོང་རྡོ་རྗེ་འཆང་གིས་ཡོངས་འཛིན་བདེར་གཤེགས་ཚང་ལ་སྒྲུབ་པའི་མཆོད་པ་ཇི་ལྟར་ཕུལ་བའི་ཚུལ་དང་། སྐུ་ཚེ་གང་པོར་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སངས་ཚང་རིན་པོ་ཆེ་མཆོག་དགེ་བའི་བཤེས་གཉེན་ལྟར་བསྟེན་ཅིང་ཐུགས་མཉེས་བཞིན་བརྩེ་བས་རྗེས་སུ་བཟུང་བའི་མཛད་པ་རྣམ་ཐར་ཁག་ནི། བདག་ཉིད་ཆེན་པོའི་མཛད་རྣམ་<<དུང་བའི་མ་ལོ་འཆར་བའི་མེ་ལོང་>>ལས་ཤེས་པར་བྱའོ།།
ཇི་ལྟར་ཁུ་བྱུག་སྔོན་མོས་ཆར་ཆུ་ལ་སྒུག་པ་བཞིན་དུས་ཡུན་རིང་མོ་ཞིག་གི་སྔོན་ནས་གཞིས་ལུས་དད་ལྡན་མང་ཚོགས་ཀྱིས་རེ་བའི་མིག་ཟུང་འཕགས་ཡུལ་ཕྱོགས་སུ་བགྲད་ཅིང་། ལས་ཀྱི་སྣེ་མོ་བ་དག་གིས་༸སྐྱབས་རྗེ་ཨ་མཆོག་རྡོ་རྗེ་འཆང་རང་ཡུལ་ཕྱོགས་སུ་བྱོན་ཐུབ་ཆེད། སོ་སོའི་འཇོན་ནུས་དང་ལྷག་བསམ་རྨ་མེད་པའི་ཐབས་ཚུལ་སྣ་མང་སྤྱད་དེ། ས་གནས་སྲིད་གཞུང་ནས་འགོ་འཛུགས་ཀྱིས་རྫོང་དང་ཁུལ། དེ་བཞིན་ཞིང་ཆེན་དང་ཀྲུང་དབྱང་དབུས་གཞུང་གི་བར་དུ་གང་ཞིག་བརྒྱུད་དགོས་པའི་སྙན་ཞུའི་རིམ་པ་རྣམས་འཐུས་ཤོར་དང་ཆད་ལུས་མེད་པར་བསྒྲུབ་འབྲས་སུ།
སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༦ ནང་ཁོང་རྡོ་རྗེ་འཆང་འཁོར་གསོལ་དཔོན་རྣམ་པ་གསུམ་དང་བཅས་མདོ་སྨད་རང་ཡུལ་ཕྱོགས་སུ་བྱོན་ཐུབ་པ་བྱུང་ཞིང་། སྐབས་དེའི་དད་མཇལ་བའི་གྲངས་འབོར་ནི་བསམ་ཡུལ་ལས་འདས་པ་ཞིག་སྟེ། ཨ་མཆོག་དགོན་གྲོང་བཅུ་དྲུག་གི་སེར་སྐྱ་ཕོ་མོ་གང་ཡོད་རྣམས་སྨོས་མེད་ཁར། ཨ་མཆོག་ཡུལ་དགོན་གྱི་ཕྱི་ཕྱོགས་ནས་བཅར་བའི་མདོ་དབུས་ཁམས་གསུམ་གྱི་དད་མཇལ་བ་གྲངས་ཀྱིས་མི་ལང་བ་ཞིག་ཀྱང་འབྱོར་ཏེ་བཀའ་སློབ་ཕྱག་དབང་ཞུས་པར། ཁོང་རྡོ་རྗེ་འཆང་གིས་དད་མཇལ་བ་དེ་དག་ལ་དགྱེས་བརྩེའི་ཕྱག་དབང་བསྩལ་ཞིང་གང་ལ་གང་འདོད་ཀྱི་གདམས་པ་གནང་བས། ཁོང་ཚོའི་ཡིད་ཀྱི་མུན་པ་སངས་ཤིང་གདོང་ལ་འཛུམ་མདངས་སྟེར།
ཁོང་རྡོ་རྗེ་འཆང་དགུང་གྲངས་བདུན་ཅུར་ཕེབས་ལ་ཉེ་ནའང་། ཁོང་གི་བཅོས་མིན་གཞན་ཕན་གྱི་ཐུགས་བསྐྱེད་དྭངས་མོ་ཕྱོགས་སུ་སྤྲོས་ཤིང་སྐུ་ངལ་ལ་འཛེམས་མེད་ངང་། ཆེན་པོའི་འགྱིང་ཉམས་དང་མཁས་པའི་སྤོབས་ཉམས་སོགས་ཡེ་ནས་མི་མཛད་པར། དད་མཇལ་བའི་ཁྲོད་དུ་ཕར་བྱོན་ཏེ་ཉིན་རེར་དད་འདུས་ཁྲི་ཕྲག་མང་པོར་ཕྱག་དབང་བསྩལ་ཞིང་། གདུལ་བྱའི་ཁམས་མོས་ལ་གཞིགས་པའི་དྲོད་ཁོལ་གྱི་གདམས་ངག་བསྩལ་བའི་མཛད་པ་འདི་ཡིས། གཞི་ལུས་ཁ་བ་གངས་ཅན་པ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས་པ་མ་ཟད། ཐ་ན་ཆོས་ཀྱི་གཏམ་ལ་ཡིད་མི་ཆེས་ཤིང་བླ་སྤྲུལ་དགེ་བཤེས་ཁག་ལ་དོགས་འདྲོག་བྱེད་ཀྱིན་པའི་མི་རིགས་གཞན་གྱི་ལས་བྱེད་པ་དག་ཀྱང་ཡིད་མགུ་བར་གྱུར།
ཕྱོགས་ཕེབས་འདིའི་སྐབས་སུའང་སྔོན་གྱི་ཕྱོགས་ཕེབས་ཁག་དང་མཚུངས་པར། དད་མཇལ་བས་ཕུལ་བའི་དངུལ་དངོས་རྣམས་ཕྱིར་རྒྱ་གར་དུ་མ་བསྣམས་པ་ཙམ་དུ་མ་ཟད། ས་ཁུལ་སོ་སོའི་དགོན་པ་ཁག་དང་། སློབ་གྲྭ། དེ་བཞིན་མི་སྒེར་སོགས་གང་ལ་གང་དགོས་སར་གནད་དུ་སྨིན་པར་མཛད་པའི་རླབས་ཆེན་གྱི་མཛད་པ་ཁག་ལ་ཕྱི་ནང་གི་སྐྱེ་བོ་ཀུན་གྱིས་ལེགས་སོའི་མེ་ཏོག་གཏོར།
དེ་བཞིན་ཁོང་རྡོ་རྗེ་འཆང་གང་དུ་ཞབས་བཅགས་པའི་མདོ་སྨད་ཀྱི་ཡུལ་གྲུ་གང་ས་ནས་གཞོན་སྐྱེས་མི་ཉུང་བ་ཞིག་ཁོང་གི་སྐུ་དྲུང་དུ་བཅར་ཏེ། ‘དུས་ད་ནས་བཟུང་ང་ཚོས་ཆང་འཐུང་རྒྱུ་དང་། ཐ་མ་ཁ་འཐེན་རྒྱུ། དེ་བཞིན་མཱ་ཅང་གིས་མཚོན་ཤོ་རྩེད་རྒྱན་འཇོག་བྱེད་རྒྱུ་སོགས་གཙང་བཅད་ཞུ་གི་ཡིན།’ ཞེས་དམ་བཅའ་ཕུལ་བ་མ་ཟད། ལོ་ལོན་རྒ་རྒས་རྣམས་ཀྱིས་ཀྱང་། ‘ང་ཚོས་ད་ནས་བཟུང་མནའ་སྐྱེལ་རྒྱུ་དང་། ཁ་ངན་ཚིག་ངན་ཤོད་རྒྱུ་སོགས་བཅད་པ་ཡིན།’ ཞེས་དམ་བཅའ་ཞུས། ད་དུང་དམར་ཟས་སྤོང་མཁན་ཡང་མང་དག་ཅིག་བྱུང་བ་སོགས། མདོར་ན་ཁོང་རྡོ་རྗེ་འཆང་གི་ཐབས་མཁས་ཀྱི་མཛད་པ་དེ་ཡིས་རང་ཡུལ་མདོ་སྨད་ཕྱོགས་ཀྱི་ས་གནས་མང་དག་ཅིག་ཞི་བདེ་ལྷིང་འཇགས་ཀྱི་གནས་སུ་བཀོད།
དེ་ལྟ་བུའི་རྨད་བྱུང་གི་མཛད་པ་རྣམ་ཐར་ཁག་ནི་ཁོང་རྡོ་རྗེ་འཆང་གི་སློབ་བརྒྱུད་དུ་གཏོགས་པ་དག་གིས་ཆེད་དུ་བརྗོད་དེ་འུད་སྒྲོག་བྱས་པ་ཞིག་གཏན་ནས་མ་ཡིན་པར། ཨ་མཆོག་ཡུལ་དགོན་གྱི་ཕྱི་ཕྱོགས་སུ་རྒྱུ་བའི་དད་ལྡན་མང་ཚོགས་ཁྲོད་ན་གཏམ་དེ་མེ་ལྟར་འབར་ཞིང་ཆར་བཞིན་འབབས། གང་ལྟར་ཛ་དྲག་ཆེ་ལ་ཉེ་བར་མཁོ་བའི་དུས་སྐབས་འདིར་༸སྐྱབས་རྗེ་ཨ་མཆོག་རྡོ་རྗེ་འཆང་རང་ཡུལ་དུ་ཁྱུག་ཙམ་བྱོན་ཐུབ་པ་འདིས་ཀྱང་། རྙིད་ལ་ཉེ་བའི་ལོ་ཏོག་ལ་ཆར་ཟིམ་བབ་པ་ལྟར་འགྲོ་དོན་མཐའ་མེད་དུ་འཕེལ་བར་གྱུར་ཏོ། །དེ་ནས་རྒྱ་ནག་ནང་གི་གནས་ཆེན། ལོ་སན་ཏ་ཧྥུས་དང་། གླང་ཆེན་འགྱིངས་རིའི་རྩེ་མོ། སྤྱན་རས་གཟིགས་ཀྱི་གནས་ཕུས་ཐའོ་སན། ཀུན་ཏུ་བཟང་པོའི་གནས་རི་བོ་རྩེ་དགུ། ཧང་ཀྲུའུ་ཡི་དེ་བཞིན་གཤེགས་པའི་དབུ་སྐྲ་བཞུགས་སའི་མཆོད་རྟེན། ནན་ཅིན་གྱི་དེ་བཞིན་གཤེགས་པའི་དབུ་ཐོད་བཞུགས་སའི་གཙུག་ལག་ཁང། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་དེ་བཞིན་གཤེགས་པའི་ཚེམས་གདུང་། རི་བོ་རྩེ་ལྔའི་གནས་རི་སོ་སོ། ཤིས་ཨན་གྱི་དེ་བཞིན་གཤེགས་པའི་ཕྱག་མཛུབ་བཞུགས་པའི་ལྷ་ཁང་། ཐང་སན་བླ་མའི་སྐུ་གདུང། ལོ་ཆེན་ཅེ་མོ་ལོ་ཧྲིའི་ལྗགས་བཅས་སུ་ལྷོད་མཇལ་གནང་། དེ་ནས་ཕྱིར་བྱོན་ཏེ་ལུམྦི་ནིའི་ཚལ་དང་། མཆོད་རྟེན་བྱ་རུང་ཁ་ཤོར། འཕགས་པ་ཤིང་ཀུན། མཉན་ཡོད། རྩྭ་མཆོག་གྲོང་། གནས་མཆོག་རྡོ་རྗེ་གདན། དཔལ་ལྡན་ཤ་བ་རིའི་སྒྲུབ་ཕུག །བྱ་རྒོད་ཕུང་པོའི་རི། བཀའ་བསྡུའི་གནས། ནཱ་ལནྡཱ། ཝཱ་རཱ་ཎ་སཱི་སོགས་གནས་ཆེན་དུ་མར་གནས་གཟིགས་ལྷོད་མོ་གནང་རྗེས། སྡེ་ར་ལྡུན་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ཨ་མཆོག་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་དེ་སྔར་མུས་བཞིན་སྒྲུབ་པ་ཉམས་ལེན་གྱི་སྙིང་པོ་ལ་གཞོལ།
ཚེ་རབས་ཀུན་ཏུ་བསྟན་དང་འགྲོ་བའི་དོན་ཆེན་ཐུགས་ལ་བརྣགས་ཏེ་སྨོན་ལམ་སྤྱི་དང་ཡང་སྒོས་བླ་མ་རྡོ་རྗེ་འཆང་སྐུ་ན་ཕྲ་བའི་ཚེ་དབུས་ཕེབས་གནང་ཁར་ཐུགས་སྨོན་གནང་བ་དུས་སུ་སྨིན་ཏེ། སླར་ཡང་བོད་ཁ་བ་གངས་ཅན་ལྗོངས་སུ་ཞབས་ཟུང་གསེར་གྱི་ཆིབས་ཁ་བསྒྱུར། དེ་ཡང་སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༥ ཚེས་ ༢༩ ཉིན་བལ་ཡུལ་ནས་མཁའ་ལམ་བརྒྱུད་ཁྲིན་ཏུའུ་གྲོང་ཁྱེར་གྱི་གནམ་ཐང་དུ་ཕེབས། དེར་ཕེབས་བསུར་བཅར་བའི་མདོ་སྨད་ལྷོ་རྒྱུད་བསྟན་པའི་ཞིང་ས་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་ཆེན་པོའི་གྲྭ་ཚང་ཁག་གི་དགེ་རྒན་རྣམ་པ་དང་དགོན་པའི་དོ་དམ་པ་སོགས་ལས་སྣེ་ཆེ་ཕྲ་ཆུང་གསུམ། གཞན་ཡང་དགོན་སྡེ་མང་པོའི་བླ་མ་ལས་སྣེ་ལྷ་སྡེ་མི་སྡེ་དག་གི་འགོ་འཛིན། མདོར་ན་སེར་སྐྱ་ཕོ་མོ་རྒན་གཞོན་དར་གསུམ་སྟོང་ཕྲག་ལྷག་འཛོམས་ཏེ་བླ་མ་རིན་པོ་ཆེ་རང་ཡུལ་ལ་ཕེབས་པའི་བསུ་བ་རྒྱ་ཆེན་བྱས།
བླ་མ་རྡོ་རྗེ་འཆང་གིས་ཀྱང་དགྱེས་བརྩེས་ཕྱག་དབང་དང་འཚམས་འདྲི་གནང། དེ་ལྟར་བླ་སློབ་ཞལ་འཛོམས་ཀྱིས་མགྲོན་ཁང་ཆེན་པོར་གདན་དྲངས། ཁྲིན་ཏུའུ་ནས་ཉིན་ཤས་བཞུགས་ཞག་ངང་དེ་གའི་འཇམ་དབྱངས་ལྷ་ཁང་དང་ཆེན་ཁྲིང་རི་བོ་སོགས་སུ་གནས་གཟིགས་བཀའ་དྲིན་བསྐྱངས། ཟླ་ ༦ ཚེས་ ༢ ཉིན་མཐོང་བ་དོན་ལྡན་གྱི་ཆིབས་ཁ་རང་ཡུལ་ཕྱོགས་སུ་བསྒྱུར། སྤོ་དཀར་རི་བོའི་ཕུགས་ལམ་བརྒལ་ཏེ་ལྷ་རྒྱལ་གླིང་ནས་བཟུང་ཟངས་དཀར་སྟོད་སྨད་བར་གསུམ་གྱིས་ཕེབས་བསུ་ཞུས་ཏེ་ཟངས་དཀར་སྨད་ཀྱི་ས་ཆ་རག་ཁྲོམ་དུ་ཟངས་དཀར་སྟོད་སྨད་བར་གསུམ་གྱི་ཇ་ཐབ་ཐོག་ཕེབས། ཁང་དམར་དགོན་པས་གཙོས་དགེ་འདུན་པ་རྣམས་དང་ཟངས་དཀར་བ་གསུམ་གྱི་མི་མང་། རྒྱལ་རོང་དང་ཁྲི་བཅུ་དམུ་དགེ་སོགས་ནས་ཕེབས་པའི་དད་མཇལ་བ་ཡོངས་ལ་ཕྱག་དབང་གནང། དེ་ནས་ཆིབས་ཐོན་གྱིས་ཨ་མཆོག་ཁག་གསུམ་གྱི་ཆིབས་བསུ་གནའ་སྲོལ་ལྟར་རྟ་བ་རྣམས་ཀྱིས་བསྟར་ཕྲེང་གིས་བསུས་ཏེ་ཨ་མཆོག་ཁག་གསུམ་གྱི་ཇ་ཐབ་སྟེང་ཕེབས། ཨ་མཆོག་ཁག་གསུམ་དང་རྨེ་བ་ཤོག་ཁག་གོང་འགབ་ཤར་ཁོག་སོག་ཚང་ཐང་སྐོར་གཅའ་ར་ནག་སོགས་ནས་ཕེབས་པའི་དད་མཇལ་བ་ཀུན་ལ་ཕྱག་དབང་རིན་པོ་ཆེ་གནང་།
དེ་ནས་ཕེབས་ཐོན་གྱིས་གཅའ་རུ་བ་དང་ཨ་མཆོག་རྭ་མདོ་མ་ཨ་མཆོག་སྒ་སར་མ་ཨ་མཆོག་མཐའ་བ་མ་སོགས་ཀྱི་ཆིབས་བསུས་སྣེ་དྲངས་ཏེ་མཐའ་རྭམ་སྒ་སར་མ་བཅས་ཀྱི་ཇ་ཐབ་ན་རིང་དུ་ཡོད་པ་དེར་ཕབས། དེར་འདུས་པའི་མཐའ་རམ་སྒར་སར་མ་སོགས་ཀྱི་མི་མང་ལ་ཕྱག་དབང་སྩལ་ནས་རང་དགོན་སྨྲ་སེང་གླིང་དུ་ཆིབས་ཐོན་གནང། རི་བོ་གྲགས་ཅན་ཨ་ཞི་ལ་ཤོད་བཀྲ་ཤིས་གསེར་ལུང་ཐང་དུ་གནའ་སྲོལ་ལྟར་དགོན་པའི་རྡོ་རམས་པ་དག་གིས་གཟབ་མཆོར་བཅས་རྟ་ཧྲག་གིས་ཆིབས་བསུ་དང་། དགོན་པའི་གླིང་མཐའ་ནས་དགེ་འདུན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཏེ་སྤོས་དང་མཇལ་དར་ཕྱག་ཏུ་ཐོགས་ནས་ཉན་ཐོས་དགྲ་བཅོམ་ཐང་ལ་ཕེབས་པ་ལྟ་བུའི་ངང་རྒན་རིམ་མ་འཁྱོར་བའི་སེར་ཕྲེང་གིས་ཚོགས་ཆེན་འདུ་ཁང་དུ་གདན་དྲངས། དེར་མཛད་སྒོ་གྲུབ་ནས་ཨ་མཆོག་བླ་བྲང་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་ཏེ་གདན་སའི་སྲོལ་བཞིན་གྱི་ཕེབས་བསུའི་མཛད་སྒོ་རྒྱས་པ་འཚོགས། དེ་ལྟར་ཕེབས་བསུ་རྒྱ་ཆེན་བཅས་གཟིམས་ཆུང་དུ་གདན་ཞུ་ལེགས་པར་གྲུབ་སྟེ་བསྟན་དང་བསྟན་འཛིན་ཡུན་དུ་གནས་པའི་རྟེན་འབྲེལ་འགྲིག
སྔ་ལོའི་ཞབས་སྙུང་ད་དུང་ལེགས་པར་མ་དྲག་ཀྱང་ཚེས་ ༤ ནས་ཆུ་ཚོད་གསུམ་པར་སྔར་བཞིན་མི་མང་ལ་མཇལ་ཁའི་དབུ་ཚུགས། དེ་ཡང་མཇལ་བ་མང་ཉུང་ལ་མ་ལྟོས་པར་རང་རང་གི་རེ་འདོད་ཡོངས་སུ་བསྐངས། ཚེས་ ༧ ནི་གྲྭ་ཚང་གི་འཛིན་གྲྭ་གཏུགས་པའི་དུས་བཟང་སྐལ་བཟང་གི་ཉིན་ཡིན། དེ་ཡང་གདན་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་སྲོལ་བཞིན། དགོན་པའི་ཁྲི་གདན་ཟུར་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་འདུལ་མཛོད་དབུ་མ་ཡན་གྱི་མཁས་པའི་དབང་པོ་རྣམས་དཔང་པོར་བཞུགས་ཏེ། འཛིན་གྲྭ་ཡར་མར་གཏུགས་པའི་ཉིན་ཤས་རིང་གི་རྩོད་འགྲན་དེ་འཆད་ཉན་ཡར་རྒྱས་ཀྱི་ཐབས་ལམ་བླ་ན་མེད་པ་ཞིག་ཡིན། སྔར་ཞུས་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་མགོན་དུ་༸བླ་མ་རིན་པོ་ཆེ་ཕེབས་ཏེ་ལྷན་ནེ་ལྷམ་མེ་ལྷང་ངེར་བཞུགས་པས་བསྟན་པ་མགོན་དང་བཅས་པར་གྱུར། དེ་ལྟར་བླ་གྲྭ་ཞལ་འཛོམས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་རྒྱབ་རྟེན་ལུང་གིས་ཕྱུག་ཅིང་རིགས་པའི་ལམ་བཟང་ཡངས་པ་དག་གིས་གཅིག་རྗེའི་གཉིས་མཐུན་གྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནད་ལ་བགྲོ་བའི་སྒྲུབ་པའི་མཆོད་པ་ཕུལ།
ཚེས་ ༡༢ ནས་གྲྭ་ཚང་རིན་པོ་ཆེས་ཆུ་བཟང་ཁར་ཤིང་སློང་ཉིན་ཤས་མཛད་པར་སྤྱན་ཞིབ་དང་འབྲེལ་གནས་དེར་རྟེན་ཁྲུས་ཡུལ་ཁྲུས་ཀྱང་གནང། ཚེས་ ༡༨ ནས་གནའ་སྲོལ་བཞིན་འབྲོག་པའི་གྲྭ་པ་ཞེས་སྐུའི་ངལ་གསོ་དང་འབྲེལ་ཤིང་སློང་ལ་ཕེབས་པ་ཡིན་མོད། འོན་ཀྱང་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བའི་བཤེས་གཉེན་རྣམས་དང་ལྷན་ཉིན་ལྟར་མ་འོངས་དགོན་པ་འདི་ཉིད་ཀྱི་འཆད་ཉན་འཕེལ་ཐབས་རྒྱུགས་སྤྲོད་ཀྱི་ལམ་ལུགས་བཟང་པོ་འཛུག་འཆར་ལ་བགྲོ་གླེང་གིས་འཆར་ཟིན་གཏན་འབེབས་མཛད། རང་དགོན་གྱི་མདོ་ཁམས་འཇང་དགུན་ཆོས་སུ་ཕེབས་མཁན་དགེ་སློབ་ཡོངས་ལ་མཇལ་ཁ་དང་དམ་གཟིགས་བསྟོད་བསྔགས་གནང། ཚེས་ ༢༠ ཉིན་ཁྱོམ་རྩ་ཀླུ་སྒྲུབ་རྒྱ་མཚོས་གནས་སྤོར་བྱས་པའི་སྐྱ་འགོ་དགོན་གྱི་གཙུག་ལག་ཁང་གསར་པའི་སྒོ་འབྱེད་མཛད་སྒོ་ལ་གདན་ཞུས་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།
ཚེས་ ༢༣ ནས་ཉིན་གསུམ་རིང་སླར་ཡང་སློབ་གཉེར་གྱི་ཆ་རྐྱེན་རྒྱུགས་སྤྲོད་ལམ་ལུགས་བགྲོ་གླེང་གནང། ཚེས་ ༢༤ ལ་ཨ་མཆོག་ལྷ་སྡེའི་ཡུལ་ལྷ་བཀྲ་ཤིས་གཡང་གི་ལྷ་ཆེན་གསོ་བར་ཕེབས་ཏེ་ལྷ་སྡེ་མི་སྡེ་ཡོངས་ཀྱི་རེ་བ་སྐོང་བར་མཛད། ཚེས་ ༢༥ ཉིན་རྒོན་ཐང་དུ་ཕྱོགས་གང་ས་ནས་འདུས་པའི་དད་ལྡན་ཡོངས་ལ་འཇམ་དབྱངས་གང་བློ་མ་དང་ཨ་ར་པ་ཙ་མ་ཎི་སོགས་ཀྱི་ལྗགས་ལུང་དང་འབྲེལ་འདི་ཕྱིའི་བླང་དོར་བཀའ་སློབ་གནང། དེ་གྲུབ་པ་དང་ཨ་མཆོག་དགོན་སྡེ་ཀུན་གྱི་མི་སྣ་གཙོ་གྲས་ལྷན་འཛོམས་ཐོག་དུས་འཁོར་དབང་ཆེན་གྱིས་མཚོན་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་བའི་གསོལ་འདེབས་ཞུས། ཚེས་ ༢༦ ཉིན་ཨ་མཆོག་ལྷ་སྡེ་ཀུན་གྱི་སློབ་གྲྭ་བ་ཆེ་འབྲིང་ཆུང་གསུམ་ལ་གཟེངས་རྟགས་དང་བོད་མིའི་ཡུལ་སྲོལ་གོམས་གཤིས་། ཡ་རབས་སྤྱོད་བཟང། སྤྱི་སྒེར་གང་ལ་ཡང་ཤེས་ཡོན་གལ་ཆེ་ཚུལ་སོགས་བཀའ་སློབ་དང་ཆོས་འབྲེལ་གནང།
ཟླ་བ་ ༨ ཚེས་ ༡ ལ་ཨ་མཆོག་སྒར་སར་མའི་རེ་འདོད་ལྟར་ཡུལ་ལྷ་རྩེ་རྒྱལ་དྲེགས་པའི་དབང་ཕྱུག་ལ་སྲོག་ཤིང་གསར་འཛུགས་དང་དཔའ་མཁར་གསར་རྩིག་ལ་ཕེབས། ཟླ་དེའི་ཚེས་ ༨ ཉིན་གདན་ཞུའི་གསོལ་འདེབས་ཇི་ལྟར་ཞུས་པ་བཞིན་དབལ་ཤུལ་རྨེ་བའི་སྔ་འགྱུར་རྙིང་མའི་དགོན་ཆེན་དུ་ཆིབས་བསྒྱུར་ཐོག་གྲྭ་བཙུན་སྟོང་ཕྲག་བརྒལ་བར་དགོན་བདག་བླ་མ་༧སྐྱབས་རྗེ་ཤེལ་ཕྲེང་བ་རྗེ་ཤེས་རབ་རྒྱ་མཚོ་སྐུ་བདེ་བར་གཤེགས་པའི་ཐུགས་གསོ་དང་སྦྲགས་ཏེ་གསུང་དོན། སྔ་འགྱུར་རྙིང་མའི་དགོན་ཆེན་འདི་དང་རི་བོ་དགེ་ལྡན་པའི་དགོན་ཆེན་ཨ་མཆོག་མཚན་ཉིད་དགོན་འདི་གཉིས་ལྟ་བུའི་གསར་རྙིང་གི་དགོན་ཆེན་གཉིས་སྔར་བཞིན་འབྲེལ་ཟབ་དམ་གཙང་ཡོང་བ་འདི་ནི་བསྟན་དང་འགྲོ་བར་ཞབས་འདེགས་མཉམ་སྒྲུབ་ཡིན་པར་མ་ཟད། བོད་གངས་ཅན་ལ་མིག་དཔེ་ལེགས་པོ་འཇོག་རྒྱུ་ངའི་རེ་བའི་ཆེ་ས་ཡིན་ལ་ང་ཚོས་མཉམ་བསྒྲུབས་ཀྱི་བྱ་བ་རླབས་ཆེན་ཞིག་ཀྱང་ཡིན། དེ་ལྟར་བྱུང་ན་དགོན་པ་དང་ལྷ་སྡེ་ཀུན་ས་ཆ་འདིར་བདེ་སྐྱིད་དཔལ་ལ་མཉམ་རོལ་དང་ས་ཆ་འདིའི་བསོད་ནམས་ཡིན་པ་ཙམ་དུ་མ་ཟད། བོད་ཁ་བ་གངས་ཅན་གྱི་མིག་དཔེ་དང་བསོད་ནམས་ཤིག་ཀྱང་ཡིན། ཞེས་སོགས་བཀའ་སློབ་ཀུན་གྱི་ཡིད་ལ་འཐད་པ་མང་དུ་གནང་ཞིང། སེར་སྐྱ་ཁྲི་ཕྲག་བརྒལ་བར་ཆོས་འབྲེལ་དང་བཀའ་སློབ་ལམ་སྟོན་རྒྱ་ཆེན་གནང་ཞིང་ཕྱི་ཉིན་གངས་དཀར་ལྷ་སྡེར་ཕེབས་ཏེ་མི་མང་ལ་ཟབ་ཆོས་དང་བཀའ་སློབ་སྩལ།
ཚེས་ ༢༩ ཉིན་གདན་ཞུའི་གསོལ་འདེབས་སྔ་ཕྱི་ཕུལ་བ་ལྟར་དབལ་ཤུལ་གཅའ་རུ་བར་ཆིབས་བསྒྱུར་གྱིས་སེར་སྡེ་མི་ཕམ་བྱམས་པ་གླིང་དུ་དགའ་ལྡན་ལྷ་བརྒྱ་མའི་ཁྲིང་ལུང་ཟབ་རྒྱས་དང་བཀའ་སློབ་གནང་། ཉིན་གུང་རུ་སྡེའི་ཇ་ཐབ་ཐོག་ཕེབས་ཏེ་མ་ཎི་སོགས་ཀྱི་ལྗགས་ལུང་དང་རྐུ་དང་ཤོ་རྒྱན་སོགས་འཇིག་རྟེན་གྱི་མིག་ལྟོས་ངན་པ་མི་བྱེད་པ་དང་གནའ་སྲོལ་བཟང་པོ་མི་ཉམས་པ་སོགས་ལས་བརྩམས་ཏེ་བཀའ་སློབ་དང་འཕོ་བ་གནང་ཞིང་དད་མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་སྩལ། དེ་ནས་མཆོད་རྟེན་དག་ལ་རབ་གནས་དང་གྲྭ་ཤག་ཁ་ཤས་སུ་ཕེབས་པ་སོགས་སེར་སྐྱ་ཀུན་གྱི་རེ་བ་ཡོངས་སུ་བསྐངས། ཟླ་བ་ ༩ ཚེས་ ༡ ཉིན་ཞྭ་སེར་བསྟན་པའི་མཛེས་རྒྱན་ཁྲི་གུང་ཐང་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་༧བླ་མ་རྡོ་རྗེ་འཆང་ལ་མཇལ་བར་ཕེབས་ཏེ་ཐུགས་གཤིན་ཟབ་པའི་བགྲོ་བ་མང་དུ་མཛད།
ཕྱི་ཉིན་ཡོངས་འཛིན་རིན་པོ་ཆེ་ཨ་མཆོག་བླ་བྲང་དུ་གུང་ཚིགས་ལ་གདན་དྲངས་ཏེ་རྣམ་གཉིས་ཀྱིས་ལྷན་ཅིག་ལྗགས་སྨིན་དང་སྐུ་པར་ཡང་མཉམ་སྒྲོན་གནང། ཚེས་ ༣ ཉིན་མ་འོངས་སེམས་ཅན་ཚེ་འདས་རྣམས་ཀྱི་ཆེད་དུར་ཁྲོད་ཆེན་པོ་ནགས་སྐོར་གྱི་མདུན་ཐད་དུ་ཕེབས་ཏེ་ཚེ་དཔག་མེད་བཞེངས་སར་རྒྱང་གཟིགས་བྱིན་རླབས་དང་བདེ་སྨོན་སོགས་གསུངས་ནས་ཐུགས་སྨོན་རྒྱ་ཆེན་མཛད། ཚེས་ ༩ ཉིན་དབལ་ཤུལ་རྨེ་བའི་སྔ་འགྱུར་རུང་ཐ་དགོན་དུ་ཆིབས་བསྒྱུར་གྱིས་ཚོགས་ཆེན་འདུ་ཁང་དུ་དགེ་འདུན་མང་ལ་ཕྱག་དབང་དང་འཇམ་མགོན་བླ་མའི་གསུང་གི་སྙིང་པོ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་རྒྱས་པ་གནང། དེ་བཞིན་མི་མང་ཁྲི་ཕྲག་བརྒལ་བར་མ་ཎི་སྒྲོལ་མ་འཇམ་དབྱངས་གང་བློ་མ་ཨ་ར་པ་ཙ་སོགས་ཀྱི་ལྗགས་ལུང་དང་བཀའ་སློབ་གནང། ཚེས་ ༡༢ ཉིན་སེ་འཛོ་སྡེ་པར་ཕེབས་ཏེ་མཚན་བརྗོད་དང་སྒྲོལ་མ་དང་མ་ཎི་སོགས་ཀྱི་ལྗགས་ལུང་སྩལ། མི་མང་ལ་བླང་དོར་བཀའ་སློབ་དང་ཕྱག་དབང་གནང། ཚེས་ ༢༡ ཉིན་ཨ་ཁམས་སུ་ཕེབས་ཏེ་དེར་འདུས་ཨ་ཁམས་ཚོ་ལྔ་ཤོག་དྲུག་གི་མི་མང་ཀུན་ལ་ཆོས་འབྲེལ་དང་བཀའ་སློབ་ཕྱག་དབང་གནང། ཟླ་བ་ ༡༠ ཚེས་ ༡ སྟེ་གཟའ་སྐར་དགེ་བའི་ཉིན་ཨ་མཆོག་མཚན་ཉིད་དགོན་མ་ལག་དང་བཅས་པས་གཙོས་ས་དགེ་ཇོ་རྙིང་གི་དགོན་ཁག་མང་པོའི་བླ་མ་ལས་སྣེ་ལྷན་འཛོམས་ཐོག་མགྲིན་གཅིག་ཏུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་འདེབས་ཞུས། ཚེས་ ༢ ཉིནཧི་ར་འགབ་མར་ཕེབས་ཏེ་འདོད་ཆོས་དང་ཕྱག་དབང་སྩལ། ཚེས་ ༡༡ ཉིན་ཁྱུང་མཆུ་ནས་ཡོང་བའི་སློབ་གྲྭའི་དགེ་རྒན་བཞི་བཅུ་ལྷག་ལ་བཀའ་སློབ་སྩལ། ཚེས་ ༡༤ ཉིན་༸བླ་མ་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་བཤེས་ལྷ་རམས་དང་རྡོ་རམས་སློབ་གཉེར་བ་ལེགས་གྲས་བཅས་གདན་འཛོམས་པའི་ངང་དབུ་མ་དགོངས་པ་རབ་གསལ་གྱི་དབུ་ནས་བགྲོ་གླེང་བྱེད་པའི་དབུ་བཙུགས། ཚེས་ ༡༦ ཉིན་མདོ་བ་དགོན་པའི་འདུ་ཁང་འགྲུབ་སྟོན་ལ་ཉིན་གཅིག་གིས་སྔ་ཕེབས་གནང་སྟེ་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་རྒྱས་པ་དང་དགོན་པས་གསར་དུ་བཙུགས་པའི་སློབ་གྲྭར་གང་བློ་མའི་ལྗགས་ལུང་དང་བཀའ་སློབ་སྩལ་ཞིང་ཇ་ཐབ་སར་མི་མང་ལ་མཇལ་ཁ་དང་འདོད་ཆོས་གནང་། མདོར་ན་གང་དུ་ཕེབས་ཀྱང་བླ་ཆེན་མི་ཆེན་གྱི་བརྟུལ་ཞུགས་མི་འཛིན་པར་གྲྭ་རྐྱང་དཀྱུས་མའི་ངང་ཚུལ་བཟུང་སྟེ་ཕེབས།
ཁོང་རིན་པོ་ཆེས་གསུང་དོན། ང་ཡོང་བ་དེ་མཛད་སྒོའི་རྣམ་པར་མི་འགྲོ་བ་གལ་ཆེ། གལ་ཏེ་མཛད་སྒོའི་རྣམ་པར་སོང་ན་དགོས་པ་ལྷག་པོ་མེད་ཁར་མི་མང་དང་དགོན་པ་ལ་དཀའ་ངལ་བཟོས་ན་དོན་མེད་ཡིན། དེ་ལས་ང་ཐུག་དགོས་པར་ཐུག །ཆོས་འབྲེལ་དགོས་སར་ཆོས་འབྲེལ་བྱས། སྐད་ཆ་བཤད་དགོས་སར་སྐད་ཆ་བཤད། མཇལ་ཁ་དགོས་སར་མཇལ་ཁ་བཞག །དེ་ལྟར་བྱུང་ན་ངའི་རེ་བ་འགྲུབ་པ་ཡིན་ལ་ཁྱེད་ཅག་གི་བསམ་དོན་ཡང་འགྲུབ་པ་ཡིན་པས་དེས་ཆོག །ཅེས་སོགས་གསུངས། དགོན་སྡེ་མི་སྡེ་གང་དུ་ཕེབས་ནའང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀུན་ལ་མཐུན་པའི་ཤ་ཚའི་བཀའ་སློབ་གནང་བ་དང། དེའི་ཐོག་དུས་རབས་ཀྱི་འགྲོས་དང་བསྟུན་པའི་ཤེས་ཡོན་གལ་ཆེ་ཚུལ། ལྷག་པར་དུ་སྔར་བཞིན་ཡུལ་ཕྱོགས་གང་དུ་ཕེབས་ནའང་རང་ས་རང་ཡུལ་གྱི་ཁོར་ཡུག་བདག་སྐྱོང་དང་གཅེས་སྤྲས། ནགས་ཚལ་འདེབས་འཛུགས་སོགས་མི་གསུངས་སའི་ཡུལ་གཅིག་ཀྱང་མེད། ད་ལོ་དེའི་ཐོག་རུ་དགོན་གང་དུ་ཕེབས་ཀྱང་རྟེན་ཁྲུས་ཡུལ་ཁྲུས་ཤ་སྟག་གནང། མ་ཟད་ཉིན་གུང་ཆུ་ཚོད་གསུམ་པའི་མི་མང་གི་མཇལ་ཁ་གྲུབ་རྗེས་ཨ་མཆོག་མཚན་ཉིད་དགོན་པའི་ཤར་ལྷོ་ནུབ་བྱང་གང་རུང་ཞིག་ཏུ་ཕེབས་ཏེ་གད་སྙིགས་གཙང་སེལ་མཛད་པ་ཐེངས་ཉུང་ཉུང་གཏན་ནས་མིན་ལ་སྐབས་དེ་དག་དུའང་རྟེན་ཁྲུས་ཡུལ་ཁྲུས་གནང།
དེའང་བླ་མ་རིན་པོ་ཆེར་ཞབས་ཀྱི་སྙུན་གཞི་ཡོད་བཞིན་དུ་ས་ཕྱོགས་གང་སར་ཕེབས་ཏེ་བསྟན་པ་འཛིན་སྐྱོང་དང་ཤེས་ཡོན་གལ་ཆེན། ཡ་རབས་སྤྱོད་བཟང་དང་སྒྲིག་ཁྲིམས་རང་འཁུར། ཁོར་ཡུག་སྲོང་སྐྱོབ་དང་ནགས་ཚུལ་འདེབས་འཛུགས་དགོས་སྐོར་སོགས་ཀྱི་བཀའ་སློབ་ཞལ་ནས་ཆད་མ་མྱོང་བའི་དགེ་མཚན་གྱིས་ད་ཆ་དགེ་འདུན་པའི་འཆད་ཉན་ལ་ཡར་རྒྱས་ཀྱི་མཐུན་རྐྱེན་ཇེ་འཛོམས་དང། མི་མང་གཞོན་སྐྱེས་དག་གི་ཤེས་ཡོན་གྱི་ཆུ་ཚད་ཇེ་བཟང་། རྐུ་རྒྱན་དུད་ཆང་གཅོད་མཁན་སྔར་ལས་ཀྱ་ཇེ་མང་དུ་འགྲོ་བ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཇེ་མང་ནས་ཇེ་མང་། ཨ་མཆོག་མཚན་ཉིད་དགོན་གྱི་ཕྱོགས་བཞི་ནས་རིམ་པར་མཆེད་དེ་ཁོར་ཡུག་གཙང་བའི་ས་ཆ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ། ནགས་ཚལ་སྲུང་སྐྱོབ་དང་སྡོང་ཕྲུག་གསར་འདེབས་ཀྱི་གྲངས་འབོར་ཡང་ཆེས་ཆེར་འཕར་བཞིན་པ་སོགས་བསྟན་འགྲོའི་མགོན་དཔུང་དམ་པར་འཚོ་ཞིང་བཞུགས་པའོ།།