༄༅། །ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྟོགས་བརྗོད་མདོར་བསྡུས་མི་དབང་གཙུག་རྒྱན་ཞེས་བྱ་བ་བཞུགས་སོ།
༄༅། །ཟབ་རྒྱས་གདམས་ང༷ག་ཤིང་རྟས་ལེགས་དྲངས་པའི། །དབ༷ང་ཕྱུག་བརྒྱད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས། །མདོ་སྔགས་ཆོས་ཚུལ་པད་ཚལ་འཕེལ་མཛད་པ། །དཀྱིལ་འཁོར་རྒྱ་མཚོའི་མགོན་པོ་རྒྱལ་གྱུར་ཅིག །གང༷་གི་རྣམ་འཕྲུལ་གང༷་འཚོམ་ཆོས་སྟོན་ཅིང༌། །རྒྱལ༷་བ་ཀུན་དངོས་རྒྱལ༷་བསྟན་སྤེལ་མཛད་པའི། །ཡོང༷ས་འཛིན་དམ་པ་ཡོང༷ས་ལ་རྣམ་ཀུན་ཏུ། །ར༷བ་དཀར་དད་པས་ར༷བ་ཏུ་ཕྱག་འཚལ་ལོ། །རྒྱལ༷་བའི་དབང་པོ་རྣམ་འདྲེན་ཟས་གཙང་སྲས། །རྒྱལ༷་སྲས་མཁྱེན་གཏེར་བརྟན་པའི་འཁོར་ལོའི་ཞབས། །རྒྱལ༷་ཡུམ་ངག་གི་དཔལ་སྟེར་ཚངས་སྲས་སོགས། །རྒྱལ༷་དང་རྒྱལ་སྲས་ཚོགས་ཀྱིས་ཤིས་པ་སྩོལ། །འདི་ན་འཆིང་བ་ཀུན་ལྡན་ཤེས་རྒྱུད་ཀྱང༌། །དཀོར་གྱིས་བསྒྲིབས་པའི་ཚྭ་སྒོའི་ཞིང་ས་ལ། །རྣམ་ཐར་གཙང་མའི་འབྲས་བཟང་གཡུར་ཟ་བ། །ལྷ་ལམ་ངོགས་སྐྱེས་ཆུ་སྐྱེས་མཆེད་ཟླར་གྱུར། །འོན་ཀྱང་དཔོན་ཆེན་བཀའ་དང་རི་གཟར་རྦབ། །བཟློག་པར་དཀའ་ཕྱིར་ས་སྐྱོང་མི་དབང་གིས། །བསྐུལ་ཚིག་གློག་གི་ཞགས་པ་དྲག་འཕྱུར་ཚེ། །དབང་མེད་རྟོགས་བརྗོད་དབྱར་རྔ་འདི་ན་བསྒྲགས། །མདོ་སྨད་ལྷོ་རྒྱུད་ཚ་བ་རོང་གི་ཆར། །བསིལ་ཚལ་གཉིས་པ་དཔལ་ལྡན་མགོན་པོའི་གནས། །ཆོས་རྗེ་ཟུང་གིས་ཕྱག་འདེབས་ལེགས་མཛད་པའི། །གསང་ཆེན་རིག་པ་འཛིན་པའི་ཆོས་སྡེ་ཡོད། །དེ་ལས་མི་རིང་ངོ་མཚར་དགེ་བཅུའི་དཔལ། །མ་ཚང་མེད་ཅིང་ས་བཀྲ་ཆེས་ལེགས་པའི། །གྲོང་ཁྱེར་དབུས་ན་དབུལ་ཕྱུག་ཉེར་འཚམ་པར། །ཕྲན་གྱི་ལྟེ་ཁྲག་འཕོ་བའི་སྐྱེས་ཡུལ་མཆིས། །དེ་རུ་རིགས་རུས་དག་ཅིང་དཔའ་རྩལ་ལྡན། །སྨྲ་བརྗོད་བདེ་བ་བསོ་ནམས་ནོར་བུ་དང༌། །ཆོ་འབྲང་ཕུན་ཚོགས་སྐྱིད་མོ་མཚོ་གཉིས་ཀྱི། །སྲས་སུ་རབ་ཡིད་ས་བྱའི་ལོ་ལ་བལྟམས། །དེའི་ཚེ་ཀུན་མཁྱེན་འཇིགས་མེད་རྒྱ་མཚོ་ཡིས། །སྒྲིབ་བྲལ་མཁྱེན་པའི་སྤྱན་གྱིས་ལེགས་གཟིགས་ནས། །སྔོན་ལས་འཕྲལ་རྐྱེན་ལྷན་ཅིག་ཚོགས་པའི་མཐུས། །དམ་པ་གོང་མའི་སྐྱེ་པར་ངོས་འཛིན་མཛད། །སྐབས་དེར་ཆོས་སྡེ་ཆེན་པོའི་མི་སྣ་ཡིས། །བཀྲ་ཤིས་ལྷ་རྫས་ན་བཟའ་བླུ་ཡོན་ཕུལ། །གནས་བརྟན་ཆོས་གྲགས་གློག་གི་སློབ་དཔོན་དུ། །བསྐོས་ནས་ཕྲལ་ཀློག་སྦྱར་ཀློག་གཟབ་གཤར་བསླབ། །དེ་ནས་བྱང་ཕྱོགས་དཔག་ཚད་དུ་མའི་སར། །འཇམ་པའི་རྡོ་རྗེའི་ཐུགས་བསྐྱེད་གངས་རི་ལ། །གནས་བཅས་ལུང་རིགས་གད་རྒྱངས་ཆེར་སྒྲོགས་པའི། །དཔལ་ལྡན་སྨྲ་བའི་སེང་གེའི་གླིང་མཆོག་ཡོད། །དེ་རུ་རང་ལོ་བདུན་པ་མེ་ཡོས་ལོའི། །ལྷ་ལས་བབས་པའི་དུས་ཆེན་དང་འབྲེལ་བར། །རྟ་བསུ་རིང་ཐུང་ཇ་ཐབ་དཀར་སྤྲོ་དང༌། །སེར་ཕྲེང་བཅས་ཏེ་ཆོས་སྡེ་ཆེ་དེར་བབས། །དེ་ན་བརྟན་མཁས་ཡོན་ཏན་གཉིས་ལྡན་པའི། །འདུལ་བ་འབུམ་སྡེའི་མངའ་བདག་མཁས་པའི་དབང༌། །ཤར་རྩེའི་མཁན་པོ་བློ་བཟང་འབྱུང་གནས་ཞེས། །གྲགས་སྙན་ཁོར་ཡུག་རི་པོའི་ཁོངས་ལས་བརྒལ། །དམ་པ་དེ་ཡི་ཞབས་ལ་ཉེར་གཏུགས་ནས། །དགེ་བསྙེན་སྡོམ་པ་བར་མ་རབ་བྱུང་གི།བསླབ་ཁྲིམས་མནོས་ཏེ་བསྟན་པའི་སྒོར་བཅུག་ནས། །བློ་བཟང་མཁྱེན་རབ་རྒྱ་མཚོ་མིང་དུ་བསྩལ། །དེ་ནས་འདུ་ཁང་རྣམ་ཐར་སྒོ་གསུམ་དུ། །དམ་པ་གོང་མའི་ཆོས་ཀྱི་ཁྲི་འཕང་ལ། །རྐང་སེན་ཉེ་བར་བཀོད་དེ་ཟང་ཟིང་དང༌། །ཆོས་ཀྱི་དགའ་སྟོན་བྱས་ཏེ་རྟེན་འབྲེལ་འགྲིགས། །དེ་ནས་བྱ་བྲལ་དགེ་འདུན་ཡར་འཕེལ་དང༌། །འདུལ་འཛིན་གྲགས་པ་རྒྱལ་མཚན་རྣམ་གཉིས་ཀྱིས། །སྔ་ཕྱི་ཡོངས་འཛིན་མཛད་དེ་རྒྱན་འཇུག་དང༌། །ཆོ་ག་ཆོས་སྤྱོད་སྨོན་ལམ་བློ་འཛིན་བྱས། །རང་ལོ་བཅུ་གསུམ་ལྕགས་མོ་བྱ་ཡི་ལོའི། །ས་ཀ་ཟླ་བའི་དུས་ཆེན་སུམ་འཛོམས་ཉིན། །ཡོངས་རྫོགས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །བཀའ་དྲིན་སྲིད་མཐའི་བར་དུ་གཞལ་དཀའ་བ། །སྐྱབས་གཅིག་རྗེ་བཙུན་ངག་དབང་ཆོས་འཕེལ་གྱིས། །སླར་ཡང་རབ་བྱུང་བསྐྱར་མ་བསྒྲུབ་པ་དང༌། །བསླབ་ཚིགས་སྔ་མ༷་དགེ་ཚུལ་སྡོམ་པ་གནང༌། །ལྷ་བརྒྱ་མ་དང་ལམ་གཙོའི་ཁྲིད་ཀྱང་བསྩལ། །ལོ་དེའི་སྟོན་དུས་གྲྭལ་ཚེས་དགེ་བའི་ཉིན། །མང་ཐོས་སྦུ་སྡུག་གོས་ཀྱིས་ཉེར་མཛེས་པའི། །མཁས་མང་ངང་མོ་བྱེ་བའི་གྲྭལ་ཞུགས་ཏེ། །གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་ཚོགས་ཆོས་འགྲིམ། །དགེ་བའི་བཤེས་གཉེན་དཀོན་མཆོག་མཐུ་སྟོབས་ཀྱིས། །སློབ་གཉེར་རྟིང་བསྐུལ་གནང་ནས་བསྡུས་གྲྭ་དང༌། །བློ་རྟགས་པར་དུ་སློབ་གཉེར་ལེགས་བྱས་ནས། །འགྲེལ་བ་ལ་སོགས་གཞུང་འགའ་བློ་ལ་བཟུང༌། །རང་ལོ་བཅུ་བདུན་ཤིང་མོ་གླང་གི་ལོར། །བསྟན་པའི་འབྱུང་གནས་དབུས་གཙང་ཞིང་ཁམས་སུ། །རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པའི་ཆེད། །རྟེན་གནས་དགེ་འདུན་སྡེ་ལ་མཇལ་ཕྱིར་ཆས། །ཐེག་གསུམ་ཆོས་ཀྱི་སྒྲ་དབྱང་སྒྲོགས་པ་ཡི། །དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ཅེས། །སྙན་པའི་བ་དན་སྲིད་པའི་རྩེར་སོན་པའི། །ཆོས་སྡེ་ཆེན་པོ་དེ་རུ་བདེ་བར་སླེབས། །དགའ་ལྡན་ལྔ་མཆོད་ཆེན་མོའི་ཆོས་ཐོག་སྐབས། །ཚོགས་ཆེན་གྲྭ་ཚང་ཁང་ཚན་བཅས་པ་ལ། །མང་ཇ་གྲྭ་ཇ་ཚོམས་ཇ་སྐུ་འགྱེད་བཅས། །ཚོགས་ཆེན་ཆོས་མཛད་བླངས་ནས་ཞུགས་སྒོ་བྱས། །སོག་པ་ཁང་ཚན་ཚོམས་སུ་གནས་བཅས་ཏེ། །རིགས་པའི་འབྱུང་གནས་ཤར་རྩེ་གྲྭ་ཚང་གི །གཞུང་སར་འཛིན་གྲྭར་ཞུགས་ནས་བསྡུས་གྲྭ་དང༌། །བློ་རྟགས་བཅས་ལ་རིམ་བཞིན་དམ་བཅའ་བཞག །གྲྭ་ཚང་གོང་མའི་ཆོས་ཁྲིའི་ཁུར་འཛིན་པ། །སྨྲ་བའི་དབང་ཕྱུག་གྲགས་པ་བསྟན་འཛིན་གྱིས། །སློབ་གཉེར་དོན་དུ་བསླབ་སྟོན་ཞིབ་རྒྱས་དང༌། །རིགས་ཆུང་ཚོགས་གླེང་བྱེད་རྒྱུའི་བཀའ་ཡང་བབས། །རེ་ཞིག་སྤྲུལ་པའི་གནས་མཆོག་ལྷ་ལྡན་དུ། །ཕྱིན་ནས་ཇོ་ཤཱཀ་རྣམ་གཉིས་ཀྱིས་མཚོན་བའི། །རྟེན་དང་བརྟེན་པར་བཅས་པ་མ་ལུས་པར། །ཞིབ་ཏུ་མཇལ་ཏེ་ཕྱག་མཆོད་གསོལ་བ་བཏབ། །པད་དཀར་འཆང་བ་རྒྱལ་དབང་རིན་པོ་ཆེར། །ཆིབས་རྟ་བཟང་པོ་ཚན་གྲངས་མཇལ་རྟེན་ཕུལ། །ཕྱག་དབང་གནང་ཞིང་གསུང་གི་དགའ་སྟོན་མྱོང༌། །ཕུལ་བའི་རྟ་ཡང་ཉིན་ཀྱི་ཆིབས་རྟ་གནང༌། །གནས་མཆོག་པོ་ཏ་ལ་ཡི་རྩེ་ཤོད་ཀྱི། །སྐུ་གསུང་ཐུགས་རྟེན་རྣམས་དང་ཁྱད་པར་དུ། །འཇམ་མགོན་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །ཁྲི་ཆེན་མཁྱེན་རབ་དབང་ཕྱུག་ཡང་ཡང་མཇལ། །ཆོས་ཀྱི་སྡེ་ཆེན་སེར་འབྲས་རྣམ་གཉིས་སུ། །ཕྱིན་ནས་ཕྱི་ནང་རྟེན་རྣམས་ལེགས་མཇལ་ཞིང༌། །རང་གི་ཁང་ཚན་ཟོང་ཅུ་ཡེར་བ་ལ། །ཕོག་དང་ཚོམས་ཇ་སྐབས་དང་མཐུན་པར་བཏང༌། །དེ་ནས་གནས་བསྐོར་བྱས་ཏེ་ལམ་སྐབས་སུ། །སྐུ་གསུང་ཐུགས་རྟེན་བླ་དགོན་རྣམས་དང་མཇལ། །བཀྲ་ཤིས་ལྷུན་པོའི་སྟག་མོ་ཁང་ཚན་དུ། །བབས་ནས་ཕྱོགས་དེའི་རྟེན་རྣམས་ཞིབ་ཏུ་མཇལ། །འོད་མཐའ་ཡས་པ་ངུར་སྨིག་གར་བསྒྱུར་བ། །པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ་རྟེན་དང་། །གསོལ་སྟོན་ཕུལ་ཚེ་དགྱེས་བཞིན་ཕྱག་དབང་དང་། །ཉི་གཞོན་འཆར་ཁ་མ་ཡི་ལུང་སོགས་གནང་། །ལོ་དེར་དབུས་གཙང་ཟླ་ཤོལ་མ་མཐུན་པའི། །བཀྲ་ཤིས་ལྷུན་པོའི་སྨོན་ལམ་ཆེན་མོའི་སྐབས། །རྒྱུན་རིང་མཇལ་ཞིང་དེ་ནས་ཕྱིར་ལོག་ནས། །དགེ་ལྡན་ཆོས་ཀྱི་སྡེ་དེར་ལེགས་པར་འབྱོར། །སླར་ཡང་ལྷ་སའི་སྨོན་ལམ་ཆེན་མོར་ཕྱིན། །དགེ་འདུན་ཁྲི་ཕྲག་ལྷག་དང་ལྷན་ཅིག་ཏུ། །ཆོས་དང་ཟང་ཟིང་དགའ་སྟོན་ལ་རོལ་ཅིང༌། །རྒྱལ་དབང་མཆོག་གི་ཞལ་དཀྱིལ་ཡང་ཡང་མཇལ། །ཁྲི་ཆེན་ངག་དབང་ནོར་བུ་ལྷ་ལྡན་དུ། །བཞུགས་པའི་མདུན་སར་མཇལ་ཚེ་ཁོ་བོ་ཡི། །ལག་བའི་རི་མོར་སྤྱན་གྱིས་ལེགས་གཟིགས་ནས། །རིང་དུ་འཚོ་བར་འགྱུར་ཞེས་ལུང་བསྟན་གནང༌། །རྟ་ཚག་ནོ་མོན་ཧན་དད་དེ་ཉིད་ཀྱི། །ཡོངས་འཛིན་དགེ་འདུན་རྒྱ་མཚོ་རྣམ་གཉིས་ལ། །མཇལ་ཚེ་དགྱེས་བའི་གསུང་གིས་དབུགས་དབྱུང་སྟེ། །བྱིན་རྟེན་འཇིགས་བྱེད་སྐུ་བརྙན་ཁྱད་འཕགས་གནང༌། །དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ཏུ། །རྒྱུན་རིང་འདུག་རྒྱུའི་འདུན་པ་ཆེ་ན་ཡང༌། །གཞན་གྱིས་རང་དགོན་འགྲོ་བར་ནན་བསྐུལ་ཚེ། །ངག་མ་བཅག་བར་རང་ཡུལ་ཆོས་སྡེར་སླེབས། །དེ་ནས་དགེ་བཤེས་བློ་བཟང་དར་རྒྱས་དང༌། །བློ་བཟང་དབྱངས་སྙན་ཚུལ་ཁྲིམས་གྲགས་པ་སོགས། །གཞུང་ལུགས་སྨྲ་བའི་དགེ་བཤེས་འགའ་ཞིག་གིས། །མཚན་ཉིད་ཞབས་ཕྱི་མཛད་དེ་ཕར་ཕྱིན་གྱི། །ཐལ་ཕྲེང་ཟུར་བཀོལ་ཀུན་དང་དབུ་མ་ལ། རང་བློས་གང་དཔོག་སློབ་གཉེར་བྱེད་ཁུལ་བྱས། །མངོན་པ་མཛོད་དང་ལྷག་པར་འདུལ་བ་ལ། །རྩ་འགྲེལ་སྦྱར་ནས་དཔེ་ཀློགས་གང་དྲག་བྱས། །སྐབས་འགར་དགེ་རྒན་དཀོན་མཆོག་སེང་གེ་ལས། །ལས་བཞིའི་ཐབ་ཐིག་དཀྱིལ་འཁོར་སྣ་ཚོགས་ཀྱི། །ཐིག་རྩ་ལུས་བསླང་ཀུན་རིག་ཕྱག་རྒྱ་དང༌། །སྟན་གོན་དབང་གི་ཕྱག་ལེན་ལེགས་བར་བསླབས། །དུས་གསུམ་རྒྱལ་དང་རྒྱལ་སྲས་ཀུན་ལས་ཀྱང༌། །བཀའ་དྲིན་ཕུང་པོ་གཞལ་དུ་མ་མཆིས་པ། །རྡོ་རྗེ་འཆང་དངོས་ངག་དབང་ཆོས་འཕེལ་ཞབས། །བསམ་སྦྱོར་དག་བས་ཚུལ་བཞིན་ལེགས་བསྟེན་ནས། །སྔ་ཕྱིའི་དུས་ལ་ངེས་པ་མ་མཆིས་པར། །མེ་ཏྲ་རྡོར་ཕྲེང་བདེ་མཆོག་རབ་འབྱམས་དང༌། །གཤིན་རྗེ་རབ་འབྱམས་འདུས་པ་ལུགས་གཉིས་དང༌། །ལུ་ནག་དྲིལ་གསུམ་ལུགས་ཀྱི་བདེ་མཆོག་དང༌། །རྔོག་དཀྱིལ་བདུན་དང་སྤྱོད་དཀྱིལ་བཅུ་གཉིས་དང༌། །རྒྱུད་སྡེ་རྣམ་བཞིས་སྤྱི་བཀའ་ཟུར་བཀའ་དང༌། །གསང་སྔགས་སྔ་འགྱུར་ལུགས་གྱི་རྒྱུད་སྡེ་འགའི། །སྨིན་བྱེད་དབང་གི་རིམ་པ་གྲངས་མེད་བསྩལ། །རིན་འབྱུང་བརྒྱ་རྩ་སྒྲུབ་ཐབས་བརྒྱ་རྒྱ་མ་དང༌། །མགོན་ཆེན་བཅུ་གསུམ་རྣམ་སྲས་བཀའ་བཅོ་ལྔ། །མགོན་བོ་ཞལ་གྱི་རྣམ་འགྱུར་བཅུ་བདུན་སོགས། །སྤྱི་སྒོས་རྗེས་གནང་འགྲང་ལས་འདས་པ་གནང༌། །ལམ་རིམ་ཆེ་ཆུང་བདེ་ལམ་མྱུར་ལམ་དང༌། །བློ་སྦྱོང་སྣ་ཚོགས་གསང་བདེ་འཇིགས་གསུམ་གྱི། །བསྐྱེད་རིམ་རྫོགས་རིམ་དབུ་མའི་ལྟ་བ་སོགས། །ཁྲིད་ཀྱི་རིམ་པ་མཐའ་མེད་བཀའ་དྲིན་བསྩལ། །མགོན་པོ་གང་གི་གསུང་འབུམ་ཆ་ཚང་དང༌། །གཞན་ཡང་གསུང་འབུམ་ཐོར་བུ་སྣ་ཚོགས་དང༌། །རྒྱབ་བརྟེན་ལུང་གི་རིམ་པ་གྲངས་མེད་ཀྱིས། །བདུད་རྩིས་ཡིད་ཀྱི་བུམ་བཟང་གང་བར་གྱུར། །གསལ་སྟོང་འཛིན་མེད་ལྟ་བའི་གདེངས་ཀ་ཅན། །ལྔ་རིག་ནོར་བུའི་མཛོད་ལ་དབང་འབྱོར་བ། །སློབ་བཤད་རྒྱུད་འཛིན་དཀོན་མཆོག་བློ་གྲོས་ཞབས། །ས་ཆེན་པཎྚི་ཏ་དང་འབྱེད་ཆོས་བྲལ། །གང་གི་ཞབས་པད་གཙུག་ཏུ་གུས་བསྟེན་ནས། །དབྱངས་ཅན་སྒྲ་མདོ་འགྲེལ་བ་གསལ་ལྡན་གཉིས། །སྦྱར་ནས་ཞིབ་ཁྲིད་གནང་སྟེ་ཀུན་བཤད་མིང༌། །དབྱངས་ཅན་བཞད་པའི་རྡོ་རྗེ་ཞེས་སུ་བཏགས། །སྙན་ངག་རྩ་བ་པཎྜིའི་མེ་ལོང་མ། །འགྲེལ་ཆེན་དབྱངས་ཅན་དགྱེས་པའི་གླུ་དབྱངས་དང༌། །འགྲེལ་བ་གཞན་དང་སྦྱར་ཏེ་ཞིབ་ཁྲིད་ཐོག །དཔེ་བརྗོད་རྩོམ་རྒྱུགས་ཕུལ་ལ་གཟེངས་བསྟོད་མཛད། །སྡེབ་སྦྱོར་རྩ་བ་རིན་ཆེན་འབྱུང་གནས་དང༌། །འགྲེལ་བ་འགའ་ཟུང་སྦྱར་ནས་ཁྲིད་པ་ན། །ལྷག་པར་ངོ་མཚར་རྟོགས་བྱེད་ལེགས་རྟོགས་ཏེ། །ཚིགས་བཅད་འགའ་ལ་སྡེབ་སྦྱོར་འཇོག་ཐུབ་བྱུང༌། །སྐར་ནག་རྩིས་ལ་དམ་བ་དེ་ཉིད་ཀྱིས། །མཛད་པའི་རྩིས་གཞུང་སྟེང་ནས་ཞིབ་ཁྲིད་སྐབས། །ས་རིས་རི་མོ་གསུམ་ཙམ་དུས་གཅིག་ཏུ། །འབབ་ཐུབ་བྱུང་སྟེ་རི་མོ་བྱང་བར་གྱུར། །ས་བྷོཊ་ཡི་སུམ་རྟགས་རྩ་བ་དང༌། །འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན་སོགས། །ལེགས་པར་སྦྱར་ནས་ཞིབ་ཁྲིད་གནང་བའི་ཐོག །ལཉྩ་ཝརྟུ་ལ་སོགས་ཡིག་རིགས་བསླབས། །སྔགས་ལ་ཤངས་པའི་རྒྱུད་སྡེ་ལྔ་དབང་དང༌། །བདེ་མཆོག་ལྷ་ལྔའི་དབང་སོགས་ལེགས་བར་བསྩལ། །གཞན་ཡང་དགེ་བཤེས་བསམ་གཏན་རྒྱ་མཚོ་ལས། །སུམ་རྟགས་རྩ་འགྲེལ་སྦྱར་ནས་ཞིབ་ཏུ་བསླབས། །སྨན་གྱི་གཞུང་ལ་གསོ་རིག་རྒྱུད་བཞི་དང༌། །མན་ངག་ལྷན་ཐབས་མན་ངག་བཀའ་རྒྱ་མ། །ཤེལ་གོང་ཤེལ་ཕྲེང་ལ་སོགས་གཞུང་མང་ལ། །རང་གིས་དཔྱད་དང་གཞན་ལ་འདྲི་རྟོགས་བྱས། །ཆིག་ཐང་བསྡུས་ཐང་ཕྱེ་མ་རིལ་བུ་དང༌། །སྔོ་སྦྱོར་ལ་སོགས་སྨན་གྱི་སྦྱོར་བ་རྣམས། །སྦྱར་ནས་རང་གིས་རྒྱུན་དུ་བསྟེན་པ་དང༌། །སྐྱེ་བོ་གཞན་ལའང་སྨན་སྦྱིན་ཕྲན་ཙམ་བྱས། །གསང་ཆེན་ཆོས་ལ་རིམ་ལྔ་གསལ་སྒྲོན་དང༌། །སྔགས་རིམ་ཆེན་མོ་བསྐྱེད་རྫོགས་ཕལ་མོ་ཆེ། །ཀུན་རིག་ཊཱིཀ་ཆེན་བྱ་རྒྱུད་དོན་གསལ་སོགས། །སྔགས་ཀྱི་གཞུང་ལ་ཅུང་ཟད་བལྟ་རྟོགས་བྱས། །དེའི་ཚེ་བླ་མེད་རྒྱུད་ཀྱི་རིམ་གཉིས་དང༌། །རྣལ་འབྱོར་རྒྱུད་ཀྱི་ཕྱི་ནང་ཕྱག་རྒྱ་དང༌། །འོག་མའི་བསྙེན་བསྒྲུབ་ཡན་ལག་བཞིར་བཅས་ལ། །ཚིག་སྤྱི་ཙམ་གྱི་གོ་བ་ཅུང་ཟད་བྱུང༌། །ས་སྦྲུལ་ཆོ་འཕྲུལ་སྨོན་ལམ་བཀའ་ཆོས་ལ། །སོང་ནས་ཆོས་ཐུན་གསུམ་ལ་རིམ་བཞིན་དུ། །སྐྱེས་རབས་མངོན་རྟོགས་རྒྱན་དང་ལམ་རིམ་གྱི། །བཤད་པ་རང་བློས་གང་དཔོགས་རྒྱས་པར་ཕུལ། །རང་ལོ་ཉེར་གཉིས་ལྕགས་རྟའི་ཟླ་༧ཚེས་༡༡ལ། །ཀུན་མཁྱེན་འཇམ་དབྱངས་བཞད་པ་འདིར་ཕེབས་ནས། །རྟ་མགྲིན་སེང་དབྱུག་ཅན་གྱི་རྗེས་གནང་སོགས། །གནང་སྐབས་དངུལ་སོགས་ཚན་གྲངས་དངོས་འབུལ་བྱས། །རབ་ཚེས་ལྕག་རྟ་ལོ་ལ་ཆོས་སྡེ་ཆེའི། །བསྟན་སྲིད་བྱེད་པོའི་དབང་ཡང་བདག་ལ་གཏད། །ལས་སྣེ་བསྒོ་བཞག་བསྒྲིགས་ལམ་ཆོས་སྲིད་ཀྱི། །བྱ་བཞག་ཆེ་ཕྲ་ཀུན་ལ་རྟིང་གནོན་བྱས། །ལོ་དེ་སྐྱབས་རྗེ་སྐུ་ཞང་རིན་པོ་ཆེས། །གཙོར་བྱས་འདི་ཀའི་དགེ་འདུན་འདུས་བ་ལ། །རྡོ་རྗེ་འཇིགས་བྱེད་དབའ་པོ་གཅིག་པའི་དབང༌། །ཕུལ་བ་དབང་བསྐུར་ཀུན་གྱི་ཐོག་མ་ཡིན། །བསྟ༷ན་འཛིན་བྱེ་བའི་དབུས་ན་མངོན་མཐོ་ཞིང༌། །བསྟ༷ན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ཞབས། །བསྟ༷ན་པ་འདི་ལ་སྟོན་པ་གཉིས་པ་བཞིན། །བསྟ༷ན་འགྲོར་སྨན་ཕྱིར་སྟོད་ཕྱོགས་ཡུལ་གྲུར་བྱོན། །རང་ལོ་ཉེར་དྲུག་ཐོག་ཏུ་དམ་པ་དེ། །སྡེ་འདིར་སྤྱན་དྲངས་རྟ་མགྲིན་ཡང་གསང་གི །དབང་བཞི་བསྐུར་ཞིང་ཕྲན་སོགས་ཉུང་བསྡུས་ལ། །འཇིགས་བྱེད་བསྙེན་ཆེན་ཁྲིད་དང་ལུང་སོགས་གནང༌། །སྐབས་གཞན་བྱ་མེ་ཨ་སྐྱིད་སོགས་བཞུགས་ཚེ། །མདུན་དུ་བཅར་ནས་འཕྲིན་ཡིག་བྲི་བ་སོགས། །ཕྱག་གཡོག་ཞུས་ཚེ་དགྱེས་པ་ཚད་མེད་གནང༌། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང༌། །རྣར་ཐང་བརྒྱ་རྩ་རྣམ་སྲེས་བཀའ་བཅོ་ལྔའི། །རྗེས་གནང་བསྩལ་ཅིང་དུས་འཁོར་དབང་མོ་ཆེ། །གནང་སྟེ་གཞན་ལ་སྤེལ་རྒྱུའི་བཀའ་ཡང་བསྩལ། །དངོས་འབུལ་གཟབ་སྟེ་སྐབས་སྐབས་མཚམས་ཞུ་དང༌། །གཟུགས་སྐུའི་བཀོད་པ་བསྡུས་སྐབས་གདུང་མཇལ་དང༌། །ཡང་སྤྲུལ་གདན་སར་བཀོད་པའི་སྐབས་སོགས་སུ། །ཕྲན་ཉིད་ཆས་ཏེ་དངོས་འབུལ་སྦམ་མཐོ་ཕུལ། །ཤིང་ཁྱིའི་ལོ་ལ་འདི་ཀའི་གྲྭ་ཚང་དང༌། །སྒྲུབ་སྡེ་འགའ་དང་བཅས་པའི་འདུས་ཚོགས་ལ། །ལམ་གྱི་རིམ་པ་གསེར་གྱི་ཡང་ཞུན་གྱི། །བཤད་པ་ཉིན་གསུམ་རིང་དུ་རྒྱས་པར་ཕུལ། །མཁ༷ས་པའི་བྱ་བ་འཆད་རྩོད་རྩོམ༷་གསུམ་གྱིས། །མཁ༷ས་གྲུབ་ཡོངས་ཀྱི་ཅོད་པཎ་མངའ་གསོལ་ཞིང༌། །འདུལ༷་བ་འབུམ་སྡེའི་དཔལ་ལ་དབང་བསྒྱུར་བ། །འདུལ༷་འཛིན་ཤེས་རབ་རྒྱ་མཚོ་གཏན་གྱི་སྐྱབས། །གང་གི་གམ་དུ་རང་ལོ་ཉེར་བདུན་ཐོག །བསྙེན་རྫོགས་ཞུ་བར་བཀྲ་ཤིས་འཁྱིལ་དུ་ཆས། །མགོན་པོ་གང་གིས་མཁན་སློབ་སྤྲགས་མ་དང༌། །གསང་སྟོན་མཁན་པོ་དགེ་འདུན་དཔལ་བཟང་དང༌། །མཛོད་དགེ་འཇམ་དབྱངས་ཞེས་བྱས་དུས་གོ་དང༌། །དགེ་བཤེས་སྦྱིན་པ་བསྟན་འཛིན་རྣམ་གཉིས་ཀྱིས། །ཁ་བསྐང་མཛད་དེ་དགེ་བསྙེན་སྡོམ་པ་ནས། །བསླབ་གཞི་ཡོངས་རྫོགས་བསྙེན་རྫོགས་སྡོམ་པ་མནོས། །འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མིང་དུ་བསྩལ། །རྒྱུ་མཚན་བཅས་ཏེ་ཁོང་གི་འབྲལ་སྤང་སྐུ། །གནང་ནས་ལྷ་བརྒྱ་མ་ཡི་ཁྲིད་ཀྱང་གསུངས། །ཕྲན་ནས་རྟ་སོགས་དངོས་འབུལ་གང་ཟབ་ཕུལ། །ཡར་ལམ་སྒྲུབ་བརྒྱུད་བསྟན་འཛིན་སྨྱུང་གནས་པར། །མཇལ་ཏེ་ཕན་ཚུན་ཆོས་ཀྱི་འབྲེལ་བ་བཞག །ཁོང་གི་དབུ་ཞྭ་བདག་ལ་གནང་བའི་ཚེ། །མགོ་ལ་བཞག་ནས་བསྔོ་སྨོན་མང་དུ་གསུངས། །སྡེབ་སྦྱོར་རྩ་བ་རིན་ཆེན་འབྱུང་གནས་དང༌། །འགྲེལ་བ་འགའ་ཟུང་སྦྱར་ནས་ཁྲིད་པ་ན། །ལྷག་པར་ངོ་མཚར་རྟོགས་བྱེད་ལེགས་རྟོགས་ཏེ། །ཚིགས་བཅད་འགའ་ལ་སྡེབ་སྦྱོར་འཇོག་ཐུབ་བྱུང༌། །སྐར་ནག་རྩིས་ལ་དམ་བ་དེ་ཉིད་ཀྱིས། །མཛད་པའི་རྩིས་གཞུང་སྟེང་ནས་ཞིབ་ཁྲིད་སྐབས། །ས་རིས་རི་མོ་གསུམ་ཙམ་དུས་གཅིག་ཏུ། །འབབ་ཐུབ་བྱུང་སྟེ་རི་མོ་བྱང་བར་གྱུར། །ས་བྷོཊ་ཡི་སུམ་རྟགས་རྩ་བ་དང༌། །འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན་སོགས། །ལེགས་པར་སྦྱར་ནས་ཞིབ་ཁྲིད་གནང་བའི་ཐོག །ལཉྩ་ཝརྟུ་ལ་སོགས་ཡིག་རིགས་བསླབས། །སྔགས་ལ་ཤངས་པའི་རྒྱུད་སྡེ་ལྔ་དབང་དང༌། །བདེ་མཆོག་ལྷ་ལྔའི་དབང་སོགས་ལེགས་བར་བསྩལ། །གཞན་ཡང་དགེ་བཤེས་བསམ་གཏན་རྒྱ་མཚོ་ལས། །སུམ་རྟགས་རྩ་འགྲེལ་སྦྱར་ནས་ཞིབ་ཏུ་བསླབས། །སྨན་གྱི་གཞུང་ལ་གསོ་རིག་རྒྱུད་བཞི་དང༌། །མན་ངག་ལྷན་ཐབས་མན་ངག་བཀའ་རྒྱ་མ། །ཤེལ་གོང་ཤེལ་ཕྲེང་ལ་སོགས་གཞུང་མང་ལ། །རང་གིས་དཔྱད་དང་གཞན་ལ་འདྲི་རྟོགས་བྱས། །ཆིག་ཐང་བསྡུས་ཐང་ཕྱེ་མ་རིལ་བུ་དང༌། །སྔོ་སྦྱོར་ལ་སོགས་སྨན་གྱི་སྦྱོར་བ་རྣམས། །སྦྱར་ནས་རང་གིས་རྒྱུན་དུ་བསྟེན་པ་དང༌། །སྐྱེ་བོ་གཞན་ལའང་སྨན་སྦྱིན་ཕྲན་ཙམ་བྱས། །གསང་ཆེན་ཆོས་ལ་རིམ་ལྔ་གསལ་སྒྲོན་དང༌། །སྔགས་རིམ་ཆེན་མོ་བསྐྱེད་རྫོགས་ཕལ་མོ་ཆེ། །ཀུན་རིག་ཊཱིཀ་ཆེན་བྱ་རྒྱུད་དོན་གསལ་སོགས། །སྔགས་ཀྱི་གཞུང་ལ་ཅུང་ཟད་བལྟ་རྟོགས་བྱས། །དེའི་ཚེ་བླ་མེད་རྒྱུད་ཀྱི་རིམ་གཉིས་དང༌། །རྣལ་འབྱོར་རྒྱུད་ཀྱི་ཕྱི་ནང་ཕྱག་རྒྱ་དང༌། །འོག་མའི་བསྙེན་བསྒྲུབ་ཡན་ལག་བཞིར་བཅས་ལ། །ཚིག་སྤྱི་ཙམ་གྱི་གོ་བ་ཅུང་ཟད་བྱུང༌། །ས་སྦྲུལ་ཆོ་འཕྲུལ་སྨོན་ལམ་བཀའ་ཆོས་ལ། །སོང་ནས་ཆོས་ཐུན་གསུམ་ལ་རིམ་བཞིན་དུ། །སྐྱེས་རབས་མངོན་རྟོགས་རྒྱན་དང་ལམ་རིམ་གྱི། །བཤད་པ་རང་བློས་གང་དཔོགས་རྒྱས་པར་ཕུལ། །རང་ལོ་ཉེར་གཉིས་ལྕགས་རྟའི་ཟླ་༧ཚེས་༡༡ལ། །ཀུན་མཁྱེན་འཇམ་དབྱངས་བཞད་པ་འདིར་ཕེབས་ནས། །རྟ་མགྲིན་སེང་དབྱུག་ཅན་གྱི་རྗེས་གནང་སོགས། །གནང་སྐབས་དངུལ་སོགས་ཚན་གྲངས་དངོས་འབུལ་བྱས། །རབ་ཚེས་ལྕག་རྟ་ལོ་ལ་ཆོས་སྡེ་ཆེའི། །བསྟན་སྲིད་བྱེད་པོའི་དབང་ཡང་བདག་ལ་གཏད། །ལས་སྣེ་བསྒོ་བཞག་བསྒྲིགས་ལམ་ཆོས་སྲིད་ཀྱི། །བྱ་བཞག་ཆེ་ཕྲ་ཀུན་ལ་རྟིང་གནོན་བྱས། །ལོ་དེ་སྐྱབས་རྗེ་སྐུ་ཞང་རིན་པོ་ཆེས། །གཙོར་བྱས་འདི་ཀའི་དགེ་འདུན་འདུས་བ་ལ། །རྡོ་རྗེ་འཇིགས་བྱེད་དབའ་པོ་གཅིག་པའི་དབང༌། །ཕུལ་བ་དབང་བསྐུར་ཀུན་གྱི་ཐོག་མ་ཡིན། །བསྟ༷ན་འཛིན་བྱེ་བའི་དབུས་ན་མངོན་མཐོ་ཞིང༌། །བསྟ༷ན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ཞབས། །བསྟ༷ན་པ་འདི་ལ་སྟོན་པ་གཉིས་པ་བཞིན། །བསྟ༷ན་འགྲོར་སྨན་ཕྱིར་སྟོད་ཕྱོགས་ཡུལ་གྲུར་བྱོན། །རང་ལོ་ཉེར་དྲུག་ཐོག་ཏུ་དམ་པ་དེ། །སྡེ་འདིར་སྤྱན་དྲངས་རྟ་མགྲིན་ཡང་གསང་གི །དབང་བཞི་བསྐུར་ཞིང་ཕྲན་སོགས་ཉུང་བསྡུས་ལ། །འཇིགས་བྱེད་བསྙེན་ཆེན་ཁྲིད་དང་ལུང་སོགས་གནང༌། །སྐབས་གཞན་བྱ་མེ་ཨ་སྐྱིད་སོགས་བཞུགས་ཚེ། །མདུན་དུ་བཅར་ནས་འཕྲིན་ཡིག་བྲི་བ་སོགས། །ཕྱག་གཡོག་ཞུས་ཚེ་དགྱེས་པ་ཚད་མེད་གནང༌། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང༌། །རྣར་ཐང་བརྒྱ་རྩ་རྣམ་སྲེས་བཀའ་བཅོ་ལྔའི། །རྗེས་གནང་བསྩལ་ཅིང་དུས་འཁོར་དབང་མོ་ཆེ། །གནང་སྟེ་གཞན་ལ་སྤེལ་རྒྱུའི་བཀའ་ཡང་བསྩལ། །དངོས་འབུལ་གཟབ་སྟེ་སྐབས་སྐབས་མཚམས་ཞུ་དང༌། །གཟུགས་སྐུའི་བཀོད་པ་བསྡུས་སྐབས་གདུང་མཇལ་དང༌། །ཡང་སྤྲུལ་གདན་སར་བཀོད་པའི་སྐབས་སོགས་སུ། །ཕྲན་ཉིད་ཆས་ཏེ་དངོས་འབུལ་སྦམ་མཐོ་ཕུལ། །ཤིང་ཁྱིའི་ལོ་ལ་འདི་ཀའི་གྲྭ་ཚང་དང༌། །སྒྲུབ་སྡེ་འགའ་དང་བཅས་པའི་འདུས་ཚོགས་ལ། །ལམ་གྱི་རིམ་པ་གསེར་གྱི་ཡང་ཞུན་གྱི། །བཤད་པ་ཉིན་གསུམ་རིང་དུ་རྒྱས་པར་ཕུལ། །མཁ༷ས་པའི་བྱ་བ་འཆད་རྩོད་རྩོམ༷་གསུམ་གྱིས། །མཁ༷ས་གྲུབ་ཡོངས་ཀྱི་ཅོད་པཎ་མངའ་གསོལ་ཞིང༌། །འདུལ༷་བ་འབུམ་སྡེའི་དཔལ་ལ་དབང་བསྒྱུར་བ། །འདུལ༷་འཛིན་ཤེས་རབ་རྒྱ་མཚོ་གཏན་གྱི་སྐྱབས། །གང་གི་གམ་དུ་རང་ལོ་ཉེར་བདུན་ཐོག །བསྙེན་རྫོགས་ཞུ་བར་བཀྲ་ཤིས་འཁྱིལ་དུ་ཆས། །མགོན་པོ་གང་གིས་མཁན་སློབ་སྤྲགས་མ་དང༌། །གསང་སྟོན་མཁན་པོ་དགེ་འདུན་དཔལ་བཟང་དང༌། །མཛོད་དགེ་འཇམ་དབྱངས་ཞེས་བྱས་དུས་གོ་དང༌། །དགེ་བཤེས་སྦྱིན་པ་བསྟན་འཛིན་རྣམ་གཉིས་ཀྱིས། །ཁ་བསྐང་མཛད་དེ་དགེ་བསྙེན་སྡོམ་པ་ནས། །བསླབ་གཞི་ཡོངས་རྫོགས་བསྙེན་རྫོགས་སྡོམ་པ་མནོས། །འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མིང་དུ་བསྩལ། །རྒྱུ་མཚན་བཅས་ཏེ་ཁོང་གི་འབྲལ་སྤང་སྐུ། །གནང་ནས་ལྷ་བརྒྱ་མ་ཡི་ཁྲིད་ཀྱང་གསུངས། །ཕྲན་ནས་རྟ་སོགས་དངོས་འབུལ་གང་ཟབ་ཕུལ། །ཡར་ལམ་སྒྲུབ་བརྒྱུད་བསྟན་འཛིན་སྨྱུང་གནས་པར། །མཇལ་ཏེ་ཕན་ཚུན་ཆོས་ཀྱི་འབྲེལ་བ་བཞག །ཁོང་གི་དབུ་ཞྭ་བདག་ལ་གནང་བའི་ཚེ། །མགོ་ལ་བཞག་ནས་བསྔོ་སྨོན་མང་དུ་གསུངས། །
རང་ལོ་ཉེར་དགུར་དབེན་གནས་མཁའ་སྤྱོད་རྩེར། །ཁྲལ་ཆོས་སླ་ཆོས་ཙམ་དུ་མ་སོང་བར། །རྡོ་རྗེ་འཇིགས་བྱེད་བསྙེན་ཆེན་དངོས་གཞི་དང༌། །སྦྱོར་འཇུག་བླ་བྲང་ནང་ནས་གྲུབ་བར་བྱས། །སྐབས་དང་སྐབས་སུ་གསང་བདེ་འཇིགས་གསུམ་དང༌། །ཀུན་རིག་འཇམ་དབྱངས་དབྱངས་ཅན་སྒྲོལ་མ་སོགས། །རྒྱུད་སྡེ་རྣམ་བཞིའི་ལྷ་ཡི་བསྙེན་བསྒྲུབ་དང༌། །ལས་རུང་སོགས་ལ་འབད་བས་ཁུལ་དུ་བྱས། །འཇམ་མགོན་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་མཆོག་སྤྲུལ་ནས། །རིགས་གསུམ་སྤྱི་བསྒྲུབ་སོགས་ཀྱི་རྗེས་གནང་དང༌། །མགོན་པོ་གཏོར་ཆེན་ཆོ་གའི་ལུང་ཡང་གནང༌། །ཐེ་བོ་མཆོག་སྤྲུལ་མཁྱེན་རབ་མཚན་ཅན་གྱི། །དྲུང་ནས་ཚེ་དབང་འཆི་མེད་དཔལ་སྟེར་དང༌། །ཞལ་བཞི་བ་ཡི་རྗེས་གནང་ལ་སོགས་གནང༌། །མཐུ་སྟོབས་མངའ་བདག་ལེགས་པ་རྒྱལ་མཚན་དང༌། །ཉེར་མཚུངས་གྲོ་ཚང་ཆོས་རྗེའི་ཞབས་དྲུང་ནས། །བདག་སོགས་བསྙེན་སོང་སློབ་མ་ཉུང་བསྡུས་ལ། །འཇིགས་བྱེད་འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི། །སྟེང་ནས་ལས་བཞིའི་འཁྲུལ་འཁོར་ཞིབ་ཏུ་བསླབ། །འཁོར་ལོ་བྲི་བསྒྲུབ་ལིངྒ་བྲི་བསྟབས་སོགས། །མན་ངག་གསང་ལས་ཆས་གསང་དང་བཅས་དང༌། །ཁམས་གསུམ་རྣམ་རྒྱལ་ཡིག་ཆུང་ཡང་ཆུང་སོགས། །དེ་སྐོར་གཞུང་མང་ལུང་ཡང་དགྱེས་བཞིན་གནང༌། །འཇམ༷་མགོན་བླ་མའི་རིང་ལུགས་གསེར་གྱི་རྔ། །རྣམ་དཔོད་དབྱུག་གུས་ལེགས་པར་བསྣུན་པའི་སྒྲས། །རྣམ༷་མང་འགྲོ་བ་མ་རིག་གཉིད་སློང་བ། །འཇམ༷་དབྱངས་ཐུབ་བསྟན་ཉི་མར་མཚན་གསོལ་བའི། །བསྟན་པའི་བདག་པོ་འཇམ་མགོན་གུང་ཐང་པ། །སྡེ་འདིར་ཕེབས་ཚེ་ཕྲན་གྱིས་གཙོ་བྱས་པས། །ཆིབས་བསུ་ཇ་ཐབ་སེར་སྦྲེངས་བཅས་ཏེ་བསུས། །ཕེབས་འཕྲལ་སྡེར་སྐལ་བསྒྲིགས་ནས་གསོལ་སྟོན་ཕུལ། །འཇིགས་བྱེད་དཔའ་ཅིག་དབང་གནང་ཆོས་གྲྭ་ནས། །རྩོད་རྒྱུག་དབྱངས་རྒྱུག་སོགས་ལ་ཞིབ་གཟིགས་མཐར། །དངོས་ཟོང་དངུལ་སྲང་བརྒྱད་བརྒྱ་བདུན་ཅུ་བཅས། །ཕྲན་ནས་མཎྜལ་བཤད་བ་རྒྱས་ཙམ་ཕུལ།།
༄༅།།རང་ལོ་སོ་གསུམ་རབ་ཚེས་ལྕགས་སྦྲུལ་ལོར། །བཀའ་དྲིན་ཟླ་བྲལ་སྐྱབས་རྗེ་ཝཱ་གིནྡྲ། །ངེས་པའི་དོན་དུ་བགྲེས་རྒུད་དང་བྲལ་ཡང༌། །ཐུན་མོང་གདུལ་བྱའི་སྣང་ངོར་སྙུན་ཚུལ་བསྟན། །དེའི་ཚེ་བདག་གི་ཡིད་ནི་རབ་གདུངས་ཏེ། །མྱུར་བའི་ཚུལ་གྱིས་གང་གི་གམ་དུ་ཕྱིན། །སྙུན་གཡོག་ཚུལ་མཐུན་ཞུས་ཤིང་བརྟན་བཞུགས་ཕུལ། །ཞབས་རིམ་མང་དུ་བསྒྲུབས་ཏེ་གསུང་གནང་ལྟར། །རྣམ་འཇོམས་བྱབས་ཁྲུས་ལན་འགའ་ཕུལ་བ་ན། །གསང་སྔགས་ནུས་པ་བསམ་གྱིས་མི་ཁྱབ་པས། །གྲིབ་ནད་དག་པའི་གཟིམ་ལམ་སྨིས་པར་གསུངས། །དེ་ནས་སྨན་དང་རིམ་གྲོས་མ་བཟློག་པར། །རྒྱལ་གྱི་ཟླ་བའི་མར་ངོའི་ཚེས་བཅུ་ཡི། །མཚན་མོའི་ཐུན་གསུམ་ཐ་མའི་ཐོ་རངས་སྐབས། །སྐུ་ཉམས་ཞན་ཀྱང་བསླང་ལ་མ་ལྟོས་པར། །གློ་བུར་བཞེངས་ནས་སྐྱིལ་ཀྲུང་མཉམ་གཞག་མཛད། །སྣང་མཆེད་ཐོབ་གསུམ་རིམ་གྱིས་ལེགས་ཐིམ་ནས། །ཐམས་ཅད་སྟོང་བ་འོད་གསལ་མངོན་བྱས་ཏེ། །རགས་པའི་གཟུགས་སྐུའི་བཀོད་པ་བསྡུ་ཚུལ་བསྟན། །དེ་ནས་ཕྲན་གྱིས་བླ་མ་མཆོད་པ་དང༌། །མཁའ་སྤྱོད་བདག་འཇུག་མཆོག་ཁྲུས་ཉིན་བདུན་མཛད། །དེ་རྗེས་འདི་ཀའི་དུས་འཁོར་གྲྭ་ཚང་ནས། །སྐུ་གདུང་ཆོས་ཀྱི་སྡེ་འདིར་གདན་དྲངས་ཚེ། །དགེ་འདུན་མང་ནས་སེར་ཕྲེང་དང་བཅས་ནས། །མཆོད་རྫས་སྣ་ཚོགས་ཐོགས་པས་ཉེར་བསུས་ཏེ། །ཨ་མཆོག་བླ་བྲང་ནང་དུ་གདན་འདྲེན་མཛད། །ཁང་ཚན་སོ་སོས་གསང་བདེ་འཇིགས་གསུམ་དང༌། །དུས་འཁོར་ཀུན་རིག་མི་འཁྲུགས་པ་སོགས་ཀྱི། །བདག་འཇུག་བླངས་ནས་མཆོག་ཁྲུས་རྒྱས་པ་བྱས། །འཛིན་གྲྭ་སོ་སོས་གདུང་གི་ཉེ་འཁོར་ནས། །དམ་བཅའ་མཚན་ཕུད་རྒྱན་འཇུག་མཚན་བརྗོད་སོགས། །སྐྱོར་སྦྱངས་ཉིན་འགའི་བར་དུ་ཆད་མེད་མཛད། །མཐར་ཡང་ཁང་ཚན་རྣམས་ཀྱིས་རང་རང་གི །ཆོ་གའི་སྒོ་ནས་སྐུ་གདུང་རིན་པོ་ཆེ། །མཆོག་སྲེག་ཆོ་ག་རྒྱས་པས་ཞུགས་ལ་ཕུལ། །རྗེས་སུ་སྐུ་གདུང་བཞེངས་ནས་དུས་མཆོད་ཀྱང༌། །ལོ་རེ་བཞིན་དུ་རང་གིས་ཆད་མེད་བྱས། །ཤིང་སྤྲེལ་ལོ་ལ་མཆོག་སྤྲུལ་ཉེར་འཁྲུངས་པ། །ཤིང་བཟའ་རྡོ་རྗེ་འཆང་གིས་ངོས་འཛིན་གནང་། །ཕྲན་ནས་བླུ་ཡོན་རྒྱུ་ནོར་མང་པོ་ཕུལ། །དགོང་ལོ་ལྔ་ཡི་སྟེང་དུ་ཁྲི་སྟོན་བྱས། །དམ་པ་གོང་མའི་ཐུགས་བཞེད་བསྐངས་ཕྱིར་དང༌། །སྐྱེས་ཀུན་རྗེས་སུ་འཛིན་ཕྱིར་ཕྲན་ཅག་གིས། །རྒྱུ་ཚེགས་ངལ་བའི་ལས་ལ་མ་འཛེམ་པར། །དཀའ་བ་དང་དུ་བླངས་ནས་འབད་པས་བསྒྲུབས། །རྒྱ༷་མཚོ་ལྟ་བུར་ཟབ་པའི་བློ་གྲོས་ཀྱིས། །རྒྱ༷་བོད་གཞུང་བརྒྱའི་དགོངས་དོན་ལེགས་རྟོགས་ཏེ། །རྒྱ༷་ཆེན་འཕྲིན་ལས་ཕྱོགས་ཀྱི་མཐའ་ཁྱབ་པ། །རྒྱ༷་ནག་མཁན་སྤྲུལ་ཡེ་ཤེས་ཆོས་ལྡན་ལས། །དུས་འཁོར་སྡོམ་པ་ཆེན་པོའི་དབང་ཆེན་དང༌། །བློ་སྦྱོང་དོན་བདུན་མ་ཡི་ཁྲིད་སོགས་བསྩལ། །ཆོས་ཁྲིར་ལན་གསུམ་བཞུགས་ནས་ཆོས་སྡེ་འདི། །བསྐྱངས་བའི་བཀའ་དྲིན་ཕུང་བོ་གཞལ་བར་དཀའ། །རང་ལོ་སོ་དགུར་ཆོ་འཕྲུལ་སྨོན་ལམ་སྐབས། །སྡེ་འདིར་ཆོས་ཐུན་དང་པོར་སྐྱེ་རབས་དང༌། །གཉིས་པར་ལམ་གཙོའི་བཤད་པ་རྒྱས་ཙམ་དང༌། །གསུམ་པར་རྒྱན་གྱི་དབུ་ནས་ཕྲན་ཙམ་ཕུལ། །ཆུ་སྦྲུལ་ལོ་ལ་སྡེ་འདིའི་འདུས་ཚོགས་དང༌། །ལྷན་ཅིག་སྔ་མའི་དབྱར་གནས་ཁས་བླངས་ཤིང༌། །སྐབས་འགར་ཆོས་སྡེ་ཆེན་པོའི་གསོ་སྦྱོང་དབུར། །ཕྱིན་ནས་མདོ་འདོན་བྱེད་པོ་ཡང་ཡང་བྱས། །ཤིང་རྟའི་ལོ་ལ་གཏེར་སྟོན་བདུད་འཇོམས་གླིང༌། །མི་སྲུན་སྐྱེ་བོས་ཉེས་མེད་ཉེས་བཅུག་སྟེ། །དམག་དཔུང་དྲག་པོས་གསོད་པར་བརྩམས་པའི་ཚེ། །སྐུ་སྲོག་བླུ་ཕྱིར་རྡོ་ཚད་བདུན་ལྷག་ཕུལ། །ལོ་དེར་རྭ་རྒྱ་མཆོག་སྤྲུལ་རིན་པོ་ཆེར། །བདེ་མཆོག་འཇམ་རྡོར་དབང་དང་མཁར་སྦྱོད་མའི། །ཕྱི་དཀྱིལ་ལུས་དཀྱིལ་སོགས་ཀྱི་ཕྱིན་རླབས་དང༌། །སྔགས་ཀྱི་དྲི་བ་འགའ་ལ་ལན་ཡང་ཕུལ། །མེ་སྤྲེལ་ཆོ་འཕྲུལ་ཟླ་བའི་བཅུ་གསུམ་ཉིན། །འདུས་སྡེར་ཆོས་ཐུན་དང་པོར་སྐྱེས་རབས་དང༌། །གཉིས་པར་སྐྱབས་ཁྲིད་གསུམ་པར་ས་རྒྱན་སྦྱར། །མཇུག་ཏུ་སྐབས་བབས་ཚོགས་གཏམ་ཞིབ་རྒྱས་ཕུལ། །མེ་བྱར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀས། །སྤྱི་ཐེར་ཅན་ལ་རལ་བའི་ཁྲལ་ཕོག་ལྟར། །རྔ་སྟོད་སྒོ་མང་སྒར་གྱི་ཁྲིར་བཀོད་ཚེ། །ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཁུལ་བྱས། །ཆུ་སྟག་ལོ་ལ་འབྲོག་དགེ་སྤྲུལ་སྐུ་སོགས། །བླ་དཔོན་མང་པོས་དུས་འཁོར་དབང་མོ་ཆེ། །ནན་ཏན་བསྐུལ་ངོར་ས་ཆོག་རྡུལ་ཚོན་བཅས། །གཞི་བྱེས་དབང་ཉན་མང་དུ་འདུས་པ་ལ། །དམ་བའི་ཕྱག་བཞེས་བཞིན་དུ་སྟ་གོན་དང༌། །བྱིས་པ་ལྟ་བུར་འཇུག་པའི་དབང་འདུན་དང༌། །གོང་མ་གོང་ཆེན་བཅས་པ་རྫོགས་བར་བསྐུར། །སྐུ་ཞང་མཆོག་སྤྲུལ་ཚང་དང་འདུས་སྡེ་ལ། །གསང་བདེ་འཇིག་གསུམ་ཀུན་རིག་གདུགས་དཀར་དབང༌། །གཟིགས་སྣང་སྒྲོལ་མའི་བྱིན་རླབས་རྣམ་གཉིས་དང༌། །མགོན་ཆོས་ལྷ་རྣམ་དམ་ཅན་རྗེས་གནང་སོགས། །དབང་དང་རྗེས་གནང་ལུང་སོགས་མང་པོ་ཕུལ། །གོང་མའི་དབུ་བླ་རྭ་ཁོ་ཧུ་ཐོག་ཏུ། །གྲྭ་མང་བཅས་ལ་བདེ་མཆོག་རབ་འབྱམས་དང༌། །དུས་འཁོར་སྡོམ་ཆེན་མཁར་འགྲོ་སྙན་བརྒྱུད་དབང༌། །ཕག་མོ་དམར་ཆུང་སྟག་ཕུའི་གཟིགས་སྣང་གི །སྒྲོལ་མའི་བྱིན་རླབས་རྣམས་དང་གཟིགས་སྣང་ལས། །བྱུང་བའི་དབང་དང་རྗེས་གནང་མང་པོ་དང༌། །གོང་མའི་གསུང་འབུམ་ཁྲོད་ནས་ལུང་མང་པོ། །ཟླ་པ་ཁ་ཤས་རིང་ལ་འཕུལ་པར་བྱས། །ཀུན་མཁྱེན་བླ་མས་བུར་རྒྱས་རབ་འབྱམས་པ། །གནས་འདིར་མང་གསལ་བདེ་མཆོག་རབ་འབྱམས་དང༌། །རྔོག་དཀྱིལ་བདུན་དང་ལྷག་པར་གུར་ཞལ་གྱི། །དབང་རྗེས་མང་བོ་བཀའ་རྒྱ་བཅས་ཏེ་ཕུལ། །ལྔ་རིག་སྨྲ་བ་ཞར་ཤུལ་སྤྲུལ་པའི་སྐུ། །འདུས་སྡེ་བཅས་ལ་རྔོག་དཀྱིལ་བདུན་ཕྲག་དང༌། །དུས་འཁོར་སྡོམ་ཆེན་ཡུམ་བཀའ་ཕག་སེར་མ། །འཇམ་རྡོར་དབང་དང་རྗེས་གནང་ཁ་ཤས་ཕུལ། །བྱམས་ཁང་སྤྲུལ་སྐུ་གྲྭ་མང་བཅས་པ་ལ། །བདེ་མཆོག་དང་ནི་གསང་འདུས་འཇམ་རྡོར་དབང༌། །ཕག་མོ་དམར་ཆུང་མ་ཡི་བྱིན་རླབས་དང༌། །འཇམ་དབྱངས་དཀར་པོའི་རྗེས་གནང་ལ་སོགས་ཕུལ། །མཚན་སྒྲོགས་སྤྲུལ་པའི་སྐུ་སོགས་བསྙེན་སོང་འགར། །ཁམས་གསུམ་རྣམ་རྒྱལ་སྟེང་ནས་འཁོར་ལོ་དང༌། །ལིངྒ་བྲི་ཚུལ་འཁྲུལ་འཁོར་སྐོར་ཆ་ཚང༌། །ཁྲིད་ཐོག་ཡིག་ཆུང་ཡང་ཆུང་ལུང་ཡང་ཕུལ། །ཀུ༷ན་མཁྱེན་ཡེ་ཤེས་གོ་འཕང་མཆོག་བརྙེས་ནས། །ཀུ༷ན་ལ་སྨན་པའི་རླབས་ཆེན་མཛད་བཟང་གིས། །སྐལ་ལྡན་འགྲོ་རྣམས་ཐར་བའི་ལམ་འགོད་པར། །སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཁོ་ནར་ངེས། །སྐྱབས་རྗེ་དེ་ལ་རྨ་རྨེ་འདྲེས་མཚམས་ནས། །མཻ་ཏྲི་བཅུ་གསུམ་ཡང་གསང་ལྷ་དགུ་དང༌། །འཆི་མེད་དཔལ་སྟེར་འཆི་མེད་སྲོག་ཤིང་གི །ཚེ་དབང་གཉིས་དང་རྒྱ་ཅན་ལས་འབྱུང་བའི། །དམག་ཟོར་མ་དང་ལས་བཞིའི་ལྷ་མོ་ཡི། །རྗེས་གནང་ལ་སོགས་ཆོས་རྒྱུན་མང་པོ་ཕུལ། །གཏང་རག་སྐབས་སུ་དངུལ་སྲང་ལྔ་བཅུ་དང༌། །གོས་ཡུག་ལ་སོགས་གནང་སྦྱིན་རྒྱ་ཆེར་བསྩལ། །ལྕགས་གླང་ལོ་ལ་ྋསྐྱབས་རྗེའི་བཀའ་བཞིན་དུ། །བཀྲ་ཤིས་འཁྱིལ་དུ་ཆས་པར་རྟ་བསུ་བཅས། །གླིང་དུ་འབྱོར་འཕྲལ་བླ་བྲང་ཆེན་མོ་དང༌། །ཀྱཻ་རྡོར་གྲྭ་ཚང་གཉིས་ནས་སྡེར་སྐལ་བསྟར། །སྐྱབས་རྗེར་མཇལ་ཞིང་གསུང་གླེང་མང་དུ་གནང༌། །ཟླ་ཚེས་དགེ་བར་ཕག་མོ་དམར་ཆུང་དང༌། །ཕྱི་དཀྱིལ་ལྷ་ལྔ་རྒྱུད་སྡེ་ལྔ་དབང་དང༌། །རྫོངས་ཆུང་ཚེ་དབང་ཀིང་གཟའི་སྲོག་གཏད་ཕུལ། །སླར་ཡང་སྐྱབས་རྗེ་ཞབས་གྲྭས་བཅས་པ་ལ། །སྒྲ་མི་སྙན་གྱི་ཚེ་དབང་ལེགས་པར་ཕུལ། །མཛོད་པ་ཚང་དང་གཟིམ་དཔོན་ཅོ་ནེ་བར། །རྗེ་བཙུན་རྣལ་འབྱོར་མ་ཡི་བྱིན་རླབས་དང༌། །གྲྭ་ཚང་གསར་བར་ཙི་དམར་སྲོག་གཏད་ཕུལ། །གནས་སྐབས་གཞན་དུ་ཆིངས་ཝང་དཔོན་པོ་ལ། །དབང་རྗེས་མང་པོ་ཕུལ་ཞིང་དེ་ཀུན་གྱིས། །དབང་གི་ཡོན་དུ་གནང་སྦྱིན་ཕོན་ཆེ་བསྩལ། །མེ་ལུག་ལོ་ལ་སྐྱབས་རྗེ་དམ་པ་ཉིད། །ཕྱོགས་འདིར་ཕེབས་ཚེ་བདག་ཀྱང་ཆིབས་བསུ་ལ། །འོངས་པ་གསན་ནས་མི་རུང་གསུངས་བཞིན་བཤོལ། །འདུས་སྡེས་ཆིབས་བསུ་ཇ་ཐབ་སེར་ཕྲེང་བཅས། །བླ་བྲང་ནང་འདིར་ཕེབས་ཚེ་ཕན་ཚུན་དུ། །ཕྱག་ཕུལ་མཇལ་དར་རྩེ་སྤྲོད་བྱས་ཏེ་མཇལ། །གསོལ་སྟོན་བསྟར་རྗེས་དཔོན་གཤེགས་དགེ་རྩ་ལ། །སྦྱངས་ཆོག་རྒྱས་པ་བསྔོ་སྨོན་གནད་སྨིན་གནང༌། །ཁོ་བོའི་མལ་ཁྲིའི་ནང་དུ་གཟིམ་མལ་བཅེས། །ཞག་འགར་བཞུགས་རྗེས་ཕྲན་ནས་དངོས་འབུལ་ལ། །རྡོ་ཚད་ལྔ་དང་རྟ་ནོར་མང་པོ་དང༌། །གོས་རིགས་བཀས་རིགས་མཆོད་ཆ་སྣ་ཚོགས་བཅས། །ཕྲན་ནས་བརྟན་བཞུགས་སྐྱབས་ཞུས་བྱེད་པའི་སྐབས། །མི་རུང་གསུངས་ཀྱང་བདག་གིས་མ་ཉན་ཚེ། །བྱམས་ཆོས་སྡེ་ལྔ་ཕྱག་དུ་བསྣམས་ནས་བཞུགས། །ཁོང་ལ་ཕུལ་བའི་དུང་དཀར་ཕྱིར་གནང་ཡང༌། །ཁྱེད་གྱི་མཚན་སྙན་རྒྱས་པའི་རྟེན་འབྲེལ་དུ། །ཕུལ་པ་ཡིན་ཞེས་ཞུས་ཚེ་དགྱེས་བཞིན་བཞེས། །ཉིད་ཀྱི་དབུ་ཞྭའང་བདག་ལ་རྟེན་དུ་གནང༌། །དེ་ནས་འདུ་ཁང་ནང་ནས་གྲྭ་མང་ལ། །སྒྲོལ་དཀར་རྗེས་གནང་མ་ཎིའི་ལུང་སོགས་གནང༌། །རྡོ་ཚད་གསུམ་དང་ཞོ་པོས་ཉི་ཤུ་དང༌། །རྟ་ནོར་ལ་སོགས་ཚན་གྲངས་མང་པོ་ཕུལ། །ས་བྱའི་ལོ་ལ་ཀུན་མཁྱེན་རིན་པོ་ཆེ། །ལྷ་སར་ཕེབས་པའི་ལམ་དུ་ཕྲན་ཕྱིན་ཏེ། །དངུལ་སྲང་ལྔ་བཅུ་དྲེའུ་བཅས་ཕེབས་རྫོངས་དང༌། །གྲུབ་རྒྱལ་ཚེ་དབང་ཕུལ་ནས་སྐྱེལ་ཐུང་བྱས། །ལྕགས་ཕག་ལོ་ལ་གུང་ཐང་འཇམ་པའི་དབྱངས། །དགོན་འདིར་ཕེབས་པར་གསོལ་བ་བཏབ་པ་བཞིན། །ཐབ་བསུ་བཅས་ཏེ་གུང་ཐང་ནང་དུ་ཕེབས། །དཔོན་སློབ་ཀུན་ལ་གསང་བདེ་འཇིགས་གསུམ་དང༌། །ཀུན་རིག་མི་འཁྲུགས་པ་དང་ཚེ་དབང་གནང༌། །འདུ་ཁང་ནང་དུ་སྤྱན་དབྱེའི་ཆོ་ག་མཛད། །དངོས་འབུལ་དངུལ་དང་རྟ་ནོར་ཚན་གྲངས་སོགས། །དངོས་ཟོང་དངུལ་སྲང་དགུ་བརྒྱ་ང་བཞི་ཕུལ། །ལོ་དེར་རང་གི་དཀོར་སྒྲིབ་སྦྱོངས་ཕྱིར་དང༌། །དམ་པ་གོང་མའི་ཐུགས་བཞེད་བསྐང་ཕྱིར་དུ། །དམིགས་ཏེ་འཇིགས་བྱེད་ཁང་ཚན་གསར་བཙུགས་ཏེ། །འདུ་ཁང་སྤྱི་རྫས་མཆོད་རྫས་མཆོད་ཆ་སོགས། །བསྐྲུན་ནས་གསང་འདུས་འཇམ་རྡོར་ཆོག་རྐྱང་དང༌། །འཇིགས་བྱེད་བཅུ་གསུམ་མ་ཡི་སྒྲུབ་མཆོད་བཙུག།།འདོན་དང་རྟ་དབྱངས་ཕྱག་ལེན་བསླབ་བཅུག་སྟེ། །མཁས་གྲུབ་ནོར་བུའི་གླིང་ཞེས་མིང་ཡང་གསོལ། །ཤིང་སྟག་ལོ་ལ་བཀྲ་ཤིས་འཁྱིལ་དུ་ཕྱིན། །སྐྱབས་རྗེ་མཆོག་ལ་དྲིལ་བུ་ལུས་དཀྱིལ་གྱི། །དབང་བཞི་ཕུལ་ཚེ་བདེ་མཆོག་ལམ་བཟང་འདི། །རིང་དུ་གནས་པའི་དགོས་པ་འགྲུབ་ཅེས་གསུངས། །བསོད་གྲགས་ཚད་སོགས་བླ་སྤྲུལ་བཅུ་ལྷག་དང༌། །དགེ་བཤེས་མང་བོར་མེ་ཏྲི་བཅུ་གསུམ་དང༌། །ལྦ་པ་བཅུ་གསུམ་མཁའ་འགྲོ་རྒྱ་མཚོ་སོགས། །དབང་རྒྱུན་དཀོན་པ་ཁ་ཡར་འབུལ་བར་བྱས། །སླར་ཡང་བླ་ཁོ་སྤྲུལ་བའི་སྐུ་སོགས་ལ། །བདེ་མཆོག་རབ་འབྱམས་དབང་ཆེན་བཅོ་བརྒྱད་དང༌། །དུས་འཁོརསྡོམ་ཆེན་སྒྱུ་ལུས་དབང་མོ་ཆེ། །རྒྱུད་སྡེ་ལྔ་དབང་སྟག་ཕུའི་གཟིགས་སྣང་གི །སྒྲོལ་མའི་བྱིན་རླབས་ཐུན་མོང་ཡིན་མིན་གཉིས། །སྒྲ་མི་སྙན་གྱི་ཚེ་དབང་ལ་སོགས་པ། །ཆོས་རྒྱུན་དཀོན་པའི་དབང་དང་རྗེས་གནང་འགའ། །ཕུལ་རྗེས་གཞན་ལ་སྤེལ་ཞེས་གསོལ་བ་བཏབ། །ཤིང་ཡོས་ལོ་ལ་སྐྱབས་མགོན་རྡོ་རྗེ་འཆང༌། །གནས་འདིར་སྔར་བཞིན་ཕེབས་ནས་ཚེ་དབང་དང༌། །ཁོ་པོའི་སྐྱེས་ཕྲེང་གསོལ་འདེབས་རྗེའི་བསྟན་པར། །མཇལ་བའི་སྨོན་ཚིག་སོགས་ཀྱི་ལུང་ཡང་བསྩལ། །རྒྱ་དངུལ་ཐུར་སྲང་ཉིས་བརྒྱ་ལྔ་བཅུ་དང༌། །དངུལ་སྲང་བདུན་བརྒྱ་རི་བའི་ཟོང་བཅས་ཕུལ། །ཕེབས་ཚེ་དར་འབོད་ཆིབས་ཁ་ལན་གསུམ་བསྒྱུར། །མཇལ་ཚེ་ཕན་ཚུན་འབྲལ་མི་ཕོད་པ་བྱུང༌། །མེ་འབྲུག་ལོ་ལ་འཇམ་དབྱངས་བཞད་པའི་སྡེས། །གདུལ་བྱ་རྟག་འཛིན་ཅན་རྣམས་མི་རྟག་པར། །བསྐུལ་བའི་ཕྱིར་དུ་རགས་བའི་གཟུགས་ཀྱི་སྐུ། །བསྡོས་ཚུལ་བསྟན་ནས་དག་པའི་ཞིང་དུ་གཤེགས། །དེ་སྐབས་བླ་བྲང་མི་སྣ་ཆེད་མངགས་ཏེ། །ཕྲན་ཉིད་འབོད་པར་འོངས་ཚེ་ཁོ་བོ་ཡང༌། །མྱུར་བའི་ཚུལ་གྱིས་བཀྲ་ཤིས་འཁྱིལ་དུ་ཆས། །གདུང་འབུལ་གསོལ་འདེབས་བྱས་ཏེ་ཡང་ཡང་མཇལ། །བླ་མ་མཆོད་པ་འཇིགས་བྱེད་བདག་འཇུག་བཅས། །མཆོག་ཁྲུས་ལན་འགའ་བྱས་མཐར་སྐུ་གདུང་ཡང༌། །ཕྲན་ནས་མེ་ཆོག་སྲེག་ཚོགས་ཞུགས་ཁུལ་བྱས། །རྡོ་ཚད་བདུན་གནང་སྐུ་གདུང་ཐེབས་སུ་ཕུལ། །སླར་ཡང་གདུལ་བྱའི་བསོད་ནམས་ཤར་རིའི་རྩེར། །མཆོག་སྤྲུལ་ཟླ་བ་གཞོན་ནུ་མྱུར་ཤར་ཏེ། །ཐུགས་སྐྱེད་སྨོན་པའི༌ག་བུར་ཐིག་ཕྲེང་གིས། །མདོ་སྨད་བདེ་སྐྱིད་ཀུན་དའི་དགའ་ཚལ་བཞད། །དགུང་ལོ་ལྔ་སྟེང་བཀྲ་ཤིས་གཡས་འཁྱིལ་གྱི། །ཆོས་ཀྱི་ཁྲི་ལ་བཀོད་ནས་དགའ་སྟོན་སྐབས། །མི་སྣ་མངགས་ནས་བཀྲ་ཤིས་དུང་དཀར་གྱིས། །མཚོན་པའི་ཚན་གྲངས་འགའ་ཡི་དགའ་སྟོན་ཕུལ། །ལྕགས་བྱའི་ལོ་ལ་མཆོག་སྤྲུལ་རིན་པོ་ཆེ། །རབ་བྱུང་སྒྲུབ་ཆེད་ཁོ་བོ་དེར་བསུས་ཏེ། །དགེ་བསྙེན་རབ་བྱུང་གཉིས་ཀ་དཀྱུས་གཅིག་བསྒྲུབས། །འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གི་གཙོས། །ལྷག་ལྷ་དུ་མའི་རྗེས་སུ་གནང་བ་ཕུལ། །ལམ་རིམ་དབུ་ནས་བཤད་པ་ཉུང་ཤས་དང༌། །གཟའ་སྐར་དགེ་བ་ཀ་ཁ་ཅུང་ཟད་བསླབས། །ཚུལ་ཡང་རྟེན་སོགས་གནང་སྦྱིན་ཚད་མེད་མཛད། །ཤིང་གླང་སྨོན་ལམ་བཀའ་ཆོས་ལ་ཕྱིན་ཏེ། །ཆོས་ཐུན་དང་བོར་སྟོན་པའི་སྐྱེས་རབས་དང༌། །གཉིས་པར་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད། །གསུམ་པར་བསྟན་འབར་མ་ལ་བཤད་པ་བྱས། །སྔ་ཕྱི་ཀུན་དུ་བསྒྲུབ་བྱ་སྟོང་ཕྲག་ལ། །ཉེ་བར་རང་གིས་མཁན་སློབ་སྦྲགས་མ་དང༌། །དགེ་འདུན་གྲངས་ཚང་བཅས་ཏེ་བསྙེན་རྫོགས་ཀྱི། །བསླབ་གཞི་ཡོངས་སུ་རྫོགས་པའི་གནས་ལ་བཀོད། །དེ་མཚུངས་གྲངས་ཀྱི་དགེ་ཚུལ་བསྒྲུབ་པ་དང༌། །གཞན་ཡང་དགེ་བསྙེན་ཕ་མ་བསྙེན་གནས་སྡོམ། །ཐེག་ཆེན་གསོ་སྦྱོང་སྡེམ་པའི་རྒྱུན་ཀྱང་སྤེལ། །ན་ཚོད་གཞོན་དུས་ཚེགས་ལ་མ་འཛེམ་པར། །ཕར་ཕྱིན་འཛིན་གྲྭ་གཏུགས་སར་ཡང་ཡང་ཕྱིན། །རང་གི་ཤེས་ཚོད་རྩོད་པའི་ལེགས་ཉེས་ལ། །བལྟས་ནས་ལས་སྣ་རྣམས་ལ་བཀོད་ཁྱབ་བྱས། །རིགས་ལུང་རྒྱུགས་ཀྱང་ལན་འགར་བླངས་སྐབས་དང༌། །རྩིབ་བཞག་རྒྱུགས་རིང་དབྱངས་རྒྱུགས་བླངས་པའི་སྐབས། །ལེགས་ཉེས་བླང་དོར་བྱས་ནས་རྒྱུགས་ལྷག་རེ། །འབུལ་མཁན་རྣམས་ལ་གཟེངས་བསྟོད་སྦྱིན་ཆ་བསྟབས། །ཚོགས་ཆེན་འདུ་ཁང་ཡང་སྐྱོར་གསར་བསྐྲུན་སྐབས། །ཤིང་རྡོ་བཟོ་བོ་ལ་སོགས་ཚོགས་མང་འགྲིགས། །ལས་མི་མིང་བཀྲ་ལེགས་བས་ས་གཏིང་ནས། །འཛམ་ལྷ་དཀར་པོའི་སྐུ་བརྙན་རང་བྱུང་རྙེད། །གསང་འཇིགས་གཉིས་དང་གཟིགས་སྣང་སྒྲོལ་མ་དང༌། །ཚེམ་བུ་ལུགས་ཀྱི་སྤྱན་རས་གཟིགས་སོགས་ཀྱི། །བསྙེན་ཆེན་སྡོད་མཁན་སྔ་ཕྱི་མང་པོ་ལ། །སོ་སོའི་ཁྲིད་དང་ལུང་རྣམས་ལེགས་པར་ཕུལ། །ལུང་དཀར་དགོན་པ་མཚོ་བདུན་དགོན་པ་དང༌། །ཁ་ཤུ་སྒར་དང་ཐང་སྒོར་སེར་སྡེ་དང༌། །དམུ་དགེ་ས་སྒང་མཚན་སྤྲོགས་དགོན་སོགས་དང༌། །མཆོག་རྩེ་རྒྱལ་བློན་ཨ་འཁམས་གྲོང་སྡེ་སོགས། །གཞི་བྱེས་ཀུན་ནས་དབང་དང་རྗེས་གནང་དང༌། །ལུང་སོགས་མང་ཡང་སྔར་སྨོས་མཚོན་ཙམ་ལས། །ཡི་གེ་མང་དུ་དོགས་ནས་མ་བྲིས་ཀྱང༌། །དེ་དག་བསྟན་ལ་བྱ་བ་བྱས་ཁུལ་ཡིན། །ཚོགས་ཆེན་འདུ་ཁང་བརྩན་ཁང་གོང་འོག་དང༌། །བླ་བྲང་ནང་དང་ཁང་ཚན་སོ་སོ་དང༌། །དགོན་ཁག་འགའ་ཡི་སྐུ་གསུང་ཐུགས་རྟེན་ལ། །ཕྱག་བཞེས་བཞིན་དུ་སྤྱན་དབྱེའི་ཆོ་ག་བྱས། །འདུས་སྡེའི་རྒྱུན་གྱི་ཞི་རྒྱས་རྣམ་གཉིས་དང༌། །དབང་དྲག་གཉིས་དང་བདེ་མཆོག་སྒྲུབ་མཆོད་ཀྱི། །སྦྱིན་སྲེག་དང་ནི་ཁང་ཚན་སོ་སོ་སོགས། །རང་གཞན་ཀུན་དོན་སྦྱིན་སྲེག་མང་དུ་ཕུལ། །དམ་པའི་ལེགས་བཤད་ཉི་འོད་འབར་བའི་ཚེ། །གསར་རྩོམ་སྒྲོན་མེ་བཏེགས་པས་ཅི་ཞིག་བྱ། །འོན་ཀྱང་གཞན་གྱིས་ནན་བསྐུལ་མ་བཟློག་པར། །ངག་རྩོམ་བོ་ཏི་གཉིས་ལྷག་ལོངས་པར་བྲིས། །རང་ལོ་ང་གཅིག་ནས་བཟུང་ད་བར་དུ། །ལོ་ལྟར་རྒུན་དཔྱུད་ཟླ་བ་དྲུག་ལྷག་དུ། །བྱི་བ་རྒན་པོ་ཚང་ཉལ་དཔེ་བཞིན་དུ། །བཅད་རྒྱའི་ཚུལ་གྱིས་བཟླས་བརྗོད་བྱེད་ཁུལ་བྱས། །དད་གཤིན་དཀོར་རྫས་ཚོགས་སུ་མ་བཏང་བར། །རང་ཉམས་སྦྱད་ན་རྣམ་སྨིན་བཟོད་དཀའ་བར། །གཞུང་ལུགས་རྣམས་ལས་གསུངས་པ་བློ་ཕུག་ཏུ། །བཅུག་སྟེ་མཆོད་བཀུར་གཏོང་གསུམ་ཅུང་ཟད་བྱས། །དབུས་དང་གཙང་གི་ཕྱོགས་སུ་གཏོང་ཐེབས་ལ། །བོད་དངུལ་རྡོ་ཚད་ཉིས་བརྒྱ་ལྔ་བཅུ་ཡིས། །གདན་ས་བཞི་དང་རྒྱུད་གྲྭ་སྟོད་སྨད་སོགས། །ཆོས་སྡེ་མང་བོར་ཇ་ཐུག་ཊཾ་འགྱེད་ཕུལ། །རྒྱལ་དབང་པཎ་ཆེན་གཉིས་ལ་རྡོ་ཚད་རེ། །ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། །གྲྭ་བ་རེ་རེའི་ཕྱག་དུ་ཊཾ་འགྱེད་དང༌། །རྟེན་གསུམ་རྣམས་ལ་མཆོད་འབུལ་གང་རྒྱས་དང༌། །བླ་བྲང་བཀྲ་ཤིས་འཁྱིལ་དུ་སྔ་ལན་དུ། །རྡོ་ཚད་བཅུ་དྲུག་རྗེས་ལན་བཅུ་གསུམ་བཅས། །སྐུ་འགྱེད་མང་བསྐོལ་བསྙེན་བཀུར་བྱས་པའི་ཐོག །ཀྱཻ་རྡོར་གྲྭ་ཚང་ལའང་སྤྱི་འཇོག་ཕུལ། །ལོ་རེ་བཞིན་དུ་དགོན་ཁག་བདུན་བསྡུས་ནས། །སྒྲོལ་མ་བསྒྲུབ་ཅིང་སྨྱུང་གནས་ལན་མང་བསྲུང༌། །དེ་དག་སྐབས་སུ་ཇ་ཐུག་གང་ལེགས་གིས། །བསྙེན་བསྐུར་བྱས་ཐོག་འབུལ་བའང་གཟབ་ནས་ཕུལ། །སྐབས་གཅིག་གྲྭ་ཚང་བདུན་པོ་ལེགས་བསྡུས་ནས། །མ་ཎི་ཞག་བདུན་བསྒྲུབ་སྐབས་འགྲོ་སྒོ་ལ། །རྡོ་ཚད་བཅུ་གསུམ་ལྷག་དང་ཆོས་སྡེ་འདིར། །ཇ་ཕོག་ཐེབས་ལ་རྡོ་ཚད་བརྒྱད་ལྷག་ཕུལ། །སྔ་ཕྱིར་སྣར་ཐང་བཀའ་འགྱུར་ཚར་གསུམ་དང༌། །བསྟན་འགྱུར་བཅས་དང་ཐུགས་རྗེ་ཆེན་པོའི་སྐུ། །ཐོག་ཚད་ཅན་དང་ལུས་ཚད་གསེར་སྐུ་གསུམ། །བླུས་པའི་ཡོན་ལ་དངུལ་སྲང་མང་བོ་ཕུལ། །རང་ལོ་དོན་བདུན་རབ་ཚེས་མེ་སྟག་ལོར། །འཇམ་དབྱངས་བཞད་པའི་ཡང་སྤྲུལ་སྤྱན་དྲངས་ཏེ། །ཟླ་ཚེས་དགེ་པར་དཔོན་སློབ་སྡེ་བཅས་ལ། །སྐུ་ན་ཕྲ་ཡང་ངོ་མཚར་གསུང་བཤད་བཅས། །དགྱེས་བཞིན་འཇམ་དབྱངས་དམར་སེར་རྗེས་གནང་བསྩལ། །དངོས་ཟོང་དངུལ་སྲང་ཉིས་སྟོང་དྲུག་བརྒྱ་ཕུལ། །ཕྲན་ནས་ྋསྐྱབས་རྗེ་ཉིད་ལ་ཚེ་དབང་དང༌། །ཞབས་པར་རིང་འཚོའི་བརྟན་བཞུགས་ནན་ཏན་ཞུས། །ཁོང་ནས་བདག་ལ་ཚེ་སྐུ་གནང་བཞིན་པར། །སློབ་དཔོན་ཀླུ་སྒྲུབ་མཁན་ཆེན་ཞི་འཚོ་སོགས། །ལོ་མང་བཞུགས་པའི་རྣམ་ཐར་ཇི་བཞིན་དུ། །ཡུན་རིང་འཚོ་བར་མཛོད་ཅེས་བཀའ་གནང་མཛད། །སྨྲས་པ། ལུང་རྟོགས་ཡོན་ཏན་ཡིད་བཞིན་ནོར་བུའི་ཚོགས། །ཚིག་སྦྱོར་གསེར་གྱི་ཉག་ཐག་ལ་བརྒྱུས་པའི། །སྔོན་བྱོན་དམ་པའི་རྣམ་ཐར་ཕྲེང་མཛེས་ཀྱིས། །སྐལ་བཟང་གཞོན་ནུའི་མགུལ་པ་ཅིར་ཡང་མཛེས། །འདི་ན་འཇིག་རྟེན་འདི་སྣར་བྱ་བཞག་གི །ངང་ཚུལ་སྙེད་བཀུར་ཟང་ཟིང་ཡོ་ལང་གི །ལོ་རྒྱུས་ཚིག་སྤྱོར་ལམ་ནས་དྲངས་པ་ལ། །རྣམ་ཐར་ཅེས་སུ་བཏགས་པ་གད་མོའི་གནས། །ཡོན་ཏན་རྫོགས་པའི་བླ་མ་མིན་ནའང༌། །དད་གུས་ཡོད་ན་བྱིན་རླབས་འབྱུང་གསུངས་དང༌། །ནོར་སྐྱོང་མཆེ་བའི་རིང་བསྲེལ་ལོ་རྒྱུས་ལྟར། །མི་དབང་དད་པའི་རྟེན་དུ་མདོ་ཙམ་སྤེལ། །འདི་ལ་སྒྲོ་སྐུར་རྡུལ་གྱིས་སྤགས་པ་གང༌། །ཐོག་མེད་བསགས་པའི་སྡིག་ལྟུང་ཆབས་གཅིག་པར། །བླ་མ་ལྷར་བཅས་སྤྱན་སྔར་མཐོལ་བྱེད་ན། །བྱང་ཞིང་དག་ནས་སྒྲིབ་མེད་མཛད་དུ་གསོལ། །འདིར་འབད་དགེ་བས་ྋ་སྐྱབས་གཅིག་ཝཱ་གིནྡྲས། །གཙོར་བྱས་ཆོས་འབྲེལ་དངོས་ཐོབ་བཤེས་རྣམས་ཀྱིས། །རྗེས་བཟུང་ས་ལམ་བགྲོད་པ་མཐར་ཕྱིན་ནས། །བླ་མེད་སྐུ་བཞིའི་གོ་འཕང་མཆོག་ཐོབ་ཤོག །
ཅེས་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྟོགས་བརྗོད་མདོར་བསྡུས་མི་དབང་གཙུག་རྒྱན་ཞེས་བྱ་བ་འདི་ནི། གནམ་བསྐོས་གོང་མ་རིན་པོ་ཆེའི་གསེར་ལུང་གིས་མངོན་པར་མཐོ་བ་ས་སྐྱོང་མིའི་དབང་བོ་ཁང་སར་དཔོན་པོ་ནོར་འཛིན་ཉི་མ་དོན་གྲུབ་ཀྱིས་བཀྲ་ཤིས་རྟགས་མཚན་གྱིས་སྤྲས་པའི་དཀར་ཡོལ་འབྲས་དཀར་གྱིས་བཀང་བ་ལྷ་རྫས་བཅས་དང༌། གང་གི་བློན་ཚ་བ་ལྷ་དབང་བསྟན་གྱིས་དངུལ་ཊཾ་ལྷ་རྫས་བཅས་ཁོང་རྣམ་གཉིས་ནས་ལན་གྲངས་དུ་མའི་བར་དུ་ནན་ཆེར་བསྐུལ་བ་དང༌། གཅིག་ཏུ་བླ་མ་རྡོ་རྗེ་འཆང་ཆེན་པོ་ནས་ཁྱོད་ཀྱི་ས་བོན་རེ་འབྲི་དགོས་ཞེས་བཀའ་གནང་བ་མ་བཟློག་པའི་ཕྱིར་བྲིས་པ་ཡིན་ནའང༌། སྤྱིར་རྣམ་ཐར་ཅེས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། ཞེས་སོགས་གསུངས་པ་ལྟར། འགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་འབྲས་ཀྱི་རྟོགས་པ་མངོན་དུ་མཛད་པ་ན་བརྗོད་བྱ་དོན་གྱི་རྣམ་ཐར་དང༌། དེ་ཉིད་བརྗོད་བྱར་བྱེད་པའི་བསྟན་བཅོས་ནི་རྗོད་བྱེད་ཚིག་གི་རྣམ་ཐར་ཡིན་ལ། བདག་ལ་དེ་ལྟ་བུའི་རྣམ་ཐར་ཀྱི་ཆ་རྡུལ་ཙམ་ཡང་མ་མཆིས་ནའང༌། བསྐུལ་བ་བོ་རྣམས་ཀྱི་ངོ་མ་བཟློག་པར་ལོ་རྒྱུས་རགས་བསྡུས་ཀྱི་ཚུལ་དུ་སྙན་ངག་དང་མངོན་བརྗོད་བརྡ་རྙིང་སོགས་ཀྱིས་མ་བཅིངས་བར༌༸དབྱངས་ཅན་བཞད་བའི་རྡོ་རྗེས་བཅད་རྒྱའི་ཐུན་མཚམས་རྣམས་སུ་སྦྱར་བས་ཡེ་གེ་བ་ནི་དགེ་སློང་གྲགས་པ་ཀླུ་སྒྲུབ་ཀྱིས་འགྱིས་བ་ཛ་ཡནྟུ།། །།ངག་དབང་འཇམ་དཔལ་གཞོན་ནུ་ཡབ་སྲས་ཀྱི། །ཞབས་སེན་འོད་དམར་གྱིས་མཛེས་དགེ་མཚན་དཔ༷ལ། །མཆོག་ལྡ༷ན་སྨྲ་བ༷འི་སེང་གེའི་གླིང༷་མཆོག་ནས། །ཆོས་སྦྱིན་ཟད་མེད་གྲུ་ཆར་འདི་ཕབ་པོ།།