མགུར་མ།

དགའ་ལྡན་ཤར་རྩེའི་མཁན་ཟུར་སྐྱབས་རྗེ་ཨ་མཆོག་རིན་པོ་ཆེའི་ཞལ་སྔ་ནས། བོད་ཡུལ་གྱི་འཇང་དགུན་ཆོས་སོགས་ལ་མགུར་ཞིག་གནང་འདུག །
རང་བྱུང་ཁམས་ཀྱིས་བྱིན་པའི་སྤྱིལ་བུའི་ནང་།། བསམ་གཏན་སྒོམ་པའི་མི་ལ་རས་པ་ལ།།
ཟ་ཕྲུག་སློང་བའི་དྲྭ་ལམ་ཀུན་རྟོག་ཀློང་།། སྒྱུ་མའི་འཇའ་རིས་འཆར་ལ་མགུར་ཞིག་བླངས།།
གནའ་བོའི་དུས་ནས་འཕགས་བོད་མཁས་མང་གི། འགྲོ་འོང་ཞབས་རྗེས་སུབ་པར་མ་གྱུར་པའི།།
གཞུང་ལམ་སྟེང་གི་ཕྱག་དང་ཞབས་རྗེས་སྟེང་།། ལག་རྗེས་རྐང་རྗེས་འཇོག་པར་སུ་མི་གུས།།
མངོན་གྱུར་ཚ་གྲང་མཐོ་དམན་མི་འདྲ་བའི།། ལྷོ་བྱང་ཡུལ་གྱི་ཁྱད་པར་རོ་གཅིག་ཏུ།།
སྤྱོད་པའི་སྐལ་བ་རིགས་པས་བསལ་བ་ན།། ཡུལ་དུས་ཁྱད་པར་སོ་སོར་ཤེས་པ་གཅེས།།
དུས་བཞིའི་ཁྱད་པར་ལྷང་ལྷང་གསལ་བ་བཞིན།། དབྱར་དགུན་སྟོན་དཔྱིད་ཆོས་ཐོག་ཆོས་མཚམས་ཀྱི།།
མཛད་རིམ་བཅའ་ཡིག་དམ་པའི་ཞལ་ཆེམས་དག། ཕྲག་པར་བབས་པའི་ལས་ལ་སུ་ཞིག་བཤུངས།།
རང་རང་ཕྱག་སྲོལ་རྨང་གཞིར་ལེགས་བཟུང་ནས།། རང་དགོན་ནང་དུ་རང་བསྟན་སྤེལ་བ་དང་།།
དུས་དང་འབྱོར་པར་བསྟུན་ཏེ་ལྷ་རམས་རྣམས།། ཞལ་འཛོམས་བགྲོ་གླེང་བརྩོན་པ་གནད་དུ་གལ།།

འཕགས་པའི་ཡུལ་དུ་སེ་འབྲས་དགེ་གསུམ་ཞེས།། གདན་ས་གསུམ་དུ་འཇང་དགུན་ཆོས་ཐོག་དང་།།
དགེ་ལུགས་རྒྱུགས་སྤྲོད་ཅེས་བྱར་ལོ་མང་རིང་།། ཡུན་རིང་ཕྲག་པ་བདར་བའི་ཆོས་གྲོགས་རྣམས།།
ཡང་ཡང་ཞལ་འཛོམས་བགྲོ་གླེང་གོ་སྐབས་ཕྱིར།། དམ་ཚིག་ལྡན་པའི་རེ་བའི་སྨོན་ལམ་ནི།།
རྒྱུན་དང་འཕར་མའི་ཆོས་ལྡན་བྱ་བའི་དུས།། ལག་གཉིས་ཐལ་མོ་སྦྱོར་བཞིན་གསོལ་འདེབས་ཞུ།།
ལུང་པ་རེ་ལ་ཆུ་རྒྱུན་རེ་རེ་འབབ།། ས་གནས་རེ་ལ་དགོན་པ་རྒྱ་ཕིབས་མཛེས།།
འཇང་དགུན་ཆོས་ཐོག་མགྲོན་འབོད་གང་མཛད་ལ།། བཅར་བ་དགག་དགོས་ཅི་མཆིས་དཔྱད་པས་ཤེས།།
སེར་ཤུལ་མདོ་ཁམས་འཇང་དགུན་ཆོས་ཐོག་ཏུ།། ལོ་ངོ་གསུམ་བཞིར་བསྟུད་མར་རྣམ་འགྲེལ་ལ།།
ཐོས་བསམ་བྱས་པས་ཡར་སྐྱེད་ཇི་བྱུང་ལ།། དྲང་མོའི་བློ་ཡིས་དཔྱད་ན་ཡི་རང་འདྲེན།།
གདན་ས་སེར་འབྲས་དགེ་གསུམ་ཞེས་གྲགས་པའི།། ཕྱག་སྲོལ་བརྒྱུད་པ་ཡོད་མེད་ཐམས་ཅད་ཀྱིས།།
འཇང་དགུན་ཆོས་ཐོག་འཛུགས་ལ་བྲེལ་ཚུབ་ལངས།། གཡས་གཡོན་ཀུན་ནས་མགྲོན་ཤོག་རླུང་རྟ་འཐོར།།
མགྲོན་ཤོག་རེ་རེའི་མཇུག་ལ་གྲྭ་པ་རེ།། དབུགས་ཀྱི་རྒྱུ་བ་བརྩེགས་བཞིན་བསྐྱོད་ཐལ་ན།།
རང་གི་ཆོས་རྭའི་སྒོ་མོ་གདན(1 གཏན)་པ་ལས།། འཆད་ཉན་རྩོད་གྲྭའི་ཉམས་ལེན་སུ་ཡིས་བྱེད།།
ཚད་མ་རྣམ་འགྲེལ་འདི་ཡི་འཆད་ཉན་གྱི།། གཞི་རྩ་བརྟན་པོ་ཡོད་པར་རློམ་པ་དང་།།
ཕྱོགས་སུ་གྲགས་པ་འབར་ཕྱིར་ཚབ་ཚུབ་ངང་།། མི་ཚོགས་བསྡུ་ཕྱིར་འབྱོར་པ་ཕངས་མེད་གཏོང་།།
ཐོག་མར་གདན་གསུམ་མཁས་པའི་མདུན་ས་ནས།། རྣམ་འགྲེལ་རྩ་བ་བློ་འཛིན་ཚིག་འགྲེལ་དང་།།
རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་ཊཱིཀའི་སྟེང་།། ལན་མང་མཛུབ་ཁྲིད་འཕྲོས་པ་དོགས་དཔྱོད་མཛོད།།
ལྷག་པར་མཐར་ཆགས་རྩོད་གཞུང་མ་ལུས་པར།། ཆོས་རྭར་རྩོད་པ་དམ་བཅའ་ཁག་ཆེ་ཆུང་།།
ཀུ་རེ་ཙམ་མིན་མཁས་པ་དགྱེས་བྱེད་པའི།། རྩོད་པ་རྩོད་ལན་བྱེད་པ་གནད་དུ་གལ།།
འོ་མ་བཏུང་བར་འདོད་པ་རྣམས།། ཐོག་མར་མཛོ་མོ་བཞོ་དགོས་བཞིན།།
བརྒྱུན་ལྡན་གདན་སའི་ལྷ་རམས་པའི།། མདུན་དུ་ཕྱག་གསུམ་འཚལ་བ་གནད།།
སློབ་ཆུང་འགྲིམ་པའི་སློབ་མ་དག། སློབ་ཆེན་ཟིན་པའི་མཁས་པ་དང་།།
ཕྲག་པ་བདར་བའི་གྲབས་གཤོམ་འདི།། ཐོག་མ་ཉིད་ནས་མི་མཛད་འཚལ།།
དྲང་གཏམ་ཚངས་ཐིག་འདི་ཡིས་སྲིད་དང་ཞིའི།། བྱ་བ་ཀུན་ལ་མཁོ་བའི་འཆར་གཞི་དང་།།
ཚབ་ཚུབ་མི་མཛད་རྨང་གཞི་བརྟན་པོ་ཡིས།། མཐར་ཐུག་རྣམ་འགྲེལ་འཆད་ཉན་རྒྱས་པར་ཤོག །