༄༅། །མཁའ་དབྱིངས་ནས་བཟུང་ཡངས་པའི་ས་གཞི་དང༌། །
གོ་ལ་ནས་བཟུང་ཕྲ་རྡུལ་མཐར་ཐུག་དབར། །
ཐམས་ཅད་སྤྲོ་བསྡུ་མཛད་པོའི་སེམས་ཁམས་ཀྱི། །
གདོད་མའི་གཤིས་ལུགས་འོད་གསལ་དབྱིངས་ལ་འདུད། །
སྟོང་པའི་མཁའ་ལ་ཤར་བའི་ལོ་རྒྱུས་འང༌། །
དུས་གསུམ་སོ་སོར་སྤྲོས་པའི་གསར་རྙིང་གི །
མ་ངེས་རིན་ཐང་བཅད་པའི་རྣམ་འགྱུར་ཏེ། །
རིམ་དང་ཅིག་ཅར་བྱུང་བའང་ཁྱོད་ཀྱི་འཕྲུལ། །
གྲངས་མེད་ཚོགས་གཉིས་ལས་འཁྲུངས་སངས་རྒྱས་དང་། །
འཇིག་རྟེན་བཀོད་པོར་རློམས་པའི་ཡེ་ཤུ་ནས། །
ཨལ་ལའི་བར་གྱི་ཕྱི་ནང་སྟོན་པ་ཡང་། །
སེམས་ཁམས་མེ་ལོང་ནང་གི་བྱད་བཞིན་གཟུགས། །
རྣམ་པར་རྟོག་པའི་སྣང་ངོར་འཆར་ཙམ་གྱིས། །
དངོས་ཀུན་འཕྲོ་འདུ་བྱེད་པར་སྐབས་འབྱེད་པ། །
འོད་གསལ་ཆོས་དབྱིངས་གཅིག་པུར་ཟད་མོད་ཀྱང་། །
རིགས་པའི་གནད་འདིར་ཚན་རིག་པ་ཡང་རྟུལ། །
ཞེས་དགེ་སྡིག་དང་དཀར་ནག་གི་ལས་གང་བྱེད་པར་བསྐུལ་དྲགས་པས་ཟད་ལ་ཉེ་བའི་མཆུ་ཡང་སྐྱར་འགུལ་བའི་མགོ་བརྩམས་ན། འདི་ལྟར་སྨྲ་སྟེ།
དོགས་པ་རྣམ་རྟོག་ཟེར་བ་འདིས་ནི་རྣམ་པ་གཅིག་ཏུ་ན་མིའི་སྤྱི་ཚོགས་ལ་དཀའ་ཚེགས་སྦྱིན་པས་འཁུར་པོ་ལྕི་མོ་ཞིག་རེད་ལ་ཕྱོགས་གཞན་གཅིག་ནས་བསམ་ན་ཕན་བདེར་བགྲོད་པའི་མིག་ལྟ་བུའི་མེད་དུ་མི་རུང་བ་ཞིག་ཀྱང་རེད། མི་རབས་རྒན་གཞོན་དབར་དང་། རིག་གཞུང་དང་ཁ་དོག་མི་གཅིག་པའི་མི་རིགས་དང་མི་རིགས་དབར་དོགས་པ་རྣམ་རྟོག་གི་འདྲེ་སྲིན་ནི་འགོག་ཐབས་མེད་པར་རླུང་འཚུབ་ལྟར་རྒྱུ་ཞིང་། རྣམ་རྟོག་འདྲེར་ལངས་ཟེར་བའི་དཔེ་ཡོད་པ་ལྟར། དོགས་པ་རྣམ་རྟོག་གིས་བསླངས་པའི་གླེང་མོལ་དང་དཔྱད་པ་བྱེད་རྒྱུ་དག་ཤེས་ཡོན་ལ་མ་བྱང་པའི་སྤྱི་ཚོགས་ཀྱིས་དགའ་མོས་བྱེད་རྒྱུ་ཕར་ཞོག་སུན་སྣང་བྱེད་ཅིང༌། བརྒྱ་ལ་གླེང་མོལ་བྱས་ཀྱང་མི་བཟོད་པའི་ཁོང་ཁྲོ་བསླངས། ཁ་རྩོད་འཁོན་འཛིན་བྱས། འཁྱོག་བཤད་སོགས། དཔེར་ན་བག་ལེབ་ལ་གསོབ་རྒྱབ་པ་ལྟ་བུ་གཅིག་ལ་གཉིས་ཀྱི་སྒྲོ་འདོགས་པ་དང་། ཡང་ན་ལྒང་བུག་ནང་གི་ཕུ་ཀློད་པ་ལྟ་བུ་ཡོད་ཀྱང་མི་འདུག་ཟེར་བའི་སྐུར་འདེབས་དང་འུར་སྒྲོག་བྱེད་པ་སོགས་ཕན་པ་ཆུང་ཞིང་གནོད་པ་ཤ་སྟག་བཟོས་བསྡད་ཀྱི་རེད། དེ་ལྟར་ཡང་ས་སྐྱ་ལེགས་བཤད་ལས། མཁས་པ་མཁས་པའི་ནང་ན་མཛེས། །ཟེར་བ་རྒྱ་གར་གྱི་པཎྜིཏ་ནང་ཕན་ཚུན་དང་། བོད་ལ་སེ་འབྲས་དགེ་གསུམ་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་གདན་ས་ཁག་གི་རིགས་པ་སྨྲ་བའི་དགེ་བཤེས་རྣམ་པ་དང་། དེ་མིན་ཕྱི་རྒྱལ་ལ་མཚོན་ན་Philosophersདང༌། ཚན་རིག་པ་དག་གིས་ནང་ཕན་ཚུན་བགྲོ་གླེང་བྱས་ན་སྔར་མ་བྱུང་བའི་བློ་སྐྱེད་དང་རྣམ་དཔྱོད་ཀྱི་སྒོ་མང་པོ་གསར་དུ་དབྱེ་ཐུབ་པ་ཉམས་མྱོང་གིས་གྲུབ་པས། ཆོས་ཚན་གྱི་མཁས་བརྒྱ་མཉམ་འཛོམས་དང་བགྲོ་གླེང་རྒྱུན་མཐུད་ཡོང་བར་ཕྱོགས་གཉིས་ཀས་འབད་རྩོལ་བྱེད་བཞིན་ཡོད་པ་རེད། དེང་གི་དུས་སུ་བོད་ཀྱི་དཔེ་མཛོད་ཁང་འདི་ནས་ཀྱང་འདས་པའི་ལོ་མང་རིང༌། ཨང་རྩིས་དང་ཚན་རིག་ཟབ་སྦྱོང་། ཆོས་ཚན་བགྲོ་གླེང་གི་ཚོགས་འདུ་མང་པོ་གོ་སྒྲིག་བྱས་ཏེ་རྣམ་དཔྱོད་ལྡན་པའི་མཁས་བརྒྱའི་སོ་སོའི་ཡོན་ཚད་ངོམས་པའི་གཏམ་བཤད་གཏོང་རྒྱུའི་གོ་སྐབས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཡོད། ད་ཕན་མཁས་བརྒྱ་གདན་འཛོམས་ཀྱིས་བགྲོ་གླེང་གནང་བའི་མྱོང་ཚོར་གཞིགས་ན། གླེང་སྟེགས་སྟེང་དུ་ནང་པ་དང་ཚན་རིག་པའི་མཁས་མང་ཕན་ཚུན་གུས་བཀུར་ཞུ་སའི་གྲོགས་པོར་འགྱུར་བཞིན་པ་ནི་དངོས་གནས་མཁས་པ་མཁས་པའི་དབུས་སུ་མཛེས་ཟེར་བའི་དཔེ་དོན་དུ་གྱུར་ཡོད།དཔེར་ན་དུས་ཕྱིས་ཨམ་ཕྲག་ནང་དངུལ་མེད་པའི་མཁས་པ་ཨ་མདོ་དགེ་འདུན་ཆོས་འཕེལ་ལགས།རིག་གནས་ཐོག་རྒྱ་གར་གྱི་པཎྜིཏ་རཱ་ཧུལ་སཾསྐྲྀཏི་ཡཱན་དང་། ཨུ་རུ་སུའི་རི་མོ་མཁན་རོ་རིས་སོགས་ཕྱི་མིའི་མཁས་དབང་ཉུང་ཤས་དང་འགྲོགས་འབྲེལ་བྱས། སྔར་མ་གྲགས་པའི་ཤེས་བྱའི་གནས་མང་པོར་དོ་སྣང་བྱུང་བ་དང་། རྒྱ་གར་སོགས་སུ་ཕེབས་ཏེ་མཁས་པ་ཁག་དང་ཕྲག་པ་བདར།
བསྟན་བཅོས་སྣ་ཚོགས་གཟིགས་པས་དགེ་ཆོས་ཀྱི་ཀླད་པའི་རྒྱ་ཁྱོན་སྔར་བས་ཇེ་ཡངས་སུ་གྱུར་ཡོད་པ་དངོས་ཡོད་རེད། སྐབས་དེར་དགེ་ཆོས་ལགས་ཚན་རིག་ལ་མཁས་པར་གྱུར་པ་རེད་ཅེས་བརྗོད་པ་བདེན་མིན་ཇི་ལྟར་ཡང་ཁོང་གིས་ཚན་རིག་ནང་ཚན་ལོ་རྒྱུས་རིག་པར་དོ་སྣང་བྱས་ཡོད་པ་དང་། ཚན་རིག་ལ་རིག་གསར་ཞེས་ཐ་སྙད་ཀྱང་འདོགས་པར་མཛད་འདུག་པས། རིག་གསར་གྱི་བཤད་སྲོལ་མང་པོ་ཞིག་ཁོང་གི་ཐུགས་ལ་བབ་ཡོད་པ་རེད། ཁོང་ནི་དངུལ་མེད་པའི་མཁས་པ་དབུལ་པོ་ཞིག་ཡིན་ཙང་འགྲོགས་འདྲིས་ཡོད་པའི་གྲོགས་པོ་ཡང་ཕལ་ཆེ་བ་ཤེས་ཡོན་ཅན་དང་ཆབ་སྲིད་ལ་དོ་སྣང་ཡོད་པའི་འབྱོར་མེད་རྐྱང་ཡིན་འདུག་པས་རང་བཞིན་གྱིས་འབྱོར་མེད་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཐོན། ད་དུང་ཁོང་ཚོའི་མཐུན་གྲོགས་ཚོགས་པ་ཞིག་བཙུགས་ཡོང་པའི་དུས་སུ། སྐབས་དེའི་རྒྱ་གར་གཞུང་འཛིན་དབྱིན་ཇིའི་ཉེན་རྟོག་པས་དམར་པོའི་རྩ་འཛུགས་ཤིག་ཏུ་ངོས་འཛིན་བྱས་ཡོད་ཚོད་རེད། རྗིའུ་མི་རིགས་སུ་གཏོགས་པའི་དམར་པོའི་སྟོན་པ་མར་ཁེ་སིས་(Karl Marx) མི་ཚེའི་ནང་།འདས་པའི་ལོ་རྒྱུས་ནང་གི་རྗིའུས་མྱངས་པའི་བར་མ་ཆད་པའི་སྡུག་བསྔལ་དེའི་རྩ་བ་དཔལ་འབྱོར་གྱི་གཉའ་གནོན་བཤུ་བཞོག་ལ་ཐུག་བར་བསམ་པ་དང་། མ་ཟད་དེའི་རྐྱེན་རྩ་གཅིག་ཆོས་ལུགས་ནས་བྱུང་བར་ཐག་བཅད་པ་རེད། ཐག་གཅོད་བྱེད་དུས་མར་ཁེ་སི་རང་ཉིད་ཀྱི་སྲོལ་ལྡན་ཆོས་ལུགས་ཧི་སྦུ་རུ་(HIebrew)དང༌ཡེ་ཤུ་(Christianity)དང་ཁ་ཆེའི་ཆོས་ལུགས་(Islam)བཅས་ལ་ཆ་རྒྱུས་གང་འཚམས་ཡོད་མོད། ནང་པ་ལ་ཆ་རྒྱུས་ཕལ་ཆེར་མེད་པར་སེམས་ཤིང་། གལ་ཏེ་ཅུང་ཟད་ཡོད་པའི་དབང་དུ་བཏང་རུང་ནང་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཟབ་མོ་རྣམས་ཀྱི་བྲོ་བ་མྱོང་མེད་པ་དང༌། ཡོན་ཏན་རྣམས་མཐོང་མེད་པར་ཐག་གཅོད་བྱེད་ཆོག སྐབས་དེའི་དམར་པོའི་རྟོག་གེ་པ་མང་པོས་དད་པ་དག་སྣང་བྱེད་པའི་ཆོས་ལུགས་ཀྱི་གཞི་བཅོལ་ས་ནི་དགོས་པ་རྣམ་རྟོག་( Supersition )ཅེས་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་དང་དད་པ་དག་སྣང་ལ་གཞི་བཅོལ་བར་ངོས་འཛིན་བྱས་པས། ཡང་དག་པའི་དངོས་གཙོ་སྨྲ་བའི་རིང་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་རྨོངས་དད་ཅན་ཡིན་པར་ཐག་གཅོད་བྱས་པ་རེད། སྐབས་དེ་དུས་འཛམ་གླིང་ནང་དེ་འདྲའི་ལྟ་བ་དེའི་ཤུགས་རྐྱེན་ཐེབས་པ་ཉུང་ཉུང་གཏན་ནས་མིན།
སྐབས་དེའི་བོད་ཀྱི་ནང་པའི་སྤྱི་ཚོགས་ཀྱིས་སྤྱིར་འཛམ་གླིང་གི་གནས་སྟངས་དང་ལྷག་པར་དམར་པོའི་ལྟ་བའི་རྦ་རླབས་འཛམ་གླིང་གང་སར་འཕྱུར་བཞིན་པ་དེ་ལ་ཐུགས་སྣང་མཛད་དགོས་ངེས་ཀྱང་། ༧རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཙམ་མ་གཏོགས། ནང་པའི་མཁས་པ་མང་ཆེ་བས་ཐུགས་སྣང་གནང་མ་ཐུབ་པ་འདི་སྐྱོན་ཆ་ཆེན་པོ་ཡིན། །རྒྱ་ཆེ་ལ་གཏིང་ཟབ་པའི་ནང་པའི་རིགས་པའི་གཞུང་ལུགས་ནང་དམར་པོའི་ལྟ་གྲུབ་རིང་ལུགས་ལ་ཁ་གཏད་གཅོག་ཐུབ་པའི་རྣམ་དཔྱོད་དང་ལྟ་གྲུབ་རྒྱ་ཆེན་པོ་ཡོད་ཀྱང་། ནང་པའི་ངོས་ནས་དེ་དག་བེད་སྤྱོད་གཏོང་མ་ཐུབ་པ་དང་། དམར་པོའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་འཛིན་པ་པོ་རྣམས་ནི་དབང་ཤུགས་གཅིག་སྡུད་པར་སོང་གལ་ཏེ་ནང་པས་བགྲོ་གླེང་བྱེད་འདོད་ཀྱང་དམར་པོས་ནང་པ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་དང་ནང་པར་རྣ་བ་བཟེད་རྒྱུའི་ཚབ་ཏུ། ཆོས་གོས་ལུས་ལ་གྱོན། ལྷུང་བཟེད་ལག་ཏུ་ཐོགས་པའི་ནང་པའི་མཁས་དབང་རིགས་པ་སྨྲ་བ་རྣམས་ཀྱི་བྲང་ལ་རྣོན་པོའི་མཚོན་ཆའི་རྩེ་མོ་སྔོ་ཟིང་ངེ་བ་བཙུགས་ཏེ་འཇིགས་བསྐུལ་ཁོ་ན་བྱས་བསྡད་པ་མ་ཟད། རིམ་པས་མཁས་པ་མང་པོ་ཞིག་བསད། མང་པོ་ཞིག་བཙོན་དུ་མུག་ཤིར་བཏང་། ཉུང་ཤས་ཤིག་དགུང་གྲངས་ ༢༥ ཙམ་བཞེས་པའི་ྋགོང་ས་༧སྐྱབས་མགོན་ཆེན་པོའི་ཞབས་རྗེས་བསྙེགས་ཏེ་རང་དབང་ལུང་པར་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་བ་རེད། རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པའི་མཁས་པ་སྐོར་ཞིག་དང་ཐོག་མར་ལོ་ངོ་བཅུ་གྲངས་རིང་སྦག་སའི་ཀེམ་ནང་དགེ་འདུན་ཆིག་སྟོང་ལྔ་བརྒྱའི་ཁྲོད་དུ་བཞུགས་སྐབས་གནམ་གཤིས་དང་ས་ཆུ་མི་འཕྲོད་པའི་ཁར་འཚོ་བ་ཡང་ངན་ངོན་ཙམ་ལ་ལོངས་སྤྱད་དེ་བཞུགས་དགོས་བྱུང་བས། མཁས་མང་དེ་དག་སྐུའི་གཟུགས་ཁམས་ཞན་པའི་ཐོག་ནད་སྣ་ཚོགས་པས་མནར་དུས་སྨན་བཅོས་ཀྱི་ཆ་རྐྱེན་ཡང་ཞན་པས་མང་པོ་ཞིག་སྐུ་ཚེ་མ་ཟིན་པ་དང་། སྐུ་འཚོ་བཞུགས་ཐུབ་པ་ཚོ་ཡང་སྐུ་གཟུགས་ནད་གཅོང་ཅན་དུ་ལུས་ཤིང༌།
དབྱིན་ཧིན་གྱི་སྐད་ཡིག་མི་མཁྱེན་པ་དང་ཡུལ་ལུང་གི་གོམས་གཤིས་ལ་མ་འདྲིས་ཙང་། བོད་ཀྱི་དགེ་བའི་བཤེས་གཉེན་དེ་དག་རྣམས་འགྲན་ཟླ་བྲལ་བའི་མཁས་དབང་ཡིན་པ་དང༌། ཐུགས་རྒྱུད་ན་རིན་ཐང་བྲལ་བའི་རྩ་ཆེན་གྱི་སྐུ་ཡོན་ཡོད་པ་མ་ཤེས་པས་རྒྱ་གར་གཞུང་གི་སྐུ་ཚབ་ཀེམ་ཀ་མན་ཌ་ཚུན་ཆོད་ཀྱིས། ཆོས་ཞུ་བ་དང་དད་པ་དག་སྣང་སྦྱོང་རྒྱུ་ཕར་ཞོག སྐབས་རེ་བ་ཕྱུགས་དང་གླང་གོག་དང་ཁྱད་པར་མི་འདུག་ཅེས་དང་། རྒྱུན་དུ་ཞུགས་པ་རེད་ཟེར་བ་སོགས་མངོན་ལྐོག་གཉིས་སུ་གཤེ་གཤེ་རྐྱང་བྱས་པ་རེད། ཡང་དཔེར་མཚོན་གཅིག་ལ་སྐབས་དེར་ནང་ཆོས་ཀྱི་མཁས་སྙན་དེ་ཙམ་མེད་པའི་དགེ་འདུན་པ་དཀྱུས་མ་ཞིག་བཞུགས་སྒར་དྷ་རམ་ས་ལར་དགེ་རྒན་འོས་སྦྱོང་དུ་ཕེབས་ཏེ་ལོ་གཅིག་ཙམ་སློབ་སྦྱོང་གནང་རྗེས་ཕྱིར་སྦག་སར་གུང་སེང་ལ་ཕེབས་པའི་སྐབས་སུ། སྔར་ནས་ངོ་ཤེས་པའི་སྦག་སའི་རྒྱ་གར་ལས་བྱེད་པས། འོ་ད་ནས་མི་འདི་སྦག་སའི་དགེ་འདུན་པ་ཁྱེད་རང་ཚོར་མིག་དཔེར་གྱུར་པ་རེད། ད་ནས་བཟུང་མི་འདིས་འཛམ་གླིང་གི་མིའི་སྤྱི་ཚོགས་དང་གོམ་པ་མཉམ་དུ་སྤོས་ཏེ་འགྲོ་ཤེས་ཀྱི་རེད་ཅེས་བཤད་ཡོད། དེའང་རྒྱ་གར་དཔོན་རིགས་དེ་དག་གིས་བསམ་པ་རྣམ་དག་གིས་དགེ་འདུན་པར་སློབ་སྟོན་ནན་བཤད་གནང་བ་ཞིག་རེད་མ་གཏོགས་ཞེ་འཁོན་གྱིས་དེ་ལྟར་བཤད་པ་མ་རེད། བདེན་མིན་མི་ཤེས་ཀྱང་ཕྱིས་སུ་དགེ་རྒན་འོས་སྦྱོང་ལ་ཕེབས་མཁན་ཁོང་སྐྱ་ལ་བབས་ནས་ནང་མི་དང་ཕྲུ་གུ་མང་ཙམ་བྱུང་བས་འཚོ་བར་དཀའ་ངལ་བྱུང་ལུགས་ཤིག་ཐོས་མྱོང་། གང་ལྟར་བོད་ཀྱི་མཁས་དབང་རྣམ་པས་དེ་འདྲའི་མཐོང་ཆུང་ཁྱད་གསོད་ཀྱི་མྱོང་ཚོར་མི་ལོ་གང་འཚམས་རིང་མྱོང་དགོས་བྱུང་ཡོད། འདས་པའི་ལོ་ ༤༠ སྔོན་གྱི་གནས་སྟངས་དེ་དག་ད་ལྟ་རྦད་དེ་འགྱུར་བ་ཕྱིན་ཏེ་རྒྱ་གར་དཔོན་རིགས་དེ་དག་གིས་དུད་འགྲོ་ལྟ་བུར་བརྩི་རྒྱུའི་བོད་ནས་བྱོན་པའི་མཁས་དབང་དེ་དག་གི་སྐུ་ཡོན་ནི་ད་ལྟའི་བོད་ཀྱི་མཁས་དབང་ཚོས་འཛམ་བུ་གླིང་པའི་ཚན་རིག་མཁས་པ་ཚོ་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་བགྲོ་གླེང་གནང་རྒྱུའི་མ་རྩར་གྱུར་བསྡད་ཡོད་པ་དང་། ད་མཚམས་སྔར་གྱི་རྒྱ་གར་དཔོན་རིགས་དེ་རྣམས་བཞུགས་ཡོད་ཚེ་འོ་ཙི་ལ། ཁོང་རྣམས་འདི་འདྲའི་སྐུ་ཡོན་ཆེན་པོ་ཡིན་པར་རང་བསམ་མ་བྱུང་ཏན་ཏན་གསུང་གི་རེད། གནད་དོན་འདིའི་རྐྱེན་རྩ་ནི་དད་པ་དག་སྣང་མེད་པ་དང་དེའི་ལྡོག་ཕྱོགས་མཐོང་ཆུང་ཁྱད་གསོད་དང་རང་ལྟ་མཆོག་འཛིན་ལ་ཐུག་ཡོད། གཞན་ཡང་ད་ལྟ་བོད་ཀྱི་རྩ་དོན་ལ་ཕན་པ་དང་རྒྱབ་སྐྱོར་ཤུགས་ཆེ་ཤོས་གང་ནས་ཐོབ་ཀྱི་འདུག་ཅེས་ང་རང་ཚོས་མཛུབ་མོ་བཙུགས་ཏེ་དཔྱད་ཀྱིན། ཕར་ཕར་ཞིབ་འཇུག་བྱས་ན་བོད་ཀྱི་གནའ་རབས་ནས་འཁུར་འོངས་པའི་ལྟ་བ་དང་སྤྱོད་པ་གྲུབ་མཐའ་འདི་དག་ཁོ་ན་ལ་ཐུག་བསྡད་ཡོད་པ་མ་གཏོགས་གཞན་པའི་མཛུབ་མོ་འཛུགས་ས་ཞིག་རྙེད་ཀྱི་མེད། རྒྱ་ནག་གི་མི་རྒན་ཅང་ཙི་མིས་གཏམ་བཤད་ཅིག་ཏུ་ཕྱི་རྒྱལ་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་མོས་འདི་ཙམ་བྱེད་པའི་རྒྱ་མཚན་ངེས་མགོ་ཚོས་ཀྱི་མི་འདུག་ཅེས་མི་རྒན་གྱི་ཁ་ནས་དྲང་གཏམ་ཐེངས་གཅིག་ཤོར་ཚར་བ་དང་། དབང་ཆ་གཅིག་སྡུད་པའི་རྒྱ་ནག་གཞུང་གིས་ལོ་མང་རིང་མིང་ནས་འབོད་མི་ཆོག་པའི་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་བསྐྱར་གསོ་དང་།
Superstition-ཉམས་ལེན་བྱེད་སའི་དགོན་པ་གྲྭ་ཚང་རྣམས་བསྐྱར་གསོ་བྱས་ཏེ་དམར་པོའི་རྩ་ཁྲིམས་ལ་འགྱུར་བ་སྔ་ཕྱི་རིམ་པ་བཞིན་གཏོང་དགོས་བྱུང་ཞིང༌། རྒྱ་མིས་ཁ་གཅིག་དང་ལྕེ་གཅིག་གིས་སྔ་ཕྱིར་སྐད་ཆ་མི་འདྲ་བ་གཉིས་བཤད་དགོས་བྱུང་བ་དང༌། ལག་པ་གཅིག་གིས་དང་པོ་གཏོར་བཤིགས་བཏང་རྗེས་སུ་ཉམས་གསོ་གཏོང་བའི་ལྐུགས་རྟགས་མིག་གིས་མཐོང་རྒྱུ་ཡོད་པ་དང་ལག་པས་རེག་རྒྱུ་ཡོད་པ་སོགས་གང་ལྟར་དམར་པོའི་དབུ་ཁྲིད་རྣམས་ངོ་ཚ་རྒྱུ་ཡོད་ན་ཚ་རན་ཡོད་པ་ཤེས་གསལ་རེད། བོད་དུ་དམར་པོའི་དབང་ཤུགས་འོག་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་རེ་གཉིས་ཀྱི་རྣ་བར་རྒྱ་མིའི་གླུ་གཞེས་འཛུལ་དྲགས་པ་དང༌། ཀླད་པར་དམར་པོའི་ལྟ་གྲུབ་ཀྱི་བག་ཆགས་ཆང་ལྟར་བསྙལ་ཐལ་ཆེ་བ། ཁ་ལ་རྒྱ་མིའི་ཁོ་ཙི་བཅུག་དྲགས་པས། རེ་གཉིས་རང་དབང་ལུང་པར་སླེབས་ཏེ་སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱོད་པར་འགྲོ་དུས། དམར་པོའི་བག་ཆགས་རྣམས་སད་དེ་ད་ཆ་ཚན་རིག་གིས་ནང་པ་ཕམ་ཉེས་བཏང་ཚར་ཡོད་པའི་ཚོད་དཔག་བྱས་ཏེ་གཏམ་བཤད་མི་ཉུང་བ་སྔ་རྗེས་སུ་ཤོར་ཐལ་བ་རེད། ད་ཆ་ང་ཚོས་སྔར་གྱི་ཉམས་མྱོང་ལ་རྟོག་ཞིབ་དང་། དེང་རབས་འཛམ་གླིང་གི་མཁས་དབང་སྤྱི་དང་ལྷག་པར་དུའང་ཚན་རིག་མཁས་པས་ནང་པར་ཆ་འཇོག་གང་འདྲ་བྱེད་ཀྱི་ཡོད། ད་ལྟ་འཛམ་བུ་གླིང་ཁྱོན་ཡོངས་ནས་ནང་ཆོས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་སླེབ་ཡོད། མ་འོངས་པར་འཛམ་གླིང་དུ་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་ནང་པའི་ལྟ་གྲུབ་ཀྱི་མདུན་ལམ་གང་འདྲ་ཡོད་བཅས་འདས་མ་འོངས་དུས་གསུམ་ག་མིག་འོག་ཏུ་ཚུད་པར་བྱས། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གིས་འཁྲུལ་པ་མེད་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སྤྱི་བོར་བཟུང་ཐོན་གསར་གྱི་ཚན་རིག་གི་བརྡ་སྐད་བོད་སྒྱུར་དང་། གདན་ས་གསུམ་གྱིས་གཙོས་པའི་རིས་མེད་མཁས་དབང་རྣམ་པར་ཚན་རིག་དང་ཨང་རྩིས་སློབ་པ། གདན་ས་གསུམ་གྱི་མཁས་དབང་རྣམས་དང་ཕྱི་རྒྱལ་གྱི་ཚན་རིག་མཁས་པའི་བར་བགྲོ་གླེང་བར་མ་ཆད་པར་བྱེད་འཇུག་པའི་མཛད་རིམ་དག་ལགས་བསྟར་བྱ་མུས་ཡིན།ཤེས་རབ་དགའ་ཚལ་གླིང་དུ་བགྲོ་གླེང་གནང་སྐབས་ཉན་པ་པོས་བསྲིངས་པའི་དྲི་བ་འདི་རྣམས་ཀྱིས་མཚོན་མ་འོངས་པར་དོ་སྣང་ཅན་གྱི་རང་རིགས་བློ་གསལ་ཁག་གིས་དྲི་བ་བཏང་ཚེ་ལན་འདེབས་པར་སྤོབས་པ་ཁག་ལ་རིམ་པས་ཀུན་སློང་རྣམ་པར་དག་པས་ལན་འདེབས་ཞུ་རྩིས་དང༌། གཤམ་གསལ་སྔར་བཀོད་པའི་དྲི་བ་འགའ་རེ ར་དག་ཆ་དང་སྡེབ་སྦྱོར་བརྗོད་བྱ་སོགས་ཐེ་ཚོམ་གྱི་གནས་སུ་གྱུར་པ་མི་ཉུང་བ་འདུག་མོད། འདི་ནས་འོལ་ཚོད་ཀྱིས་ཞུ་དག་མ་བྱས་པར་ཕྱི་མོར་གསལ་བ་ཇི་བཞིན་འགོད་པའི་ཁུལ་བྱས། ལན་ཐད་ཀ་ཐད་ཀར་བཀོད་ཡོད། འོན་ཀྱང་ངེད་ཅག་གི་བརྗོད་བྱ་དང་སྡེབ་སྦྱོར་སྒྲིག་སྟངས་སོགས་ལ་ཞན་ཆ་ཡང་མང་སྲིད་པས་ཀློག་པ་པོ་རྣམས་ཀྱིས་ཐུགས་དགོངས་ཡངས་པོས་དགྱེས་པར་རོལ་ཅིག ཅེས་གླེང་བརྗོད་འདི་ཉིད་སྨྲ་བ་པོ་བོད་ཀྱི་དཔོ་མཛོད་ཁང་གི་ལྡེ་མིག་དང་ཐམ་ག་འཛིན་པ་ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པ།
༄༅། །ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༩ ཚེས་ ༢༠ ནས་ཉིན་ལྔའི་རིང་ཕོ་བྲང་ཚོམས་ཆེན་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་བཞུགས་པ་དང་ནོ་སྦེལ་གཟེངས་རྟགས་(Nubeprize)ཐོབ་པ་སོགས་སྙན་གྲགས་ལྡན་པའི་ཚན་རིག་པ་སྐོར་ཅིག་ནས་སེམས་དང་སྲོག་གི་སྐོར་བགྲོ།གླེང་ཚོགས་འདུ་གོ་སྒྲིག་གནང་གི་ཡོད་པར་ངོ་ཞུགས་ཐུབ་ན་༧གོང་ས་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་བོད་ཀྱི་དཔེ་མཛོད་ཁང་གིས་གདན་ས་གསུམ་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པར་ལོ་ལྟར་ཚན་རིག་དང་ཨང་རྩིས་ཀྱི་ཟབ་སྦྱོང་ཕུལ་ཡུལ་དགེ་འདུན་པར་ཕན་ཐོགས་ཡོང་ངེས་སུ་འདུག་པར་བསམ།བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གིས་གྲ་སྒྲིག་གནང་བའི་ཚན་རིག་ཟབ་སྦྱོང་ཐེངས་གསུམ་གར་བར་མ་ཆད་པར་ཞུགས་མྱོང་བའི་གདན་སའི་མཁས་དབང་ཁག་ཅིག་དང་མཚུར་ཕུ་རུམ་བཏེགས་དགོན་པ་ནས་གཅིག་བཅས་ཞུགས་ཆོག་པའི་སྙན་སེང་བཀའ་ཁྲོལ་བྱུང་བ་ལྟར་ནང་ཆོས་དང་ཚན་རིག་བར་གྱི་འབྲེལ་བའི་སྐོར་ཉིན་ལྔའི་རིང་ཕྱི་ནང་གི་མཁས་པས་ཕན་ཚུན་ལེགས་ཆ་སྤེལ་རེས་གནང་རྒྱུའི་གོ་སྐབས་བླ་ན་མེད་པ་བྱུང་བ་དང༌། ཚོགས་འདུ་གྲུབ་བསྟུན་པཞུགས་སྒར་ཁུལ་གྱི་བོད་ཕྲུག་ཁྱིམ་སྡེ་མ་ལག་དང་བཅས་པར་ངོ་བཅར་གྱིས་མཁས་དབང་དགེ་འདུན་པ་སོ་སོའི་རྣམ་དཔྱོད་དང་རང་མྱོང་རྣམས་གཞི་ལ་བཞག་སྟེ་གསུང་བཤད་གནང་ཞིང་། མཇུག་ཏུ་དྲི་བ་དྲི་ལན་ལྷུག་པོ་གནང་བའི་སྐལ་བཟང་བྱུང་ཡོད་པའི་ནང་གསས། ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡༠ ཚེས་དགོང་མོ་མཁས་དབང་རྣམས་ཤེས་རབ་དགའ་ཚལ་གླིང་ངམ་གསོག་སྒར་སློབ་གྲྭར་ཕེབས་ཤིང་དགེ་སློབ་ཚོགས་ཡོངས་ལ་མཁས་དབང་དགའ་ལྡན་སོག་པ་གྲགས་པ་ཐོགས་མེད་ལགས་ཀྱིས་གསུང་བཤད་གནང་བ་མ་ཟད་མཇུག་ཏུ་དགེ་སློབ་རྣམ་ཀྱི་དྲི་བ་མང་པོ་ཡིག་ཐོག་ནས་ཕུལ་བར་ཁག་ཅིག་ལ་ལན་སྐབས་དེར་ཕུལ་ཟིན་མོད། གཤམ་ལ་དྲི་བ་ཁག་ཅིག་ལ་སྐབས་དེར་ལན་འདེབས་གནང་རྒྱུ་དུས་ཚོད་ཀྱིས་མ་ལྕོགས་ནའང་དྲི་བ་སོ་སོར་ལན་ཞིག་འབུལ་དགོས་ངེས་སུ་མཐོང་སྟེ་དཔེ་མཛོད་ཀྱི་ཚན་རིག་སྡེ་ཚན་གྱི་འགན་འཁུར་རྐང་ལེན་པ་ལུང་་རིགས་སྨྲ་བའི་དགེ་བཤེས་ལྷ་རམས་གྲྭ་སྐོར་པ་ཨ་མཆོག་སྤྲུལ་སྐུ་དགེ་སློང་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་ལན་མདོར་བསྡུས་སུ་བྲིས་པ་འདི་ལྟར།
དྲི་བ། ཏིང་ངེ་འཛིན་གྱི་ལྟ་བ་དང་སྟོང་ཉིད་རིག་པའི་ལྟ་བའམ་ཡང་ན་ཚན་རིག་པའི་ལྟ་བ་སོ་སོ་ནས་ཨེ་མཐུན།
ལན། དང་པོ་ཏིང་ངེ་འཛིན་གྱི་ལྟ་བ་དང་སྟོང་ཉིད་རིག་པའི་ལྟ་བ་ཞེས་ནང་ཆོས་ཀྱི་བརྡ་སྐད་ཅིག་གསུང་ཡོང་དུས། ནང་ཆོས་ཀྱི་ཐོག་ནས་ལན་འབུལ་དགོས་པས། ཏིང་ངེ་འཛིན་གྱི་ལྟ་བ་དང་སྟོང་ཉིད་ཀྱི་ལྟ་བ་ཞེས་ལོགས་སུ་མི་འཇོག སྟོང་ཉིད་ཀྱི་ལྟ་བ་ཟེར་གྱི་རེད། དེ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ངོས་འཛིན་གནང་གི་རེད། དེ་དང་ཚན་རིག་པའི་ལྟ་བ་གཉིས་མཐུན་གྱི་རེད་པས་ཞེས་དྲིས་གནང་དུས། སྔོན་ལ་སྟོང་ཉིད་ཀྱི་ལྟ་བ་ཟེར་རྒྱུ་འདི་སྔར་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་བོར་ཤེར་ཕྱིན་གྱི་མདོ་གསུངས་པ་དེ་ནས་གསར་ཏུ་དབུ་བཙུགས་པ་དང་དེ་རྗེས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཤེར་ཕྱིན་གྱི་མདོའི་དགོངས་པ་བཀྲལ་ཞིང་རིམ་པས་སྔ་ཕྱིའི་ཝི་རྣམས་ཀྱིས་ངོས་འཛིན་དང་གཏན་འབེབས་ཟིན་པའི་ལྟ་བ་ཞིག་རེད། ཚན་རིག་པའི་ལྟ་བ་ཟེར་དུས་ལོ་ངོ༌ ༢༠༠༠ གོང་གྷི་རིག་གི་སྐབས་ནས་ལོ་རྒྱུས་སུ་གྲགས་པའི་དཔྱད་ཞིབ་བྱེད་པའི་ལམ་སྲོལ་ཞིག་རེད། འོན་ཀྱང་ཚན་རིག་པའི་ལྟ་གྲུབ་ཕལ་མོ་ཆེ་ལོ་རེ་དང་ཟླ་རེ། བདུན་རེ་བཞིན་འགྱུར་འགྲོ་བ་དང༌། ཚན་རིག་པ་རྗེས་མ་རྗེས་མའི་སྐབས་སུ་སྔ་མ་སྔ་མའི་ལྟ་གྲུབ་ཡར་རྒྱས་བཏང་ཟེར་ཀྱང་ཆོག ཡང་སྔ་མ་སྔ་མར་དགག་པ་རྒྱབ་ཟེར་ནའང་ཆོག་གང་ལྟར་འདི་ནས་ལོ་བརྒྱ་ཕྲག་གཅིག་གི་མཚམས་སུ་ད་ལྟ་ཚན་རིག་པས་བཤད་བཞིན་པ་མང་པོ་ཞིག་རྦད་དེ་འགྱུར་འགྲོ་གཏན་འཁེལ་མེད་པ་ཞིག་རེད། ཤེས་དགོས་པ་ཞིག་ལ་ཚན་རིག་པའི་ལྟ་བ་ཟེར་བ་དེ་ནང་པས་ཤོད་བཞིན་པའི་མི་རྟག་པའི་ཁྱབ་ཁོངས་སུ་འདས་བསྡད་ཡོད་པ་དང༌། དམར་པོའི་སྐྱབས་སུ་འཛིན་རྒྱུའི་ཚན་རིག་ནི་མི་ལོ་ལྔ་བཅུ་ལྷག་བརྒལ་བའི་རྙིང་པ་རུལ་སོང་ཞིག་ཡིན། ད་དུང་དེ་ལ་མགོ་འཁོར་བྱས་བསྡད་བསྡད་ན་བགད་མོ་ཤོར་ཡ་རང་རེད། སོ་སོ་རྨོངས་དད་ཅན་ཡིན་བསྡད་པ་རང་གིས་མ་ཚོར་པར། ད་ལྟ་བར་གཞན་ལ་ཀླད་རྙིང་རེད་ཅེས་འཕྱ་སྨོད་བྱེད་ཅིང་ང་ཚོ་ནི་དེང་རབས་པ་ཡིན་ཅེས་གསུང་སྐད་ཆེན་པོས་སྒྲོགས་བཞིན་བཞུགས།ནུབ་ཕྱོགས་པ་དང་ཕྱིའི་ལྟད་མོ་ལྟ་མཁན་ཚོས་རྒྱ་ནག་གི་དབང་འཛིན་པ་དེ་རྣམས་ཀླད་པ་རྙིང་པ་རྙིང་ནག་ཅིག་ཆགས་བསྡད་ཡོད་པ་གསལ་པོ་མཐོང་གི་ཡོད་པ་རེད། དཔེ་མཚོན་ཞིག་ཞུས་ན་སྐབས་དེ་དུས་མའོ་ཀྲུ་ཞི་དགུང་གྲངས་བརྒྱ་དང་ལྔ་བཅུ་འཚོ་རྒྱུ་རེད་ཅེས་རྒྱ་ནག་གི་སྨན་པ་མཁས་པ་དང་ཚན་རིག་པས་ཐག་བཅད་པ་རེད་ཅེས་རྒྱ་ནག་དམར་པོས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་རེད། ནང་པ་རྨོངས་དད་རེད་ཟེར་པའི་རྒྱ་ནག་གི་ཚན་རིག་པའི་ཡོན་ཚད་གང་འདྲ་ཞིག་ཡིན་སྐད་ཆ་དེ་ག་རང་གིས་གསལ་བཤད་བྱས་པ་རེད། ཆུ་ཚད་དེ་འདྲ་ཅིག་ལས་མེད་པའི་གླེན་རྟགས་ཅན་མའོ་འཁོར་བཅས་དེང་སྐབས་ཀྱི་ཚན་རིག་པས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད་གཟིགས་དང༌། ལོ་ལྔ་བཅུའི་སྔོན་དུ་ཆོས་ཚན་གཉིས་ཀྱི་ལྟ་བའི་དབར་འགལ་བ་རྣོ་ངར་ཆེ་ཙམ་ཡོད་ནའང་། ད་ཆ་རྒྱུས།བརྗེད་ད་སོང་བས་མ་ཚད་མཐུན་ཆ་མང་དུ་ཕྱིན་ཡོད་པ་ཤེས་པ་དང་། མ་འོངས་པར་ཚན་རིག་ ནང་པ་གཉིས་བསམ་ཚུལ་ད་ལྟ་ལས་མང་བ་མཐུན་སྲིད་པ། མ་ཟད་པས་རྣམ་དཔྱོད་ལ་རྣམ་པས་སོ་སོའི་དགའ་སྡུག་གི་དབང་དུ་མི་གཏོང་བར་དྲང་པོ་དྲང་བཞག་བྱས་དངོས་ཡོད་ ༣ བ་དང་། གཏིང་ཟབ་པའི་ནང་པའི་གཞུང་ལུགས་སྨྲ་བ་པོས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་དངོས་ཡོད་ཚུལ་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཙང་། རང་བཞིན་གྱིས་ཆོས་ཚན་གཉིས་པོ་གྲོང་པ་ཁྱིམ་མཚེས་རྒྱག་ ཡོང་གི་ཡོད། གནད་དོན་གང་ཞིག་དངོས་ཡོད་གནས་ཚུལ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བུང་རྩབའི་ཉིན་མོར་ཕྱོགས་གཉིས་ཀས་དགའ་བསུ་དང་བཅས་ཁས་ལེན་གནང་རྒྱུ་དཀའ་ངལ་མེད་པ་རེད། ནང་ པ་ཚད་ལྡན་ཞིག་དང་ཚན་རིག་པ་གཤའ་མ་ཞིག་མཉམ་དུ་སྐད་ཡིག་གི་དཀའ་ངལ་མེད་པར་བགྲོ་གླེང་མུ་མཐུད་གནང་ན། རིམ་པས་སེམས་ཁམས་ཀྱི་མཐུན་ཕྱོགས་མང་རུ་མང་རུ་འགྲོ་རྒྱུ་ཡིན་པ་བོད་མི་དགོས་པ་ཞིག་རེད། རྣམ་ཀུན་མཁས་པ་མཁས་པའི་དབུས་ན་མཛེས་ཟེར་སྲོལ་ཡོད་པའི་དཔེ་མཚོན་ཡང་ཡིན། ནང་པའི་མཁས་དབང་ཞིག་གིས་ནང་པའི་ལྟ་སྤྱོད་ཡང་དག་པའི་སྐོར་ཚན་རིག་མཁས་པའི་དབུས་སུ་སྐད་ ཡིག་གི་དཀའ་ངལ་མེད་པར་གསུང་བཤད་གནང་ན། ལམ་སང་དགག་པ་རྒྱག་རྒྱུ་དང་སྣ་ཁུང་བརྗེ་རྒྱུ་བཞག་ནས་ཧ་ཅང་གིས་དགའ་མོས་གནང་རྒྱ་ཡིན་པ་དང༌། དེ་བཞིན་ཚན་རིག་མཁས་པ་ཞིག་གིས་ ཚན་རིག་གི་ལྟ་གྲུབ་རྣམས་ནང་པའི་མཁས་པའི་དབུས་སུ་གསུང་བཤད་གནང་ཚེ་ནང་པའི་མཁས་དབང་རྣམས་ཀྱི་ཡིད་འཕྲོག་གི་ཡོད། མང་པོ་ཞིག་གི་སེམས་ནང་དེ་གཉིས་ཚ་གྲང་ལྟ་བུའི་འགལ་བ་ཡོད་ཅིང་ གཅིག་གིས་གཅིག་ལ་བརྩི་མཐོང་གནང་རྒྱ་བཞག གཉིས་ཀས་སེམས་ཀྱིས་མི་བཟོད་པར་རྣ་བ་པ་ནས་ཕན་ཚུན་གྱི་གསུང་བཤད་མཉན་གྱི་མ་རེད་སྙམ་པའི་དོགས་པ་ཆེན་པོ་བྱས་པ་རེད། དོན་དང་ཐོག་དེ་ལས་ལྡོག་སྟེ་གཅིག་གིས་གཅིག་ལ་བརྩི་མཐོང་གནང་གི་ཡོད་པ་འདིས་ཅང་ཙི་མན་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཧང་སང་འཇུག་གི་ཡོད་པ་དང་། ཕན་ཚུན་ལེགས་ཆ་ལེན་པའི་རྣམ་དཔྱོད་དང་ ཁོག་རྒྱ་ཆེ་ལ་གུ་ཡངས་ཀྱི་བསམ་བློ་ཕྱོགས་གཉིས་ཀར་ཡོད་པ་དེ་གསལ་པོ་བསྟན་ཡོང་དུས། དམར་པོའི་ཀླད་རྙིང་གི་བག་ཆགས་ཡོད་པའི་བོད་རིགས་མང་པོ་ཞིག་གིས་སྔར་ནང་པ་ལ་ཁ་མང་པ་དང་། ད་ཆ་དངོས་ཡོད་གནས་ཚུལ་ལ་ཚན་རིག་པས་ནང་པའི་ལྟ་གྲུབ་ལ་བརྩི་བཀུར་བྱེེད་པ་མཐོང་དུས། རང་ཉིད་ཀྱིས་ཚན་རིག་པའི་སྔ་ཚབ་བྱེད་མི་ཐུབ་པའི་དངོས་ར་གསལ་པོ་འཕྲོད་ཡ་ པ་མ་ཟད། རང་ཉིད་ཚན་རིག་པ་འི་དཀྱིལ་འཁོར་ག་ལ་ཚོགས་གྲས་ནས་ཕུད་ཚར་བསྡད་པ་གྲུབ་ལ་བརྩི་བཀུར་བྱེད་པ་མཐོང་དངོས་ར་གསལ་པོ་འཕྲོད་ཡོང་གི་ཡོད་གས་གྲས་ནས་ཕུད་ཚར་བསྡད་པ་མ་ཤེས་པས་ངོ་ཚ་ཡང་མྱོང་བཞིན་པ་རེད།
དྲི་བ། ཚན་རིག་པས་གསུངས་པ་ལྟར་ན་ང་ཚོས་ཕྱིའི་དངོས་པོ་མཐའ་དག་ལ་གདེང་འཇོག་བྱེད་དགོས་ཟེར། དེས་ན་ང་ཚོས་ནང་སེམས་དང་ཕྱི་དངོས་ལ་གདེང་འཇོག་གང་འདྲ་བྱེད་དགོས།
ལན། ཕྱི་ལོ་ ༡༩༡༠ སྐོར་ཙམ་ལ་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་ཞེས་པའི་དབྱེ་བ་ཕྱེས་ཏེ་ཚན་རིག་པ་རྣམས་དངོས་གཙོ་དང་ཆོས་པ་རྣམས་སེམས་གཙོ་སྨྲ་བར་འཇོག་པའི་གླེང་ཕྱོགས་ཀྱི་འུར་སྒྲོག་བྱུང་དུས། ལྷག་པར་མི་རིགས་རྗིའུ་ཡིན་པའི་དམར་པོའི་རིང་ལུགས་པ་ཁལ་མག་སིས་ལོ་རྒྱུས་ནང་རྗིའུ་གསོད་བརྡུང་གི་ལས་རིམ་ཡང་ཡང་བྱུང་བ་འདི་དཔལ་འབྱོར་ཐོག་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་ཐུག་པ་དང་། ཡེ་ཤུ་དང་ཁ་ཆེ་སོགས་ཀྱི་ཆོས་ལུགས་ཀྱང་དེའི་རང་བཞིན་ཅན་ཡིན་པར་ངོས་འཛིན་བྱས། ཆོས་ལུགས་ཀྱིས་མཚོན་ལྐོག་ཟ་རུལ་སུངས་ཀྱི་རང་བཞིན་ཅན་དག་བཀག་ཐུབ་ཚེ་རྗིའུ་མི་རིགས་ཀྱི་དཀའ་སྡུག་སངས་རྒྱུའི་ཡིད་ཆེས་ཡོད་ཙང་། དངོས་གཙོ་དང་སེམས་གཙོའི་བཤད་སྲོལ་དེ་ལ་ཤེས་ཡོན་ཅན་མི་ཉུང་བས་ཨ་གསར་ཆེན་པོས་ཐ་སྙད་དེ་བེད་སྤྱད་པ་དང་དེའི་ཐོག་ནས་ཆོས་ལུགས་པར་ནང་གསེས་དབྱེ་བ་མ་ཕྱེས་པར་ཡོངས་རྫོགས་གཅིག་ཏུ་དྲིལ་ཏེ་རྨོངས་དད་རེད་ཅེས་དགག་པ་རྒྱབ་པ་ནི། ཆེས་གླེན་རྟགས་དང་ཆེས་རྨོངས་དད་ཆེན་པོ་ཞིག་བསྟན་པ་ཡིན་པ་ལོ་རེ་བཞིན་ཇེ་གསལ་དུ་འགྲོ་བ་དང་། གླེན་རྟགས་དེའི་བག་ཆགས་ཤིག་དུས་ད་ལྟའང་བོད་མི་མི་ཉུང་བའི་ཀླད་པའི་ནང་འཇབ་ནས་ཡོད་ཅིང་། ཁོར་ཡུག་དམིགས་བསལ་ཅན་གྱི་ནང་འཁྱུག་ཙམ་རེ་དངོས་སུ་ཐོན་པ་དང་དེ་ནས་ཡང་བག་ལ་ཉལ་བསྡད་ཀྱི་ཡོད་པ་རེད། དོན་དངོས་ཐོག་དེ་འདྲའི་འུར་འདྲོག་གི་རྟ་ཕོ་དེ་ནི་བརྒྱ་ཕྲག་སྔ་མའི་ནང་རྒྱུགས་ཚར་བ་མ་ཟད་རྡུལ་ཡང་དྭངས་ཚར་བའི་རྙིང་པ་ཞིག་ཡིན་ཙང་ཀླད་པ་གསར་པའི་དེང་རབས་པ་ལ་ལེན་པོ་རང་མེད། དེའི་རྗེས་སུ་ཚན་རིག་པའི་དཀྱིལ་འཁོར་ནང་འགྱུར་བ་ཆེན་པོ་ཐེབས་ཚར་ཡོད་པ་རེད། གལ་ཏེ་དངོས་གཙོ་དང་སེམས་གཙོའི་སྐད་ཆ་མང་པོ་ད་དུང་བཤད་ཀྱིན་བསྡད་ན་ཀླད་པ་རྙིང་པའི་དྲི་མ་ཚ་པོ་ཞིག་ཁ་ཡོང་ཉེན་དང་། འདས་པའི་ལོ་དྲུག་ཅུ་བདུན་ཅུའི་སྔོན་གྱི་འུར་གཏམ་ཁ་སྐད་དེ་ད་ལྟའི་སྐབས་སུ་ཡང་བེད་སྤྱད་ཀྱིན་བསྡད་ན་མགོ་རུལ་བ་རྣ་བས་མ་ཚོར་ཟེར་བའི་གཏམ་དཔེའི་མཚོན་བྱར་གྱུར་པས་སོ་སོས་ཧ་མ་གོ་ནའང་། དོན་ལ་རྗེས་ལུས་ཅན་དང་ཀླད་པ་རྙིང་པའི་ཞྭ་མོ་འཐུག་པོ་ཞིག་སོ་སོས་གྱོན་ཡོད་པ་མིས་མཐོང་བསྡད་ཀྱིན་ཡོད་པ་རེད། ནང་པར་ཆ་བཞག་ན་ཐལ་འགྱུར་པས་ཆོས་ཐམས་ཅད་བདེན་པར་མ་གྲུབ་ཟེར་གྱི་ཡོད་པ་རེད་མ་གཏོགས། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པ་རེད་ཟེར་གྱི་ཡོད་པ་མ་རེད། ཆོས་ཐམས་ཅད་བདེན་པར་མ་གྲུབ་ཟེར་དུས་ཕྱིའི་དངོས་པོ་མཐའ་དག་ལ་གདེང་འཇོག་བྱེད་ཀྱི་མིན་ལབ་ཀྱི་ཡོད་པ་མ་རེད། ཕྱི་རོལ་གྱི་ཆོས་ཐམས་ཅད་རྩ་བ་ནས་ཡོད་པ་མ་རེད་ཅེས་དེ་བས་ཀྱང་ལབ་ཀྱི་ཡོད་པ་མ་རེད། ད་ལྟ་མིག་ལ་ག་རེ་སྣང་གི་འདུག །ལག་པར་ག་རེ་རྙེད་ཀྱི་འདུག ཁ་ལ་ཞིམ་མངར་ག་རེ་མྱོང་གི་འདུག སྣ་ལ་དྲི་མ་ཞིམ་ལོད་ག་རེ་ཚོར་གྱི་འདུག སེམས་ལ་དགའ་སྡུག་ག་རེ་མྱོང་གི་འདུག འདི་དག་ཐམས་ཅད་གཞི་ལ་བཞག་ནས། དེའི་སྟེང་དུ་དཔྱད་པ་བྱས་ཚོད་དཔག་མེད་དགོས་པ་འདི་ནང་ཆོས་དང་ཚན་རིག་དབར་གྱི་ཐུན་མོང་གི་ལྟ་ཚུལ་རེད། མི་འདྲ་བ་ཞིག་ལ་ནང་པས་སོ་སོས་སེམས་ཀྱིས་ཡུལ་འདྲ་མིན་སོ་སོ་ལ་ལྟ་དུས། ཡུལ་ལ་འབྲེལ་བ་བྱེད་སྟངས་ག་འདྲ་འདུག འབྲེལ་བ་བྱེད་སྟངས་དེ་ཡུལ་དེའི་དངོས་ཡོད་གནས་ཚུལ་དང་མཐུན་ནམ་མི་མཐན་བརྟག།སེམས་ལ་ལས་དངོས་ཡོད་གནས་ཚུལ་དང་མི་མཐུན་ཀྱང་བག་ལེབ་ལ་གསོབ་རྒྱབ་པ་ལྟར་མང་པོ་ཞིག སྒྲོ་བཏགས་ཁ་སྣོན་བྱས་ཏེ་ཡུལ་དེ་དང་དེ་ལ་འབྲེལ་བ་བྱེད་པ་དང་སེམས་དེ་ལ་ལོག་ཤེས་ཟེར། དངོས་ཡོད་གནས་ཚུལ་དང་མཐུན་པ་དང་འཚམས་པར་འབྲེལ་བ་བྱེད་པའི་སེམས་དེ་ལ་ཡང་དག་པའི་བསམ་བློ་ཟེར། དངོས་ཡོད་གནས་ཚུལ་དང་མི་མཐུན་པར་གྱུར་དུས་ནོར་འཁྲུལ་ཅེས་ཟེར། ཡང་དག་པ་དང་ནོར་འཁྲུལ་ཅན་དེ་གཉིས་ཀྱི་གཅིག་གིས་བདེ་བ་འདྲེན་སྡུག་བསྔལ་ཉུང་རུ་གཏོང་བ་དང་། ཅིག་ཤོས་ཀྱིས་སྡུག་བསྔལ་བསྐྱེད་པའམ་བདེ་བ་གང་ཐོབ་པ་རྣམས་ཉམས་སུ་འཇུག་པ་རེད་ཅེས་ཟེར།
དྲི་བ། དེང་སྐབས་ནང་ཆོས་འདི་ཚན་རིག་དང་བརྒྱ་ཆ་ག་ཚོད་མཐུན་བཞིན་ཡོད།
ལན། དྲི་བ་གནང་མཁན་དེས་དེང་སྐབས་ཞེས་དུས་ཚོད་ངེས་བཟུང་གནང་འདུག་པ་འདི་ལ་བརྟགས་དུས། མི་ལོ་ ༣༠ དང༌ ༤༠ སྔོན་འདི་གཉིས་དབར་ཁྱད་པར་ཆེན་པོ་ཡོད་པ་དང་། ད་ཆ་དངོས་ཁམས་རིག་པའི་བསམ་བློར་འགྱུར་ལྡོག་ཆེ་ཙམ་ཕྱིན་ཡོད་པར་ཆག་འཇོག་གནང་གི་ཡོད་ཚོད། ཨུ་ཚུགས་ཅན་གྱི་ཚན་རིག་པའི་མི་རབས་བརྒྱུད་ནས་དཔྱད་པ་བྱས་བྱས་པའི་འབྲས་བུར་ཚན་རིག་པའི་ལྟ་སྟངས་ལ་ཏན་ཏན་འགྱུར་ལྡོག་ཆེན་པོ་ཐེབ་ཡོད་པ་རེད། ལྷག་པར་ཁོན་ཁྲིམ་ཐེས་ཡོ་རི་(QuantumTheory) ཟེར་བས་ལྟ་བ་འདི་ཚན་རིག་པའི་སྤྱི་ཚོགས་ནང་དར་ནས་བཟུང་ནང་ཆོས་དང་ཚན་རིག་གཉིས་བར་བར་སྟོང་ཧ་ཅང་ཆུང་རུ་ཕྱིན་པ་ཡིན་པ་དང༌། མཐུན་ཕྱོགས་ཀྱི་བརྒྱ་ཆ་མང་རུ་ཕྱིན་ཡོད་པའི་ཚོད་དཔག་མེད་པ་མ་ཟད། ཚན་རིག་པས་ནང་ཆོས་ནས་ལེགས་ཆ་མང་པོ་ཞིག་ལེན་བཞིན་པ་གསལ་པོ་རེད།
དྲི་བ། སྟོང་བ་ཉིད་ཀྱི་རང་བཞིན་དེ་ཚན་རིག་དང་མཐུན་མིན་རགས་བསྡུས་ཤིག་གསུངས་རོགས་གནང༌།
ལན། སྟོང་པ་ཉིད་ཀྱི་རང་བཞིན་ཟེར་བ་དེ་ནང་པའི་ངོས་ནས་བལྟས་ན་ཤེས་བྱ་ཡོད་དོ་ཅོག་གི་སྤྱི་མཐུན་གྱི་གདོད་མའི་གནས་སྟངས་ཤིག་རེད། ཤེས་བྱ་ཡོད་དོ་ཅོག་གི་རྩ་བའི་ཁྲིམས་གཞི་གཏན་འབེབས་བྱེད་སའི་གཞི་གཙོ་བོ་དེ་རང་རེད། ཤེས་བྱ་ཡོད་དོ་ཅོག་གི་རྨང་གཞི་གཅིག་པུ་དེ་རེད། རྨང་གཞི་འདིའི་ཐོག་བྱ་བྱེད་ལས་གསུམ་ཐམས་ཅད་འཇོག་དགོས་པ་དང་། རྨང་གཞི་འདི་མེད་ན་འགྱུར་ལྡོག་ཟེར་བ་དང་འཕེལ་འགྲིབ་ཟེར་བ་དེང་རབས་ཟེར་བ་སོགས་ཡོང་མི་སྲིད་པ་རེད། རྒྱུ་འདི་དང་རྐྱེན་འདི་འདྲ་ལས་འབྲས་བུ་འདི་དང་འདི་འདྲ་ཞིག་ངེས་པར་དུ་འབྱུང་གི་རེད་ཅེས་པའི་རྒྱུ་འབྲས་ཀྱི་འབྲེལ་བ་དེའང་འཇོག་མི་ཤེས་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་འདི་ན་ཡོད་པའི་དེང་རབས་ཅན་དང་ཡར་རྒྱས་ཟེར་བ་སོགས་ཡོང་མི་སྲིད་པ་རེད། མི་ཚེའི་ནང་གི་མཐོང་ཐོས་ཡོད་པའི་དངོས་པོ་གང་འདྲ་ཞིག་ཡིན། ང་ཁོ་ཚོ་རང་རང་སོ་སོའི་འཁོར་ཡུག་དམིགས་བསལ་ཅིག་གི་ནང་གྲུབ་བསྡད་པ་ཤ་སྟག་ཡིན་པ་དང་། དེ་ཡིན་དུས་འཁོར་ཡུག་དེ་འདྲ་ཞིག་མེད་ན་མི་ཚེའི་ནང་གི་བཟང་ངན་དགའ་སྡུག་ཐམས་ཅད་ཡོང་མི་ཐུབ་པ་རེད། དེས་ག་རེ་བསྟན་པ་རེད་ཟེར་ན་མི་ཚེའི་ནང་གི་དངོས་པོ་ཁྲ་ཁྲ་ཟིང་ཟིང་གང་ཡོད་པ་རྣམས་ཁོ་རང་སོ་སོའི་སྟེང་ནས་ཚུར་གྲུབ་བསྡད་པ་དང༌། རང་ཚུགས་ཐུབ་པས་བཞན་ལ་བརྟེན་མི་དགོས་པར་གནས་བསྡད་པ་ཞིག་མིན་པར། དགོས་མཁོ་ཡོད་པའི་འཁོར་ཡུག་དེ་དག་དང་ཁ་བྲལ་ཐབས་མེད་ཅིང་། འོས་འཚམས་ཀྱི་ཆ་རྐྱེན་དང་འཁོར་ཡུག་དེ་འདྲ་ཞིག་ཡོད་ཙང་དེའི་ནང་དུ་བཟང་ངན་ཡག་སྡུག་ཆེ་ཆུང་དགའ་སྡུག་ཐམས་ཅད་ཤར་འོངས་པ་བསྟན་གྱི་ཡོད་པ་རེད། མ་ཟད་རྐྱེན་ཆུང་ངུ་རེས་ཀྱང་དེ་དག་ཐམས་ཅད་ལ་འགྱུར་ལྡོག་གཏོང་གི་ཡོད་པས་སྐད་ཅིག་རེའང་སོར་གནས་བྱ་མི་ཐུབ་པར་འགྱུར་འགྲོ་བ་དང་། འགྱུར་པའི་མགྱོགས་ཚད་ཀྱང་ཚན་རིག་པས་ཤོད་པའི་འོད་ཀྱི་མྱུར་ཚད་དང་འགྲན་ཐུབ་པ་ཡིན། དཔེར་ན་ཁོན་ཁྲིམ་ཕི་ཟིག་ཟེར་བའི་སྟེང་དུ་བསམ་བློ་ཞིབ་ཚག་པོ་བཏང་དུས་ནང་པ་སངས་རྒྱས་པའི་ལྟ་བ་ཆོས་ཐམས་ཅད་ཀྱི་རྨང་གཞི་སྟོང་པ་ཉིད་ཅེས་པའི་ལྟ་ཚུལ་ལ་ཐག་ཉེ་ཙམ་སླེབ་འོང་གི་ཡོད་པར་མཁས་པ་མང་པོས་ཆ་འཇོག་བྱེད་འོངས་པ་རེད། །
དྲི་བ། རྣམ་པ་ཚོས་ཚན་རིག་སྦྱང་ནས་མ་འོངས་པར་རང་ཉིད་ཀྱི་ཉམས་ལེན་ལ་བཀོལ་འདོད་དམ།ཡང་ན་བོད་པའི་ཕྱིའི་དངོས་པོ་ཡར་རྒྱས་སུ་གཏོང་འདོད་ཡོད། ཅིའི་ཕྱིར།
ལན། ངེད་ཚོའི་ཉམས་ལེན་ཟེར་བ་དང་། བོད་པའི་ཕྱིའི་དངོས་པོ་ཡར་རྒྱས་གཏོང་བ་གཉིས་ཧ་ལམ་འབྲེལ་བ་མེད་པའི་ལམ་ཁ་སོ་སོ་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཚོད་འདུག །བྱ་བ་གང་ཞིག་ལག་ལེན་ལ་བསྟར་དུས་ཉམས་སུ་ལེན་པར་ཁས་ལེན་དགོས་པ་ལྟ་བུ་ཞིག་རེད། ཉམས་ལེན་ཟེར་བའི་ཚིག་དེ་མང་ཚོགས་ནང་ཆོས་ལག་ལེན་བྱེད་སྟངས་རྐྱང་རྐྱང་ལ་བེད་སྤྱད་པ་དང་། དེས་མ་ཚད་ཆོས་ཉམས་ལེན་བྱེད་པའང་བྲག་ཕུག་ནང་སྒོམ་རྒྱབ་བསྡད་མཁན་ལྟ་བུ། རྒྱ་ཆེན་པོ་མེད་པའི་སྤྱི་ཚོགས་ཆུང་ཆུང་ཞིག་ལ་ངོས་འཛིན་གནང་གི་ཡོད་ཚོད་དེ་འདྲ་གནང་རྒྱུ་ཡོད་པ་མ་རེད། ཉམས་ལེན་ལ་བྲག་ཕུག་ནང་སྒོམ་སྒྲུབ་བྱེད་པའི་ཆོས་ཀྱི་ཉམས་ལེན་ཅིག་དང༌། མང་ཚོགས་ནང་ཞུགས་ཏེ་སྤྱི་ཚོགས་བདེ་སྐྱིད་སྐྲུན་ཐབས་ལ་འབད་པའི་ཆོས་ཀྱི་ཉམས་ལེན་བཅས་རིགས་སྣ་ཚོགས་ཡོད་པ་ཤེས་རྒྱུ་གལ་ཆེ། ལྟ་བའམ། ངག་གི་རྩོལ་བ། ལུས་ཀྱི་སྤྱོད་པ་གང་ཞིག་ཡང་ནས་ཡང་དུ་གོམས་འདྲིས་བྱེད་པའི་རྩོལ་བ་ཐམས་ཅད་ཉམས་ལེན་ཟེར་དགོས་པ་ཆག་གི་རེད། རྩ་དོན་དང་པོ་ཆོས་སྲིད་ག་རེ་བྱེད་ནའང་།དངོས་ཡོད་གནས་ཚུལ་གང་ཡིན་ཤེས་རྒྱུ་རྦད་དེ་གལ་ཆེན་པོ་རེད། དེ་གཞི་ལ་བཞག་ནས་དམིགས་ཡུལ་དང་མདུན་ལམ་གཏན་འབེབས་བྱེད་དགོས། ད་གཟོད་དེ་ལ་འཆར་གཞི་བཀོད་དགོས། ད་དུང་འཆར་གཞིའི་དམིགས་ཡུལ་དང་ཐབས་བྱུས་གཉིས་ཀྱི་དབར་ན་འབྲེལ་བ་ཟེར་བ་ཞིག་ཡོད་པ་འདི་གཏན་ལ་འབེབས་དགོས། ང་ཚོས་མི་འདོད་པའི་སྡུག་བསྔལ་མང་པོ་ཞིག་ནི་དངོས་ཡོད་གནས་ཚུལ་མ་ཤེས་པ་དང༌། དམིགས་ཡུལ་འཇོག་མ་ཤེས་པ། དེ་ལ་ཐབས་ཤེས་སྒྲུབ་མ་ཤེས་པ། ལག་ལེན་ལ་བསྟར་པའི་ཐབས་ཤེས་དང་། དམིགས་ཡུལ་གཉིས་བར་ན་འབྲེལ་བ་ཟབ་མོ་འཇོག་མ་ཤེས་པ་སོགས་ལ་བརྟེན་ནས། ང་ཚོའི་སྤྱི་སྒེར་གཉིས་ཀྱི་མི་ཚེའི་ནང་གཉིད་ཁུག་མི་ཐུབ་པའི་དཀའ་ངལ་མང་པོ་བཟོ་གིན་ཡོད། ཚན་རིག་གི་གནས་ཚུལ་ཤེས་པར་བྱེད་ཐུབ་ན་སོ་སོས་ཆོས་ཀྱི་ཉམས་ལེན་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ཕན་ཐོག་ཆེན་པོ་ཡོང་གི་རེད། དཔེར་ན་དབུ་མའི་སྐབས་སུ་ཐེག་པ་ཆེན་པོ་ལ་སློབ་པར་འདོད་པས་རིག་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གནས་ལུགས་སྟོང་པ་ཉིད་ལ་འཇུག་ཚུལ་གསུངས་ཡོད་པ་རེད། དེང་དུས་སྤྱི་ཚོགས་ཀྱི་སྲི་ཞུ་སྒྲུབ་པ་དང་ཆབ་སྲིད་ཀྱི་བྱ་བ་སྒྲུབ་ནའང་ཚན་རིག་དང་མཐུན་པ་བྱེད་རྒྱུ་གལ་ཆེ་བའི་གནས་ཚུལ་ཆགས་བསྡད་ཡོད། མདོར་ན་སྤྱི་སྒེར་གཉིས་ཐད་ནས་ཚན་རིག་སྦྱང་རྒྱུ་འདི་ཡུལ་དུས་གནས་བབས་གང་ལ་བསམ་ཡང་ཤིན་ཏུ་གལ་ཆེན་པོ་རེད། །
དྲི་བ། ང་ཚོ་འཇིག་རྟེན་འདི་ནས་མི་ཤི་སའི་ས་ཕྱོགས་ཤིག་ལ་འགྲོ་ས་ཡོད་དམ་མེད།
ལན། འཆི་རྒྱུ་མེད་པའི་ས་ཕྱོགས་ཤིག་འགྲོ་ས་ཡོད་མེད་མ་བཤད་པའི་སྔོན་ལ། འཆི་བ་ཟེར་བ་དེ་དངོས་འཛིན་གསལ་པོ་དང་དེའི་རྒྱུ་རྐྱེན་རྣམས་ཤེས་དགོས། ཕྱིའི་འགལ་རྐྱེན་ལ་བརྟེན་དགོས་པའི་འཆི་བ་ཟེར་བ་དེ་གཙོ་བོ་སོ་སོའི་ལུས་སྟེང་ནས་འགྲུབ་རྒྱུ་ཞིག་རེད། ད་ལྟའི་ལུས་རྟེན་འདི་རགས་པའི་ཁ་ཟས་ལ་བརྟེན་དགོས་པའི་ལུས་ཤིག་ཡིན་དུས་ནམ་ཞིག་འདི་དང་ཁ་མ་བྲལ་ཐབས་མེད་པ་དང་། དབུགས་ཀྱི་རྒྱུ་བ་ཆད་པ་ན་སྲོག་དབང་འགགས་ཤིང་། དེ་འགག་པ་ན་འཆི་པ་ཟེར་བའི་ཐ་སྙད་ཐོགས་པ་ཡིན། །དེ་གྲུབ་པ་ལ་གློ་བུར་གྱི་རྐྱེན་ནི་མོ་ཊ་བརྡབ་པ་འདྲ་པོ་དང་། དེ་མིན་རྒས་པ་དང་། ནད་ལ་སོགས་པའི་སྤྱིར་བཏང་གི་བརྒྱུད་རིམ་ལྡན་པའི་རྒྱུ་རྐྱེན་ཞིག་ཚང་དགོས་པ་བཅས་རེད། དཔེར་ན་སོ་སོའི་ལུས་འདི་ཁོ་རང་འཆི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། ལུས་འདི་འཁུར་ཏེ་འཇིག་རྟེན་གྱི་ཁམས་གང་འདྲ་ཞག་ལ་ཕྱིན་ནའང་སྔ་ཕྱི་མ་གཏོགས་འདི་ལ་སྐྱོན་ཞིག་ཤོར་ཏེ་འཆི་བའི་རྐྱེན་ཞིག་ཚང་ཡོང་གི་རེད། སྨན་དང་འཕྲོད་བསྟེན་ཟབ་མོ་ག་ཚོད་ཡོད་ནའང་འཆི་བའི་རྐྱེན་ཚང་བ་ཕྱིར་འགྱངས་བྱེད་ཐུབ་ཀྱི་རེད་མ་གཏོགས་ནམ་ཡང་ཚང་རྒྱུ་མེད་པ་དང་འཆི་རྒྱུ་མེད་པ་བཟོ་ཐུབ་ཀྱི་མ་རེད། མ་གཞི་རྒྱུ་རྐྱེན་ལམ་སང་ཚང་མི་འཇུག་པར་ཕྱིར་འགྱང་བྱེད་ཐུབ་པའང་རྩ་བ་ཆེན་པོ་རེད། འཛམ་གླིང་ན་སྨན་བཅོས་དང་འཕྲོད་བསྟེན་ཐོག་ལོ་ལྟར་འགྲོ་སོང་ཚོད་མེད་གཏོང་བཞིན་པ་འདི་འཆི་བ་ཕྱིར་འགྱང་བྱ་ཐབས་ཡིན། ས་ཕྱོགས་ཀྱི་ཆ་ནས་ཨ་རི་སོགས་སུ་འགྲོ་རྒྱུར་ཨེ་ཤེ་ཡ་རྣམས་དགའ་མོས་ཡོད་པ་ཡང་འཕྲོད་བསྟེན་ལེགས་པོ་ཡོད་པ་རྒྱུ་མཚན་གཅིག་རེད། ད་ལྟ་འཛམ་གླིང་གི་སྐྱེ་དངོས་རིག་པ་དང་རྫས་འགྱུར་རིག་པའི་ཚན་རིག་པ་མང་པོས་ཞིབ་འཇུག་བྱས་པ་ལྟར་ན། ཧུ་མིན་ཇི་ནོམ་(human genome)ཞེས་པའི་གཅུས་པུར་ཐེབ་པའི་སྐས་འཛེགས་རིང་པོ་དེའི་ཆ་ཤས་ཀ་ཁས་མཚོན་རྟགས་བྱས་པ་རྣམས་ཀྱི་ཡིག་འབྲུ་གང་ཞིག་འགྱུར་བཅོས་བཏང་ན་གསོ་དཀའ་བའི་ནད་ཀྱང་འཇོམ་པར་འདོད་ཀྱི་འདུག་མོད། ཉེ་ཆར་བཞུགས་སྒར་ཕོ་བྲང་ནང་ཨ་རིའི་ཚན་རིག་པ་ཨེ་རིག་ལན་ཌར་ཟེར་བས་དེ་ལྟར་བཅོས་རྒྱུ་ཡོད་ཚུལ་གསུང་བཤད་ཟབ་རྒྱས་གནང་མཐར།མཇུག་ཏུ་དྲི་བ་དྲི་ལན་སྐབས་མཐར་གཏན་ནས་འཆི་རྒྱུ་མེད་པ་ཞིག་བཟོ་ཐུབ་ཀྱི་མ་རེད་ཅེས་ཚིག་ཐག་ཆོད་པས་གསུངས་སོང་། ཚན་རིག་པ་མཁས་པ་དེ་ཚོས་ཡང་འཆི་རྒྱུ་མེད་པ་བཟོ་ཐུབ་ཡ་མེད་པའི་ཡིད་ཆེས་གནང་གི་འདུག མའོ་ཞིའི་སྐུའི་བླ་སྨན་པ་དང་དམར་པོའི་ཏང་ཡོན་ཚན་རིག་པ་ཚོས་བཞེས་ལག་ཞིམ་རིགས་ཞིམ་ཚད་ཟོས་སྐྱིད་ཉལ་རྒྱབ་ན་ལོ་བརྒྱ་དང་ལྔ་བཅུ་སྡོད་ཐུབ་པའི་ལྟ་ཚུལ་ཅིག་ཡོད་འདུག་མ་གཏོགས་ནང་པ་ལ་དེ་འདྲའི་རྨོངས་དད་མེད། དེའི་ཚབ་ཏུ་དཔེར་ན་ནང་པས་མེ་ཏོག་དང་རྡོ་བཅུད་ལེན་གྱི་འཕྲོད་བསྟེན་མན་ངག་ཉམས་སུ་བླངས་ན་ཚེ་རིང་པོ་སྡོད་ཐུབ་གསུངས་ཡོད། དེ་ཙམ་མ་ཟད་ནམ་ཞིག་ཏིང་ངེ་འཛིན་སྒོམ་པ་དང༌། རིག་སྔགས་ལ་བརྟེན་ནས་རགས་པའི་ཟས་ལ་བརྟེན་མི་དགོས་པའི་ལུས་ཤིག་གྲུབ་ཚུལ་གསུངས་ཡོད། རགས་པའི་ཟས་ལ་བསྟེན་མི་དགོས་པའི་ལུས་ཤིག་གྲུབ་སོང་ན་འཆི་བ་རགས་པ་མྱོང་མི་དགོས་པ་ཏན་ཏཱན་ཡོང་གི་ཡོད་ས་རེད། ཐབས་ལམ་འདི་ཚོར་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་གནང་ན་ནང་པས་དེ་ལ་དགའ་བསུ་ཞུ་གི་རེད་མ་གཏོགས་དགག་པ་རྩ་བ་ནས་རྒྱབ་ཀྱི་མ་རེད། དཔེར་ན་རྒྱ་ནག་དམར་པོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡིག་ཚར་ཁས་ལེན་གྱི་ས་ཡིག་རྒྱབ། ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་པ་ལྟ་སྐོར་ལ་འོངས་སྐབས་ཚ་གེ་ཚི་གེ་བྱེད་པའི་གནས་སྟངས་དང་འདྲ་གི་འདུག་གམ་མི་འདུག་གཟིགས་ཆོག ནང་པ་ལ་མངོན་ལྐོག་དེ་འདྲ་བྱེད་དགོས་པའི་གནོང་མེད་པ་ནི་རྨོངས་དད་མིན་པའི་རྟགས་རེད། །
དྲི་བ། མི་ཤི་ཚར་རྗེས་བླ་མ་བཟང་པོ་ཞིག་གིས་འཕོ་བ་འདེབས་པ་ཡིན་ན་དབུའི་གཙུག་ཕུད་བྲེགས་པ་མ་ཟད་བུ་ག་ཆུང་ཆུང་ཡང་མཐོང་ཐུབ་རྒྱུ་ཡོད་པ་དེ་ཚན་རིག་པ་རྣམས་ནས་ངོས་འཛིན་མི་བྱེད་པའི་རྒྱུ་མཚན་གསུངས་རོགས་ཞུ།
ལན། ཚན་རིག་པས་ངོས་འཛིན་མི་བྱེད་ཟེར་བ་དང༌། ཁས་མི་ལེན་ཟེར་བ། དེ་ལ་དགག་པ་རྒྱབ་ཀྱི་འདུག་ཟེར་བ་སོགས་ཚིག་འདྲ་པོ་རྣམས་ལ་ཞིབ་འཇུག་གནང་དགོས། མང་པོ་ཞིག་གིས་དེ་དག་བསྲེས་ཡག་བསྲེས་རྒུ་བྱས་ཏེ་ཚན་རིག་པས་ཁས་མི་ལེན་ཟེར་དུས་ཚན་རིག་པས་དེ་འདྲ་ཡོད་པ་མ་རེད་ཟེར་བར་གོ་བ་ལེན་བསྡད་ཀྱི་འདུག ཐོག་མར་དགག་པ་བྱེད་ཀྱི་ཡོད་པ་ཡིན་ནམ་ཤེས་མ་སོང་ཟེར་བ་ཡིན། འདི་གཉིས་ལ་དབྱེ་འབྱེད་གསལ་པོ་གནང་རྒྱུ་གལ་ཆེན་པོ་རེད། ཚན་རིག་པས་ཧ་གོ་གི་མི་འདུག་ཟེར་ན་དེ་ནི་དྲང་བདེན་གྱི་སྐད་ཆ་རེད། ཧ་གོ་མ་སོང་ཟེར་དུས་ཡོད་ཚད་ངས་ཧ་གོ་དགོས། ངས་ཧ་མ་གོ་ན་ཡོད་ཆོག་གི་མ་རེད་ཅེས་ཟེར་གྱི་མེད་ལ་དེ་འདྲའི་གོ་དོན་ཡང་ཡོད་པ་མ་རེད། གལ་ཏེ་ཡོད་པ་ཞིག་ཡིན་ཕྱིན་ཆད་ངས་ཧ་གོ་དགོས། ངས་ཧ་མ་གོ་ན་ཡོད་མི་སྲིད་པ་རེད་ཅེས་ཟེར་ན་ཁོ་རང་ཚན་རིག་པ་ཚད་ལྡན་ཞིག་མིན་པའི་རྟགས་དེ་ག་རང་གིས་བསྟན་ཚར་བ་རེད། ད་དུང་མི་དེ་དང་མཉམ་དུ་བགྲོ་གླེང་བྱེད་ཀྱིན་བསྡད་ན་ང་ཚོ་ཡང་སྨྱོན་པ་ཆག་འགྲོ་གི་རེད། ཁོང་ཚོས་ཧ་མ་གོ་བའི་དངོས་ཡོད་གནས་ཚུལ་མང་པོ་ཡོད་པ་ཁོ་རང་ཚོས་ཀྱང་ཁས་ལེན་གྱི་རེད། ཁོང་ཚོས་ཧ་གོ་སོང་ཤེས་སོང་ཞེས་འུར་ཤོབ་བཤད་ཚར་ནའང་། དངོས་གནས་བྱས་དུས་ད་དུང་མགོ་མ་ཚོས་པར་བསྡད་ཡོད་པ་མང་པོ་ཐོན་ཚར་བ་རེད། སྤྱིར་བཏང་ཚན་རིག་པ་ཟེར་དུས་སོ་སོས་སློབ་སྦྱོང་དང་དཔྱད་ཞིབ་བྱེད་བསྡད་སའི་སྟེང་གི་གནད་འགག་མང་པོ་ཤེས་པ་དང་གཞི་དེའི་སྟེང་ལ་མཁས་པ་ཡོད་རེད། ཡིན་ནའང་ད་དུང་དེའི་ཐོག་ལ་ནོར་འཁྲུལ་ཡང་མང་པོ་བཟོ་གི་ཡོད་པ་དང་། ཁོ་ཚོ་རང་གིས་ངས་ནོར་འཁྲུལ་རྩ་ནས་བཟོ་གི་མེད་ཅེས་ལབ་ཀྱི་མ་རེད། འདི་ནི་གཟི་བརྗིད་ཆེན་པོ་ཞིག་རེད། ཚན་རིག་པ་ཕལ་ཆེ་བས་སོ་སོས་མ་སྦྱང་སའི་གནད་འགག་ཐ་ན་ཁ་ལག་བཟོ་སྟངས་འདྲ་པོ་དང་གོས་ལོག་ཚེམས་རྒྱུ། སོ་སོའི་ཉལ་སའི་ནང་གཙང་སྦྲ་ཚུན་ཆད་ཀྱང་བྱེད་ཤེས་ཀྱི་མ་རེད། ཚན་རིག་པས་ཐོག་མར་དཔྱད་པ་བྱེད་ས་ཞིག་བདམས་དུས། གཞི་ག་རེ་ཡིན་ཀྱང་དེ་ལ་འཁྲུལ་པ་དང་ཡང་དག་པ་གང་གི་ཕྱོགས་སུ་ཐག་གཅོད་བྱེད་ཐུབ་རྒྱུ་ཞིག་འདེམས་དགོས་ཟེར་གྱི་རེད། འདི་ནི་ཚན་རིག་པའི་སྤྱི་སྲོལ་རེད། སྐྱེ་བ་སྔ་ཕྱི་དང་འཕོ་བ་བཏབ་ན་བདེ་བ་ཅན་ལ་འདྲེན་ཐུབ་མིན་སོགས་ལ་ཁོང་ཚོས་དཔྱད་པ་བྱེད་སྟངས་ཤེས་ཀྱི་ཡོད་པ་མ་རེད། དེ་ལ་ལག་པ་འཆང་སྟངས་ཧ་གོ་གི་མེད་པ་དེ་འདྲར་སོང་། ཁོང་ཚོས་ཁས་ལེན་དང་མི་ལེན་ཟེར་བ་དེ་ད་ལྟ་བཤད་རྒྱུ་སྔ་དྲགས་པ་རེད། འཕོ་བ་བཏབ་ན་རྣམ་ཤེས་བདེ་བ་ཅན་ལ་འདྲེན་ཐུབ་ཀྱི་རེད་ཟེར་རམ་མི་ཐུབ་ཟེར་ཅེས་ཚན་རིག་པ་ཚད་ལྡན་ཞིག་ལ་སྐད་ཆ་དྲིས་ན། ཁོང་སྔོན་ལ་བགད་མོ་ཞིག་བགད་ནས་ངས་ཧ་གོ་མ་སོང་ཟེར་གྱི་རེད་མ་གཏོགས་ཐུབ་མི་ཐུབ་གང་ཡང་ཟེར་གྱི་མ་རེད། དེ་དུས་སྐད་ཆ་དྲི་མཁན་དེ་ཁ་སྐྱེངས་པོ་ཞིག་ཆགས་ཀྱི་རེད། དྲི་བ་དྲི་མཁན་དེ་བསམ་བློའི་ཆུ་ཚད་མཐོ་པོ་མེད་པ་དང་ཉམས་མྱོང་ཆུང་བའི་བཟོ་ལྟ་ཞིག་དོད་ཡོང་གི་རེད། གང་ཡང་མི་ཟེར་བ་དེས་ཁས་མི་ལེན་ཟེར་བ་མ་རེད་ལ་ཁས་ལེན་ཡང་ཟེར་བ་མ་རེད། ཧ་གོ་མ་སོང་ཟེར་བ་རེད། ཁས་མི་ལེན་ཟེར་བ་དང་ཧ་གོ་མ་སོང་ཟེར་བ་གཉིས་སོ་སོར་འབྱེད་དགོས། ད་དུང་རེད་དང་མ་རེད་གང་ཡང་མི་ཟེར་བ་དེས་ཚན་རིག་པ་ཚད་ལྡན་ཞིག་ཡིན་པ་མཚོན་པ་དང་གཟི་བརྗིད་ཅིག་ཏུ་བརྩི་གི་རེད། ང་ཚོའི་མི་མང་པོ་ཞིག་གིས་འདི་དང་འདི་འདྲ་བ་རྣམས་དོན་དག་གཅིག་པར་ངོས་འཛིན་བྱེད་ཀྱི་འདུག་པ་དང་། འདིས་ད་དུང་ཚན་རིག་དང་རྒྱང་ཐག་རིང་པོར་གནས་པ་བསྟན་པ་ཞིག་རེད། །
དྲི་བ། ང་ཚོ་བོད་མི་རིགས་འདིའི་ངོས་ནས་བཤད་ན། དུས་རབས་སྔོན་མ་རྒྱལ་ཐོག་རིམ་བྱོན་ནས་བཟུང་ནང་པའི་ཆོས་ལུགས་འདི་བཟུང་ཡོད་པ་རེད། ཡིནའང་ད་དུང་ནང་ཆོས་ཕྱུག་པོ་ཆགས་ཡོད་པ་མ་རེད་ཟེར། དེས་ན་ནང་ཆོས་འདི་ཕྱུག་པོ་ཆགས་སོང་བ་ཡིན་ན། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་ལས་ལྷག་པའི་ནུས་པ་ཞིག་ཐོན་ཐུབ་བམ། ཡང་ན་ཕྱིའི་དཔལ་ཡོན་གྱི་འཛུགས་བསྐྲུན་ལ་ཡང་ནུས་པ་དང་རྒྱ་བསྐྱེད་ཀྱིས་དར་སྤེལ་གཏོང་ཐུབ་བམ། དགེ་འདུན་པ་རྣམས་ཀྱིས་འགྲེལ་བཤད་གསལ་པོ་ཞིག་བྱེད་རོགས། ལན། བོད་ཀྱི་རྒྱལ་ཐོག་རིམ་བྱོན་ནས་ནང་ཆོས་རྩ་ཆེར་བཟུང་ཡོད་པ་དངོས་ཡོད་རེད། དེ་ཙམ་མ་ཟད་ནུབ་ཕྱོགས་པའི་ཚན་རིག་གི་ལྟ་གྲུབ་ཀྱི་ཐ་སྙད་མང་པོ་ཞིག་ད་ལྟའི་བཀའ་བསྟན་ནང་ལ་མ་ཚང་བ་ཡང་བདེན་པ་རེད། ཡིན་ནའང་ནང་ཆོས་ཕྱུག་པོ་མ་རེད་ཅེས་ལབ་ཐུབ་ཀྱི་མ་རེད། ཚན་རིག་གི་གཞུང་ནང་ལའང་མ་ཚང་པའི་འཇིག་རྟེན་འདིའི་ཐ་སྙད་མང་པོ་བཀའ་བསྟན་ནང་ལ་ཡོད་པ་རེད། གང་ལྟར་ནང་ཆོས་ཧ་ཅང་གི་ཕྱུག་པོ་རེད་དྲན་གྱི་ཡོད། ངེད་ཅག་གིས་དྲན་པ་ཙམ་དུ་མ་ཟད་ནུབ་ཕྱོགས་པའི་ཚན་རིག་མཁས་པ་ཚོས་ཀྱང་ནང་ཆོས་ཧ་ཅང་གི་ཕྱུག་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག ད་ལྟ་གདན་ས་ཆེན་པོ་སོགས་བོད་ཀྱི་མཁས་དབང་རྣམས་ཀྱིས་ནུབ་ཕྱོགས་པའི་ཚན་རིག་བསླབ་ན་ནང་ཆོས་ད་དུང་ཕྱུག་ཏུ་འགྲོ་གི་རེད། བོད་ཀྱི་རིག་གཞུང་ད་དུང་དེ་བས་ཕྱུག་ཏུ་འགྲོ་གི་རེད་ཟེར་བ་རེད་མ་གཏོགས། ཚན་རིག་མ་བསླབ་ན་ནང་ཆོས་ཕྱུག་པོ་མ་རེད་ཅེས་ཞུ་གི་མེད། ཚན་རིག་བསླབ་ན་སྔར་ཕྱུག་པོ་ཡིན་བཞིན་པའི་ཐོག་ལ་ད་དུང་དེ་བས་ཕྱག་ཏུ་འགྲོ་གི་རེད་ཞུ་གི་ཡོད། དཔེར་ན་ཨ་རིའི་སྦིལ་སྒེ་ཌི་(Bill Gates)ལ་ཕྱི་ལོ་ ༢༠༠༩ ལོ་མཇུག་ཏུ་ཌོ་ལར་ས་ཡ་ཁ་ཤས་ཁ་སྣོན་དུ་རག་རྒྱུ་ཕལ་ཆེར་ཐག་ཆོད་པ་རེད། དངུལ་དེ་འདྲ་ཞིག་གསར་དུ་རག་དུས་སྔར་ལས་ཕྱུག་ཏུ་སོང་བ་རེད། ཡིན་ན་ཡང་ཕྱི་ལོ་ ༢༠༠༣ ལོར་སྦིལ་སྒེ་ཌི་(Bill Gates) ཕྱུག་པོ་མ་རེད་ཟེར་མཁན་འཛམ་གླིང་ན་མེད། གནད་ཀྱི་དོན་པོ་ནི་ནང་ཆོས་དང་ཚན་རིག་གཉིས་མུ་མཐུད་ཤེས་ཡོན་སྤེལ་རེས་གནང་ན་ཚན་རིག་པས་སྔར་མ་ཤེས་པ་མང་པོ་ཤེས་རྒྱུ་དང་ནང་པས་ཀྱང་སྔར་མ་ཐོས་པ་མང་པོ་ཐོས་རྒྱུ་ཡིན་པ་ཤོད་མ་དགོས་པ་རེད། དེ་ལ་བརྟེན་ནས་ཕན་ཚུན་གཉིས་ཀས་སྔར་གྱི་ནོར་འཁྲུལ་མང་པོ་ཞིག་སངས་ཐུབ་རྒྱུའང་ཚོད་དཔག་བྱེད་ཐུབ། སྔར་མ་ཐོན་པའི་སྤྱི་ཚོགས་ལ་བདེ་སྐྱིད་ཅིག་ཐོན་ཐུབ་རྒྱུ་རེད་ཅེས་ནང་པ་དང་ཚན་རིག་པ་གཉིས་ཀས་མོས་མཐུན་གནང་གི་རེད། དེ་བྱུང་ན་ཆོས་དང་ཚན་རིག་དབར་མཉམ་འབྲེལ་བྱེད་ཐུབ་པ་གོ་ཆོད་པ་རེད། དེ་འདྲའི་ནུས་པ་ཐོན་པར་དུས་ཡུན་གང་འཚམས་འགོར་སྲིད། དེ་དང་དེང་རབས་ཞེས་པའི་སྤྱི་ཚོགས་ནང་མི་དགོས་པ་མང་པོ་ཞིག་འབེལ་དྲགས་ནས་ལྷག་བསྡད་དགོས་པའི་བཅའ་ལག་མང་པོ་ཞིག་ཉུང་དྲགས་ནས་མི་ལྡེང་བ་ཆགས་ཀྱི་ཡོད། དེ་ཚོ་ལ་འགྱུར་ལྡོག་ཏན་ཏན་ཡོང་གི་རེད། དཔེར་ན་ཕྱི་ལོ་ ༡༩༥༩ ལོར་མཚོན་ན་འཛམ་གླིང་ཐ་མག་འཐེན་མཁན་ཆེས་མང་པོ་ཡོད་པ་དང་། མང་ཆེ་བས་དབྱིངས་ལ་བརྩིས་ཏེ་འཐེན་པ་རེད། དེ་ལ་སྐྱོན་དུ་མཐོང་མཁན་རིམ་པས་མིང་རུ་ཕྱིན། ད་ཆ་ལོ་བཞི་བཅུ་སོང་བའི་སྐབས་ལ་ཐ་མག་འཐེན་མཁན་ཉུང་རུ་འགྲོ་བའི་མཚམས་སུ་སླེབ་ཡོད། དེ་དེ་བཞིན་འགྱུར་ལྡོག་ངེས་པར་དུ་གཏོང་ཐུབ་ཀྱི་རེད། །
དྲི་བ། སྐྱེ་བ་སྔ་མ་ཡོད་པའི་སྒྲུབ་བྱེད་དུ་སྐྱེ་བ་སྔ་མ་དྲན་གྱི་ཡོད་པ་རེད་ཟེར། དེ་ནི་མི་རེ་ཟུང་ཡིན་སྟབས། ང་ཚོ་ཚང་མས་སྐྱེ་བ་སྔ་མ་མི་དྲན་མཁན་མང་བས་སྐྱེ་བ་སྔ་མ་མེད་པ་རེད་དམ། མི་རེ་ཟུང་གི་བཤད་པ་དེ་རྫུན་དུ་བཟོས་པ་རེད་དམ།
ལན། མི་རེ་ཟུང་གིས་སྐྱེ་བ་སྔ་མ་དྲན་པ་ཡིན་ན་སྐྱེ་བ་སྔ་མ་ཡོད་པའི་དཔང་རྟགས་ (Evidence)རེད་འགྲོ་བ་རེད། ཚན་རིག་པས་དཔྱད་པ་བྱེད་དུས་བདེན་རྟགས་ཀྱི་(Evidernce) དཔང་པོ་ཡོད་མེད་ཀྱིས་ཐག་གཅོད་བྱེད་ཀྱི་རེད། དཔང་རྟགས་གཅིག་བྱུང་ན་དེས་འགྲིགས་ཚར་བ་རེད། མི་མང་ཕྱོགས་ཀྱིས་སྐྱེ་བ་སྔ་མ་མི་དྲན་པ་དེ་སྐྱེ་བ་སྔ་མ་མེད་པའི་དཔང་རྟགས་ཆགས་ཀྱི་ཡོད་པ་མ་རེད། དཔང་རྟགས་ཟེར་བ་དེ་མང་ཉུང་གི་སྐད་ཆ་མ་རེད། དཔེར་ན་འཛམ་གླིང་ནང་མི་དུང་ཕྱུར་མང་པོས་ཟླ་བའི་གྲོང་ཁྱེར་ལ་འགྲོ་མི་ཐུབ་པའི་སྐབས་སུ། མི་རེ་གཉིས་ཤིག་ཟླ་བའི་ནང་ཕྱིན་པ་དེ་དཔང་རྟགས་ལ་ངོས་འཛིན་བྱས་པ་རེད། མི་མང་ཤོས་འགྲོ་མི་ཐུབ་པ་དེ་ཟླ་བའི་ནང་མི་རྩ་བ་ནས་འགྲོ་མི་ཐུབ་པའི་དཔང་རྟགས་མ་རེད། ང་ཚོ་མང་ཆེ་བས་ཚེ་སྔ་མ་མི་དྲན་པས་སྔར་གྱི་བདེན་རྟགས་དེ་ནག་བསུབ་བྱེད་ཐུབ་ཀྱི་མ་རེད། བདེན་རྟགས་ཤིག་བསྟན་རྒྱུ་ཡོད་པ་བྱུང་སོང་ན་དེ་ནས་ཁས་ལེན་དགོས་པ་ཞིག་ཆགས་འགྲོ་གི་རེད། སྐྱེ་བ་སྔ་ཕྱི་དྲན་མཁན་བྱུང་བ་རེད་ཟེར་བ་འདི། སྒྲུང་བཤད་པ་ལྟ་བུ་ཞིག་མ་རེད། ཕ་མས་མི་ཤེས་ཤིང་གོ་ཡང་མ་མྱོང་བའི་གནད་དོན་ཞིག་སྐྱེ་བ་སྔ་མ་དྲན་མཁན་གྱི་ཕྲུ་གུ་དེས་ངས་འདི་ཤེས་ཀྱི་ཡོད། འདི་ནས་ས་ཆ་འདི་ལ་སོང་ན་མིང་འདི་འདྲ་ཟེར་བའི་ས་གནས་དང་། ཁང་པ། མི་སྣ། དངོས་ཆས་འདི་འདྲ་ཡོད་ཅེས། དངོས་ར་འཕྲོད་ཐུབ་པ་ཤ་སྟག་བཤད་འོང་བ་དང་དེ་ལ་སྐྱེ་བ་སྔ་མ་དྲན་ཟེར་བ་མ་གཏོགས་གཞན་རྣ་བ་གཏོད་མཁན་རག་གི་མ་རེད། འོན་ཀྱང་འདི་ལ་དྲི་བ་གསར་པ་ཞིག་ཏན་ཏན་སླེབ་ཀྱི་ཡོད། དྲི་བ་དེ་ནི་མི་ལ་ལས་དྲན་པ་དང་མང་པོ་ཞིག་གིས་མི་དྲན་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པ་དེ་རེད། དེ་འདྲ་སོང་དཔྱད་པ་གཞན་དག་ཞིག་བྱེད་དགོས་པ་ཆགས་ཀྱི་རེད། དཔེར་ན་འཛམ་གླིང་འདིའི་ནང་དུ་ན་ཚའི་རིགས་འགའ་ཤས་ནི་ཉུང་ཉུང་རེད། ན་ཚ་དེ་ཡོད་མཁན་སྤྱི་ཚོགས་ནང་མི་བརྒྱ་ཐམ་པའི་ནང་གཅིག་མ་གཏོགས་མེད་པ་དེ་འདྲ་ཡོད་རེད། དེར་བརྟེན་སྨན་ཡང་མེད་པའམ་མ་བཟོས་པར་ལུས་བསྡད་ཡོད་པ་རེད། ནད་པ་མི་རེ་གཉིས་ཀྱི་ཆེད་དུ་བཟོ་གྲྭས་སྨན་བཟོས་ན་ཁེ་བཟང་མི་འདུག་ཅེས་སྨན་བཟོ་གི་མ་རེད། འོ་མི་མང་ཤོས་ལ་ན་ཚ་དེ་མེད་ཅིང་མི་ཉུང་ཤས་ཀྱི་ན་ཚ་དེ་འདྲ་ཡོད་པ་མ་རེད། དེ་རྫུན་རེད་ཅེས་རྩ་བ་ནས་བཤད་ཐུབ་ཀྱི་མ་རེད། འདི་འདྲའི་གནས་ཚུལ་ཡོད་པ་འཛམ་གླིང་གི་མཁས་པས་མོས་མཐུན་གནང་གི་རེད། །
དྲི་བ། ཚན་རིག་པ་གང་ཟག་བཟང་ངན་གཉིས་ཀྱི་རྒྱུ་ལ་བརྟེན་ནས་འབྲས་བུ་བཟང་ངན་གཉིས་འབྱུང་བ་ཡིན་ན་ཚན་རིག་ལ་སྤང་བླངས་ཀྱི་ཁྲིམས་གཞི་ཞིག་ནང་ཆོས་ལྟར་ཡོད་དམ།
ལན། ཚན་རིག་པ་ལ་བསམ་པ་བཟང་ཞན་ལོས་ཡོད། དེ་ལ་བརྟེན་ནས་གྲུབ་འབྲས་ཀྱང་བཟང་ངན་མི་འདྲ་བ་གཉིས་ཡོད་པ་ཤོད་མི་དགོས། ང་ཚོའི་རེ་བར་སྤྱིར་འཛམ་གླིང་ལ་མི་བཟང་ངན་གཉིས་ལས་བཟང་བ་མང་བ་ཡོང་བར་ཤོག་ཟེར་སྨོན་ལམ་འདེབས་རྒྱུ་དང་། བོད་པའི་སྤྱི་ཚོགས་ནང་ལའང་མི་བཟང་པོ་མང་བ་དང་། ཤེས་འཇོན་གཉིས་ལྡན་མང་བ་ཡོང་བའི་སྨོན་ལམ་དང་རེ་བ་བྱེད་དགོས་རེད། དེ་ལ་བརྟེན་ནས་དགོན་པ་གྲྭ་ཚང་མང་པོ་ཚུགས་ཡོད་པ་དང་། སློབ་གྲྭ་ཁག་མང་པོ་བཙུག་ཡོད་པ་རེད།དེའི་ཐོག་ལ་ད་དུང་ཤེས་རབ་དགའ་ཚལ་གླིང་སློབ་གྲྭ་ཟེར་བ་དེ་ཚུགས་པ་རེད། དེས་ཕན་ཐོགས་ཆེན་པོ་ཞིག་ཏན་ཏན་བྱེད་ཀྱི་ཡོད་པ་རེད། ཚན་རིག་སྐོར་ལ་ནང་ཆོས་ནང་བཞིན་གྱི་ཁྲིམས་གཞི་མང་པོ་ལོས་ཡོད། ཚན་རིག་ལ་ཁྲིམས་གཞི་ཏན་ཏན་མང་པོ་ཆགས་ཡོང་གི་ཡོད། དཔེར་ན་ཁེ་ལ་ནིང་(Cloning)ཟེར་བ་མི་ལ་བེད་སྤྱོད་མི་ཆོག་ཅེས་ཨ་རི་དང་དབྱིན་ཡུལ་སོགས་སུ་ཁྲིམས་བཟོས་པ་དང་། མ་ཟད་ཚན་རིག་ཚོད་ལྟ་ཁང་གང་བྱུང་འཛུགས་མི་ཆོག་པའི་ཨ་རི་སོགས་ཀྱི་ནང་ཁྲིམས་དམ་པོ་ཡོད། གཞུང་ནས་བཀའ་ཁྲོལ་མེད་པར་རང་བཞིན་གྱིས་ཚན་རིག་ཚོད་ལྟ་བྱེད་མི་ཆོག་པ་རེད། མང་པོ་ཞིག་གིས་ཕྱི་རྒྱལ་ན་ཚན་རིག་ཚོད་ལྟ་ག་རེ་ཡིན་ཀྱང་བྱེད་ཆོག་གི་རེད་བསམ་གྱི་ཡོད་ཚོད། དེ་འདྲ་རྩ་བ་ནས་མ་རེད། གང་རེད་ཅེ་ན།ཚན་རིག་གི་ཚོད་ལྟ་འགའ་རེ་ནི་ཉེན་ཁ་ཆེན་པོ་ཞེ་དྲག་རེད་བསྡད་ཡོད་པ་རེད། འདི་ཡག་པོ་མ་བྱུང་ན་ལུས་ཁམས་ལ་གནོད་ཀྱི་ཡོད་ཙང་ཞེད་སྣང་ཆེན་པོ་བྱེད་དགོས་པ་ཆག་བསྡད་ཡོད། ད་ལྟ་ང་ཚོས་ཤེས་གསལ་ཨ་རི་དང་དབྱིན་ཇིས་ཨ་རག་ལ་དམག་རྒྱག་ཡ་དེའང་ཚན་རིག་གི་ཐོག་ནས་དུག་རྫས་དང་རྡུལ་ཕྲན་མཚོན་ཆ་བཟོ་གི་ཡོད་མེད་ལ་འཐུག་པསྡད་ཡོད་ཟེར་བ་རེད། ད་དུང་བྱང་ཀོ་རི་ཡ་དང་། ཨི་རན་བཅས་ལ་ཨ་རིས་སྡིགས་ར་གཏོང་བ་དེའང་ཁྲིམས་སམ། ཆོག་དང་མི་ཆོག་ཕན་དང་གནོད་པ་བཅོས་ལ་ཐུག་བསྡད་ཡོད་པ་རེད། ཆེ་ས་ནས་རྒྱལ་ཁབ་དང་ཆུང་ས་ནས་སྒེར་སོ་སོར་ཚན་རིག་གིས་ཚོད་ལྟ་བྱེད་ཆོག་དང་མི་ཆོག་གི་གནས་ཚུལ་འདི་རྒྱ་གར་དང་རྒྱ་ནག་ལས་རྙོག་ཁྲ་ཚ་བ་ཡོད་འདུག
དྲི་བ། སྤྱིར་ནང་ཆོས་ཀྱི་རྒྱུ་འབྲས་ཀྱི་སྟེང་ནས་བཤད་ན་བྱ་དང་བྱ་སྒོང་གཉིས་ཀྱི་རྒྱུ་གང་ཡིན་པ་དང་འབྲས་བུ་གང་ཡིན། སྔོན་ལ་ག་རེ་བྱུང་ཡོད། རྡུལ་ཕྲན་ཆ་མེད་འབྱུང་བའི་ཁམས་བཞིས་གྲུབ་ཡོད་དམ་མེད།
ལན། བྱ་དང་བྱ་སྒོང་ཟེར་བའི་སྐད་ཆ་དེ་རྣམ་ཀུན་ཕྱོགས་གཅིག་ནས་སྙད་བསྐོ་ཡའི་བཟོ་འདྲ་བོ་ཕྱོགས་གཅིག་ནས་དངོས་ཡོད་ཀྱི་དྲི་བ་ཡིན་བསྡད་པའི་བཟོ་ལྟ་དེ་སྔ་མོ་ནས་བཤད་བསྡད་པའི་སྐད་ཆ་ཞིག་རེད། དེ་ནང་བཞིན་ཨ་མ་དང་ཕྲུ་གུ་ཟེར་ནའང་འགྲོ་སྟངས་གཅིག་པ་རེད། ཕྲུ་གུ་ཨ་མ་ལས་སྐྱེས་པ་བཤད་མི་དགོས་པ་དང་། ཨ་མ་དེའང་ཕྲུ་གུ་བྱས་ནས་འོངས་པ་ཡང་ཤོད་མི་དགོས། དེ་བཞིན་བྱ་དེ་སྒོ་ང་ལས་སྐྱེས་པ་དང་སྒོ་ང་དེ་ཡང་བྱ་མོ་གཅིག་གིས་བཏང་བ་ཡིན་པ་ཤོད་ག་ལ་དགོས། དེ་ལ་སྐྱེ་དངོས་རིག་པ་པས་སྒོ་ང་དང་བྱ་དེ་གཉིས་སྔོན་ལ་ག་རེ་བྱུང་བ་རེད་བགྲོ་གླེང་བྱེད་ཀྱི་ཡོད་ངེས། སྐྱེ་དངོས་རིག་པ་པས་སྲོག་ཆགས་ཐམས་ཅད་སྒོ་ང་ལས་སྐྱེས་པ་རེད་ཟེར་སྲིད། དཔེར་ན་མིའི་མངལ་ན་སྒོ་ང་མང་པོ་ཡོད་པ་དེ་ནས་གཅིག་གཉིས་ཤིག་སྨིན་ཏེ་ཕྲུག་གུ་ཆགས་པ་རེད་ཟེར། མའི་མངལ་གྱི་སྒོ་ང་ཟེར་བ་དང་བྱ་དེའི་སྒོ་ང་གཉིས་རིགས་གཅིག་པ་ཡིན་མིན་ཇི་ལྟར་ཡང་། གང་ལྟར་སྒོ་ང་ཟེར་དུས་ས་བོན་ཞིག་ལ་ཟེར་གྱི་ཡོད་པའི་བཟོ་ལྟ་ཞིག་འདུག །ད་ལྟའི་ཆར་ནང་པས་སྒོ་ང་དང་བྱ་དེ་གཉིས་ལྕགས་ཐག་ལུ་གུ་བརྒྱུད་བཞིན་ཡོད་པའི་ཡར་མར་གྱི་སྣེ་མོ་གཉིས་འཛད་རྒྱུ་ཡོད་གསུང་གི་རེད། སྐྱེ་དངོས་རིག་པའི་ཌར་ཝིན་ཟེར་བས་སེམས་ཅན་དང་རྩི་ཤིང་སོགས་སྲོག་ལྡན་ཀུན་གྱི་ཕྱི་མོ་སེལ་གཅིག་མའི་ཨི་མས་སྦ་(Amocba)ཟེར་བ་དེ་རེད་ཟེར་གྱི་ཡོད་སྐད། ཚན་རིག་པ་ནང་ཁུལ་དུའང་ལྟ་གྲུབ་དེ་འདོད་བློ་ཁ་ཁེངས་པོ་ཞིག་ཏུ་བརྩི་གི་མེད་ཚོད་རེད། །
དྲི་བ། ང་ཚོ་ནང་པས་བཤད་ན་འབྲུག་ཟེར་བ་ཞིག་ཡོད་པ་རེད་ཟེར་གྱིན་ཡོད་ལ། ཚན་རིག་པས་བཤད་ན་འབྲུག་ཟེར་བཞིན་ཡོད་པ་རེད། དེས་ན་ཆར་འབབས་ཀྱི་སྐབས་སུ་ལྡུར་ལྡུར་དུ་གྲགས་ཀྱི་ཡོད་པ་དེ་གང་དང་། ང་ཚོའི་བོད་མི་ཁ་ཤས་ཀྱིས་འབྲུག་དངོས་སུ་མཐོང་ཡོད་ཟེར་མཁན་གྱིས་དངོས་གནས་འབྲུག་མཐོང་བ་རེད་དམ།
ལན། བོད་པའི་སྤྱི་ཚོགས་ཙམ་མ་ཟད་ཤར་ཕྱོགས་ཀྱི་རིག་གཞུང་ནང་འབྲུག་ཟེར་བ་ཞིག་ཁས་ལེན་གྱི་ཡོད། ནང་པ་མ་དར་སྔོན་ནས་བསམ་ཚུལ་དེ་ཡོད་ཚོད་རེད། བོད་ལ་ནང་ཆོས་མ་དར་བའི་སྔོན་ནས་བོད་པས་འབྲུག་ཡོད་པ་ཁས་ལེན་གྱི་ཡོད་ཚོད་རེད། བོད་ལ་ནང་ཆོས་གསར་དུ་དར་བའི་སྐབས་སྔར་ཡོད་བོད་ཀྱི་ཡིད་ཆེས་ཐམས་ཅད་ལ་ནང་པས་བཅོས་གཏོགས་དང་ཞུས་དག་བཏང་གནང་ཐུབ་ཡོད་ཀྱི་མ་རེད་ལ། རྒྱ་གར་ལའང་རྒྱ་གར་གྱི་རིག་གཞུང་གི་རྣམ་པ་ཡིན་ཚད་ལ་ནང་པས་ཐེ་གཏོགས་བྱས་ཡོད་ཀྱི་མ་རེད། རྒྱ་གར་ཧིན་དུའི་ལྟ་གྲུབ་བདག་ཏུ་གྲུབ་པ་དང༌། རྟག་གཅིག་རང་དབང་ཅན་ཟེར་བ་སོགས་གནད་དོན་མང་པོ་ཞིག་གི་ཐོག་ལ་བགྲོ་གླེང་དང་དགག་གཞག་གནང་ཡོད་མོད། དེ་མ་ཡིན་པའི་སྤྱི་ཚོགས་ཀྱི་བསམ་ཚུལ་མང་ཆེ་བ་རང་གནས་སུ་བཞག་ཡོད་རེད། མ་ཟད་སྤྱི་ཚོགས་ཀྱི་ལྟ་སྤྱོད་མང་པོ་ཞིག་ནང་ཆོས་ཀྱི་དགོས་མཁོར་ཚུར་བླངས་ཡོད་པ་ཤེས་གསལ་རེད། དབུ་མ་འཇུག་པ་ལས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་གསུངས་ཡོད། བོད་ལའང་དེ་བཞིན་རེད་བོད་ཀྱི་ལྟ་སྤྱོད་མང་པོ་ནང་ཆོས་ཀྱི་དགོས་མཁོར་བླངས་ནས་བེད་སྤྱད་ཡོད་ཙང་བོད་ལ་དར་བའི་ནང་ཆོས་དང་རྒྱ་གར་གྱི་ནང་ཆོས། ཤྲི་ལང་ཀའི་ནང་ཆོས། ཐེ་ལེན་ཌའི་ནང་ཆོས། རྒྱ་ནག་གི་ནང་ཆོས་སོགས་ལ་རྣམ་འགྱུར་དང་གཤིས་ཀ་མི་འདྲ་བ་སོ་སོ་ནས་ཆགས་ཡོད་པ་རེད། དེ་འདྲར་སོང་ནང་པས་འབྲུག་ཁས་ལེན་དང་མི་ལེན། བོད་པས་འབྲུག་ཁས་ལེན་དང་མི་ལེན་སོགས་གཅིག་པ་གཅིག་རྐྱང་གནང་རྒྱུ་མེད། ལར་ནས་བོད་པས་བྱས་ཚད་ནང་པས་བྱས་པ་དང་། ནང་པས་བྱས་ཚད་བོད་པས་བྱས་པ་རེད་ཅེས། བསམ་ཡོད་སུས་ཀྱང་ཟེར་མི་ཤེས།ནང་པས་འབྲུག་ཁས་ལེན་དང་མི་ལེན་ཞེས་དྲི་བ་བསླངས་ཏེ་བགྲོ་གླེང་བྱེད་ཆོག་གི་རེད། ནང་པས་འབྲུག་ཁས་ལེན་གྱི་རེད་ཅེས་བཤད་ནའང་སྐྱོན་ཆེན་པོ་གེ་མི་འདུག །རྩ་བའི་ནང་པས་ཚན་རིག་པས་འབྲུག་ཁས་བླངས་ན་འགྲིག་གི་མ་རེད་དོ་འོ་དཔེ་བསགས་ཀྱི་རེད། ཚན་རིག་པས་འཕྱ་སྨོད་བྱེད་ཉེན་ཡོད་པས་འབྲུག་ཁས་ལེན་མི་རུང་ཞེས་སྐྲག་བསྡད་དགོས་པ་གང་ཡང་མི་འདུག ཚན་རིག་པས་མ་མཐོང་མ་ཤེས་པའི་སྲོག་ཆགས་བརྒྱ་ཕྲག་ཡོད་རེད་ཅེས་ལབ་ན་ཧམ་པ་ཚ་དྲགས་ཀྱི་མ་རེད། དེ་རིང་མ་ཤེས་པ་དང་མ་རྙེད་པའི་སྲོག་ཆགས་མང་པོ་སང་ཉིན་ཤེས་སོང་ཞེས་ཁྱབ་བསྒྲགས་བྱས་ཡོང་གི་རེད། འོ་ཁ་སང་བཤད་པ་དེ་ནོར་ཞག་ཅེས་དེ་རིང་ཡང་ཁྱབ་བསྒྲགས་མང་པོ་བྱས་ཡོང་གི་རེད། ང་ཚོ་བླ་མ་དཀོན་མཆོག་བྱེད་རྒྱུ་མང་དྲགས་ནས་དེ་རིང་རེད་ཅེས་ལབ་ཚར་དུས་སང་ཉིན་མ་རེད་ཅེས་ལབ་དགོས་ན་ངོ་ཚ་ཐག་ཆོད་ནས། གདོང་དམར་པོ་ཆགས་ཀྱི་རེད་མ་གཏོགས་ཚན་རིག་པ་ཁོང་ཚོ་ལ་དེ་འདྲའི་དཀའ་ངལ་ཡོད་པ་མ་རེད། འབྲུག་མཐོང་སོང་ཟེར་མཁན་ཚོས་དངོས་གནས་འབྲུག་མཐོང་ཡོད་པ་རེད་དམ་མ་རེད་ཅེས་དྲི་བ་འདི་ཁྱད་མཚར་པོ་ཅིག་རེད། འོན་ཀྱང་མཐོང་ཡོད་སྲིད་པ་ཅིག་རེད་ཟེར་ཆོག །ནང་པའི་མཁས་པ་རྗེ་གུང་ཐང་བསྟན་པའི་སྒྲོན་མེས། །འབྲུག་འུར་སྒྲ་ཆེའང་སྟོང་སྒྲ་ཡིན། ཅེས་གསུངས་ཡོད་པ་རེད། དེ་ལ་འགྲེལ་བཤད་རྒྱབ་མཁན་འགའ་ཤས་ཀྱིས་འོ་ནང་པས་འབྲུག་མེད་ཟེར་གྱི་ཡོད་པ་རེད་སྟོང་སྒྲ་ཡིན་ཟེར་གྱི་ཡོད་རེད་ཅེས་འགྲེལ་བཤད་རྒྱབ་མཁན་འདུག །གང་ལྟར་ད་ལྟ་ཆར་གཏོང་བ་དང་གློག་འཁྱུག་སྐབས་དིར་དིར་ཟེར་བ་དེ་འབྲུག་སྐད་ཡིན་དགོས་པའི་ངེས་པ་མི་འདུག །
དྲི་བ། ཁྱེད་རང་ལྟར་ཉམས་ལེན་གྱི་མཚན་ཉིད་ཚང་བའི་ཆོས་པ་ཞིག་ཡིན་ན། ཚན་རིག་སྦྱང་དགོས་པ་མེད་མོད་ཟེར། འོ་ན་ད་ལྟ་ང་ཚོ་ཕྱིའི་དངོས་ཡོད་ཀྱི་བོད་པའི་སྤྱི་ཚོགས་འདི་ལ་གཟིགས་ན།ཆོས་ལུགས་པ་མང་པོ་ཞིག་ཡོད་ཕྱིར་ནང་བསམ་བློ་ཕྱུག་པོ་ཆགས་པ་རེད། ཕྱི་དཔལ་ཡོན་གྱི་ཆ་ནས་ལྟས་ན་རྗེས་ལུས་ཐེབས་ཡོད་པ་རེད། འོ་ན་ང་ཚོར་རྒྱུ་རྐྱེན་གཙོ་བོ་འདི་གང་འདྲ་ཐུག་ཡོད་དམ།
ལན། རི་ལ་བཞུགས་པའི་ཆོས་ཉམས་ལེན་རྐྱང་རྐྱང་གནང་མཁན་ཞིག་གིས་ཚན་རིག་སྦྱངས་གནང་གི་མ་རེད་ལ་སྦྱང་གིན་བཞུགས་ན་ཆོ་མེད་པ་རེད། དཔེར་ན་རྫས་སྦྱོར་རིག་པའི་རིགས་གཅིག་རྐང་འཛིན་པས་དངོས་ཁམས་རིག་པའི་རིགས་གཅིག་རྐང་འཛིན་གནང་གི་མ་རེད། གཉིས་ཀ་མཉམ་དུ་གནང་ན་དམིགས་ཡུལ་སྟེང་འགྲོ་ཐུབ་ཀྱི་མ་རེད། རི་ལ་བཞུགས་པའི་ཆོས་པ་དེ་ཡང་རིགས་གཅིག་རྐང་འཛིན་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་ནང་གི་གལ་ཆེ་ཤོས་ཤིག་སྦྱངས་བཞུགས་ཀྱི་ཡོད་པ་རེད། དེ་མི་ཉུང་ཤས་ཙམ་གྱིས་དངོས་སུ་བེད་སྤྱོད་གཏོང་བ་ནི་བདེན་པ་རེད་ཀྱང་། ཉམས་ལེན་པ་དེས་མིའི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་ཞིག་བསྒྲུབ་བཞུགས་ཀྱི་ཡོད་པ་རེད། དཔེར་ན་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། རྫས་འགྱུར་རིག་པ་སོགས་སློབ་མཁན་མིའི་སྤྱི་ཚོགས་ནང་བརྒྱ་ཆ་ཉུང་ཉུང་རེད། སློབ་གྲྭ་ཞིག་ལ་མཚོན་ན་དེའི་སློབ་ཕྲུག་བརྒྱ་ཆ་གསུམ་བཞི་ཞིག་མ་གཏོགས་རིགས་གཅིག་རྐང་འཛིན་གནང་གི་མ་རེད། ད་ལྟའི་ཆར་ང་ཚོ་ལ་ནང་ཆོས་རྒྱ་ཆེ་གཏིང་ཟབ་ཅིག་ཡོད་ཙང་བསམ་བློའི་ཡོན་ཏན་དངོས་གནས་ཕྱུག་པོ་རེད། མ་འོངས་པ་ལ་གང་འདྲ་ཡོང་བཤད་མི་ཤེས་མོད་ཕྱི་དཔལ་ཡོན་གྱི་རྗེས་ལུས་ཐེབས་པ་རེད་ཅེས་དེང་སང་ཧང་སང་སང་གནང་གི་ཡོད་པ་ནང་བཞིན། ཉི་མ་གཅིག་འོ་ནང་བསམ་བློའི་རྗེས་ལུས་ཐེབས་ཤག་ཅེས་ཧང་སང་སང་བྱེད་མི་སྲིད་པ་མ་རེད། ཤར་ཕྱོགས་རྒྱལ་ཁབ་ནང་ལ་བསྡད་ཀྱང་རུང་ཨ་རིར་ཕྱིན་ནའང་རུང་གང་ལྟར་མ་བྱུང་བ་དང་མ་འགྲིག་པ་མ་འཐུས་པ་རྐྱང་རྐྱང་གི་ནང་སོ་སོའི་མི་ཚེ་རྫོགས་རྒྱུ་ཡིན་པ་ཤོད་མི་དགོས། མགོ་སེར་ཚོའང་དེ་ག་རང་གིས་མི་ཚེ་རྫོགས་འགྲོ་བ་རེད། །
དྲི་བ། ནང་ཆོས་མཐར་ཐུག་ཤེས་མཁན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་སྔོན་ནས་བྱོན་ཅིང་དེ་རྣམས་ཀྱི་ཆོས་ཀྱི་དོན་ཚུལ་བཞིན་ཏུ་གཏན་འབེབས་བྱས་ཟིན་པ་རེད། དཔེ་དེ་བཞིན་དུ་ཚན་རིག་མཐར་ཐུག་ཤེས་མཁན་བྱུང་ཡོད་དམ། གལ་སྲིད་ཚན་ཆོས་གཉིས་མཐུན་ན་ཚན་རིག་དེ་ནང་ཆོས་ཀྱི་དོན་དམ་དང་ཀུན་རྫོབ་གང་གི་ཁོངས་སུ་གཏོགས།
ལན། ཚན་རིག་ཅེས་པ་ཐབས་ལམ་ཞིག་རེད། ཐབས་ལམ་དེ་བེད་སྤྱད་ན་སྔར་མ་ཤེས་པའི་གནས་ཚུལ་མང་པོ་ཞིག་ཤེས་ཐུབ་པ་ཡིན། ཚན་རིག་གི་ཐབས་ལམ་མཐར་ཐུག་ཤེས་མཁན་བྱུང་ཡོད་པ་རེད། ཅེས་ཚན་རིག་པར་སྐད་ཆ་དྲིས་ན་ཕལ་ཆེར་ཡོད་པ་མ་རེད་ཟེར་གྱི་རེད།ཚན་རིག་གི་ཐབས་ལམ།དེ་བེད་སྤྱད་ནས་གནད་འགག་ཚང་མ་ཤེས་ཚར་བ་རེད། ཉེན་ཁ་ཚང་མ་སངས་ཚར་བ་རེད་ཅེས་བཤད་པ་ཡོད་པ་མ་རེད། ཉེན་ཁ་རྙིང་པ་སེལ་གྱིན་སེལ་གྱིན་གསར་པ་གསར་པ་གྲུབ་ཡོང་བ་དང་དཀའ་ངལ་གསར་པ་བསྐྲུན་བཞིན་པ་རེད། དཔེར་ན་དེང་སྐབས་འཛམ་གླིང་ན་མིང་ཐོས་པ་ཙམ་གྱིས་སྐྲག་དགོས་ས། སར (Sars)ཟེར་བ་དང་། ཨེ་ཆི་ཨ་ཡི་སྦས་(HIV) ཟེར་བ་སོགས་དེང་རབས་ཅན་གྱི་ལག་རྗེས་ཡིན་སྲིད་པ་རེད། འདི་ཚོ་དེང་རབས་ཅན་གྱིས་སྤེལ་བཞིན་པ་ནི་དངོས་ཡོད་གནས་ཚུལ་རེད།དེ་སེལ་རྒྱུ་དང་གཙང་མ་བཟོ་ཡ་དེའང་དེང་རབས་པས་སེལ་ཐུབ་སྲིད། ད་ནི་ཚན་རིག་གི་ཆུ་ཚད་མཐར་གཏུགས་ཚར་བ་རེད། དེ་ཡན་ཆད་དུ་ད་འགྲོ་ས་ཡོད་པ་མ་རེད་ཅེས་ཡ་མཐའི་ས་མཚམས་ཡོད་ཀྱི་མ་རེད། ག་ཚོད་ཡར་རྒྱས་ཕྱིན་ན་དེ་ཙམ་གྱིས་རྙོག་དྲ་ཡང་ཟབ་རུ་འགྲོ་གི་རེད། འོན་ཀྱང་ཚན་རིག་ལ་བརྟེན་ནས་ཤེས་ཡོན་མུ་མཐུད་ཡར་རྒྱས་དང་ཐབས་ལམ་བཟང་དུ་འགྲོ་གི་ཡོད། དེ་དང་མཉམ་དུ་ཤེས་ཡོན་དང་ལེགས་པའི་ཆ་མང་པོ་ཞིག་བརྗེད་ཡང་འགྲོ་གི་ཡོད་པ་རེད། ཚན་རིག་ཅེས་པ་འདི་ནང་པའི་བདེན་པ་གཉིས་ཀྱི་ནང་ནས་ཀུན་རྫོབ་བདེན་པར་ངོས་འཛིན་བྱེད་ཀྱི་རེད། །
དྲི་བ། ཁྱེད་ནས་ཚན་རིག་དེ་ནང་ཆོས་དང་སྦྲག་སྟོབས་ཀྱིས་ནང་ཆོས་ཡུན་དུ་གནས་ཐུབ་པ་འབྱུང་གི་ཡོད་གསུངས་སོང་། དེས་ན་ཚན་རིག་གིས་ནང་ཆོས་ཡུན་གནས་ཐུབ་ཚུལ་གང་ཡིན་ནམ།
ལན། ངེད་ཅག་གི་གཏམ་བཤད་བྱེད་དུས་ཁྱེད་རང་ཚོས་ནང་ཆོས་ཚན་རིག་དང་སྦྲགས་ན་ནང་ཆོས་ཡུན་རིང་དུ་གནས་ཐུབ་པ་དང་། ཚན་རིག་ལ་མགོ་མ་སྒུར་ན་ནང་ཆོས་ཡུན་རིང་པོ་གནས་མི་ཐུབ་པའི་ཚུལ་གོ་བ་ལེན་གནང་བ་འདྲ། ངེད་ཚོའི་གཏམ་དཔེར་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་དང་ཟས་མི་ལག་བརྒྱུད་ན་ཇེ་ཆུང་ཟེར་བའི་དཔེ་ལྟར། ད་ལྟ་རང་ནས་ཧ་ལམ་ཚན་རིག་མེད་ན་ནང་བ་འཚོ་གནས་མི་ཐུབ་པ་ཞིག་གོ་ཚར་བསྡད་འདུག་ཀྱང་དེ་འདྲ་མ་རེད། ནང་པ་ཚན་རིག་པ་དང་ཐུག་ཕྲད་མ་བྱུང་ནའང་ནང་པ་གནས་ཐུབ། ཚན་རིག་པ་ནང་པ་དང་ཐུག་ཕྲད་མ་བྱུང་ནའང་ཚན་རིག་གནས་ཐུབ་པ་ནི་དོགས་པ་མི་དགོས་པ་རེད། ནང་པ་དང་ཚན་རིག་གཉིས་ཀ་བདེན་དོན་འཚོལ་བའི་ཤར་ནུབ་ཀྱི་ཐབས་ལམ་ཟབ་མོ་གཉིས་རེད། དེའང་དངོས་གནས་དྲང་གནས་དང་བདེན་པ་བདེན་ཐུབ་ཁ་ཞེ་གཉིས་མེད་ཀྱིས་བདེན་དོན་འཚོལ་བའི་ལམ་ཁ་གཉིས་རེད། ཨ་རི་དང་ཨུ་རུ་སུ་ལྟ་བུའི་འཁོན་འཛིན་དང་འགྲན་སེམས་ཐོག་ནས་ཁེ་ཕན་འཚོལ་བ་ལྟ་བུ་མིན། ཁོང་གཉིས་ད་བར་མི་རབས་མང་པོའི་རིང་འབྲེལ་མེད་དོན་གཞན་བྱས་སོ་སོར་བསྡད་པའི་རིང་དུ། དམར་པོའི་རིང་ལུགས་པས་ཆོས་ཚན་གྱི་རིག་ལམ་འདི་གཉིས་བར་འགལ་ཟླ་དང་འཁོན་འཛིན་ཆེན་པོ་ཞིག་བཟོ་ཐུབ་ན་ཅི་མ་རུང་སྙམ་གྱི་ཡོད་པ་རེད། དོན་དངོས་ལ་ཆོས་དང་ཚན་རིག་གཉིས་ཀ་ཁོག་རྒྱ་ཆེ་ལ་ཁ་ཞེ་མེད་པའི་ངང་རྒྱུད་དྲང་པོ་དང་རྣམ་དཔྱོད་ལྡན་པ་གཉིས་ཡིན་ཙང་། འཁོན་འཛིན་བཟོ་ཐུབ་རྒྱུ་ཕར་ཞོག་ལོ་རེ་བཞིན་འབྲེལ་བ་ཟབ་ཏུ་ཟབ་ཏུ་འགྲོ་བཞིན་ཡོད། དོན་དངོས་ཐོག་ནས་བཤད་ན་ཆོས་ཚན་གཉིས་ཀ་རྣམ་དཔྱོད་གསར་པ་དང་ཤེས་ཡོན་འཚོལ་མཁན་གཉིས་རེད། དེ་འདྲར་སོང་རང་བཞིན་གྱིས་གཅིག་གིས་གཅིག་ལ་དོ་སྣང་བྱེད་པ་དང་ལེགས་ཆ་ལེན་རྒྱུའི་གོ་སྐབས་འཚོལ་ཡོང་དུས་ཕན་ཚུན་མཐོང་ཆེན་དང་འབྲེལ་བ་ཟབ་རུ་ཟབ་རུ་འགྲོ་བ་རེད། ད་དུང་ཤར་ནུབ་ཀྱི་མཁས་པ་མང་པོས་འདི་གཉིས་མཉམ་འབྲེལ་བྱེད་ཐུབ་ན་ཕྱོགས་གཉིས་ཀར་ཁེ་ཕན་འབྱུང་བ་དང་། དེ་ལ་བརྟེན་ནས་འགྲོ་བ་མིའི་སྤྱི་ཚོགས་ལ་ཁེ་ཕན་སྦྱིན་ཐུབ་ཀྱི་ཡོད་པས་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་རེད། ང་ཚོའི་དམིགས་ཡུལ་ནི་འགྲོ་བ་མིའི་སྤྱི་ཚོགས་ལ་ཁེ་ཕན་སྤྲོད་རྒྱུ་དེ་རེད། ཕྱི་རྒྱལ་ཚན་རིག་པས་ད་ལྟ་ནས་ནང་པའི་ལྟ་གྲུབ་ལ་རྗེས་སུ་ཡི་རང་བྱེད་བཞིན་པ་དང༌། དམར་པོའི་རིང་ལུགས་པ་སྔར་ནང་པ་གཏོར་བཤིགས་གཏོང་མཁན་ཁོང་རང་ཚོ་མིན་མདོག་མདོག་དང་ཧ་གོ་མ་སོང་ཞེས་པའི་འདོབ་ཀྱི་རྣམ་པ་ཞིག་བསྟན་གྱི་ཡོད་རེད། ནང་པའི་ལྟ་གྲུབ་ལ་སྤྱིར་འཛམ་གླིང་མི་མང་དང་ལྷག་པར་ཚན་རིག་མཁས་པའི་སྤྱི་ཚོགས་ཀྱིས་གུས་བཏུད་ཞུས་ཡོང་དུས་ནང་པ་ཡུན་རིང་དུ་གནས་རྒྱུ་ཞོར་དོན་ལ་གྲུབ་པ་རེད། མི་ལོ་ ༤༣ རྗེས་ད་ཆ་དམར་པོའི་མི་རྒན་སྤོ་ཏོ་དང་མོ་ཏོ་རྐྱང་ཆག་པའི་སྒང་ལ་ཚན་རིག་པ་ཕོ་གསར་མོ་གསར་ཚོས་ནང་པའི་མི་རྒན་ལ་ཁ་ཡ་ལེགས་པོ་བྱས། ནང་པར་དམའ་འབེབས་བྱེད་པའི་པོའོ་མོའོ་ཁོང་ཚོར་ཁ་ཡ་མ་བྱས་དུས་ཁ་སྐྱེངས་པོ་བྱུང་ཚར་བ་རེད། ཚན་རིག་པས་ནང་པའི་བགྲེས་སོང་ཚོ་ལ་ད་དུང་འདིར་བཞུགས་གདན་འཇགས་རོགས་གནང་བཀའ་འདྲི་ཞུ་རྒྱུ་མང་པོ་ཡོད་ཅེས་ཇ་འདྲེན་སོགས་སྣེ་ལེན་བྱས། བཀའ་འདྲི་ཞུ་ཆོག་པ་གནང་རོགས་ཟེར། ཚན་རིག་པས་དམར་པོའི་ལམ་ལུགས་པ་པོའོ་དང་མོའོ་ཚོ་ལ་ག་ལེ་ཕེབས་སྦ་ཡི་སྦྲ་ཡི་ལབ་ཀྱི་ཡོད་པ་རེད།
དྲི་བ། རྫས་འགྱུར་ནང་གི་གཞི་ལ་སོགས་པའི་ཐ་སྙད་འདི་དག་བོད་པའི་སྐད་ཡིག་ནང་ཇི་བཞིན་ཐོན་ཐུབ་ཡོད་དམ། ནང་ཆོས་ནང་ལྟར་བག་ཆགས་ཟེར་བ་དེ་ཚན་རིག་པས་ཁས་ལེན་ནམ།
ལན། བོད་སྐད་ཀྱི་ཐ་སྙད་སྔོན་མ་ནས་ཡོད་དམ་མེད་འདི་ཤོད་དཀའ་བ་ཞིག་རེད། བོད་སྐད་ཀྱི་ཚིག་མང་པོ་སྨན་དང་མཚན་ཉིད་རིགས་པའི་ལྟ་གྲུབ་འཆད་པའི་གཞུང་ཆེན་མོ་དེ་ཚོའི་ནང་ལ་ཡོད་པ་དང་།དེ་དག་ཚང་མ་ཞིབ་འཇུག་བྱེད་རྒྱུ་དུས་ཡུན་ཅུང་ཟད་འགོར་གྱི་རེད། རྒྱ་སྐད་ནས་གཡར་ནའང་མི་ཆོག་པ་ཆེར་མེད་མོད་གལ་སྲིད་གཡར་དགོས་བྱུང་ན་དབྱིན་སྐད་ནས་ཐད་ཀར་གཡར་ཐུབ་ན་བཙན་པ་ཡོང་གི་རེད། དཔེར་ན་བཀའ་འགྱུར་དང་བསྟན་འགྱུར་ནང་རྒྱ་གར་སྐད་དུ་ཟེར་བ་མ་གཏོགས་རྒྱ་ནག་སྐད་དུ་ཟེར་བ་རེ་གཉིས་མ་གཏོགས་མེད། རྣམ་དཔྱོད་ལྡན་པའི་བོད་ཀྱི་ལོ་ཙཱ་བ་ཚོས་ནང་ཆོས་རྒྱ་གར་གྱི་སྐད་ཡིག་ནས་བོད་སྐད་དུ་ཐད་ཀར་བསྒྱུར་ཐུབ་པ་དང་། དེ་ལྟར་བསྒྱུར་ན་བསྟན་བཅོས་དེ་ཁུངས་བཙན་པོ་ཡོང་བར་ངོས་འཛིན་གནང་བས། འདིར་ཕེབས་རོགས་གནང་ཞེས་གདན་འདྲེན་ཞུ་མཁན་གྱི་རྒྱ་ནག་རྩར་མི་འགྲོ་བར་ཤོག་མི་ཟེར་མཁན། ལམ་ཁ་ཉེན་ཁ་ཆེ་བ། ཚད་པ་ཆེ་བའི་བྱེ་ཐང་བརྒྱུད་ཕེབས་ཏེ་དཔྲལ་བ་ནས་རྔུལ་ཆུ་འཛག་བཞིན་ལུས་སྲོག་འབེན་དུ་འཛུག་པའི་དཀའ་ལས་རྒྱག་མཁན་ལོ་ཙཱ་པས་བཀའ་བསྟན་གྱི་དཔེ་ཆ་ཀུན་གྱི་དབུར་རྒྱ་གར་སྐད་དུ་སྦྱར་ཚར་བ་རེད། དེ་ལ་འགྱུར་བ་གཏོང་ཡ་མེད་པ་བཟོས་ཟིན་པ་རེད། དེ་བཞིན་ད་ལྟའི་བོད་ཀྱི་མི་རབས་འདིའང་སྤྱང་གྲུང་འཛོམས་པོ་ཡོད་པས་ཚན་རིག་བོད་སྐད་དུ་བསྒྱུར་དུས་མགོ་སེར་པོ་ལ་ཐད་ཀར་ལག་པ་གཏོང་གི་རེད་བསམ་གྱི་འདུག བོད་སྐད་ཀྱི་ཚན་རིག་དེབ་ཀྱི་དབུར་དབྱིན་ཇིའི་སྐད་དུ་ཟེར་གྱི་རེད་བསམ་གྱི་འདུག མ་གཏོགས་རྒྱ་ནག་སྐད་དུ་ཟེར་མདོག་ཁ་པོ་མ་རེད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་འདི་དབྱིན་སྐད་དང་འབྲེལ་འདྲིས་ཆེན་པོ་ཡོད་པས་བཞུགས་སྒར་དཔེ་མཛོད་ཁང་གིས་མུ་མཐུད་ནུབ་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་བྱས་འབད་བརྩོན་གནང་གི་རེད་བསམ།
ལན་གཉིས་པ། ནང་ཆོས་ཀྱི་བག་ཆགས་ཟེར་པ་ཚན་རིག་པས་བརྒྱ་ཆ་བརྒྱ་ད་ལྟའི་ཆར་ཁས་ལེན་གྱི་མ་རེད་ཀྱང་དགག་པ་ཡང་རྒྱབ་ཀྱི་མ་རེད། བག་ཆགས་ཞེས་པ་རིམ་པས་རིམ་པས་ཚན་རིག་པའི་མིག་རྣ་ཡིད་གསུམ་གྱི་ངོར་གོམས་ན་ཁས་ལེན་སྲིད་པ་རེད། དཔེར་ན་མི་ལོ་ ༤༥ སྔོན་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་སྐྱེ་བ་སྔ་ཕྱིའི་སྐོར་སེམས་ཚོར་ཉུང་བ་དང་གོ་རྟོགས་ཉུང་བ་ཡོད་ཙང་དེའི་སྐོར་གླེང་སློང་ཡང་ཆེར་ཡོང་གི་མེད། དེང་སང་ནི་སྐྱེ་བ་སྔ་ཕྱི་དང་འབྲེལ་བ་ཡོད་པའི་གློག་བརྙན་ཡང་མང་པོ་བཟོ་གི་ཡོད་པ་འདི་འདས་པའི་མི་ལོ་ ༤༥ ཙམ་རིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོའི་གཙོས་རིས་མེད་བོད་ཀྱི་བླ་མ་དགེ་བཤེས་སོགས་ཀྱི་ཤུགས་རྐྱེན་ཐེབ་པ་ཞིག་ཡིན་པ་ཤོད་མ་དགོས་པ་རེད། ད་ཆ་ནུབ་ཕྱོགས་པའི་སྤྱི་ཚོགས་ཀྱི་སེམས་ནང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་གོམས་འདྲིས་ཤིག་སླེབ་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁས་ལེན་བྱས་ཡོང་གི་ཡོད་པ་རེད། །
དྲི་བ། བོད་པའི་ཆོས་ལུགས་ཐོག་སྤྲུལ་པ་དང་གྲུབ་རྟགས། ཡང་ན་སྤྲུལ་པའི་སྒོ་ནས་བཟོས་པ་དེ་ལ་ཚན་རིག་ཟེར་རམ།
ལན། སྤྲུལ་པ་དང་གྲུབ་རྟགས་ཟེར་པ་སོགས་ཚན་རིག་པས་ཁས་ལེན་དང་མི་ལེན་འགྲེལ་བཤད་རྒྱག་ཐུབ་དང་མི་ཐུབ་ཟེར་བ་སོགས་ད་དུང་བཤད་རྒྱུ་ཅུང་སྔ་དྲགས་པ་རེད། ཚན་རིག་པས་ད་ལྟའི་ཆར་འགྲེལ་བཤད་རྒྱག་མི་ཐུབ་པ་ཉུང་ཉུང་མ་རེད་མང་པོ་རེད། དེ་ལྟར་ཡིན་པ་ཚན་རིག་པ་ཁོ་རང་ཚོས་ཀྱང་ཁས་ལེན་གྱི་རེད། དཔེར་ན་མ་ཎི་རང་བྱོན་ལ་སོགས་པ་མིས་རྐང་བཙུག་སྟེབཟོས་པ་མིན་པ་ཚན་རིག་པས་ཡིད་ཆེས་བྱེད་ཀྱི་རེད། འོན་ཀྱང་མཎི་རང་བྱོན་གྱི་རྡོ་འདི་གང་འདྲ་བྱས་གྲུབ་པ་རེད་དམ་ཞེས་དྲིས་ན་ད་ལྟ་ཧ་གོ་གི་མི་འདུག་ཟེར་རྒྱུ་རེད། དེ་དང་དེ་བཞིན་གྱི་གནས་ཚུལ་ཡ་མཚན་པོ་བྱུང་བ་བོད་ཀྱི་སྤྱི་ཚོགས་ནང་གཅིག་པུ་མ་རེད། ནུབ་ཕྱོགས་ཀྱི་ཡེ་ཤུའི་ལུང་པའི་ནང་འགྲེལ་བཤད་རྒྱག་མི་ཐུབ་པའི་གནས་ཚུལ་མང་པོ་ཡོད་པ་དང་གནས་ཚུལ་དེའི་གྲས་ཕྱོགས་བསྡོམས་བྱས་པའི་དེབ་མང་པོ་ཡོད་རེད། ང་ཚོས་གྲུབ་རྟགས་ཞེས་པ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཡིན་ཞེས་བཤད་ཀྱི་མེད། མ་ཎི་རང་བྱོན་གྱི་རྡོ་དེ་རྒྱུ་རྐྱེན་དང་འཁོར་ཡུག་ཁེ་མཚར་པོའི་ནང་གྲུབ་ཡོང་པ་རེད། ང་ཚོའི་སེམས་ནང་མིག་འཕྲུལ་རེད་བདེན་པ་མ་རེད་བསམ་ནས་དོགས་པ་ཟ་བ་མ་རེད། གནས་ཚུལ་ཡ་མཚན་པ་དེ་དང་དེ་གྲུབ་སའི་འཁོར་ཡུག་གཉིས་བར་ན་འབྲེལ་བ་ག་རེ་ཡོད་དམ་དོགས་པ་ཟ་གི་ཡོད་པ་རེད། དེ་ནི་རྒྱུ་མཚན་ལྡན་པའི་དོགས་པ་རེད། ནང་པས་རྫས་སྔགས་ཏིང་འཛིན་མཐུ་བསམ་གྱིས་མི་ཁྱབ་པ་གསུང་གི་ཡོད་པ་རེད།
དྲི་བ། ཚན་རིག་པས་མཁའ་དབྱིངས་སུ་སྒྲ་རླབས་ཟེར་བ་ཞིག་ཡོད་པ་དེ་ནང་ཆོས་ནང་ཁས་བླངས་ཡོད་དམ། དེ་བཞིན་གྱི་སྒྲའི་མྱུར་ཚད་དང་འོད་ཀྱི་མྱུར་ཚད་སོགས་ཚན་རིག་པས་ཐག་གཅོད་གནང་ཡོད་པ་དེ་ལ་ནང་ཆོས་ནང་ལྟ་སྟངས་གང་ཡོད།
ལན། སྒྲ་ཟེར་བ་འབྱུང་འགྱུར་ཡིན་ཞེས་ཁས་ལེན་གནང་གི་ཡོད་རེད། མཁའ་དབྱིངས་སུ་སྒྲ་རླབས་ཡོད་དང་མེད་གསལ་ཁ་བྱས་མེད་ཀྱང་དང་པོ་སྒྲ་གྲག་ས་དེ་ནས་ཐག་རིང་པོའི་བར་འགྲོ་བ་ཁས་ལེན་གྱི་ཡོད་པ་རེད། དེ་ཡིན་དུས་ས་ཆ་དེ་གཉིས་དབར་ན་འགྲོ་རྒྱུ་ཞིག་ཡོད་པ་དང་བར་སྣང་སྟོང་པ་དེ་བརྒྱུད་ན་འགྲོ་ས་ཞིག་ཡོད་པ་དེའང་ཁས་ལེན་གནང་གི་ཡོད། དེར་བགྲོད་པའི་བྱ་ལས་དེ་ལ་སྒྲ་རླབས་ཞེས་མིང་བཏགས་ནའང་ནང་ཆོས་ལ་དཀའ་ངལ་གང་ཡང་ཆགས་ཀྱི་མ་རེད། དེ་བཞིན་མྱུར་ཚད་ཀྱང་ཁས་ལེན་བྱེད་ཀྱི་རེད། འོན་ཀྱང་ཚན་རིག་པས་གསལ་ཁ་གཏོད་པ་ནང་བཞིན་ཞིབ་ཅིང་ཕྲ་བ་བཤད་པ་མཐོང་མ་བྱུང་། མདོར་ན་དེའི་ཐོག་ལ་ཚན་རིག་པས་ཁས་ལེན་པ་ནང་བཞིན་བརྒྱ་ཆ་མཐོན་པོ་ཁས་ལེན་བྱེད་ཀྱི་རེད། ཚན་རིག་པས་མྱུར་ཚད་དང་ཆེ་ཆུང་གི་ཚད་ཞིབ་ཚགས་པོ་གཏན་ལ་ཕབས་པ་རྣམས་ནང་པའི་མཁས་པ་ཚོས་སློབ་དགོས་པ་ཞིག་ཀྱང་རེད། །
དྲི་བ། དེང་སྐབས་ཚན་རིག་ལ་རིག་པ་མཐའ་ཡོད་མཐའ་མེད་གཉིས་བྲིས་པ་ལས་གང་བྲིས་ན་ལེགས། ཚན་རིག་ལ་མདོ་སྔགས་གཉིས་ནང་ནས་ཤིན་ཏུ་མཐུན་པ་གང་ཡིན། ནང་རིག་པའི་གལ་ཆེའི་རང་བཞིན་ཞེས་པ་དེ་ཅི་ལྟ་བུ་ཞིག་ཡིན།
ལན། ད་ལྟའི་ཆར་ཚན་རིག་པས་རིག་པ་མཐའ་ཡོད་པ་ཁས་ལེན་གྱི་ཡོད་པ་རེད། རིག་པ་མཐའ་ཡོད་ཁས་ལེན་མཁན་ལ་བརྩི་ཆོག་པ་འདྲ། དཔེར་ན་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་སྐབས་སུ་སྐྱེ་བ་སྔ་ཕྱི་སྒྲུབ་དུས། ཁ་ཅིག་གི་འདོད་ཚུལ་བཀོད་པར་ལུས་སེམས་གཉིས་ཁ་བྲལ་ཐབས་མེད་པའི་རྟེན་དང་བརྟེན་པ་རེད། དཔེར་ན་མར་མེ་དང་དེའི་འོད་བཞིན། གྱང་དང་དེའི་ལྡེབ་རིས་བཞིན། ཞེས་མི་ཤི་བ་ན་སེམས་ཀྱང་དེ་ག་རང་རྒྱུན་ཆད་འགྲོ་བར་བཤད་འདུག ཅེས་འགྲེལ་བཤད་རྒྱབ་པ་རེད། ད་ལྟ་ཚན་རིག་པ་མང་པོས་ཀླད་པ་དང་ཤེས་པ་ཟེར་རྒྱུ་དེ་ཀླད་པ་དང་དེའི་བྱ་བ་ལྟ་བུ་རེད་ཟེར། དེར་བརྟེན་དུས་རབས་ལྔ་པ་དང་དྲུག་པའི་སྐབས་སུ་དཔལ་ཆོས་ཀྱི་གྲགས་པས་བགྲོ་གླེང་།གནང་ཚར་བ་ལྟ་བུ་ཞིག་མཐོང་གི་འདུག མདོ་སྔགས་གཉིས་ཀར་ད་ལྟའི་ཚན་རིག་པའི་ལྟ་གྲུབ་དང་། མཐུན་པ་དང་མི་མཐུན་པ་གཉིས་ཀ་ཡོད། མདོར་ན་མི་མཐུན་པའི་ཆ་མངོན་གསལ་ཅན་དེ་ནི་རིག་པའམ་སེམས་ཟེར་བ་དེ་རེད། ཁོང་ཚོས་སེམས་ཞེས་པ་ནི་ཀླད་པའི་བྱེད་ལས་ཤིག་རེད་ཟེར། ཀླད་པ་འཇིག་སོང་ན་རིག་པའམ་སེམས་འཇིག་འགྲོ་བར་བརྩི་བ་རེད། སྐྱེ་བ་སྔ་མ་དྲན་ཚུལ་བཤད་ཡོང་དུས་ཀླད་པ་དང་དེའི་བྱེད་ལས་རེད་ཟེར་བའི་ལྟ་གྲུབ་ལ་རང་ཤུགས་ཀྱིས་ཞིབ་འཇུག་བྱེད་དགོས་པ་ཆག་ཡོང་བ་རེད། ཡུལ་གཟུགས་ཅན་ལ་ཚན་རིག་པས་བརྟག་དཔྱད་ཧ་ལས་པ་བྱེད་ཀྱི་ཡོད། ཡིན་ནའང་།བརྟག་དཔྱད་བྱེད་མཁན་གཙོ་བོ་ཚན་རིག་པ་ཁོ་རང་གི་སེམས་ཡིན། ང་དེ་ལ་བརྟག་དཔྱད་བྱེད་ཀྱི་མ་རེད། པར་རྐྱང་རྐྱང་ལྟ་བ་མ་གཏོགས་ཚུར་ལྟ་ཤེས་ཀྱི་ཡོད་པ་མ་རེད། དཔེར་ན་མིག་ལ་བརྟག་དཔྱད་མ་བྱས་པར་མིག་ཤེལ་རྐྱང་རྐྱང་ལ་བརྟག་དཔྱད་བྱས་བསྡད་པ་ནང་བཞིན་རེད། གང་ཞེ་ན་བརྟག་དཔྱད་བྱེད་སའི་གཞི་དེ་བདེན་རྫུན་གང་དུ་སྒྲུབ་ནའང་ཁུངས་སྐྱེལ་ར་སྤྲོད། མིག་མཐོང་ལག་ཟིན་ཅིག་དགོས་པ་དང་སེམས་ལ་བརྟག་དཔྱད་ག་ཚོད་བྱས་ཀྱང་བདེན་རྟགས་སྟོན་རྒྱུ་མི་རྙེད་བསམས་ཏེ་དེའི་ཐོག་ཞིབ་འཇུག་བྱེད་རྒྱའི་དུས་ཚོད་གཏོང་གི་ཡོད་པ་མ་རེད། རེད་མ་རེད་སྟོན་རྒྱུ་མ་རྙེད་ན་དཔྱད་ཞིབ་མཐར་མ་འཁྱོངས་བ་བརྩི་གིན་ཡོད་ཙང་དེས་རེད། ཚན་རིག་པས་སེམས་ཀྱི་སྐོར་ཞིབ་འཇུག་བྱེད་རྒྱུ་འགོ་བཙུགས་ནས་ལོ་མང་པོ་ཕྱིན་མེད་པ་འདྲ། ད་ལྟ་བཞུགས་སྒར་ཕོ་བྲང་ནང་ལུས་སེམས་ཀྱི་བགྲོ་གླེང་འཚོགས་འདུ་ཞིག་ལོ་གཉིས་རེ་ནང་ཐེངས་རེ་ཚུགས་བཞིན་པ་དེ་རེད། །
དྲི་བ། དགེ་བཤེས་ལགས་ནས་གསུངས་དོན་ཚན་རིག་པས་དཔྱད་པ་བྱས་སྟོབས་ཀྱིས་བདུན་ཕྲག་རེའི་ནང་སྔར་གྱི་འདོད་ཚུལ་རེ་མེད་པ་ཆགས་འགྲོ་ཡི་ཡོད་ཚུལ་གསུངས་སོང་། དེས་མཐར་ཚན་རིག་པས་མིང་ཙམ་མེད་པར་ཆགས་པས་ཉེན་ཁ་མེད་དམ། དེའི་ཐད་རྒན་ལགས་ཀྱིས་འགྲེལ་བཤད་ཞིག་སྟོན་རོགས་གནང་། ནང་ཆོས་སྐབས་ཀྱི་ཚད་མ་རིག་པ་དང་སྐབས་འདིའི་ཚན་རིག་གཉིས་ཀྱི་མཚན་ཉིད་དང་རིག་པ་འགྲོ་སྟངས། རིག་པའི་དཔྱད་གཞིའི་ཡུལ་རྣམས་ལ་ཁྱད་པར་ཡོད་དམ།
ལན་དང་པོ། བདུན་ཕྲག་རེ་ལ་སྔར་གྱི་འདོད་ཚུལ་རེ་རེ་ཙམ་མ་ཡིན་པར་འདོད་ཚུལ་མང་པོ་མེད་པ་ཆགས་ཀྱི་ཡོད་པ་རེད། དེ་འདྲ་མང་པོ་མེད་པ་ཆགས་དུས་ཚོང་པ་ཚོའི་མ་རྩ་སྟོང་འགྲོ་བ་ལྟ་བུའི་ཞེད་སྣང་བྱེད་དགོས་ཡ་ཡོད་པ་མ་རེད། བསམ་ཚུལ་སྔ་མ་མང་པོ་མེད་པ་ཆགས་དུས་གསར་པ་མང་པོ་ཞིག་ཧ་གོ་འགྲོ་བ་ཡིན་ཙང་མ་རྩ་སྟོང་པའི་ཞེད་སྣང་སྐྱེད་ཀྱི་ཡོད་པ་མ་རེད། ད་དུང་འོ་གསར་པ་འདི་དང་འདི་ཧ་གོ་སོང་ཞེས་དགའ་སྣང་སྐྱེད་ཀྱི་རེད། འདོད་ཚུལ་གསར་པ་རེ་གྲུབ་ཡོང་དུས་འདོད་ཚུལ་རྙིང་པ་རེ་མེད་པ་ཆགས་ཀྱི་ཡོད་པ་རེད། དེ་ནི་ང་ཚོའི་ཚད་མ་རྣམ་འགྲེལ་ནང་གསལ་པོ་གསུངས་ཚར་བ་རེད། བསམ་ཚུལ་གསར་པ་དེས་རྙིང་པ་དེ་མེད་པ་བཟོ་གི་ཡོད་པ་རེད། ང་ཚོའི་མི་ཚེའི་ནང་ལ་ཡང་དེ་འདྲ་རེད་གྲོགས་མོ་གསར་པ་རེ་རྙེད་དུས རྙིང་པ་དེ་གཡུག་བཞག་གི་རེད། ཡིད་ཆེས་གསར་པ་རེ་སྐྱེ་དུས་རྙིང་པ་རེ་བརྗེད་འགྲོ་བ་རེད། དུག་ལོ་བརྗེ་བ་དང་གཅིག་པ་རེད་ཙང་ཐུགས་ཁྲལ་གནང་དགོས་བ་རྩ་ནས་ཡོད་མ་རེད། ནང་ཆོས་དང་ཚན་རིག་གཉིས་ཚད་མ་དང་རིག་པའི་འགྲོ་སྟངས་འདྲ་པོ་མང་པོ་ཡོད་པ་རེད། དཔེར་ན་མི་བསླུ་བ་ཟེར་བ་དེ་ཕལ་ཆེར་ནང་པ་དང་ཚན་རིག་པ་གཉིས་ཀས་ཐུན་མོང་གི་འདོད་ཚུལ་ཅིག་ཆགས་ཀྱི་རེད། ཕུ་རུབ་(Proof)ཡོད་པ་ཅིག་ལ་ཁོང་ཚོས་ཡིད་ཆེས་བྱེད།པ་དང་ང་ཚོས་མི་བསླུ་བ་ཟེར་བ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། མི་བསླུ་པའི་རྒྱུ་མཚན་ཁུངས་ལུང་ཡང་དག་པ་ཞིག་ལ་རིགས་པ་ཡང་དག་པ་དང་རྒྱུ་མཚན་ཡང་དག་པ་ཟེར་གྱི་ཡོད་པ་རེད། མི་འདྲ་བ་ཞིག་ལ་ཁོང་ཚོས་གློག་དང་ཤེལ་ལ་སོགས་པ་ཚན་རིག་གི་དཔྱད་པ་བྱེད་ཆོས་དེ་དག་བེད་སྤྱད་ས་མེད་ན་ཞིབ་འཇུག་བྱེད་ཀྱི་མ་རེད། ཁོང་ཚོའི་ཁུངས་གཏུགས་ས་རྒྱུ་མཚན་ཡང་དག་པ་ལ་ཟེར་ཀྱང༌། དོན་ལ་ཡང་དག་དང་ཡང་དག་མིན་པ་བལྟ་ས་དེ་མིག་ཤེས་རྣ་ཤེས་ཡིད་གསུམ་མ་གཏོགས་མེད། འོན་ཀྱང་དེ་གསུམ་ལ་ཞིབ་འཇུག་གནང་བདེ་པོ་ཆགས་ཀྱི་མེད། དེའང་འུ་ཐུག་ཐབས་ཟད་དུ་གྱུར་པ་མ་རེད། མགོའི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་འདིར་བཙལ་ན་མ་གཏོགས་གཞན་འཚོལ་ས་མེད། དེའི་ནང་འཚོལ་དུས་གཟུགས་ཅན་ཞིག་བརྒྱུད་དགོས་པ་དང་དེ་ལ་བརྟེན་ནས་གཟུགས་མེད་ཀྱི་སེམས་ཞེས་པ་རྙེད་བདེ་པོ་ཡོད་པ་མ་རེད།
དྲི་བ། སྨིག་རྒྱུའི་གྲོང་ཁྱེར་ཟེར་བ་དེ་ཚན་རིག་པས་འོད་ཀྱི་ དཀྱོག་འཕྲོ་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་གནང་ཡོད། འོ་ན་དེ་ལ་ང་ཚོས་ནང་ཆོས་ནང་ཇི་ལྟར་ངོས་འཛིན་གནང་ཡོད་པ་གསལ་བཤད་གནང་རོགས་ཞུ།
ལན། ཚན་རིག་པས་སྨིག་རྒྱུ་ཉི་མ་ཚ་བའི་དུས་འོད་ཀྱི་དཀྱོགས་འཕྲོ་དང་ལྡོག་འཕྲོ་ལས་བྱུང་བར་འདོད་ཀྱི་ཡོད་མེད་མི་ཤེས། འདོད་ཀྱི་ཡོད་སྲིད་ཀྱང་དམིགས་བསལ་ནང་པའི་ལྟ་གྲུབ་དང་མི་མཐུན་དགོས་ཀྱི་མ་རེད་སྙམ།
དྲི་བ། ང་ཚོས་ཚན་རིག་སྦྱངས་ནས་མེ་ཤུགས་འཕུར་མདའ་དང་གནམ་གྲུ་ལ་སོགས་པ་བཟོས་པ་ཡིན་ཡང་དེ་དག་ནང་ཆོས་ལྟར་ན་འགྱུར་བའི་སྡུག་བསྔལ་དུ་འགྱུར་ན། ང་ཚོས་ཚན་རིག་སྦྱངས་ན་ཕན་མེད་དུ་མི་འགྱུར་རམ། མ་སྦྱངས་ན་ང་ཚོས་དེང་རབས་ཅན་གྱི་བོད་ཀྱི་སྤྱི་ཚོགས་ཤིག་གང་འདྲ་བྱས་ཏེ་བསྐྲུན་དགོས་སམ།
ལན། ཚན་རིག་ལ་དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། རྫས་སྦྱོར་རིག་པ་སོགས་གཙོ་ཆེ་བ་གསུམ་རེད། འདི་གསུམ་གྱིས་དངོས་ཡོད་གནས་ཚུལ་འཚོལ་པ་རེད། མེ་ཤུགས་འཕུར་མདའ་དང་གནམ་གྲུ་སོགས་དེའི་ཞོར་ལ་གྲུབ་པ་ཞིག་རེད་སྙམ། ཡང་འགའ་ཤས་ཀྱི་ཚན་རིག་ཟེར་དུས་ཡིན་གཅིག་མིན་གཉིས་མེ་ཤུགས་འཕུར་མདའ་བཟོ་སྟངས་དང་གནམ་གྲུ་བཟོ་སྟངས་ཤིག་ཡིན་དགོས་པའི་གོ་བ་ལེན་གནང་གི་ཡོད་པ་འདྲ། དེ་འདྲ་གནང་རྒྱུ་ཡོད་པ་མ་རེད། ཡང་དེང་རབས་ཀྱི་སྤྱི་ཚོགས་ལ་བསླེབས་ན་ཡིན་གཅིག་མིན་གཉིས་མེ་ཤུགས་འཕུར་མདའ་དང་གནམ་གྲུ་ཡོད་དགོས་དང་མི་དགོས་ཡང་བསམ་བློ་གཏོང་རྒྱུ་ཡོད་པ་རེད། གནམ་གྲུ་མེད་ན་དེང་རབས་ཀྱི་སྤྱི་ཚོགས་མ་རེད་ཅེས་ཐག་གཅོད་དགོས་ཡ་ཨེ་ཡོད། ཡང་ ༡༩༢༠ ནང་བཟོས་པའི་གནམ་གྲུ་དང་། ༡༩༩༠ ནང་བཟོས་པའི་མེ་ཤུགས་འཕུར་མདའ་ཉར་བསྡད་མཁན་ཡོད་ན། དེ་ཚོར་མེ་ཤུགས་འཕུར་མདའ་དང་གནམ་གྲུ་ཡོད་རེད་དེ་ཀླད་པ་རྙིང་པ་ཆགས་གྲབས་ཡོད་པ་རེད། ཀླད་པ་གསར་རྙིང་ཟེར་པ་དེ་སྐབས་སོ་སོར་གོ་དགོས་པ་མ་གཏོགས། ཀླད་པ་གསར་པ་རེད་ཅེས་ཐེངས་གཅིག་གཟེངས་རྟགས་རག་པས་དེ་ནས་བཟུང་ཀླད་པ་རྙིང་པ་ཆགས་རྒྱུ་མེད་པ་དེ་འདྲ་མ་རེད། ཀླད་པ་གསར་པ་རེད་ཅེས་པའི་དངོས་ཡོད་གནས་སྟངས་དེ་བདག་ཉར་གནང་གི་ཡིན་ན་ནི་ལོ་རེ་དང་ཟླ་རེ་བཞིན་ཡར་རྒྱས་དང་འགྱུར་བ་གཏོང་གིན་གཏོང་གིན་མ་བྱས་ན། རང་བཞིན་གྱིས་རྗེས་ལུས་ཅན་དུ་གྱུར་འགྲོ་གི་རེད། གཞན་ཡང་གནམ་གྲུ་དང་མེ་ཤུགས་འཕུར་མདའ་སོགས་འགྱུར་བའི་སྡུག་བསྔལ་རེད་ནང་པས་གསུང་གི་ཡོད་པ་གོ་མ་མྱོང༌། འཇིགས་རྟེན་གྱི་ལུས་ལོངས་སྤྱོད་ཐམས་ཅད་ཀྱིས་སྡུག་བསྔལ་གསུམ་པོ་གང་རུང་གཅིག་བསྐྲུན་གྱི་རེད་གསུང་གི་ཡོད་པ་རེད། སྡུག་བསྔལ་གསུམ་ནི། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ལ་ཟེར། དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ཟེར་དུས། ན་བ་དང་རྒ་བ་དང་འཆི་བའི་སྐབས་ཀྱི་ཚོར་བ་ཟུག་རྔུ་དེ་ལ་ཟེར། འགྱུར་བའི་སྡུག་བསྔལ་ཟེར་དུས་དང་པོ་ཚོར་བ་སྐྱིད་པོ་ཞིག་དང་བདེ་བ་ཞིག་ཡིན། ང་རིམ་པས་རིམ་པས་སྡུག་བསྔལ་ཞིག་འཁྲིད་འོང་གི་རེད། དཔེར་ན་དགའ་གྲོགས་གསར་པ་ཞིག་རྙེད་དུས་དང་པོ་ཨ་གསར་ཧ་ལས་པ་བྱེད་ཀྱི་རེད། དེ་དུས་སེམས་པ་སྐྱིད་པོ་དང་བདེ་བ་ཧ་ལས་པ་ཡོད། ཉི་མ་གཅིག་སོང་གཉིས་སོང་གིས་སྡུག་རུ་ཕྱིན། མཐར་གྱོད་དང་ཁ་མཆུའི་ངོ་བོར་སོང་། སེམས་ལ་ཁོང་ཁྲོ་དང་སྡུག་བསྔལ་བཟོད་ཐབས་མེད་པ། ཉལ་ན་གཉིད་མི་ཁུག་པ་ཞིག་རེད་འགྲོ་བས། དང་པོའི་ཧ་ལས་ལས་བྱེད་པའི་སྐྱིད་པོ་དེ་རིམ་པས་སྡུག་བསྔལ་གྱི་ངོ་བོར་འཕོས་འགྲོ་གི་ཡོད་ཙང་འགྱུར་བའི་སྡུག་བསྔལ་ཟེར་བ་རེད། སོང་ཙང་སྡུག་བསྔལ་འཁྲིད་འོང་མཁན་གྱི་བདེ་བ་ཚོ་ལ་འགྱུར་བའི་སྡུག་བསྔལ་ཟེར། དཔེར་ན་མེ་ཏོག་གསར་པའི་སྐབས་ལ་ཡིད་འཕྲོག་ཐུབ་པ་དང་། དེ་ནས་ཉི་མ་གཅིག་སོང་གཉིས་སོང་གིས་སྡུག་རུ་སྡུག་རུ་སོང་ནས་མཐར་ཡིད་འཕྲོག་རྒྱུ་ཕར་བཞག་ནས་མེ་ཏོག་བུམ་པ་ནས་བླངས་ཏེ་གད་སྙིགས་ནང་གཡུག་རྒྱུ་འཁེལ་གྱི་རེད། ཁྱབ་པ་འདུ་བྱེད་ཀྱི་བྱེད་ཀྱི་སྡུག་བསྔལ་ཟེར་དུས་སོ་སོའི་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ལྔ་པོ་ལ་ཟེར།སྡུག་བསྔལ་ཐམས་ཅད་དེ་ལྔ་པོ་གང་རུང་ལ་འབྲེལ་བ་ཆགས་བསྡད་ཡོད། དཔེར་ན་གནམ་གྲུ་དང་མེ་ཤུགས་འཕུར་མདའ་ལ་འགྱུར་བའི་སྡུག་བསྔལ་ཟེར་གྱི་མ་རེད། ཡིན་ནའང་གནམ་གྲུ་དང་མེ་ཤུགས་འཕུར་མདའ་བཟོས་པ་དང་ཐོག་མ་སྤོབས་པ་དང་དགའ་སྣང་སོགས་སེམས་པ་སྐྱིད་པོ་ཞིག་ཡོད་པ་རེད། འོན་ཀྱང་ཉི་མ་དེ་ནས་བཟུང་ཞེད་སྣང་དང་སྐྲག་སྣང་དོགས་པ་བྱེད་དགོས་པའི་སེམས་ཁྲལ་ཅིག་ཆགས་རྒྱུ་ཡིན་ཡིན་པ་རེད། སོང་ཙང་དང་པོའི་དགའ་སྣང་དེ་འགྱུར་བའི་སྡུག་བསྔལ་ཏན་ཏན་ཟེར་གྱི་རེད།དཔེར་ན་ཨེ་རག་གི་དབང་འཛིན་པས་ནུས་ལྡན་མཚོན་ཆ་བསགས་པས་སྤོབས་པ་དང་དགའ་སྣང་བྱེད་ཐལ་བས། མཐའ་མཇུག་དགའ་སྣང་དེ་སྡུག་བསྔལ་དང་སྐྲག་སྣང་འཇིགས་སྣང་། མཐར་རྩ་མེད་འགྲོ་དགོས་པའི་རྐྱེན་དུ་གྱུར་པ་མིག་མཐོང་ལག་ཟིན་ཏུ་གྱུར་པས། རྣམ་པ་ཚོས་ནང་ཆོས་དང་ཚན་རིག་བར་ཁྱད་པར་གང་ཡོད་དཔྱད་བསྡུར་གནང་དུས་དང་པོ་ནང་པས་བཤད་སྟངས་ཚོ་སྤུས་དག་པོ་མཁྱེན་རྒྱུ་གལ་ཆེན་པོ་རེད། དེ་མ་མཁྱེན་པར་ནང་པའི་ལྟ་ཚུལ་འགོ་ཚོས་ལ་མ་ཚོས་ལ་ཞིག་ཤེས་པ་དེ་ལ་ཚན་རིག་གིས་གནོད་དང་མི་གནོད་བགྲོ་གླེང་བྱེད་ཀྱིན་བསྡད། ནང་པའི་སྐོར་གང་ཤེས་པ་ནི་གྲོང་གསེབ་པའི་པོ་དང་མོའི་རྩར་ནས་ཤེས་པ་དེ་མ་གཏོགས་མེད་དུས་པོའོ་མོའོ་ཚོའི་བསམ་ཚུལ་འདི་ལ་སྐྱོན་འདི་དང་འདི་འདུག་ཅེས་སེམས་ལ་དྲན་པ་དང་། ཆབས་ཅིག་པོའོ་མོའོ་དེ་ཚོ་བཅོམ་ལྡན་འདས་ཀྱི་སྐུ་ཚབ་ལ་སོ་སོས་བཀའ་ཁྲོལ་སྤྱད་ཡོད་ཙང་། ཨོ་ད་ནང་པ་ལ་ཁུངས་ལུང་མི་འདུག་ཅེས་ལམ་སང་ བཅོམ་ལྡན་འདས་ལ་ཚད་ཚད་གཏོང་གི་ཡོད་པ་རེད། ཨོ་ད་ནང་པ་ལ་བཟོ་ལྟ་མི་འདུག་ཟེར། དེ་འདྲ་བྱས་ནང་པ་ལ་སྐྱོན་གང་ཐུབ་རེ་རྒྱག་རྐྱང་གནང་ན། སོ་སོ་ཚན་རིག་པའི་གྲོགས་པོ་ཆགས་རྒྱུ་ཕར་བཞག་ ཚན་རིག་པས་རྩེད་མོ་རྩེ་ས་བྱབ་ཆུང་ཞིག་རེད་འགྲོ་བ་ཤེས་པར་མཛོད། །
དྲི་བ། མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་འདོད་པའི་བསྟན་བཅོས། ཚན་རིག་པ་ཞིག་ དང་ཚན་རིག་གི་དེབ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གམ།
ལན། རྩོམ་པ་པོ་མཁས་དབང་དགེ་འདུན་ཆོས་འཕེལ་དང༌། དེས་གསུང་འདོད་པའི་བསྟན་བཅོས་གཉིས་ཚན་རིག་པ་དང་ཚན་རིག་གི་དེབ་ཏུ་ངོས་འཛིན་བྱས་ན་མི་འགྲིག་ཅེས་ཁྲིམས་ཐོག་དགག་བྱ་ཡོད་ ཀྱི་མ་རེད་བསམ། ཡིན་ཀྱང་འཛམ་གླིང་མཁས་པའི་གླེང་སྟེགས་སྟེང་དུ་དགེ་ཆོས་མཁས་པར་ངོས་འཛིན་བྱེད་ཀྱང་ཚན་རིག་པར་ངོས་འཛིན་ཕལ་ཆེར་བྱེད་ཀྱི་མ་རེད། འདོད་པའི་བསྟན་བཅོས་སྙན་པོ་དང་མང་ཚོགས་ཀྱིས་ཀློག་འདོད་པའི་རྩོམ་ལ་ངོས་འཛིན་བྱེད་ཀྱི་རེད་མོད། ཚན་རིག་གི་དེབ་ལ་ངོས་འཛིན་བྱེད་ཀྱི་མ་རེད། གཙོ་བོ་སྐབས་དེའི་བོད་པའི་སྤྱི་ཚོགས་ལ་བསམས་ན་དགེ་ཆོས་ལྟ་བུའི་བསམ་བློ་གུ་ཡངས་ཅན་ཉུང་ཉུང་རེད། རྒྱ་གར་པཎྜི་ཏ་ར་ཧུལ་དང་། ཨུ་རུ་སི་པ་རོ་རའི་སོགས་ཀྱི་ཤུགས་རྐྱེན་ཐེབས་པ་དང་། དགེ་ཆོས་རང་ལ་རྣམ་དཔྱོད་འགྲན་ཟླ་བྲལ་བ་ཡོད་པ་བཅས་ལ་བརྟེན་ནས་སྐབས་དེའི་བོད་པའི་སྤྱི་ཚོགས་དེའི་ནང་དུ་སྐབས་དེའི་འཛམ་གླིང་གི་གནས་ཚུལ་མང་པོ་ཞིག་ཤེས་ཐུབ་པ་དང་གླེང་ཐུབ་ཡོད། སྔར་དེ་འདྲ་གླེང་མཁན་མང་པོ་མ་བྱུང་ཙང་ཧོབ་དེ་ཁད་ལ་སྐད་ཆ་གསར་པ་ཞིག་བཤད་དུས་དགེ་ཆོས་ལ་འོ་ཚན་རིག་པ་རེད་བསམ་པ་དྲན་གྱི་ཡོད་པ་འདྲ། ཀླད་པ་གསར་པའི་མཁས་པ་ཡིན་ན་ཚན་རིག་པ་ཡིན་དགོས་པ་དང་། ཚན་རིག་པ་མིན་ན་ཀླད་གསར་གྱི་མཁས་པ་ཡིན་མི་ཆོག་པའི་བཟོ་ལྟ་ཞིག་མཐོང་གི་ཡོད་པ་འདྲ་ཡང་དེ་འདྲ་མ་རེད། དེའི་སྔོན་ལ་སྐད་ཆ་དེ་ཚོ་གླེང་ཚར་ན་དེ་འདྲའི་ངོ་སོ་རག་གི་མ་རེད། ཡིན་ཙང་མི་མང་པོའི་བསམ་པར་ཚན་རིག་པ་རེད་བསམ་པ་ཞིག་སྐྱེས་པ་རེད་མ་གཏོགས་པར་ཚན་རིག་པ་དངོས་གནས་པ་རེད་ཅེས་ལབ་ཀྱི་མ་རེད། འདོད་པའི་བསྟན་བཅོས་ཚན་རིག་གི་དེབ་རེད་ལབ་ཀྱི་མ་རེད། དེ་འདྲའི་དེབ་ཕྱི་རྒྱལ་སྐད་ཡིག་ནང་ཁེངས་བསྡད་ཡོད་པ་རེད། ཁོང་ལ་པེ་རི་ཐིང་ཀར་(Free Thinker)ཟེར་བའི་གཤིས་ཀ་ཞིག་ཏན་ཏན་ཡོད་རེད།གཤིས་ཀ་དེ་ཚན་རིག་པས་རྩ་བ་ཆེན་པོ་བརྩི་བ་ཡང་ངོས་གནས་རེད། དེ་ནི་སྲོལ་ལྡན་གྱི་གོམས་གཤིས་ཀྱི་སྒྲོག་གིས་མ་བཅིངས་པའི་ལྟ་ཚུལ་ཟེར་བ་རེད། ཁོང་འབྱོར་མེད་ཡིན་པ་དང་། Free Thinkerཡིན་པ། གང་དཔྱད་པ་བྱས་པ་རྣམས་བསམ་བློ་གཏོང་རྒྱུ་ཡོད་པ་མང་པོ་གསུངས་ཡོད།
དྲི་བ། ལོ་མང་པོའི་སྔོན་ལ་ནང་ཆོས་ཐོག་སྤྲུལ་པ་མང་པོ་དང་གྲུབ་ཆེན་མང་པོ་ཞིག་གིས་གྲུབ་རྟགས་བསྟན་ཡོད། དེ་ལ་ཚན་རིག་ཟེར་རམ། བོད་ལ་ལོ་མང་པོའི་སྔོན་ལ་ཚན་རིག་དར་ཡང་མེད་པར་བཟོས་སོང་། དེ་ནི་འཇིག་རྟེན་དར་བ་ན་བསྟན་པ་དར་བ་ལ་གནོད་ཟེར། དེ་ག་འདྲ་ཡིན་ནམ།
ལན། བོད་ཀྱི་ལོ་རྒྱུས་ཐོག་སྤྲུལ་པ་མང་པོ་དང་གྲུབ་རྟགས་མང་པོ་བསྟན་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་དེ་ཚོ་ཚན་རིག་རེད་ཟེར་གྱི་མ་རེད། ཚན་རིག་ཟེར་དུས་ནུབ་ཕྱོགས་པས་དངོས་ཡོད་གནས་ཚུལ་འཚོལ་སྟངས་ཀྱི་ཐབས་ལམ་ཞིག་རེད། དེ་བོད་པས་ལག་ལེན་བསྟར་ན་མི་འགྲིག་པ་གང་ཡང་མེད། སེམས་ཅན་ལ་གནོད་ཀྱི་མེད་ན་ནང་ཆོས་ཐོག་ནས་ངོ་རྒོལ་གནང་གི་མ་རེད། ནང་ཆོས་ཟེར་བ་དེ་ཕྱི་རྒྱལ་པས་ལག་ལེན་བསྟར་ནའང་འགྲིག རྒྱ་མིས་ཉམས་ལེན་བྱས་ཀྱང་འགྲིག ཚན་རིག་པར་འདོད་པ་ཡོད་ན་སྔོན་མའི་གྲུབ་རྟགས་དང་སྤྲུལ་པ་རྣམས་ཅོག་ཙེའི་སྟེང་ལ་བཞག་ནས་དཔྱད་པ་བྱེད་ཆོག དེ་དཔྱད་པ་བྱས་ནས་བདེན་པ་རེད་རྫུན་པ་རེད་ག་རེ་བཤད་འདོད་ན་ཚན་རིག་པའི་འདོད་མོས་རེད། འོན་ཀྱང་ཁུངས་ལུང་ཡོད་པའི་རྒྱུ་མཚན་དགོས་པ་རེད། ངེད་ཀྱིས་བསམ་ན་ཁོང་ཚོས་བདེན་པ་རེད་རྫུན་པ་རེད་གང་ཡང་ལབ་ཐུབ་ཀྱི་མ་རེད། འཇིག་རྟེན་དར་ན་བསྟན་པ་ལ་གནོད་ཟེར་གྱི་མ་རེད་འཇིག་རྟེན་གྱི་དགྲ་འདུལ་གཉེན་སྟོང་རྐྱང་རྐྱང་ལ་མགོ་འཁོར་ན་བསྟན་པ་ལ་གནོད་ཀྱི་རེད། མ་ཟད་ཚན་རིག་ཟེར་བ་འདིས་འཇིག་རྟེན་གྱི་ཡ་རབས་སྤྱོད་བཟང་ལའང་གནོད་ཀྱི་ཡོད་པ་མ་རེད། དཔེར་ན་འཇིག་རྟེན་ཡར་རྒྱས་དང་དངུལ་རྐྱང་རྐྱང་ལ་མགོ་འཁོར་རྒྱུ་ཐལ་དྲགས་པ་དང་། དཔལ་འབྱོར་ལ་མགོ་འཁོར་རྒྱུ་མང་དྲགས་ན་ཕ་མ་ལ་གཡོག་རྒྱུག་རྒྱུ་ཡང་བརྗེད་འགྲོ། ཕ་མས་ཕྲུ་གུར་བལྟ་རྟོག་ཀྱང་བརྗེད་འགྲོ། མཐར་ཕ་མ་དང་ཕྲུག་གུའི་དབར་གྱི་འབྲེལ་བ་ཉམས་དུས། ཡ་རབས་སྤྱོད་བཟང་གི་བསམ་པ་རྦད་དེ་ཉམས་འགྲོ་བས་ཕྲུ་གུ་དང་ཕ་མས་ཕན་ཚུན་གསོད་རེས་ཀྱང་བྱེད་ཀྱི་རེད། དེ་འདྲ་བྱེད་དུས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་གནོད་པ་རེད། དངུལ་གྱི་དོན་དུ་ཕྲུ་གུས་ཕ་མ་གསོད་པ་དང་ཕ་མས་ཕྲུ་གུ་གསོད་པ་ཉུང་ཉུང་མིན། དེ་འདྲ་བྱས་ན་ནང་པའི་བསྟན་པ་ལ་གནོད་པ་མ་ཟད། མང་ཚོགས་ཀྱི་བདེ་འཇག་ལའང་གནོད་ཀྱི་རེད།
དྲི་བ། ང་ཚོའི་བོད་ཀྱི་ནང་ཆོས་དང་ཚན་རིག་པའི་ལྟ་བ་གཉིས་སྒོ་ཀུན་ནས་མཐུན་ན་ང་ཚོར་ཁེ་ཕན་ཅི་ཡོད་དམ། གལ་སྲིད་ཁེ་ཕམ་མེད་པ་ཞིག་ཡིན། ང་ཚོར་ཕྱོགས་ཀུན་མཐུན་པའི་ཐབས་ལམ་ཅི་ཡོད། ང་ཚོ་བོད་ནང་བས་སྐྱེ་བ་སྔ་མ་ཡོད་པའི་སྒྲུབ་བྱེད་དུ་སྐྱེ་བ་སྔ་མ་དྲན་པ་ཙམ་མ་ཡིན་པའི་མཐོང་ཆོས་མངོན་གྱུར་གཞན་ག་རེ་ཡོད།
ལན། ནང་ཆོས་དང་ཚན་རིག་གཉིས་སྒོ་ཀུན་ནས་མཐུན་གྱི་རེད་བསམ་གྱི་མེད། ནང་ཆོས་དང་ཚན་རིག་བཞག་ནས་ཚན་རིག་པ་ནང་ཕན་ཚུན་ཡང་སྒོ་ཀུན་ནས་མཐུན་གྱི་ཡོད་པ་མ་རེད། དེ་གཉིས་སྒོ་ཀུན་ནས་ཨེ་མཐུན་ལ་འབད་བརྩོན་བྱེད་མཁན་ཡང་ཡོང་གི་མ་རེད། ག་རེ་དགོས་ཤེ་ན་གཅིག་གིས་གཅིག་ལ་ལེགས་ཆ་སྤྲོད་རེས་བྱེད་དགོས་པ་རེད། སྔར་ནང་ཆོས་ནང་མ་གྲགས་པའི་གནས་ཚུལ་མང་པོ་ཚན་རིག་ནས་བླངས། སྔར་ཚན་རིག་པས་བསམ་བློ་གཏོང་མ་ཐུབ་པ་དང་འཐུས་ཤོར་སོང་བ་རྣམས་ནང་པ་ནས་བླངས་ཏེ་ཁ་བཀང་ན་འཛམ་གླིང་སྤྱི་ལ་ཁེ་ཕན་ཡོང་གི་ཡོད་རེད། མི་རེ་རེ་གཉིས་གཉིས་ཀྱི་དངུལ་ཁུག་ལ་ཕན་ཐོགས་དང་མི་ཐོགས་ལ་བསམ་བློ་གཏོང་གི་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ཞེས་པ་ཧ་གོ་ཡ་དེ་འཛམ་གླིང་གི་འགྲོ་བ་མིའི་ལས་འགན་ཆེ་ཤོས་ཤིག་རེད། དེ་ཧ་གོ་ན་འཕྲལ་ཕུགས་རྒྱངས་གསུམ་ལ་བལྟ་ཐུབ་པ་དང༌། ཟང་ངེ་ཟིང་ངེ་མ་ཡིན་པར་འཆར་གཞི་གང་བཞག་པ་དེ་བརྟན་པོ་དང་ཕུགས་རྒྱང་རིང་པོར་ཕན་པ་ཡོང་གི་རེད། སྐྱེ་བ་སྔ་ཕྱི་དྲན་ཟེར་དུས་མི་གཅིག་གིས་དྲན་སོང་ཞེས་བཤད་གཞན་པ་ཚོས་བརྟག་དཔྱད་མ་བྱས་པར་ཧོལ་རྒྱུགས་བྱས་འོ་ཁོས་དྲན་པ་རེད། ཅེས་འུར་སྒྲོག་བྱས་པ་ལ་མི་ཟེར། ཕྲུ་གུ་ཆུང་ཆུང་ཞིག་གིས་མི་ཚེ་འདིའི་ནང་མ་མཐོང་ཞིང་མ་ཐོས་པའི་མི་ཞིག་ལ་མཛུབ་མོ་བཙུགས་ཏེ་སྔར་འདི་ངའི་ཕ་མ་རེད། ཁང་པ་ཕ་གི་དེ་ངའི་ནང་རེད་སྤུན་མཆེད་རེད་ཅེས་མཐོང་མ་མྱོང་ས་འགྲོ་མ་མྱོང་ས་གོ་མ་མྱོང་སར་ཕ་མ་དངོས་གནས་དེ་དག་ཁྲིད་ནས་ངོ་སྤྲད། མིང་རེ་རེ་བཞིན་དུ་སློབ་མི་དགོས་པར་དྲན་ཏེ་ཁ་ནས་ཐག་ཐག་ཐག་དངོས་ར་འཕྲོད་ངེས་བཤད་ཡོང་དུས་སྐྱེ་བ་སྔ་མ་དྲན་ཟེར་གྱི་ཡོད་རེད། གཡོ་སྒྱུ་ཁྲ་གསུམ་མི་ཤེས་པའི་ཕྲུ་གུ་དེས་མཐོང་ཆོས་མངོན་གྱུར་བྱས་བསྟན་ཡོང་དུས་ཕྱི་རྒྱལ་གྱིས་ཆ་འཇོག་བྱེད་སའི་ཨེ་བི་ཌིན་ཌི་(Evidence)ཟེར་བ་དེ་བྱུང་བ་རེད། དེའི་སྐབས་ལ་ཚན་རིག་པས་ཁ་གདངས་སྡོད་ཀྱི་རེད་མ་གཏོགས་འགྲེལ་བཤད་རྒྱབ་ཡ་དང་རྩོད་པ་རྒྱབ་ཡ་ལྷག་ཡོད་པ་མ་རེད། དམར་པོའི་ལུགས་འཛིན་མའོ་ཙེ་ཏུང་གིས་མགོ་ལ་ཕྲུག་ཕྲུག་དང་རྐུབ་ལ་ཕྲུག་ཕྲུག་གཏོང་རྒྱུ་མ་གཏོགས་ཁོ་ལ་བྱེད་ཡ་གཅིག་ཀྱང་ལྷག་ཡོད་མ་རེད། རིག་གནས་གསར་བརྗེ་དང་བཅིང་དགྲོལ་གཏོང་སྐབས། གྲུབ་རྟགས་དང་སྤྲུལ་པ་སོགས་གནས་ཚུལ་ཧ་ལས་དགོས་པ་མང་པོ་བྱུང་ཡོད་འདུག་པ་གནས་ཚུལ་དེ་ཚོ་དམར་པོའི་དབང་འཛིན་པས་སུ་ལའང་ཤོད་མི་ཆོག་པའི་བཀག་རྒྱ་དམ་པོ་བྱས་ཡོད། དེ་འདྲའི་གནས་ཚུལ་རྣམས་ཚན་རིག་པར་འདི་དངོས་ཡོད་གནས་ཚུལ་རེད་དམ་ཞེས་དྲིས་ན་མ་རེད་ཅེས་ལབ་རྒྱུ་བཞག་ནས་དངོས་གནས་རེད་ཅེས་ཟེར། གང་རེད་ཟེར་ན་བདེན་རྟགས་མིག་མཐོང་ལག་ཟིན་བྱུང་ཚར་བ་རེད། འོན་ཀྱང་ཚན་རིག་པར་དཀའ་ངལ་གཞན་པ་ཞིག་ཡོད། འདི་འདྲ་ཡོང་སྲིད་པའི་རྒྱུ་མཚན་གང་རེད། འདི་འདྲ་ཡོང་ལུགས་ཡོང་སྟངས་ལ་འགྲེལ་བཤད་དང་རྒྱུ་མཚན་ཤོད་དགོས་ལབ་ན། རྩ་བ་ནས་ཤོད་ཐུབ་ཀྱི་མ་རེད། རྣམ་ཀུན་ལྐོག་གྱུར་གྱི་གནས་ཚུལ་འགའ་ཤས་ཁོར་ཡུག་དམིགས་བསལ་ཅན་ནང་། དཔྱད་པ་བྱེད་མི་དགོས་པར་ཧོབ་ཏེ་ཁད་ལ་དངོས་ཡོད་དུ་གྱུར་པ་དང་མིག་མཐོང་ལག་ཟིན་དུ་གྱུར་དུས་དཀའ་ངལ་ཞིག་ཡོད་པ་རེད། གནས་ཚུལ་འདི་ཕྲུ་གུ་རེ་གཉིས་ལ་བྱུང་བ་མ་གཏོགས་ཕྲུ་གུ་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་མི་འབྱུང་བ་གང་ཡིན་གྱི་རྒྱུ་མཚན་དྲིས་ན་བགྲོ་གླེང་མང་པོ་ཞིག་གི་སྒོ་ཕྱེས་པ་རེད།
༢༠༠༢ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བཞུགས་སྒར་སྟེང་ཐོག་བོད་ཕྲུག་ཁྱིམ་སྡེར་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་ནས་མཁས་དབང་དགེ་འདུན་པ་ཁག་གཅིག་གདན་ཞུས་ཀྱིས་གསུང་བཤད་སྐབས་བུ་ཁྱིམ་སློབ་ཕྲུག་ཁག་གིས་དྲི་བ་བཀོད་པ།
དྲི་བ། དེང་དུས་དུས་རབས་ ༢༡ སླེབ་པའི་ཚན་རིག་གིས་ཕྱིའི་འཁོར་ཡུག་ལ་འགྱུར་བ་ཤུགས་ཆེན་ཞིག་བཏང་བ་དེའི་སེམས་ལ་བདེ་བ་སྤྲོད་མི་ཐུབ་པ་དང་། དེ་འདྲེའི་སེམས་ཀྱི་ཞི་བདེ་དེ་ནང་པའི་ཆོས་ནས་མ་གཏོགས་སྤྲོད་མི་ཐུབ་པའི་རྒྱུ་མཚན་གསལ་བར་གསུངས་རོགས།
ལན། ནང་པའི་ཆོས་མ་གཏོགས་སེམས་ལ་བདེ་བ་སྤྲོད་མཁན་རྩ་བ་ནས་མེད་ཅེས་ཟེར་མི་ཐུབ། ཆོས་ལུགས་དང་གྲུབ་མཐའ་གཞན་དང་གཞན། མ་ཟད་ཡ་རབས་སྤྱོད་བཟང་ལྡན་པའི་ནང་མིའི་ཁྱིམ་ཚང་ནང་དུ་སེམས་ལ་བདེ་བ་ཆུང་ཆུང་དང་གནས་སྐབས་ཀྱི་བདེ་བ་ཏན་ཏན་སྤྲོད་ཀྱི་རེད། སེམས་ལ་བདེ་བ་ཟེར་བ་དེ་རྡོག་རྡོག་གཅིག་མ་རེད། དེ་ལ་ཆེ་ཆུང་དང་རྒྱུན་རིང་ལོད། གཏིང་ཟབ་ལོད་རླབས་ཆེ་ལོད་མང་ཐག་ཆོད་ཡོད། གཏིང་ཟབ་མོ་དང་རྒྱ་ཆེན་པོ་མཐའ་འཁྱོལ་བའི་སེམས་ཀྱི་བདེ་བ་དེ་ནང་པའི་ཆོས་ཀྱིས་མ་གཏོགས་སྤྲོད་མི་ཐུབ་པ་དངོས་གནས་རེད། དེའང་ཕྱོགས་རིས་ཀྱི་སྐད་ཆ་མ་རེད། དང་པོ་འཆར་གཞི་དང་ལས་ཀ་མ་བྱས་གོང་ནང་པས་དངོས་ཡོད་གནས་ཚུལ་ཞིག་གཏན་ལ་ཕབ། དེའི་སྟེང་ནས་དམིགས་ཡུལ་ཞིག་གཏན་ལ་ཕབ། དེ་ལ་མཁོ་པའི་ཐབས་ལམ་ཡང་གཏན་འབེབས་བྱས་ཙང་གཞི་རྩ་བརྟན་པོ་ཞིག་བཙུག་ཡོད་པ་རེད། དེའི་གནས་ཚུལ་རྒྱས་བཤད་ད་ལྟ་ཞུ་མི་དགོས་པ་བྱེད།
དྲི་བ། བོད་མི་ཚོས་ནང་པ་ཡིན་པ་ལ་ཁས་ལེན་བྱེད་ཀྱི་ཡོད། ཡིན་ཡང་ཕྱི་མི་ཡིས་བོད་མི་ཚོ་ཤ་ཟ་མཁན་མང་ཤོས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་ལ་ལན་སྐྱོན་སྟངས་མི་འདྲ་བ་ཞིག་གང་འདྲ་ཡོད།
ལན། དང་པོ་ཐོག་མར་ནང་ཆོས་མ་དར་བའི་སྔོན་ནས་བོད་པས་ཤ་ཟ་བ་གོམས་གཤིས་ལ་འཇགས་པ་མ་ཟད། སེམས་ཅན་གསོད་པའི་སྡིག་པར་མི་འཛེམས་པ་རེད། དེའི་ཐོག་ལ་ནང་ཆོས་དར་བ་དང་ནང་ཆོས་ཀྱིས་སེམས་ཅན་གསོད་པར་འཛེམས་ཟོན་བྱེད་ནའང་། སྦྱིན་བདག་ནས་བཞེས་ལག་ནང་ཤ་ཡོད་པ་སྤྲད་ཚེ་དགེ་སློང་ཚོར་ཟ་ཆོག་པ་གནང་ཡོད་པ་རེད། དེ་ནས་མི་འབོར་འཕེལ་བ་ན་ཤ་ཟ་མཁན་གྱི་གྲངས་འབོར་འཕེལ་བ་དང་། སེམས་ཅན་གསོད་པའི་གྲངས་འབོར་རང་བཞིན་གྱིས་འཕེལ་ཕྱིན་པ་རེད། དེ་མ་གཏོགས་ནང་པས་གསོད་ཆོག་གི་རེད། དེ་རིང་ར་ལུག་བརྒྱ་ཕྲག་སྟོང་ཕྲག་སོད་ཅིག ནམ་ཡང་མི་ཟེར། ཤ་ཟས་པས་གསོད་མཁན་ལ་རྒྱབ་སྐྱོར་བྱེད་པར་འགྲོ་ཡང་རང་གིས་མ་བསད་པར་བསད་ཚར་བའི་ཤ་ཟ་བ་དང་རང་གིས་བསད་པ་གཉིས་ཀྱི་དབར་ན་ཁྱད་པར་ཏན་ཏན་ཡོད། ད་ཆ་གནམ་གཤིས་གྲང་བའི་བོད་ཀྱི་ཡུལ་དུ་དུས་བཞིར་སྔོ་ཚལ་སོགས་འབེལ་པོ་ཡོད་པ་དང་། ཤ་སྤོང་བར་བསྐུལ་སློང་བྱེད་པའི་ལས་འགུལ་ཤུགས་ཆེ་རུ་འགྲོ་རྒྱུར་ངེས་པས་ཤ་ཟ་མཁན་ཉུང་རུ་འགྲོ་བའི་ཡིད་ཆེས་ཡོད། སྔོན་ཆད་ ༡༩༥༩ སྔོན་དུ་ཉ་ཆེན་དུས་ཆེན་ཁག་ལ་ཤ་རློན་ཉོ་ཚོང་མི་ཆོག་པ་དང༌། ས་ག་ཟླ་བའི་རིང་ཤ་རློན་ཉོ་ཚོང་མི་ཆོག་ཅིང་མང་ཚོགས་ནས་དཀར་ཟས་བཟའ་བ་རེད། ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། ནང་ཆོས་ནང་སྙིང་རྗེ་ཆེན་པོ་ཞེས་པ་ཡར་རྒྱས་གཏོང་སྟངས་ཐབས་ལམ་དང་རིགས་པའི་ལམ་ནས་འགྲེལ་བཤད་ཧ་ལས་པ་གནང་ཡོད་པ་དང་། འགྲེལ་བཤད་ནང་སེམས་ཅན་ཚང་མ་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་བཤད་ཡོད། ང་རང་ཚོའི་ཕ་མ་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་ནང་བཞིན་སེམས་ཅན་ཚང་མ་ང་ཚོར་རྦད་དེ་བཀའ་དྲིན་ཆེན་པོ་ཡིན་པ་དང་། དཔེར་ན་ང་ཚོའི་ཟ་ཡ་ལྟོ་ཆས་འདིའང་སེམས་ཅན་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ། ཟ་ཆས་ཀྱི་འབྲུ་རྡོག་གཅིག་ལའང་སེམས་ཅན་མང་པོ་ཞིག་དང་འབྲེལ་བ་ཆག་ཡོད་ཅེས་བཤད་ཡོད་པ་རེད། དཔེར་ན་ང་ཚོའི་ཟ་ཡ་འབྲས་རྡོག་གཅིག་གི་དོན་དུ་སེམས་ཅན་མང་པོའི་སྲོག་བཏང་ཡོད་པ་བཤད་མི་དགོས་པ་དང་། དེ་ཡིན་དུས་ཤ་ཟས་ན་སྡིག་པ་ཡོད་པ་དང་འབྲས་ཟས་ན་སྡིག་པ་མེད་ཅེས་ཤོད་རྒྱུ་ཁག་པོ་ཆག་བསྡད་ཡོད། སྔོ་ཚལ་འདེབས་ལས་སྐབས་སྔོ་ཚལ་གྱི་ཆེད་དུ་འབུ་ག་ཚོད་གསོད་ཀྱི་ཡོད། ཞིབ་ཏུ་བསམ་ན་སྔོ་ཚལ་ཟས་ནའང་སྔོ་ཚལ་འདེབས་པའི་ཞིང་ལས་པར་སེམས་ཅན་གསོད་རྒྱུ་རྒྱབ་སྐྱོར་བྱས་པའི་བཟོ་ལྟ་ཞིག་ཐོན་ཡོང་གི་རེད། ལྷག་པར་བོད་པས་གྱོན་ཆས་འབུ་རས་ཟེར་བ་དང་སི་ལིག་ཟེར་བ་སོགས་བཤད་ན་ལས་སླ་པོ་ཡོད་པ་མ་རེད།
དྲི་བ། ཚན་རིག་ཐོག་ནས་བཤད་པ་ཡིན་ན་སྒོ་ང་ཟ་ཡ་དེ་སྲོག་མེད་པ་ཞིག་ལ་བརྩི་ཡི་ཡོད་ན། ཡིན་ཡང་ནང་པའི་ཐོག་ནས་བཤད་པ་ཡིན་ན་སྒོ་ང་གཅིག་ཟ་བ་ལ་བྱ་གཅིག་གི་སྲོག་བཅད་ཡིན་པ་བཤད་ཀྱི་ཡོད་མེད།
ལན། ཚན་རིག་པས་སྒོ་ང་ཟ་བའི་སྐབས་སུ་དེ་ལ་སྲོག་ཡོད་མེད་དཔྱད་པ་བྱས་ཏེ་སྲོག་མེད་པར་ཡིད་ཆེས་ནས་ཟ་བ་གང་ཡང་མིན། ཚན་རིག་པས་སྲོག་བཅད་ན་རུང་དང་མི་རུང་བརྩི་ས་ཆེར་མེད།དེ་རིང་སང་ཉིན་འཛམ་གླིང་ན་སེམས་ཅན་དུད་འགྲོའི་ཐོབ་ཐང་ཞིག་ཤོད་ཡོང་གི་ཡོད། བསམ་ཚུལ་འདི་རྙིང་པ་ཞིག་ཡིན་བཟོ་མི་འདུག མ་ཟད་ད་ཆ་ཚན་རིག་བརྟག་དཔྱད་ཁང་དུ་སྲོག་ཆགས་ཚན་རིག་གི་ཚོད་ལྟར་བེད་སྤྱད་ཆོག་དང་མི་ཆོག་གི་སྐད་ཆ་ཡང་ཤུགས་ཆེ་རུ་འགྲོ་བཞིན་པ་རེད། འདི་ཚོ་ཆོས་ཀྱི་བསམ་ཚུལ་འཛམ་གླིང་ན་ཁྱབ་སྤེལ་དུ་སོང་བས་ཤུགས་རྐྱེན་ཐེབས་ཡོད་པའི་མཚོན་རྟགས་ཤིག་རེད།ནང་པའི་མཁས་པ་ལ་ལས་སྲོག་ཡོད་པར་བསམས་ནས་སྒོ་ང་མི་བཟའ་བ་དང་། མཁས་པ་ལ་ལས་ཡོད་མེད་ཐག་མི་གཅོད་པར་སྒོ་ང་མུ་མཐུད་བཞེས་རྐྱང་གནང་གི་ཡོད། སྒོ་ངར་ཚེ་སྲོག་ཡོད་མེད་ཐག་མ་ཆོད་པའི་སྔོན་སྒོ་ངའི་ནང་རྣམ་ཤེས་ཡོད་པར་ཡིད་ཆེས་གནང་སྟེ་སྒོང་ང་ཟ་རྒྱུ་མཚམས་བཞག་ན་དགེ་བ་ཏན་ཏན་ཡོད་ཀྱི་རེད།
དྲི་བ། ང་ཚོ་ཕྲུ་གུ་སྐྱེས་ཡས་སོགས་ལ་ཚན་རིག་ཐོག་ནས་འགྲེལ་བཤད་ཞིབ་པོ་ཡོད་པ་རེད། ཁྱེད་ཀྱི་དེ་ལ་ཆོས་ཀྱི་ཐོག་ནས་གང་གསུང་གི་ཡོད།
ལན། ནང་པས་ཕྲུ་གུ་མཚེ་མ་སྐྱེ་བར་རྒྱུ་རྐྱེན་མང་པོ་ཡོད་པར་ཁས་ལེན་པ་དང་། རྒྱུ་རྐྱེན་གཅིག་ཚན་རིག་པས་འགྲེལ་བཤད་རྒྱབ་པ་ཕལ་ཆེར་དེ་ག་རང་ཁས་ལེན་གྱི་རེད། འོན་ཀྱང་དེ་ཙམ་གྱིས་འགྲེལ་བཤད་ཆ་ཚང་རྫོགས་པ་ཞིག་མ་རེད། ཚན་རིག་པས་ཀྱང་དེའི་རྒྱུ་རྐྱེན་ཚང་མ་འགྲེལ་བཤད་རྒྱབ་ཚར་བ་ཡིན་ཟེར་གྱི་མ་རེད། དཔེར་ན་ཡི་གེའི་མཚོན་རྟགས་ཅན་གྱི་རྫས་ཤིག་གི་སྟེང་ནས་འགྲེལ་བཤད།རྒྱབ་པ་རེད། དཔེར་ན་ཡི་གེ་ XY རྟགས་ཅན་རྫས་གཉིས་འཛོམས་ན་བུ་དང་། XX རྟགས་ཅན་གཉིས་འདུས་ན་བུ་མོ་སྐྱེ་བར་བཤད་ཀྱི་ཡོད། དེ་ནས་མངལ་དུམ་བུ་གཉིས་སུ་གྱེས་ན་མཚེ་མ་སྐྱེ་ཟེར། ང་དེ་འདྲ་འོངས་དགོས་པ་ག་རེ་རེད་ཅེས་དྲིས་ན། ཡང་ཧ་གོ་གི་མེད་ཟེར་གྱི་རེད། ནང་པས་དེའི་ཐོག་ལ་ལས་ཟེར་བ་ཞིག་བཤད་ཀྱི་རེད། ལས་ཟེར་བ་དེ་ནི་རང་གི་ལུས་ངག་ཡིད་གསུམ་གྱིས་བྱ་བ་ཞིག་དང་། བྱ་བ་དེ་བྱུང་ཚར་བ་དང་ལས་བསགས་ཟེར། བསགས་པའི་ལས་དེས་བསྐྲུན་པ་རེད་གསུང་གི་རེད། ལས་ཁས་བླངས་པས་ཚན་རིག་པས་འགྲེལ་བཤད་རྣམས་བདེན་པ་མ་རེད་གསུང་དགོས་དོན་ཡོད་པ་མ་རེད། ཚན་རིག་པའི་འགྲེལ་བཤད་དེའང་ཁས་བླངས་དེའི་ཐོག་ལ་ལས་ཟེར་བ་ཁས་བླངས་ཏེ་གཉིས་ཚོགས་བྱས་ན་བྱེད་ཆོག་པའི་ས་ཆ་གུ་ཡངས་པོ་ཤིང་རྒྱ་ཆེན་པོ་ཞིག་ཡོད་པས་དཀའ་ངལ་མེད།
དྲི་བ། རྩི་ཤིང་ལ་སེམས་མེད་པའི་རྒྱུ་མཚན་ཅི་ཡིན། ཕྱོགས་གཅིག་ནས་བལྟས་ན་ཤིང་སྣ་རྣམས་ལ་ཤེས་པ་ཡོད་པའི་རྟགས་མཚན་ཞིག་རྟག་ཏུ་མཐོང་རྒྱུ་འདུག་པས་དེ་བདེན་པ་ཡིན་ནམ།
ལན། ཚན་རིག་པས་རྩི་ཤིང་ལ་སྲོག་ཡོད་པར་འདོད་ཀྱི་འདུག འོན་ཀྱང་ཤེས་པ་ཡོད་ཟེར་གྱི་མེད་པ་འདྲ། གང་ལྟར་མི་དང་སྲོག་ཆགས་རྩི་ཤིང་ཐམས་ཅད་ཀྱི་མེས་པོ་དམ་པ་ནི་སེལ་གཅིག་ཅན་གྱི་གདོད་མའི་ཨ་མི་པ་ཟེར་བ་དེ་རེད་ཅེས་ཚན་རིག་པས་བཤད་ཀྱི་རེད། སེལ་གཅིག་ཅན་དེ་ལ་སྲོག་ཡོད་ཤེས་པ་མེད་ཅེས་ཚན་རིག་པས་ད་ལྟ་བཤད་མུས་རེད། རྩི་ཤིང་ལ་ཤེས་པ་མེད་གསུངས་པའི་ནང་པའི་གྲུབ་མཐའ་དང་གཞུང་ལུགས་སྨྲ་བ་ཤུགས་ཆེན་པོ་རེད། འོན་ཀྱང་སྲོག་ཡོད་ཅེས་གསུང་མཁན་ཡོད་མ་རེད་ཅེས་ད་ལྟ་ཐག་ཆོད་པ་ཤེས་མ་སོང་། རྣམ་ཀུན་བོད་པའི་ཁ་སྐད་དུ་མེ་ཏོག་ཤི་སོང་ཤི་མ་སོང་དང་།མཆོད་མེ་ཤི་མ་སོང་ཟེར་བ་ལྟ་བུའི་ཐ་སྙད་དང་བཤད་ཚུལ། བསམ་ཚུལ་བཅས་ཡོད་ཡོད་པ་རེད། དེ་འདྲའི་ཐ་སྙད་དེ་ནང་པའི་མཁས་དབང་ཚོས་ཀྱང་ཞལ་ནས་གསུང་དགོས་པ་ཆགས་ཀྱི་ཡོད། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་གསུངས་ཡོད་པ་རེད། སྲོག་ཅེས་པ་ནང་པ་དང་ཚན་རིག་པ་གཉིས་འདོད་ཚུལ་འདྲ་དང་མི་འདྲ་དཔྱད་པ་གནང་རྒྱུ་རེད། །
དྲི་བ། འཛམ་གླིང་གི་མི་རིགས་བརྒྱ་ཆ་ ༩༠ ཙམ་གྱིས་ཚེ་འདིའི་བདེ་སྐྱིད་སྒྲུབ་ཐབས་ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུར་རྩི་གི་ཡོད་ན་འདིའི་ཐོག་ནང་ཆོས་ཀྱི་ཐོག་ནས་ལན་གང་ཡོད་དམ།
ལན། བརྒྱ་ཆ་ ༩༠ ཚད་ཀྱི་མ་རེད་དེ་ལས་མང་བས་ཚེ་འདིའི་བདེ་སྐྱིད་གཙོ་བོ་སྒྲུབ་ཀྱི་ཡོད། དེ་ནི་ཚེ་ཕྱི་མ་ལ་ཡིད་ཆེས་ཡོད་དང་མེད་ལ་རག་ལུས་པ་རེད། མི་མང་ཆེ་བས་ཚེ་ཕྱི་མར་ཡིད་ཆེས་མི་བྱེད་པ་དང་ཡིད་ཆེས་ཡོད་ཀྱང་ཤུགས་ཆེན་པོ་མེད་པ་རེད། དཔེར་ན་ཨ་རིར་འགྲོ་འདོད་ཆེན་པོ་ཡོད་མཁན་ཚོས་རྒྱ་གར་ནང་སྡོད་རྒྱུའི་གྲ་སྒྲིག་བྱེད་ཀྱི་མ་རེད། དང་པོ་དབྱིན་སྐད་སྦྱང་། དེ་ནས་ཨ་རིར་ཡོད་པའི་མི་སྣ་གལ་ཆེན་ལ་འབྲེལ་བ་བྱེད་ཀྱི་རེད་མ་གཏོགས་རྒྱ་གར་ནང་ས་ཆ་ཉོས་ཁང་པ་བཟོ་བ་སོགས་ཀྱི་བྲེལ་བ་ནང་བཞུགས་ཀྱི་མ་རེད། རྒྱ་གར་ལ་སྡོད་བསམ་མཁན་ཚོས་ས་ཆ་ཉོས་ཁང་པ་རྒྱབ་པ་ལ་སོགས་པའི་བྲེལ་བ་ཚུབ་ཚུབ་བྱེད་ཀྱི་ཡོད་པ་མིག་མཐོང་ལག་ཟིན་རེད། མི་ཚེ་འདིའི་བདེ་སྐྱིད་ལ་མགོ་འཁོར་ཏེ་ཕྱི་མ་ལ་ཕན་པའི་ཆོས་མི་བྱེད་པ་དེས་སྐྱེ་བ་སྔ་ཕྱི་མེད་ཙང་ཆོས་མི་བྱེད་པ་མ་རེད། ཡིད་ཆེས་དེ་ཙམ་མི་བྱེད་ཙང་ཚེ་འདིའི་བྱ་བར་སེམས་གཏོད་པ་རེད། ཚེ་སྔ་ཕྱི་ཡོད་པ་ནི་གོང་དུ་བཤད་ཚར་བ་རེད།
དྲི་བ། འཇིག་རྟེན་གྱི་ཁམས་འདིའི་ནང་ཡོད་ཚད་མི་རྟག་པ་མ་རེད་ཅེས་ནང་ཆོས་ལས་གསུངས་ཀྱི་ཡོད་པ་རེད། དེ་ལྟར་ཡིན་ན། འཛམ་གླིང་འདིའི་ནང་ཡོད་པ་ཐམས་ཅད་པོར་ཌོན་དང་ནུ་ཊོན་ལས་བྱུང་བ་རེད་ཟེར་པས་ན་ག་འདྲ་རེད།
ལན། པོར་ཊིན་དང་ནུཊོན་ (Protron and Neutron) ལས་བྱུང་བར་ནང་པས་ཁས་ལེན་མི་ཆོག་པ་མ་རེད། དེ་གཉིས་ལས་བྱུང་ནའང་མི་རྟག་པ་མིན་པར་འགྱུར་གྱི་མ་རེད། དཔེར་ན་རྩི་ཤིང་ནགས་ཚལ་དང་སྲོག་ཆགས་ཚང་མ་པོར་ཊོན་དང་ནུ་ཊོན་ (Protron and Neutron) ལས་བྱུང་བ་རེད་ཀྱང་མི་རྟག་པ་ཡིན་པ་ཚན་རིག་པས་ཁས་ལེན་བྱེད་ཀྱི་རེད། དེར་མ་ཟད་ Protron and Neutron གཉིས་ཀྱང་མི་རྟག་པ་ཡིན་གྱི་རེད། ཚན་རིག་པས་ད་ལྟའི་ཆར་རྟག་པ་ཡིན་ཟེར་སྲིད་ཀྱང་མ་འོངས་པར་ག་རེ་ལབ་མིན་ཆ་མ་འཚལ་བ་རེད། ནང་པ་ལ་མཚོན་ན་བྱེ་བྲག་སྨྲ་བའི་གྲུབ་མཐས་རྡུལ་ཆ་མེད་འདོད་པ་དང་། རྡུལ་ཆ་མེད་རྟག་པ་ཡིན་ལབ་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ནང་པ་རང་གི་མཁས་པའི་ཁྲོད་ན་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་ས་རེད། །
དྲི་བ། ང་ཚོས་གཡས་གཡོན་ལ་ཕར་བལྟ་ཚུར་བལྟ་བྱས་ན། ཉིན་རེ་ནས་ཉིན་རེའི་བར་ང་ཚོའི་མི་ཚེའི་ནང་ཕན་ཐོགས་པ་བཟོས་ཡོད་པ་མཐོང་ཐུབ་ཀྱིན་རེད། སྐྱིད་པོ་དང་བདེ་པོ་མང་པོ་བཟོས་ཡོད་པ་རེད། ནང་པའི་ཆོས་དེ་ཚན་རིག་མ་དར་སྔོན་ལ་བྱུང་ཡོད་པ་རེད། ཡིན་ན་ཡང་ཚན་རིག་ཟེར་བ་དེ་ནང་པའི་ཆོས་ལས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དེ་དྲི་མ་མེད་པའི་རྡོ་ཤེལ་བཞིན་རེད།
ལན། ཚན་རིག་པས་ཐོག་མར་བརྒྱ་ཆ་ ༥༠ ཙམ་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་ལ་བསམ་བློ་བཏང་ཡོད་པ་དང་བརྒྱ་ཆ་ ༥༠ ཙམ་ཡ་མཚན་མཚན་གྱིས་བརྟག་དཔྱད་བྱས་ནས་གྲུབ་འབྲས་མང་པོ་ཡོད་པའི་ནང་ནས་ཚོང་རར་རྒྱུགས་པོ་ཡོང་རེ་ཡོད་པའི་རིག་པ་རྣམས་ཚོང་པ་འབྱོར་ལྡན་ཚོས་ཉོས་ཏེ་བཟོ་གྲས་འདོན་སྤེལ་བྱས་པ་ཤ་སྟག་རེད། དེའི་ནང་ལ་བདེ་སྐྱིད་བསྐྲུན་མཁན་དང་སྤྱི་ཚོགས་ལ་གནོད་སྐྱེལ་མཁན་གཉིས་ཀ་བཟོས་ཡོད་པ་རེད། ཚན་རིག་པས་རྙེད་ཚད་ཕན་ཐོགས་ཡོད་པ་དང་། བཟོ་གྲས་བཏོན་ཚད་སྤྱི་ཚོགས་ལ་མཁོ་བ་རེད་ཅེས་ནང་པས་ག་ལ་ཟེར། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་མང་དང་ཚན་རིག་པ་ཁོ་རང་ཚོས་ཀྱང་ཁས་ལེན་གྱི་མ་རེད། སྤྱི་ཚོགས་ལ་གནོད་པ་དང་འཁོར་ཡུག་ལ་གནོད་སྐྱོན་ཧ་ལས་པ་བྱས་ཡོད་པ་མིག་མཐོང་ལག་ཟིན་རེད། ཡང་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་ཀྱང་ཉུང་ཉུང་ལས་མ་བཟོས་པ་ཡང་ཡོད་པ་རེད། གང་ལྟར་དཀར་པོ་དང་ནག་པོ་ལྟ་བུའི་ཕན་ཐོགས་ཡོད་པ་དང་གནོད་པ་ཡོད་པ་ཞེས་ཕན་ཚུན་འབྲེལ་བ་གཏན་ནས་མེད་པ་དཀར་པོ་དཀར་རྐྱང་དང་ནག་པོ་ནག་རྐྱང་ཞིག་ཁག་པོ་རེད། མ་ཟད་ཁ་སང་དེ་རིང་ཕན་ཐོགས་པ་མང་པོ་ཞིག་ལོ་རྗེས་མར་གནོད་པསྡད་མཁན་མང་པོ་ཡོད་པ་དང་། ཕན་ཐོགས་མཁན་ནང་ནས་གཅིག་གིས་གཅིག་ལ་གནོད་པ་ཡང་མང་པོ་ཡོད་པ་རེད། ནང་པས་ཕན་ཐོགས་བྱས་པ་རྣམས་ཚན་རིག་གིས་ཕན་ཐོགས་བྱས་པ་དང་འདྲ་གི་ཡོད་མ་རེད། ནང་པས་ཕན་ཐོགས་སྟངས་དེ་མིའི་སྤྱི་ཚོགས་ཀྱི་བསམ་བློ་བརྟན་པོ་དང་ཚད་ལྡན་ཞིག་བཟོ་གི་ཡོད་པ་དང་། དེ་ལ་བརྟེན་ནས་སྲོག་ཆགས་ཚང་མར་གནོད་མི་བྱེད་པ་དང་། འཁོར་ཡུག་ལ་སྲུང་སྐྱོབ་བཅས་བྱེད་ཀྱི་ཡོད་པ་རེད། མིག་མཐོང་ལག་ཟིན་གྱི་ཁྲ་ཁྲ་ཟིང་ཟིང་མང་པོ་བཟོས་ཡོད་པ་མ་རེད། ཁྲ་ཁྲ་ཟིང་ཟིང་མང་པོ་བཟོས་ན་དེ་ཚོ་ག་ལེར་ག་ལེར་རྙིང་པ་དང་གད་སྙིགས་ཆགས་ནས་འཁོར་ཡུག་བཙོག་པ་དང་གནོད་སྐྱོན་གཏོང་གི་ཡོད་པ་མིག་མཐོང་ལག་ཟིན་རེད་དཔེར་ན་དེང་སང་གད་སྙིགས་ནང་ནས་སྡུག་ཤོས་འགྱིག་ཤོག་རེད། འགྱིག་ཤོག་གིས་ཁེང་ཡོང་གི་ཡོད་པ་མངོན་སུམ་རེད། དཔེར་ན་ ༡༩༥༧ ལོར་གཞི་ནས་འགྱིག་ཤོག་ལྷ་སར་སླེབ་པས་ཧ་ལས་པའི་ཡག་པོ་འདུག་བསམ་ཡོད་པ་རེད། ད་ནི་ལུང་པ་འགྱིག་ཤོག་དང་གད་སྙིགས་ཀྱིས་ཁེངས་ཚར་དུས་ཁོ་ཡག་པོ་རང་མེད་པ་ཧ་གོ་གི་ཡོད་ཀྱང་ཐབས་ཤེས་མི་འདུག ནམ་ཞིག་ང་ཚོ་སྡོད་ས་སའི་གོ་ལ་འདི་འགྱིག་ཤོག་དང་གད་སྙིགས་ཀྱིས་ཁེངས་ནས་སའི་གོ་ལ་འདི་གད་སྙིགས་རིལ་རིལ་ཞིག་ཆགས་ཉེན་ཡོད་པ་རེད། གཡས་གཡོན་ལ་ཕར་བལྟ་ཚུར་བལྟ་གནང་དུས་འདི་ཚོ་མང་རུ་མང་རུ་འགྲོ་གི་ཡོད་པ་དང་སྣ་ཁུང་བཙུམ་དགོས་པ་ཆགས་བསྡད་པ། འཐུང་ཆུ་སྦི་སི་ལི་རིས་འགྱིག་དམ་འཁུར་དགོས་པ་སོགས་མིག་གིས་མཐོང་གི་རེད། དེ་དུས་དོ་སྣང་གནང་དགོས་པ་དང་དྲི་བ་འགོད་དགོས། འདི་ཚོ་དང་པོ་ནང་པས་བཟོས་པ་རེད་དམ་སུས་བཟོས་པ་རེད། ཚན་རིག་དང་བཟོ་གྲས་ལག་རྗེས་རེད་དམ་མ་རེད།
དྲི་བ། ཚན་རིག་པས་ང་ཚོས་བྱ་བ་ཐམས་ཅད་སེམས་ཀྱིས་དབང་དུ་བསྒྱུར་ཡོད་པ་རེད་ཟེར། ནང་པས་བྱ་བ་ཐམས་ཅད་བདག་རྟག་པས་དབང་དུ་བསྒྱུར་ཡོད་པ་རེད་ཟེར། དེ་ལྟར་ན་རྟག་པའི་བདག་དང་སེམས་གཉིས་གཅིག་གམ།
ལན། དྲི་བ་འདིའི་གནད་དོན་ཕལ་ཆེར་མགོ་མཇུག་ལྡོག་པའི་བཟོ་འདྲ་པོ་ཞིག་ཤར་གྱི་མི་འདུག་གམ།ཚན་རིག་པས་བྱ་བ་ཐམས་ཅད་སེམས་ཀྱིས་དབང་དུ་བསྒྱུར་ཡོད་པ་རེད།ཕལ་ཆེར་ཟེར་མི་འོངས། ཅིག་བྱས་ན་ཀླད་པས་དབང་དུ་བསྒྱུར་ཡོད་ཟེར་མདོག་ཁ་པོ་རེད། ད་ལྟའི་ཆར་ཚན་རིག་པས་སེམས་ཞེས་པ་ཀླད་པའི་བྱ་བ་དང་བྱེད་ལས་རེད་ཅེས་ཡོང་གྲགས་སུ་ཤོད་མུས་ཡིན། སེམས་དང་ཀླད་པའི་དབར་ན་ཁྱད་པར་གང་ཡོད་དང་འབྲེལ་བ་གང་ཡོད་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་བྱ་མུས་རེད། ཁོང་ཚོར་ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུའི་ཐབས་ལམ་དེ་ལ་བཅས་མཚམས་ཤིག་ཡོད་པ་དང་དེ་ལས་བརྒལ་ན་ཚན་རིག་གི་བརྟག་དཔྱད་ཚད་ལྡན་མ་བྱུང་བར་ངོས་འཛིན་བྱེད་ངེས་དང་། དབྱིན་སྐད་ཀྱིས་ falsifiable ཚད་གཞི་དེའི་ནང་གཞི་ཆོས་ཅན་དེའི་སྟེང་དུ་བརྟག་དཔྱད་བྱེད་དུས་བདེན་རྫུན་གཉིས་གང་རྙེད་པར་འགྱུར་བརྒྱ་ཆ་ལྔ་བཅུ་ལྔ་བཅུའི་གོ་སྐབས་ཡོད་པ་ཞིག་དགོས་པ་རེད། དེར་བརྟེན་སེམས་ཞེས་པར་དཔྱད་པ་བྱེད་དུས་བདེན་པ་རེད་ན་རེད་ཅེས་ཁུངས་སྐྱེལ་ར་སྤྲོད་དང་རྫུན་པ་རེད་ན་རེད་ཅེས་ཁུངས་སྐྱེལ་ར་སྤྲོད་ཅིག་བསྟན་དགོས་དུས་ཚན་རིག་དང་མཐུན་པའི་ཁུངས་སྐྱེལ་བྱེད་ཐུབ་རྒྱུ་དཀའ་མོ་རེད། བདག་རྟག་པས་དབང་བསྒྱུར་ཅེས་ནང་པས་ཁས་ལེན་རྩ་ནས་གནང་གི་མ་རེད། ནང་པའི་གྲུབ་མཐའི་གྲས་སུ་གནས་མ་བུའི་སྡེ་བ་ཟེར་མཁན་གཅིག་ཡོད། གྲུབ་མཐའ་དེས་བདག་རྟག་པ་ཁས་ལེན་གྱི་རེད་ཅེས་བཤད་སྲོལ་དང་མ་རེད་ཅེས་བཤད་སྲོལ་གཉིས་བྱུང་ཡོད་པ་རེད། དེ་མིན་པའི་ནང་པ་ཚང་མས་མགྲིན་དབྱངས་གཅིག་གིས་བདག་རྟག་པ་མ་རེད་ཅེས་གསུང་རྐྱང་གནང་གི་རེད།
དྲི་བ། ཚན་རིག་པས་འཇིག་རྟེན་གྱི་ཁམས་འདི་གད་སྒྲ་ཆེན་པོ་(Big bang)ནས་བྱུང་ཡོད་རེ་ཞེས་བཤད། ནང་པས་ག་རེ་ཟེར་གྱི་རེད།
ལན། ཚན་རིག་པས་སྦིག་སྦེང་(Big Bang)ཟེར་བ་ནས་བྱུང་བ་རེད་ཅེས་ཐུན་མོང་གིས་བཤད་ཀྱི་ཡོད་ཀྱང་། ཁོང་ཚོས་ཁུངས་སྐྱེལ་ར་སྤྲོད་བྱུང་ནས་བཤད་པ་ཅིག་ཨེ་ཡིན། དེ་ལ་ཚན་རིག་པས་གྲུབ་དོན་ (Theory)ཟེར་གྱི་རེད། འདི་འདྲ་ཞིག་མིན་ནམ་སྙམ་པའི་ལྟ་ཚུལ་ཞིག་རེད། ནང་པའི་ལྟ་ཚུལ་དང་རྩ་བ་ནས་མི་མཐུན་པ་ཞིག་མ་རེད་བསམ། དཔེར་ན་ནང་པས་མཐའ་མཇུག་ཏུ་འཇིག་རྟེན་གྱི་ཁམས་འཇིག་འགྲོ་བ་དང་དེ་ལ་མེས་འཇིག་པ་དང་། དེ་ནས་ས་ཆུ་རླུང་བཅས་ཀྱིས་རེས་མོས་སུ་འཇིག་གི་རེད་གསུངས་ཡོད། སྦེང་ཅེས་སྐད་ཆེན་པོ་རྒྱབ་ཀྱི་ཡོད་ན་ཡང་འདྲ་མེད་ནའང་འདྲ་གང་ལྟར་འཇིག་རྟེན་གྱི་ཁམས་འཐོར་གས་འགྲོ་བའི་བསམ་ཚུལ་དང་འདྲ་པོ་ཆགས་པ་རེད། འཐོར་གས་སོང་ནས་རྡུལ་ཕྲ་མོ་རྣམས་སོ་སོར་རྒྱུ་བ་རེད། དེ་རྣམས་རིམ་པས་འདུས་ཏེ་འཇིག་རྟེན་ཆགས་དགོས་དུས་ཆོས་ཚན་གཉིས་པོས་བལྟ་སྟངས་འདྲ་པོ་འདྲ་པོ་ཞིག་ཆགས་འགྲོ་གི་རེད། གང་ལྟར་འཇིག་རྟེན་གྱི་ཁམས་མཐའ་མཇུག་འཇིག་སྟེ་རྡུལ་ཕྲ་མོར་འགྱུར་དགོས་པ་དང་ཕྲ་མོ་རྣམས་ཚུར་འདུ་དགོས་པ་ཞིག་རེད་ཅེས་བཤད་དུས་བསམ་ཚུལ་ཕྱོགས་མང་པོ་ཞིག་ནས་མཐུན་ཡོང་གི་འདུག ད་འོ་ན་འཇིག་རྟེན་ཁམས་འདི་ཕར་ཞིག་འགྲོ་བ་དང་དེའི་རྡུལ་རྣམས་ཚུར་འདུ་དགོས་པའི་རྒྱུ་རྐྱེན་ག་རེ་རེད་ཅེས་ཚན་རིག་པར་སྐད་ཆ་དྲིས་ན། མཚམས་འདིར་ཧ་གོ་མ་སོང་ཟེར་བ་དང་། ཚན་རིག་པ་ལ་ལས་ནི་སྙད་རྐོ་མ་ཡོང་ཟེར་སྲིད། ནང་པར་སྐད་ཆ་དྲིས་ན་སྤྱི་མཐུན་གྱི་ལས་ཤེས་པས་འདུ་བ་དང་འབྲལ་བ་བྱེད་ཀྱི་ཡོད་ཅེས་གསུང་གི་རེད། ནང་པ་མ་ཡིན་པའི་ཡེ་ཤུ་དང༌། ཁ་ཆེ་སོགས་ཀྱིས་དང་པོ་འཐོར་གས་འགྲོ་བ་ཁས་ལེན་མིན་མི་ཤེས་ལ། དེ་ནས་ཚུར་འདུ་བ་དང་རྣམ་འགྱུར་འདྲ་མིན་འདི་དག་བྱུང་བ་དཀོན་མཆོག་གི་ལག་རྩལ་བཟང་པོ་བེད་སྤྱད་དེ་བཟོས་པ་རེད་ཟེར། ད་འོ་ན་ལས་ཟེར་བ་དེ་ག་རེ་རེད་ཅེས་ནང་པ་སངས་རྒྱས་པར་སྐད་ཆ་དྲིས་ན་རྫོགས་རྒྱུ་མེད་པའི་བགྲོ་གླེང་ཞིག་གི་ཁ་ཕྱེ་གནང་རྒྱུ་ཡིན་པར་སོང་རེ་ཞིག་མཚམས་འདིར་འཇོག་གི་ཡིན། མདོར་ན་བདག་གི་སྒོ་གསུམ་གྱི་བགྱི་བ་འདི་དང་འདི་འདྲ་བས་ཀྱང་གཞིས་བྱེས་གངས་ཅན་བོད་ཀྱི་མགོན་སྐྱབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མ་ལུས་ལྷུན་གྱིས་འགྲུབ་པའི་རྒྱུར་འགྱུར་པའི་སྙིང་ཐག་པ་ནས་བསྔོ་བ་དང་སྨོན་འདུན་ཞུ་རྒྱུ་བཅས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ལྡེ་མིག་དང་ཐམ་ཀ་འཛིན་པའི་དབུ་འཛིན་ལུང་དང་རིགས་པ་སྨྲ་བའི་གྲྭ་སྐོར་ལྷ་རམས་པ་ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་བྲིས་ ༢༠༠༤ཕྱི་ཟླ་ ༡༡ ཚེས་ ༡ ཉིན།།