༄༅། །རྗེ་བཙུན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་འཁྲུངས་རབས༌རགས་བསྡུས་ཀྱི་གསོལ་འདེབས་བསམ་འཕེལ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
༄༅།།ཨོཾ་སྭསྟི་སིངྔྷི། ཡིད་འཕྲོག་འདབ་སྟོང་བཞད་པའི་གེ་སར་རྩེར། །འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཟླུམ་པོའི་དབུས། །མཚན་དཔེའི་དཔལ་འབར་ཆོས་ཀུན་རྒྱུད་མང་གླུར། །སྨྲ་མཁས་ཚངས་སྲས་ལྷ་མོས་ཤིས་བ་སྩོལ། །སྔོན་གོམས་ཐུགས་བསྐྱེད་རྟ་བདུན་གྱིས་དྲངས་པའི། །འགྲོ་བའི་གདུང་སེལ་འཕྲིན་ལས་འོད་སྣང་གིས། །འཇམ་མགོན་རིང་ལུགས་པད་ཚལ་རྒྱས་མཛད་རྗེ། །འཇམ་དཔལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཆོས་སྐུའི་མཁའ་ལས་སྤྲུལ་པའི་ཟླ་གཞོན་གཟུགས། །གཅིག་ཉིད་ལས་ཀྱང་དུ་མའི་སྣང་བརྙན་འབུམ། །རྙོག་བྲལ་འགྲོ་བློས་རྫིང་བུ་དེ་སྙེད་པར། །འཆར་བཟོད་བླ་མ་མཆོག་ལ་གསོལ་བ་འདེབས། །བགྲང་ཡས་འགྲོ་རྣམས་སྲིད་པའི་མཚོ་ཆེན་ལས། །སྒྲོལ༷་བའི་ཐུགས་བསྐྱེད་དུས་སུ་ཉེར་སྨིན་པས། །ཟླ་མེད་མཁས་པའི་གྲངས་སྙན་འཛིན་མའི་ཁྱོན། །ཡོངས་ཁྱབ་འགྲོ་བའི་མགོན་པོར་གསོལ་བ་འདེབས། །ཟབ་ཡངས་མཁྱེན་དཔྱོད་ཆུ་འཛིན་ཕུང་པོ་ལས། །སྔོན་མེད་ལྔ་རིག་ལེགས་བཤད་སྦྲང་ཆར་གྱིས། །སྐལ་ལྡན་རེ་བའི་འབྲས་བུ་སྨིན་མཛད་རྗེ། །བུངྔྷསཱ་རའི་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་གསང་གསུམ་ཡོན་ཏན་མཛོད་བཟུང་སྟེ། །རིས་མེད་འགྲོ་ལ་མདོ་རྒྱུད་ཟབ་མོའི་དོན། །འཇིགས་མེད་སྨྲ་ལ་དབང་འབྱོར་ཆོས་ཀྱི་རྗེ། །སྐྱབས་གསུམ་འདུས་ཞལ་དབ༷ང་བོར་གསོལ་བ་འདེབས། །བསོད་ནམ༷ས་བྱེ་བས་ཉེར་བསྐྲུན་ཆོས་ཀྱི་རྒྱལ། །ལྐོག་གྱུར་ཆོས༷་ཚུལ་མ་འདྲེས་གསལ་གཟིགས་ཤིང༌། །ཕུལ་བྱུང་ལེགས་བཤད་ཟབ་མོའི་ཐུབ་པའི་བསྟན། །འཕེལ་མཛད་དགེ་བའི་བཤེས་ལ་གསོལ་བ་འདེབས། །དཀོན་པའི་མཆོག་གྱུར་ཡབ་རྗེའི་བསྟན༷་པ༷འི་གཉེན། །ཕྱོགས་ལས་རྣམ་རྒྱལ་སྨྲ་བའི་དབང་ཕྱུག་མཆོག །སྐལ་བཟང་ཐར་པར་འཁྲིད་པའི་ས་མཁན་ཆེ། །མཚ༷ན་ལྡན་དགེ་བའི་བཤེས་ལ་གསོལ་བ་འདེབས། །སྒྲུབ་གཉིས་མུན་པ་འཇོམས་པས་ཉི་མ་དང༌། །ཕན་བདེ་འདོད་པ་འཇོ་བས་ཡིད་བཞིན་ནོར། །འཁྲུལ་བྲལ་འཇ༷མ་དབྱ༷ངས་བླ་མའི་ལུགས་བཟང་མཆོག །རྒྱས་མཛད་མཁྱེན་རབ༷་རྒྱ༷་མཚོར་གསོལ་བ་འདེབས། །དེ་ལྟར་གསང་གསུམ་ངོ་མཚར་སྒྱུ་འཕྲུལ་ལས། །བསྟན་འཛིན་གསེར་རིའི་ཕྲེང་བ་མཛེས་པའི་ཚུལ། །བརྗོད་འདིས་སྐྱེ་ཀུན་ཐེག་མཆོག་བཤེས་གཉེན་གྱིས། །རྗེས་བཟུང་ཐུན་མོང་ལམ་གྱིས་རྒྱུད་སྨིན་ཤོག །དེའི་ཚེ་མྱུར་ལམ་སྔགས་ཀྱི་སྒོར་ཞུགས་ཏེ། །ཀུན་རྟོག་ལས་རླུང་དྷཱུ་ཏིའི་མཁའ་དབྱིངས་སུ། །ཉེར་བཅོམ་ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ནས། །དངོས་གྲུབ་བྱེ་བའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་ཞྭ་སེར་བསྟན་པའི་མངའ་བདག་ྋརྗེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་བསམ་འཕེལ་ནོར་བུའི་ཕྲེང་པ་ཞེས་བྱ་བ་འདི་ནི། །དད་སྟོབས་རྣམ་དབྱོད་ཡངས་བ་དགེ་སློང་ཆོས་མཛད་བློ་བཟང་དམ་ཆོས་ཀྱིས་ཤེལ་གྱི་སྣོད་སྤྱད་འབྲས་དཀར་གྱིས་བཀང་བ་དང་ལྷ་རེག་བཅས་སྔ་ཕྱིར་རྣ་བ་གཙེར་བར་བསྐུལ་བའི་ངོར། །དམ་པའི་གསུང་སྒྲོས་ལྟར་རགས་བསྡུས་སུ་ ྋ དབྱངས་ཅན་བཞད་བས་སྦྱར་པའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།