སྙན་ངག་མེ་ལོང་གི་དཔེར་བརྗོད་དྲི་ཟའི་བུ་མོའི་གླུ་དབྱངས།།

༄༅། །བུཎྱབྷཱུམིབཊུསྱཁཾདཎྜིསྱབྷིསནྡྷིཀཱནྟཀབྱཱདརྴཊུདཱཧྲཾདགནྡྷརྦོཿ སུཏཾསྱགཱནནཱམབིཧརཏིསྨ།
༄༅། །འཕགས་ཡུལ་མཁས་པའི་དབང་པོ་དཎྜིའི་དགོངས་བཞེད་སྙན་ངག་མེ་ལོང་གི་དཔེར་བརྗོད་དྲི་ཟའི་བུ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །
ཎིབྲབཉྩཀྵརོདྷཱརྨདྷཱཏུ་སྨྲིཏེཿ ནིརྨིཏཱམེཡཀོཊེཛིརཿ ཏཱཎྚབི།
འགྱུར་མེད་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས། །དཔག་མེད་ཞིང་དུ་མཐའ་གླས་སྤྲུལ་པའི་གར། །
མུ་ཀྟ་པྲྀ་དྡྷོ་ཏྟ་མ་གྲཱ་ཧ་ཎཱཾ་གཽ་བི་བྷུཿབོ་དྷཾ་བཏ་ཏྐི་ལཱ་པྲ་བྟ་མུ་རྡྷེ་ཛ་ཡཿ །
འབྱེད་མཁས་བླ་མ་ཁྱབ་བདག་རྡོ་རྗེ་འཆང༌། །བྱང་ཆེན་མ་ཐོབ་དེ་སྲིད་གཙུག་ན་རྒྱལ། །ལི་ཁྲིའི་རྡུལ་བརྩེགས་ལྷུན་པོར་ཉིན་བྱེད་གཟིས། །འཁྱུད་པའི་དཔལ་འཛིན་བརྒྱད་གཉིས་ལང་ཚོ་ཅན། །ཡིད་འཕྲོག་མཚན་དཔེའི་དཔལ་འབར་འཇམ་པའི་དབྱངས། །སྙིང་ལ་རོལ་ཏེ་ངག་གི་དབང་ཕྱུག་སྩོལ། །གདོད་ནས་རྣམ་དག་སྒྲིབ་བྲལ་ཡེ་ཤེས་མདངས། །མཚར་སྡུག་སྨིན་ལེགས་ཉམས་བརྒྱས་སྒེག་པ་མོ། །ཚངས་སྲས་མ་ཀྱེ་མགྲིན་མཚོར་རྟག་བཞུགས་ནས། །འཛད་མེད་ངག་གི་གཏེར་རྒྱ་གྲོལ་མཛོད་ཅིག །དབྱངས་ཅན་མགྲིན་པར་ཆགས་པའི་ངོ་མཚར་གྱི། །སྙན་འགྱུར་ལེགས་བཤད་གསར་བའི་མ་ལི་ཀ །ལྷོ་ཕྱོགས་ནོར་འཛིན་སྒེག་མོའི་མཛེས་རྒྱན་དུ། །བསྐྲུན་མཛད་མཁས་དབང་དཎྜི་ཕྱག་གི་ཡུལ། །གང་དེའི་བཞེད་གཞུང་ཡན་ལག་བརྒྱད་ལྡན་ཆབ། །བསིལ་ལྡན་རྭ་བས་ཡོངས་བསྐོར་འཇིག་རྟེན་འདིར། །འདྲེན་མཁས་ཤོད་དབང་སྐལ་ལྡན་ཤིང་རྟའི་མཆེད། །ཡབ་སྲས་བརྒྱུད་པར་བཅས་ལ་སྙིང་ནས་དད། །ལྔ་རིག་གཞུང་ལ་བལྟ་བའི་བློ་མིག་དཔལ། །འགྱེད་མཛད་སྒྲ་རིག་སྨྲ་བའི་ཁྱུ་མཆོག་ཆེ། །མཚུངས་བྲལ་ཡོངས་འཛིན་རཏྣའི་མཚན་ཅན་ལ། །མི་ཕྱེད་དད་པའི་ཡིད་ཀྱིས་ལན་བརྒྱར་བསྟོད། །མགོན་དེའི་ཞལ་ལུང་བདུད་རྩིའི་གཟེགས་མའི་ཆ། །མི་ཤིགས་སྙིང་གི་ག་འུར་སིམ་པའི་མོད། །སྡེབ་ལེགས་སྙེན་འགྱུར་རིན་ཆེན་དོ་ཤལ་ཕྲེང༌། །སྤེལ་འདི་དཔྱོད་ལྡན་མགུལ་བའི་རྒྱན་དུ་ལོངས། །ཞེས་བདེ་ལེགས་སུ་བྱེད་པའི་ཚིག་གིས་མདུན་བསུས་ཏེ། །གང་བརྗོད་པར་བྱ་བ་ནི། མདོ་ལས། བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་མ་བསླབ་ན་ནི་ནམ་དུ་ཡང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། ། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པའི་ངོ་བོ་ལྔ་ལ་བསླབ་པར་བྱའོ། ། ཞེས་སོགས་གསུངས་པ་ལྟར། ། ཐར་པ་མཆོག་གི་གྲོང་ཁྱེར་དུ་འཇུག་པ་ལ་སྲིད་རྩ་གཅོད་བྱེད་ཀྱི་ཤེས་རབ་བསྐྱེད་དགོས་པས། ། དེ་འཕེལ་བར་བྱ་བའི་ཐབས་རིགས་གནས་རྣམས་ཀྱང་དངོས་བརྒྱུད་ཅི་རིག་པའི་སྒོ་ནས་ཉོན་མོངས་འདུལ་བའི་ཐབས་སུ་གསུངས་པའི་ཕྱིར་ན་སློབ་དགོས་པར་གསུངས་པ་ཡིན་ནོ། ། གང་ལ་བསླབ་པར་བྱ་བའི་ཡུལ་ཚར་གཅོད་རྗེས་འཛིན་ཀུན་མཁྱེན་གྱི་རིག་པ་གསུམ་མམ། ཐུན་མོང་མ་ཡིན་པ་དང་ཐུན་མོང་བའི་རིག་གནས་གཉིས་ལས། ཕྱི་མ་ཐ་སྙད་རིག་པ་ལྔའི་ནང་ཚན་སྙན་ཚིག་གི་རིག་པ་འདི། སྤྱིར་རིག་གནས་ཀུན་ལ་འཇུག་པ་དང༌། ལྷག་པར་ནང་རིག་པའི་སྡེ་སྣོད་ཐམས་ཅད་རྗོད་བྱེད་སྙན་ངག་གི་གཟུགས་ཁོ་ནར་གནས་པས་ན་བཅུ་ཕྲག་རིག་གནས་ཀྱི་གཙོ་བོར་མཁས་པ་དག་བཞེད་དེ། ཙནྟྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། ། རྩོད་འཆད་ངག་ལ་མ་ངེས་པ། ། སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། ། ཞེས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་མཆོག་རྩོམ་པའང་རིག་པ་འདི་ལ་རག་ལས་པ་ནི། ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས། ། ས་སྟེང་འདི་ན་རིན་ཆེན་རྣམ་པ་གསུམ། ། ཞེས་བསྟོད་བསྔགས་ཀྱི་ཡུལ་གསུམ་གྱི་ཡ་གྱལ་སྙན་ངག་གི་གཞུང་ཐམས་ཅད་ཀྱི་བླ་མར་གྱུར་བ་འཕགས་ཡུལ་སྨྲ་བའི་ཁྱུ་མཆོག་དཎྜིའི་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་འགོད་པ་ལ། ། རྗེ་ཟུར་མཁར་པ་དང༌། སྐྱབས་མགོན་ལྔ་པ་སོགས་ཀྱིས་སྐྱེས་བུའི་ལུས་སྲོག་རྒྱན་གསུམ་དཔེར་བྱས་ཏེ་སྡེ་བཞིས་བསྡུས་པའི་བརྗོད་བྱའི་དོན་རྣམས་ལ་སྲོག་ཅེས་འཆད་ལ། རྩ་བར། དེ་རྣམས་ཀྱིས་ནི་སྙན་ངག་གི ། ལུས་དང་རྒྱན་ཡང་རབ་ཏུ་བསྟན། ། ཅེས་དངོས་བསྟན་ལ་སྙན་ངག་གི་ལུས་དང༌། རྒྱན་གཉིས། དང་པོ་ནི། གང་ཚིག་སྦྱོར་གྱིས་མཛེས་པར་བྱ་བའི་གཞིའམ་ཆོས་ཅན་ཏེ། རྗོད་བྱེད་ཀྱི་ཚིག་བཅད་ལྷུག་སྤེལ་མ་རྣམས་སོ། །

གཉིས་པ་ནི། ལུས་དེ་མཚོན་པར་བྱེད་པའི་ཁྱད་ཆོས་ཚིག་གི་སྦྱོར་བ་ལ་བྱ་སྟེ། རྩ་བར། སྙན་ངག་མཛེས་པར་བྱེད་པ་ཡི། ། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། ། ཅེས་གསུངས། འདི་ལ་ཐུན་མོང་མ་ཡིན་པ་དང༌། ཐུན་མོང་གི་རྒྱན་གཉིས་ལས། རེ་ཞིག་ལྷོ་ཤར་ཐུན་མོང་དུ་འདོད་པའི་རྒྱན་ལ། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་དང་གསུམ།དང་པོ་ལ་བརྗོད་བྱའི་དོན་སྦྱོར་ཚུལ་གྱི་ཆ་ནས་དབྱེ་བ་སོ་ལྔ་ཡོད་པས།
དང་པོ་རང་བཞིན་བརྗོད་པ་ནི། རྩ་བར། དངོས་པོ་རྣམས་ཀྱི་རང་བཞིན་དང༌། ། གནས་སྐབས་སྣ་ཚོགས་དངོས་གསལ་བྱེད། ། དེ་ནི་རང་བཞིན་བརྗོད་པ་སྟེ། ། དང་པོའི་རྒྱན་ཡིན། ཞེས་བརྗོད་བྱའི་དངོས་པོ་གོང་གི་གནས་ཚུལ་ལམ། རང་བཞིན་ལ་སྒྲོ་སྐུར་སྤངས་ཏེ་དངོས་སུ་གསལ་བར་བྱེད་པའི་ཚིག་སྦྱོར་རོ། །
དབྱེ་ན་བཞི་ལས། དང་པོ་རིགས་རང་བཞིན་བརྗོད་པ་ནི། ཕུན་ཚོགས་མཚན་དཔེའི་དཔལ་ཀུན་རྫོགས་པའི་སྐུ། ། སྙན་འཇེབས་དྲུག་བཅུའི་དབྱངས་ལྡན་འགགས་མེད་གསུངས། །སྒྲིབ་བྲལ་ཆོས་ཀུན་མ་ལུས་མཁྱེན་པའི་ཐུགས། །འགྲོ་བའི་མགོན་པོ་རྣམ་འདྲེན་རྫོགས་སངས་རྒྱས། །
གཉིས་པ་བྱ་བ་རང་བཞིན་བརྗོད་པ་ནི། སྔ་བདོའི་འགྲོ་རྣམས་འཁོར་བའི་རྒྱ་མཚོ་ལས། ། སྒྲོལ་ཕྱིར་རྒྱལ་ཀུན་བཤེས་གཉེན་ཚུལ་དང་ནི། ། རེ་འགའ་གྲོགས་སོགས་གང་ལ་གང་འདུལ་གྱི། ། སྐུ་ཡི་བཀོད་པ་སྣ་ཚོགས་སྟོན་པར་མཛོད། ། ཡང་ན།བདག་མགྲིན་ལོངས་སྤྱོད་འཁོར་ལོའི་ལྟེ་བ་ན། ། ཡིད་འོང་ཚངས་སྲས་གཞོན་ནུ་དགྱེས་དགུ་རུ། ། རོལ་བ་ལས་བྱུང་སྙན་ཚིག་འབུམ་སྡེའི་དབྱངས། ། དཔྱོད་ལྡན་ཡིད་དབང་དགའ་བསྐྱེད་གསོས་སུ་སྨིན། ། ཡང་ན། སྐལ་ལྡན་མཁས་མང་འདུས་པའི་གདུལ་བྱ་ལ། ། མཚུངས་བྲལ་སྐྱབས་གཅིག་རྡོ་རྗེ་འཆང་དབང་གིས། ། གཞུང་ལུགས་གདམས་པའི་གནད་དོན་ཇི་བཞིན་དུ། ། འཆད་པར་མཛད་འདིས་བློ་གསལ་དགའ་བ་བསྐྱེད། །
གསུམ་པ་ཡོན་ཏན་རང་བཞིན་བརྗོད་པ་ནི། །རབ་དཀར་ལང་ཚོ་དར་བབས་མཚོ་ལྡན་མའི། །བྱིན་རླབས་སྙིང་ལ་ཞུགས་པ་ཉིད་ཙམ་གྱིས། །རྨོངས་པ་ཀུན་སེལ་ཟབ་གསལ་མྱུར་བའི་བློས། །ཤེས་བྱའི་གནས་ལུགས་མྱུར་དུ་རྟོགས་པར་གྱུར། །
བཞི་པ་རྫས་རང་བཞིན་བརྗོད་པ་ནི། །དཀར་འཇམ་དྲི་མེད་མདངས་ལྡན་མཛེས་པའི་སྐུ། །ཟུང་གཉིས་ཕྱག་གི་དང་པོས་ཐལ་མོ་སྦྱར། །དེ་འོག་གཉིས་ཀྱིས་ཤེལ་ཕྲེང་པདྨ་བསྣམས། །འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་གངས་རིའི་མགོན། །ཡང་ན། ཡིད་འཕྲོག་ལྕང་ལོ་ཅན་གྱི་སྐྱེད་ཚལ་ནས། །དབྱིག་གི་ཆར་འབེབས་བྱང་ཕྱོགས་སྐྱོང་པའི་བདག །རྒྱལ་མཚན་ནེའུ་ལེས་ཕོངས་པའི་སྡུག་བསྔལ་ཀུན། །སེལ་མཛད་གདོང་ལྔའི་སྟེང་ན་འགྱིང་ཏེ་བཞུགས། །
གཉིས་པ་དཔེ་རྒྱན་ནི། ཇི་ལྟ་ཇི་ཞིག་ལྟར་མཚུངས་པར། །གསལ་བ་གང་དུ་རྟོགས་བྱེད་པ། །ཞེས་མཚོན་བྱེད་དཔེ་ལ་ཁྱད་ཆོས་ཇི་ལྟར་ཡོད་པ་དེ་ལྟར་མཚོན་བྱའི་དཔེ་ཅན་དེའི་དོན་གྱི་དངོས་པོ་ལའང་ཡོད་པར་མཚུངས་པ་གསལ་བར་རྟོགས་ནུས་པའི་ངག་སྟེ། །དབྱེ་ན་སོ་གཉིས་ཡོད་པས་དང་པོ་ཆོས་དཔེ་ནི། བགྲང་ཡས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་པ། །བློ་གཏེར་མཁྱེན་པའི་དབང་པོའི་གཟུགས་ཀྱི་སྐུ། །ལི་ཁྲིའི་ལྷུན་པོར་ཉི་གཞོན་བྱེ་བ་ཡིས། །འཁྱུད་པ་ཇི་བཞིན་དམར་སེར་འོད་ཀྱིས་མཛེས། །
གཉིས་པ་དངོས་དཔེ་ནི། རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་དེའི་སྐུ། །ཉིན་བྱེད་འོད་ཀྱིས་འཁྱུད་པའི་གསེར་རི་བཞིན། །ཁྱིམ་དང་ཟླ་བའི་གྲངས་ལྡན་མཚན་དཔེ་ནི། །མཁའ་ལ་རྒྱུ་སྐར་རི་མོ་བཀྲ་བ་བཞིན། །
གསུམ་པ་བཟློག་པའི་དཔེ་ནི། གངས་ལྗོངས་འགྲོ་བའི་མགོན་པོའི་བསྟན་པ་ཉིད། །ཉམས་སུ་བླངས་ན་གཏན་གྱི་བདེ་སྟེར་བཞིན། །འདོད་རྒུ་ཀུན་བྱུང་ལྷ་ཡི་ལྗོན་པ་ལ། །རྩེ་གཅིག་གསོལ་བ་བཏབ་ན་དགོས་འདོད་སྟེར། །
བཞི་པ་ཚུན་གྱི་དཔེ་ནི། ཡབ་གཅིག་འཇམ་པའི་དབྱངས་ཀྱི་འཕྲིན་ལས་བཞིན། །ཉི་མའི་འོད་ཀྱིས་གླིང་བཞིའི་ཁྱོན་ཀུན་གསལ། །རྟ་ལྗང་དབང་པོའི་འོད་སྣང་ཇི་བཞིན་ཏུ། །ཕྱོགས་བྲལ་འགྲོ་ལ་གང་དེའི་འཕྲིན་ལས་འཇུག །
ལྔ་པ་ངེས་པའི་དཔེ་ནི། འཇམ་དབྱངས་བླ་མའི་ལེགས་བཤད་འདི་དག་ནི། །འཕགས་ཡུལ་མཁས་མཆོག་ཀླུ་སྒྲུབ་གསུང་རབ་དང༌། །མཚུངས་ཀྱི་གཞན་ན་དེ་འདྲའི་དོ་ཟླ་ནི། །སྲིད་པར་འགྱུར་མིན་མགྲན་ཟླ་ཀུན་དང་བྲལ། །
དྲུག་པ་ངེས་མེད་ཀྱི་དཔེ་ནི། མཆོག་ཐུན་དངོས་གྲུབ་སྩོལ་མཛད་བླ་མ་དང༌། །འགྲོ་བའི་ཕོངས་པ་ཀུན་སེལ་ཡོངས་འདུས་ལྗོན། །འདི་དག་མཚུངས་ཀྱི་ངང་ཚུལ་གཞན་དག་ན། །དེ་འདྲ་སྲིད་ཚེ་དེ་ཡང་དཔེ་ཟླར་བྱེད། །
བདུན་པ་བསྡུས་པའི་དཔེ་ནི། ཤིང་རྟ་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་དང༌། །འཕགས་བོད་མཁས་པའི་གཙུག་རྒྱན་ཨ་ཏི་ཤ། །འཆད་རྩོད་རྩོམ་པ་ཁོ་ནས་མཚུངས་མིན་པར། །རིམ་གཉིས་རྟོགས་པའི་མཐར་སོན་ཚུལ་འདིས་ཀྱང༌། །
བརྒྱད་པ་ཕུལ་བྱུང་གི་དཔེ་ནི། འགྲོ་བའི་མགོནཔོ་ཆོས་རྒྱལ་འཕགས་པ་དང༌། །སྨྲ་བའི་དབང་ཕྱུག་འཇམ་དཔལ་གཞོན་ནུ་གཉིས། །སྐུ་ཡི་རྣམ་པ་ཙམ་ཞིག་ཁོ་ན་ལས། །ཁྱད་ཆོས་གཞན་ནི་ཀུན་མཁྱེན་ཡུལ་ལས་དབེན། །
དགུ་པ་རབ་བཏགས་ཀྱི་དཔེ་ནི། །རྒྱལ་ཀུན་ཡུམ་གྱུར་སྒྲོལ་མའི་འཕྲིན་ལས་དེ། །སྐྱེ་རྒུ་བདག་པོ་འཁོར་ལོའི་ལག་ཅན་གྱིས། །མངའ་ཞེས་ནམ་ཡང་སྙེམས་པར་མི་བྱེད་དེ། །བསམ་འཕེལ་དབང་རྒྱལ་དེས་ཀྱང་མགྲན་ཟླ་བྱེད། །
བཅུ་པ་རྨད་བྱུང་གི་དཔེ་ནི། །འདོད་རྒུ་ཀུན་འབྱུང་དབང་གི་རྒྱལ་བོ་དེས། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་སོགས། །སྐལ་ལྡན་འགྲོ་བའི་རེ་བ་སྐོང་ནུས་ན། །རྣམ་འདྲེན་བཞི་པ་དེ་ཡི་མཚུངས་ཟླར་འོས། །
བཅུ་གཅིག་པ་རྨོངས་པའི་དཔེ་ནི། ཁམས་གསུམ་ཟ་བྱེད་རྡོ་རྗེ་འཇིགས་མཛད་ཀྱི། །ཧ་ཧའི་གད་མོ་དབྱར་སྐྱེས་སྒྲ་བརྒྱ་བར། །འཛིན་པའི་བློ་ཡིས་ཆུ་འཛིན་བུ་མོའི་གཏམ། །སྒྲ་འཛིན་བུ་གར་སིམ་ཚེ་རྣ་བ་བཏེགས། །
བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། །རབ་སྙན་ཡིད་དབང་འཕྲོག་མཛད་སྒྲ་དབྱངས་འདི། །སྐབས་གསུམ་པ་ཡིས་གླུ་དབྱངས་སྒྲོགས་པའམ། །ཡང་ན་རྒྱལ་ཚབ་བྱམས་པའི་གསུང་ངམ་ཅི། །གང་ཡིན་རང་བློས་མི་དཔོག་ཐེ་ཚོམ་གནས། །
བཅུ་གསུམ་པ་གཏན་ལ་འབེབས་པའི་དཔེ་ནི། དམར་གསལ་འགྱིང་ལེགས་གཟི་བྱིན་རབ་འབར་འདི། །བྱུ་རུའི་རྐང་འཐུང་ཚལ་དང་མཚུངས་མོད་ཀྱང༌། །རྒྱན་དང་ཨུཏྤལ་མཚོན་ཆས་རབ་མཛེས་པས། །སྲིད་གསུམ་དབང་མཛད་རིག་བྱེད་ལྷ་མོར་ངེས། །
བཅུ་བཞི་པ་སྦྱར་བའི་དཔེ་ནི། རབ་དཀར་གསལ་དྭངས་དྲི་མས་རབ་དབེན་ཞིང༌། །འགྲོ་བའི་མུན་པ་ཀུན་ནས་སེལ་མཛད་པ། །སྙིང་རྗེའི་གཏེར་ཆེན་གྲུ་འཛིན་བདག་པོ་ཉིད། །ཆ་ཤས་ཀུན་རྫོགས་བསིལ་ཟེར་ཅན་དང་མཚུངས། །
བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ་ནི། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །མཁས་པའི་མཐར་སོན་ཕྱོགས་ཀྱི་གླང་པོ་བཞིན། །འཁྲུལ་བྲལ་ཚད་མའི་ལུང་དང་རིགས་པ་ཡིས། །སྨྲ་ངན་ཕས་རྒོལ་ཁེངས་པ་འཕྲོག་པར་བྱེད། །
བཅུ་དྲུག་པ་བསླད་པའི་དཔེ་ནི། གསེར་མངལ་ལང་ཚོ་ལྡན་ཡང་སྲིད་པར་ཆགས། །བརྒྱ་བྱིན་མིག་སྟོང་ལྡན་ཡང་འདོད་བདེར་གཡེང༌། །དེ་དག་ཀུན་ལས་མཉམ་མེད་བུ་རམ་ཤིང༌། །མཚུངས་པ་ལས་ཀྱང་ཡོན་ཏན་དུ་མས་ལྷག །
བཅུ་བདུན་པ་བསྔགས་པའི་དཔེ་ནི། །གནམ་བསྐོས་ཙི་ནའི་བདག་པོ་འཇམ་དཔལ་གྱི། །མངའ་ཐང་དཔལ་འབྱོར་ལོངས་སྤྱོད་ཇི་ལྟ་བུར། །འཇིག་རྟེན་མེས་པོ་ལྷ་ཆེན་ཚངས་པ་ཡང༌། །སྲིད་པ་གསུམ་ན་ཟླ་མེད་དཔལ་དང་ལྡན། །
བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ་ནི། སྐྱོན་གྱི་དྲི་མ་བྲལ་ལམ་མ་བྲལ་ཀྱང༌། །སྲིད་ན་ཟླ་མེད་དཔག་བསམ་ལྗོན་པ་དང༌། །ཞྭ་སེར་རིང་ལུགས་ཕན་བདེའི་འབྱུང་གནས་དག །མཚུངས་ཞེས་བརྗོད་འདོད་བདག་གི་ཡིད་ལ་བཅགས། །
བཅུ་དགུ་པ་འགལ་བའི་དཔེ་ནི། །གཏིང་མཐའ་བྲལ་བའི་མ་དྲོས་གདེངས་ཅན་མཚོ། །ཟབ་ཡངས་ཀུན་གསལ་རྣམ་སད་རོལ་བའི་གནས། །ཡིད་བཞིན་འཁོར་ལོའི་རྒྱ་ཆེན་མཁྱེན་པའི་ཐུགས། །འདི་གསུམ་རྣམ་པར་འགལ་བ་ཉིད་ཁོ་ན། །
ཉི་ཤུ་པ་དགག་པའི་དཔེ་ནི། ཆགས་སོགས་ཉོན་མོངས་དག་གིས་རྒྱུད་དཀྲུགས་པའི། །ཀ་ལ་པིངྒའི་སྙན་པའི་གླུ་དབྱངས་འདི། །ཚེ་མཐའ་ཡས་པ་འཕགས་མ་རྣམ་རྒྱལ་མའི། །གསུང་དབྱངས་ངག་ལ་འགྲན་པའི་དོ་ཟླ་མིན། །
ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ་ནི། བདེ་ལྡན་ཞིང་གི་མགོན་དེའི་གཟུགས་སྐུའི་མདངས། །པདྨ་རཱ་གའི་ལྷུན་པོར་ཉིན་བྱེད་ཀྱིས། །འཁྱུད་པའི་དཔལ་ལས་ཁྱད་པར་འཕགས་པའི་ཆོས། །འདྲེན་བྱེད་ཚད་མའི་ཡུལ་ལས་དབེན་ཕྱིར་མཚུངས། །
ཉེར་གཉིས་པ་དེ་ཉིད་བརྗོད་པའི་དཔེ་ནི། །དཀར་གསལ་རབ་མཛེས་འོད་སྣང་ལྡན་པ་འདི། །ཟླ་བ་མ་ཡིན་ཡིད་བཞིན་འཁོར་ལོའི་ཞལ། །སྣ་ཚོགས་རི་མོའི་རྒྱན་གྱིས་སྤུད་པ་འདི། །རི་དྭགས་མཚན་མ་མིན་ཏེ་དཀྱུས་རིང་སྤྱན། །
ཉེར་གསུམ་པ་ཐུན་མོང་མ་ཡིན་པའི་དཔེ་ནི། མི་ཕམ་མགོན་དེའི་སྐུ་ཡི་ཆ་ཙམ་ལ། །འཛམ་བུའི་གསེར་གྱི་རི་དབང་དག་གིས་ཀྱང༌། །འགྲན་པར་ནུས་མིན་དེ་ཡི་དཔེ་ཟླ་ནི། །རང་ལས་ལྷག་པ་རྙེད་པའི་གོ་སྐབས་བྲལ། །
ཉེར་བཞི་པ་འབྱུང་མིན་གྱི་དཔེ་ནི། བགྲང་ཡས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེའི་ཡོན་ཏན་གཅིག་ཏུ་བསྡུས་པ་ལྟར། །སྐལ་ལྡན་ཡོངས་ཀྱི་གཙུག་རྒྱན་བློ་བཟང་གྲགས། །མཁས་བཙུན་བཟང་པོའི་ཡོན་ཏན་བསམ་ལས་འདས། །
ཉེར་ལྔ་པ་སྲིད་མིན་གྱི་དཔེ་ནི། བདེ་འབྱུང་གཙུག་རྒྱན་ལས་ནི་ཚ་ཟེར་དང༌། །མཛེས་སྡུག་པདྨོའི་སྦུབས་ནས་མེ་ལྕེ་བཞིན། །སྟོབས་བཅུ་མངའ་བའི་ལེགས་བཤད་གསུང་རབ་ལས། །བསླུ་བྱེད་ལོག་ལམ་སྟོན་པའི་ཆོས་དེ་གང༌། །
ཉེར་དྲུག་པ་མང་བའི་དཔེ་ནི། །སྤྲིན་བྲལ་མཚན་མོའི་མགོན་གྱི་དཀྱིལ་འཁོར་དང༌། །ཀཻ་ལ་ཤ་དང་པུཎྚ་རི་ཀ་ལྟར། །མཁྱེན་པའི་གཏེར་ཆེན་ཚངས་སྲས་ལྷ་མོའི་སྐུ། །དཀར་འཇམ་བརྗིད་བགས་ཉམས་ཀྱིས་རབ་ཏུ་མཛེས། །
ཉེར་བདུན་པ་རྣམ་འགྱུར་གྱི་དཔེ་ནི། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཚང་ཆེན་རྗེ། །འཆད་རྩོད་རྩོམ་པའི་བློ་གྲོས་སྟོང་འབར་བ། །ཟུར་ཕུད་ལྔ་པའི་མཁྱེན་གཏེར་ལས་བཏོན་བཞིན། །ཚངས་སྲས་ཤེས་རབ་ལས་བྱུང་རྗེས་སུ་འགྲོ། །
ཉེར་བརྒྱད་པ་འཕྲེང་བའི་དཔེ་ནི། གསེར་གྱི་ཤིང་རྟས་ལེགས་དྲངས་ཉིན་བྱེད་དབང༌། །དེས་ཀྱང་པད་ཚལ་དེ་ལས་སྦྲང་རྩིའི་དཔལ། །འབྱུང་བཞིན་འཇམ་མགོན་བླ་མའི་འཕྲིན་ལས་ཀྱིས། །གངས་ཅན་འགྲོ་བའི་བདེ་སྐྱིད་མ་ལུས་སྤེལ། །ཡང་ན། གང་ན་ཉོན་མོངས་དབང་གིས་ལས་ཇི་བཞིན། །ལས་ལས་ཀྱང་ནི་སྡུག་བསྔལ་འབྱུང་བ་ལྟར། །སྡུག་བསྔལ་ལས་ཀྱང་རང་འབྲས་མ་རིག་བཞིན། །བསླབ་གསུམ་ལམ་གྱིས་རྣམ་གྲོལ་འགོག་པ་འཐོབ། །གཞན་ཡང༌། ཟླ་གཞོན་བསིལ་བའི་ཟེར་གྱི་རྒྱ་མཚོ་བཞིན། །ཆུ་གཏེར་ལས་ཀྱང་ཆུ་འཛིན་ཕུང་པོ་ལྟར། །སྤྲིན་ལས་ཆར་བཞིན་ཆར་ལས་རྩི་ཤིང་བཞིན། །ཕྱག་ན་པདྨོས་གངས་ཅན་བདེ་སྐྱིད་སྤེལ། །


ཉེར་དགུ་པ་ངག་དོན་གྱི་དཔེ་ལ་གཉིས་ལས། དང་པོ་བཞིན་སྒྲ་གཅིག་པ་ནི། ཡིད་འོང་དྲི་མེད་འོད་ལྔའི་ཕུང་པོའི་དབུས། །རབ་དམར་མཁའ་སྤྱོད་དབང་མོའི་གཟུགས་སྐུ་དེ། །རྡུལ་བྲལ་པདྨ་རཱགའི་ལྷུན་པོ་བཞིན། །མཛེས་སྡུག་བལྟ་བའི་མི་ངོམས་མདངས་དང་ལྡན། །ཡང་ན། སྲིད་གསུམ་ཡིད་དབང་འཕྲོག་མཛད་དབང་གི་ལྷའི། །མཉེན་ལྕུག་ཕྱག་ཏུ་མཚོན་ཆ་བསྣམས་པ་ནི། །དམར་གསལ་བྱུ་རུའི་འཁྲི་ཤིང་གཡོ་བ་ལ། །ལོ་འདབ་གསར་པའི་དཔལ་གྱིས་སྤུད་བཞིན་མཛེས། །
གཉིས་པ་བཞིན་སྒྲ་དུ་མ་ཅན་ནི། གཉིས་སྐྱེས་དབང་པོ་ཇི་བཞིན་མཚོ་ལྡན་མ། །རི་བོང་མཚན་མས་བརྒྱན་བཞིན་མཚན་དཔེས་སྤྲས། །འོད་དཀར་སྣང་བས་གླིང་བཞིའི་མུན་སེལ་བཞིན། །འགྲོ་བའི་རྨོངས་པ་སེལ་བྱེད་ལྷག་པའི་ལྷ། །
སུམ་ཅུ་པ་ཟླ་བོ་དངོས་པོའི་དཔེ་ནི། །ལྗོངས་འདིར་ལྔ་རིག་སྨྲ་བ་མང་བྱོན་ཀྱང༌། །ཡབ་རྗེ་ཁྱོད་ཀྱི་དོ་ཟླ་སྲིད་ན་མེད། །དྲེགས་ལྡན་ཡུལ་གྱི་བདག་པོ་མང་པོའི་ཁྲོད། །འཇིག་རྟེན་དབང་བྱེད་གསེར་མངལ་ཁྱོད་མིན་སུ། །
སོ་གཅིག་པ་མཚུངས་སྦྱོར་གྱི་དཔེ་ནི། ཕྱག་ན་པདྨོ་གངས་རིའི་མགོན་པོ་དང༌། །མཚོ་སྐྱེས་རྡོ་རྗེ་སྔ་འགྱུར་བསྟན་པའི་བདག །གང་དེས་དགེ་ལྡན་བསྟན་པ་སྤེལ་བ་དང༌། །མགོན་ཁྱོད་ཟབ་གསང་ཐེག་དགུའི་ཆོས་ཚུལ་འཆད། །
སོ་གཉིས་པ་རྒྱུའི་དཔེ་ནི། བརྟན་པའི་འཁོར་ལོའི་གཟུགས་སྐུ་ཉིན་མོར་བྱེད། །སྙན་འཇེབས་གསུང་དབྱངས་དྲི་ཟའི་འཕང་འགྲོའི་སྒྲ། །རྨད་བྱུང་མཁྱེན་དཔྱོད་ཟབ་ཡང་ཁྱབ་འཇུག་གནས། །དངོས་གྲུབ་སྩོལ་ལ་བསམ་འཕེལ་དབང་རྒྱལ་བཞིན། །ཡང་ན། མགོན་ཁྱོད་མཁྱེན་རབ་ཡངས་པས་འཇམ་པའི་དབྱངས། །རིས་མེད་འགྲོ་ལ་བརྩེ་བས་སྤྱན་རས་གཟིགས། །ཟླ་བྲལ་མཐུ་སྟོབས་མངའ་བས་གསང་བདག་དང༌། །མཚུངས་ཕྱིར་རིགས་གསུམ་གཅིག་ཏུ་འདུས་པའི་བདག །
གསུམ་པ་གཟུགས་ཅན་གྱི་རྒྱན་ནི། ཐ་དད་སྣང་མིན་གྱུར་བ་ཡི། །དཔེ་ཉིད་དག་ནི་གཟུགས་ཅན་འདོད། །ཅེས་དཔེ་དང་དཔེ་ཅན་ཐ་དད་དུ་སྣང་བ་མིན་པར་དཔེ་ཅན་དཔེའི་གཟུགས་སུ་བཀོད་ནས་གཅིག་ཏུ་སྒྲོ་བཏགས་པའི་ངག་གོ །དབྱེ་ན་ཉི་ཤུ་ལས།
དང་པོ་བསྡུས་པའི་གཟུགས་ཅན་ནི། ཚོགས་གཉིས་རྒྱ་མཚོ་དཔལ་ལས་ལེགས་འཁྲུངས་པ། །རྒྱལ་བསྟན་རིང་ལུགས་ཨུཏྤལ་ཁ་འབྱེད་པའི། །ལུང་རིགས་བསིལ་ཟེར་བརྒྱ་ཕྲག་གིས་མཛེས་པ། །མཁས་གྲུབ་སྨྲ་བའི་དབང་ཕྱུག་མཚན་མོའི་མགོན། །
གཉིས་པ་མ་བསྡུས་པའི་གཟུགས་ཅན་ནི། ཟབ་རྒྱས་ཆོས་ཀྱི་འདོད་དོན་ལྷུན་གྱིས་གྲུབ། །ལུང་དང་རྟོགས་པའི་ཡལ་འདབ་འཁོར་ཡུག་རྒྱས། །ཚུལ་ཁྲིམས་བཟང་པོའི་དྲི་བསུང་དད་འཐུལ་བ། །བཞད་པའི་རྡོ་རྗེའི་གཟུགས་སྐུ་ཡོངས་འདུས་ལྗོན། །
གསུམ་པ་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ནི། རྒྱལ་བསྟན་ཀཻ་ལ་ཤ་ཡི་རི་བོ་སྦོར། །མཐའ་བྲལ་ལྟ་བའི་ང་རོ་རབ་ཏུ་བརྗིད། །རྒོལ་བ་ངན་པའི་གཉིས་འཐུང་འཇོམས་མཛད་པ། །འཕགས་ཡུལ་མཁས་དབང་གྲུ་སྒྲུབ་གདོང་ལྔ་པ། །
བཞི་པ་མཐའ་དག་གཟུགས་ཅན་ནི། རྨད་བྱུང་ཐུགས་བསྐྱེད་རིན་ཆེན་འབྱུང་གནས་ལས། །ལེགས་འཁྲུངས་མཆོག་ཐུན་འདོད་དགུ་རབ་སྟེར་ཞིང༌། །རྣམ་དག་ཁྲིམས་ཀྱི་དྲི་ངད་འབུམ་སྤྲོ་བའི། ། གཟུགས་སྐུ་ཡོངས་འདས་ལྷ་ཡི་ལྗོན་པ་འདི། །
ལྔ་པ་ཆ་ཤས་གཟུགས་ཅན་ནི། བཅུ་ཕྲག་རིག་གནས་ཆུ་གཏེར་སྐ་རགས་ཅན། །མཁྱེན་དཔྱོད་ཉི་ཟླ་ཟུང་གིས་རབ་ཏུ་འཁྱུད། །འཕྲིན་ལས་བང་རིམ་བཞི་ཡིས་བརྗིད་ཆགས་པ། །འགྲོ་བའི་བླ་མ་ཚང་ཆེན་ཆོས་ཀྱི་རྗེ། །
དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན་ནི། དཔག་ཡས་རྒྱལ་བའི་མཁྱེན་པའི་ཕུང་པོ་ཅན། །དམར་སེར་མཚན་དཔེའི་དཔལ་འབར་གླེགས་རལ་བསྣམས། །འགྲོ་བའི་རྨོངས་པ་མ་ལུས་སེལ་མཛད་པ། །ཟུར་ཕུད་ལྔ་པའི་འོད་ལྡན་བཅུ་གཉིས་བདག །
བདུན་པ་ཡན་ལག་གཅིག་གཟུགས་སོགས་ལ་གསུམ་ལས།
དང་པོ་ཡན་ལག་གཅིག་པའི་གཟུགས་ཅན་ནི།བསླབ་གསུམ་ཉམས་ལེན་ཞི་དུལ་སྤྱོད་པ་ཅན། །བསྟན་པའི་གཉེན་གཅིག་དགེ་ལེགས་དཔལ་བཟང་པོས། །དྲི་མེད་ལུང་རིགས་རྩེ་བརྒྱ་ཕྱར་ཙམ་གྱིས། །ལྟ་ངན་སྨྲ་བའི་ཁེངས་པ་འཕྲོག་འདི་རྨད། །
གཉིས་པ་ཡན་ལག་གཉིས་པའི་གཟུགས་ཅན་ནི།ཚོགས་གཉིས་བསྐལ་བར་བསྒྲུབ་པའི་གཟུགས་སྐུའི་མཁར། །གསལ་རྫོགས་མཚན་དཔེའི་རྒྱུ་སྐར་རྣམ་བཀྲ་ཞིང༌། །བེ་ཌཱུར་ལྷུན་པོ་ཉིན་བྱེད་འབུམ་ཕྲག་གིས། །འཁྱུད་པའི་དཔལ་མངའ་བཅོམ་ལྡན་སྨན་གྱི་བླ། །
གསུམ་པ་ཡན་ལག་གསུམ་པའི་གཟུགས་ཅན་ནི། །མདོ་སྔགས་ཆོས་ཚུལ་མ་དྲོས་ཀླུང་ཟབས་ལ། །དབང་བསྒྱུར་མཁྱེན་དཔྱོད་གདེངས་ཀའི་ཁུར་གྱིས་བརྗིད། །ལྔ་རིག་ཡོན་ཏན་རིན་ཆེན་དོ་ཤལ་འཕྱང༌། །མཁས་དབང་ཕྱག་ན་པདྨོ་བསྟན་པའི་བདག །
བརྒྱད་པ་ལྡན་པའི་གཟུགས་ཅན་ནི། མཚོ་བྱུང་ལྷ་མོའི་བཞིན་རིས་གཉིས་སྐྱེས་དབང༌། །སྨིན་མའི་རི་བོང་མཚན་མས་རབ་མཛེས་ཤིང༌། འཛུམ་ལྡན་ཆུ་སྒྲོས་ཨུཏྤལ་བཞད་པའི་དབུས། །ཐགས་བཟང་ཚེམས་དཀར་ཟེའུ་འབྲུ་ལེགས་པར་བཀྲ། །
དགུ་པ་མི་ལྡན་པའི་གཟུགས་ཅན་ནི། རྒྱལ་ཀུན་འཕྲིན་ལས་ལྷ་ཡི་ལམ་ཡངས་པོར། །འཕགས་མའི་གཟུགས་སྐུ་མ་དཱ་ར་ཡི་རྩེར། །ཞལ་གྱི་དཀྱིལ་འཁོར་ཆ་རྫོགས་གཉིས་སྐྱེས་དབང་། །འདྲེན་བྱེད་པདྨའི་འདབ་མ་རབ་ཏུ་བཞད། །
བཅུ་པ་མི་མཉམ་པའི་གཟུགས་ཅན་ནི། །ཡོངས་རྫོགས་བསྟན་པའི་བདག་པོ་ཐུབ་དབང་གི །སྐྲ་མཆོག་གཟི་འོད་འབར་བའི་གསེར་གྱི་རི། །གསུང་གསང་འཕང་འགྲོའི་ལྔ་སྐྱེས་སྒྲ་དབྱངས་སྙན། ། །མཁྱེན་པའི་ཆོས་ཀུན་མ་ལུས་གསལ་བར་གཟིགས། །ཡང་ན། ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་མཐོ་བའི། །བདེ་སྐྱིད་དབྱར་མཚོ་ཡར་ཟླའི་དཔལ་ལ་འགྲན། །མི་རྗེ་ས་ཡི་ཚངས་པས་ཡུལ་ལྗོངས་འདིར། །དབང་བསྒྱུར་གྲགས་སྙན་དབྱར་རྔ་སྲིད་ན་མཛེས། །
བཅུ་གཅིག་པ་ཁྱད་པར་དང་བཅས་པའི་གཟུགས་ཅན་ནི། མཁས་མཆོག་འཇམ་མགོན་རྟ་ལྗང་དབང་པོ་ཡི། །འཕྲིན་ལས་འོད་ཀྱིས་འཛམ་གླིང་ཁྱབ་པའི་ཚེ། །རྒྱལ་བསྟན་པདྨའི་དགའ་ཚལ་རབ་རྒྱས་ཤིང༌། །སྨྲ་བ་ངན་པའི་ཨུཏྤལ་ཟིམ་པར་བྱེད། །ཡང་ན། མགོན་ཁྱོད་ཞབས་སེན་དྲེགས་ལྡན་ཟུར་ཕུད་རྩེར། །དབང་བསྒྱུར་ཐེག་གསུམ་དམ་ཆོས་བདུད་རྩི་ཡིས། །སྨྲ་ངན་རྒོལ་བའི་དཔུང་བཅོམ་ཐར་འདོད་ལ། །རྣམ་གྲོལ་ཐར་པ་མཆོག་གི་དགའ་སྟོན་རྒྱས། །
བཅུ་གཉིས་པ་འགལ་བའི་གཟུགས་ཅན་ནི། འདབ་སྟོང་པདྨའི་བཅུད་ལ་རོལ་མིན་ཞིང༌། །འཕུར་ལྡིང་ངལ་བ་རྟག་ཏུ་བསྟེན་མིན་པར། །བློ་གསལ་སྙིང་བརྩེ་ལྡན་པའི་རྐང་དྲུག་གིས། །རྒྱལ་གསུང་བདུད་རྩིའི་བཅུད་ལ་རྟག་པར་རོལ། །
བཅུ་གསུམ་པ་རྒྱུའི་གཟུགས་ཅན་ནི། མཁྱེན་བརྩེའི་མངའ་བདག་བསྟན་པའི་སྒྲོན་མེ་ཁྱོད། །འཆད་རྩོད་རྩོམ་པས་ཟླ་བ་གྲགས་པ་དང༌། །ཁྲིམས་ལྡན་ཞི་དུལ་སྤྱོད་པས་འདུལ་བ་འཛིན། །གདུལ་བྱའི་རེ་བ་སྐོངས་བས་བསམ་འཕེལ་དབང༌། །
བཅུ་བཞི་པ་སྦྱར་བའི་གཟུགས་ཅན་ནི། ཚོགས་གཉིས་འདབ་སྟོང་རྒོད་པའི་ཚལ་ཡངས་བོར། །སྐལ་བཟང་བུང་བའི་ཚོགས་རྣམས་རྟག་རོལ་ཅིང༌། །དད་བརྩོན་ཐོས་པའི་བཅུད་ཀྱིས་རབ་ཕྱུག་པའི། །བློ་གསལ་དེས་ཀྱང་འདོད་དགུར་སྤྱད་པར་རིགས། །ཡང་ན། ཚེ་སྦྱིན་ལྷ་མོའི་བྱིན་རླབས་ཨམྲི་ཏ། །སྐལ་བཟང་འགྲོ་བའི་གདུངས་སེལ་སྙིང་གི་དཔྱིད། །དྲི་བྲལ་ཡིད་འོང་ཚེ་ཡི་དཔལ་སྟེར་བས། །འདོད་དོན་སྒྲུབ་རྣམས་དོན་དུ་གཉེར་བྱར་འོས། །
བཅོ་ལྔ་པ་དཔེའི་གཟུགས་ཅན་ནི། མདོ་རྒྱུད་གཞུང་ལུགས་ཛ་ཧུའི་ལྟོ་བ་ནས། །འཇམ་མགོན་སྐལ་ལྡན་ཤིང་རྟས་ལེགས་དྲངས་པའི། །ཚང་ལ་མ་ནོར་ཟབ་རྒྱས་གདམས་ངག་ཚོགས། །དྲི་བྲལ་གངྒཱའི་ཆུ་ཡི་དཔལ་དང་མཚུངས། །
བཅུ་དྲུག་པ་ལྡོག་པ་ཅན་གྱི་གཟུགས་ཅན་ནི། སྟོང་གསུམ་བདག་པོ་འཁོར་ལོའི་ལག་པ་ཅན། །བསྟན་པའི་བདག་པོ་རྣམ་འདྲེན་ཟས་གཙང་སྲས། །གསེར་མངལ་ཅན་ནི་སྲིད་པའི་བདེ་ལ་ཆགས། །བུ་རམ་ཤིང་བ་གཏན་བདེའི་དཔལ་ལ་རོལ། །
བཅུ་བདུན་པ་འགོག་པའི་གཟུགས་ཅན་ནི། །རྒྱལ་ཀུན་འཕྲིན་ལས་ལྷ་ཡི་རྣམ་རོལ་བ། །འཕགས་མའི་བྱིན་རླབས་འོད་སྟོང་འབར་བ་ཡིས། །མཆོག་ཐུན་འདོད་དགུ་རྒྱ་མཚོ་ཆེར་འཕེལ་ཕྱིར། །ཚ་ཟེར་བདག་པོ་ཉིད་དུ་ཇི་ལྟར་གྲུབ། །
བཅོ་བརྒྱད་པ་མཉམ་འཇོག་གི་གཟུགས་ཅན་ནི། འཕགས་མཆོག་ཀླུ་སྒྲུབ་རྟ་ལྗང་དབང་པོ་ཡིས། །རྟེན་འབྱུང་རིགས་པའི་འོད་སྣང་སྤྲོས་པའི་མོད། །མཐར་འཛིན་བློ་ངན་མུན་པས་རབ་བསྒྲིབ་པ། །རང་ཉིད་ལོག་པར་ཞུགས་པ་འདིས་ཀྱང་སྐྱོན། །
བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། ཁྱོད་སྐུ་གཉིས་སྐྱེས་དབང་པོ་མ་དཱ་ར། །མཚན་དཔེའི་རི་བོང་མཚན་མའི་ཡལ་ག་རྒྱས། །མཆོག་ཐུན་བསིལ་ཟེར་རིན་ཆེན་དྲ་བ་ཅན། །གངས་རིའི་མགོན་པོ་འཕགས་མཆོག་སྤྱན་རས་གཟིགས། །
ཉི་ཤུ་པ་བསྙོན་དོར་གྱི་གཟུགས་ཅན་ནི། གནས་འདི་གངས་རིའི་ཁྲོད་མིན་མཁའ་སྤྱོད་ཞིང༌། །པད་དཀར་འཆང་བ་མ་ལགས་རྣལ་འབྱོར་མ། །སྐྱེ་འགྲོ་ཕལ་བའི་འདུས་ཚོགས་མ་ལགས་ཏེ། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཉིད་དུ་ངེས། །

བཞི་པ་གསལ་བྱེད་ཀྱི་རྒྱན་ནི། རིགས་དང་བྱ་བ་ཡོན་ཏན་རྫས། །ཚིག་གཅིག་ལ་ནི་གནས་པ་ཡིས། །གལ་ཏེ་ངག་ཀུན་ལ་ཕན་ན། །དེ་ནི་གསལ་བྱེད་དུ་བརྗོད་དཔེར། །ཞེས་རིགས་སོགས་བརྗོད་པའི་ཚིག་ཐོག་མ་བར་མཐའ་གང་ན་གནས་པ་དེས་ཚིག་གཞན་ཀུན་ལ་ཕན་པ་སྟེ་གསལ་བར་ནུས་པའོ།།
དབྱེ་ན་བཅུ་གཉིས་ཀྱི་དང་པོ་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ནི། བསྟན་པའི་བདག་པོ་རྣམ་འདྲེན་ཐུབ་དབང་གིས།  །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིས། །གདུལ་བྱའི་ཡིད་ཀྱི་རྨོངས་པའི་རབ་རིབ་ཚོགས། །མ་ལུས་ཅིག་ཆར་རྨག་མེད་གཏན་ནས་ཞི། །
གཉིས་པ་བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད་ནི། བསལ་ལོ་སྣང་བྱེད་རྟ་ལྗང་དབང་པོ་ཡིས། །འཛམ་གླིང་མཐའ་དབུས་ཀུན་གྱི་མུན་པའི་ཚོགས། །ངག་ལ་དབང་སྒྱུར་མཚོ་བྱུང་ལྷ་མོ་ཡིས། །མ་རིག་སྟུག་པོའི་ཚོགས་རྣམས་མ་ལུས་པ། །
གསུམ་པ་ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་ནི། སྙན་ནོ་ཆགས་ལྡན་རྣ་བ་རུ། །དྲི་ཟའི་རྒྱུད་མང་བསྒྲེང་པའི་སྒྲ། །བློ་གསལ་ཡོངས་ཀྱི་ཐོས་འཛིན་སྒོར། ཁྱོད་གསུང་སྙན་འཇེབས་དྲུག་བཅུའི་དབྱངས། །
བཞི་པ་རྫས་བརྗོད་པ་ཐོག་མའི་གསལ་བྱེད་ནི། གླེགས་བམ་ཕྱག་མཚན་རྩ་བའི་བླ་མ་ལས། །མདོ་རྒྱུད་མན་ངག་སྐལ་ལྡན་མོས་བཞིན་འབྱུང༌། །འཛམ་གླིང་ཡངས་པའི་ཁྱོན་འདིའི་མཐའ་དབུས་ཀྱི། །བློ་ལྡན་གདུལ་བྱའི་ཚོགས་རྣམས་ངང་གིས་འདུ། །
ལྔ་པ་རིགས་བརྗོད་པར་བར་གྱི་གསལ་བྱེད་ནི། རྨད་བྱུང་ཚོགས་གཉིས་བསྐལ་བརྒྱར་བསྒྲུབས་པ་ལས། །དོན་གཉིས་མཐར་ཕྱིན་མི་ཕམ་མགོན་པོ་ཡིས། །རིས་མེད་འགྲོ་ལ་བརྩེ་བའི་ལྷག་བསམ་གྱིས། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་ལ་བརྩོན། །
དྲུག་པ་བྱ་བ་བརྗོད་པ་བར་གྱིས་གསལ་བྱེད་ནི།ཤར་རིའི་རྩེ་ནས་རྟ་ལྗང་དབང་པོ་ཡིས། །འོད་སྣང་ཚ་ཟེར་སྤྲོས་ཚེ་འདབ་སྟོང་ཚལ། །རྒྱས་པར་བྱས་སོ་ཞིམ་མངར་སྦྲང་རྩི་ཡིས། །བུང་བ་གཞོན་ནུ་ཚོགས་ཀྱི་དགའ་སྟོན་ཀྱང༌། །
བདུན་པའི་རིགས་བརྗོད་པ་མཐའི་གསལ་བྱེད་ནི། བྱུ་རུའི་ལྷུན་པོ་ཉིན་བྱེད་འབུམ་ཕྲག་གིས། །འཁྱུད་པའི་མདངས་འཛིན་གཟི་འོད་རབ་འབར་ཞིང༌། །ཨུཏྤལ་མདའ་གཞུའི་མཚོན་ཆས་སྒེགས་པ་འདི། །སྲིད་གསུམ་དབང་བསྒྱུར་ལྷ་མོ་རིག་བྱེད་མ། །
བརྒྱད་པ་བྱ་བ་བརྗོད་པ་མཐའི་གསལ་བྱེད་ནི། ཕྱོགས་ཀྱི་གླང་པོས་སྨྲ་ངན་རྒོལ་བ་དང༌། ཉིན་བྱེད་སྣང་བས་ཨུཏྤལ་ལ་ཡི་ཚལ། །ཀུན་ཕན་ཟེར་གྱིས་སྦྲང་རྩིའི་རྒྱལ་མཚན་དཔལ། །མ་བརྩོན་པར་ཡང་ངང་གིས་གཟིར་བར་བྱེད། །
དགུ་པ་འཕྲེང་བའི་གསལ་བྱེད་ནི། འཇམ་མགོན་བླ་མའི་ལེགས་བཤད་གཏམ་བཟང་གིས། །བདག་བློའི་སྣང་བ་འབར་བས་འཆད་རྩོད་ཀྱིས། །ཞྭ་སེར་རིང་ལུགས་དེས་ཀྱང་རིས་མེད་འགྲོར། །ཕན་བདེ་རྫོགས་ལྡན་དཔལ་ལ་རེག་པར་གྱུར། །
བཅུ་པ་འགལ་དོན་གསལ་བྱེད་ནི། ཆེས་ཟབ་གསང་ཆེན་རིམ་གཉིས་རྣལ་འབྱོར་དང༌། །ཟླས་བརྗོད་ལྷུར་ལེན་བརྩོན་པའི་སྟོབས་བསྐྱེད་ན། །རྣམ་གྲོལ་སྐུ་གསུམ་བདེ་བ་ཆེས་ཆེར་རྒྱས། །སྒྲིབ་གཉིས་རྒུད་ཚོགས་རྨག་མེད་འཇོམས་པར་བྱེད། །ཡང་ན། རྒྱལ་ཀུན་ཡུམ་གཅིག་སྒྲ་དབྱངས་ལྷ་མོ་ཡི། །ཤེས་རབ་འཁོར་ལོ་སྙིང་ལ་འཕོས་པའི་མོད། །ཆེ་ཟབ་མྱུར་བའི་བློ་གྲོས་རབ་ཏུ་འཕེལ། །རྨོངས་པའི་མུན་སྟུག་མ་ལུས་ལྷག་མེད་བཅོམ། །
བཅུ་གཅིག་པ་དོན་གཅིག་གསལ་བྱེད་ནི། །སོར་རྟོགས་ཡེ་ཤེས་རང་གཟུགས་ཚེ་མཐའ་ཡས། །མཚན་དཔེའིདཔལ་འབར་དུ་མའི་རྒྱན་སྤྲས་ཤིང༌། །ཕྱག་གཉིས་བདུད་རྩིས་གང་བའི་བུམ་པ་ཡིས། །རྗེ་བཙུན་བླ་མའི་སྐུ་ཚེ་ཡུན་དུ་བསྲིང༌། །
བཅུ་གཉིས་པ་སྦྱར་བའི་གསལ་བྱེད་ནི། བསླབ་གསུམ་ཡོན་ཏན་དུ་མས་རྒྱུད་ཕྱུག་ཅིང༌། །བཅུ་ཕྲག་རིག་པའི་གནས་ལ་དབང་བསྒྱུར་བའི། །མཁས་དབང་ཆོས་གྲགས་ཡུལ་མཆོག་འཕགས་ཡུལ་དང༌། །ཡབ་རྗེ་བླ་མ་གངས་ལྗོངས་འགྲོ་བའི་མགོན། །
ལྔ་པ་བསྐོར་བའི་རྒྱན་ནི། གསལ་བྱེད་ཀྱི་ནི་གནས་ཉིད་དུ། །དོན་བསྐོར་དང་ནི་ཚིག་བསྐོར་དང༌། །གཉིས་ཀ་བསྐོར་བ་ཞེས་པ་ཡི། །རྒྱན་གསུམ་པོ་དག་འདོད་དེ་དཔེར། །ཞེས་གསལ་བྱེད་ཀྱི་གནས་ཐོག་མཐའ་བར་གསུམ་གང་རུང་ལ་དོན་གཅིག་ཀྱང་ཚིག་ཐ་དད་པ། ཚིག་འདྲ་ཡང་དོན་ཐ་དད་པ། ཚིག་དོན་གཉིས་དོན་གཉིས་ཀ་བཟླས་ཏེ་བསྐོར་ཡང་ཟློས་སྐྱོན་མེད་པ་ཞིག་སྟེ། དབྱེ་ན་གསུམ་ལས།
དང་པོ་དོན་ལ་བསྐོར་བ་ནི། རྒྱལ་པ་གཉིས་པའི་ལུགས་བཟང་སྤེལ་ཕྱིར་དང༌། །བློ་བཟང་གྲགས་པས་འབྲལ་མེད་རྗེས་འཛིན་ཕྱིར། །འཇམ་མགོན་བླ་མ་རྩེ་གཅིག་གསོལ་བཏབ་པས། །ཡབ་རྗེའི་གཞུང་ལ་བལྟ་བའི་བློ་གྲོས་རྒྱས། །
གཉིས་པ་ཚིག་ལ་བསྐོར་བ་ནི། ཟླ་གཞོན་ཟེར་གྱིས་ཚ་གདུང་སེལ་བར་བྱེད། །དཔག་བསམ་ཤིང་གིས་དབུལ་བ་སེལ་བར་བྱེད། །རྣམ་འདྲེན་རྒྱལ་བའི་ལྷུན་གྲུབ་འཕྲིན་ལས་ཀྱིས། །རིས་མེད་འགྲོ་བའི་སྡུག་བསྔལ་སེལ་བར་བྱེད། །
གསུམ་པ་ཚིག་དོན་གཉིས་ཀ་ལ་བསྐོར་བ་ནི། ལྷ་ལམ་ཡངས་པར་རྒྱུ་བའི་འོད་སྟོང་གིས། །གསེར་ལྡན་ལྗོངས་ཀྱི་པད་ཚལ་རྒྱས་པར་བྱེད། །མཛེས་སྡུག་ཆུས་སྐྱེས་གཞོན་ནུའི་ཚོགས་རྣམས་ཀྱིས། །དྲུག་ལྡན་བུང་བའི་དགའ་བདེ་རྒྱས་པར་བྱེད། །
དྲུག་པ་འགོག་པའི་རྒྱན་ནི། དགག་པ་བརྗོད་པ་འགོག་པ་སྟེ། ཞེས་དགག་བྱའི་ཡུལ་གང་ལ་དེའི་འགོག་བྱེད་ཀྱི་ཚིག་བརྗོད་པ་སྟེ། དབྱེ་ན་ཉེར་གསུམ་ལས།
དང་པོ་འདས་པ་འགོག་པ་ནི། གངས་ལྗོངས་མར་བ་ཡབ་སྲས་ཚེ་གཅིག་ལ། །ཟུང་འཇུག་སྐུ་བརྙེས་གཏམ་འདི་ཡ་མ་བརླ། །འོན་ཀྱང་ཆེས་ཟབ་གསང་སྔགས་མྱུར་ལམ་གྱིས། །ཐབས་མཁས་སྤྱོད་པའི་འཕྲུལ་འདེགས་བསམ་མི་ཁྱབ། །ཡང་ན། སོར་ཕྲེང་གྱིས་སྤྱད་མི་དགེའི་ལས་དེ་ཡང༌། །འགྱོད་སྡོམ་གྱིས་དག་དགྲ་བཅོམ་ཐོབ་འདི་རྫུན། །འོན་ཀྱང་ཤུགས་དྲག་སྟོབས་བཞིའི་བཤགས་སྡོམ་གྱིས། །ཕན་ཡོན་སོ་སོའི་སྐྱེ་བོས་དམིགས་སུ་མེད། །
གཉིས་པ་མངོན་འགྱུར་འགོག་པ་ནི། ཐར་འདོད་བློ་གསལ་གཞོན་ནུའི་ཚོགས་རྣམས་དག། །གཞན་ཕྱོགས་གྲུབ་མཐའི་གཞུང་ལ་ངལ་འདིའི་ཅི། །ཚེ་འདིར་སངས་རྒྱས་སྒྲུབ་བྱེད་ཟབ་མོའི་ལམ། །དྲི་མེད་ཡབ་རྗེའི་བསྟན་དང་མཇལ་མིན་ནམ། །
གསུམ་པ་མ་འོངས་པ་འགོག་པ་ནི། དལ་བའི་རྟེན་ཐོབ་བསྟན་པའི་སྒོར་ཞུགས་པའི། །གྲོགས་དག་བསྒྲུབ་ལ་རྩེ་གཅིག་མི་བརྩོན་ན། །སྟོབས་ལྡན་དཀར་མིན་ལས་འདི་དབང་བཙན་པས། །བཟོད་དཀའ་ངན་འགྲོའི་གནས་ནས་ཐར་བར་དཀའ། །
བཞི་བ་ཆོས་འགོག་པ་ནི། ཉི་མའི་བུ་ཡིས་སྡང་མིག་བསྐྱོད་ཙམ་གྱིས། །བསྟན་དགྲ་ལྷག་མེད་གཞོམ་པར་ཕྱེད་འདི་རྫུན། །གལ་ཏེ་བདེན་ན་ཡབ་རྗེའི་བསྟན་པ་ལ། །ལོག་པར་འཁུ་བའི་དགྲ་བགེགས་འདི་རྣམས་ཅི། །

ལྔ་བ་ཆོས་ཅན་འགོག་པ་ནི། རང་བཞིན་མེད་བཞིན་སོ་སོར་སྣང་བའི་འཕྲུལ། །གདོད་མའི་གནས་ལུགས་ཇི་བཞིན་བརྗོད་དཀའ་སྟེ། །དམ་པའི་ཞལ་ནས་ཅུང་ཟད་ཐོས་ཙམ་ལས། །མཐའ་བྲལ་རྟེན་འབྱུང་ཇི་བཞིན་གཞལ་དུ་མེད། །
དྲུག་པ་རྒྱུ་འགོག་པ་ནི། ཕྲག་དོག་དུག་བླངས་གཡོ་བའི་ལྟོ་འགྲོ་ཡིས། །མི་བཟད་གདུག་པའི་རོ་འཛིན་ཆེར་བསྐྱོད་ཀྱང༌། །ལས་འབྲས་ཐོད་དུ་བཀུར་ལས་འཚེ་བའི་རྒྱུ། །མ་སྤྱད་ཕྱིར་ན་བདག་སེམས་ག་ལ་གཡོ། །
བདུན་པ་འབྲས་བུ་འགོག་པ་ནི། །ཐམས་ཅད་སྒྲོལ་ཁྱོད་མཁོ་དགུའི་ལོངས་སྤྱོད་རྣམས། །བཏང་བས་མི་ངོམས་སྙིང་ལ་ཆེས་སྡུག་པའི། །བུ་དང་བུ་མོའི་ཚོགས་ཀྱང་ཕངས་མེད་དུ། །བཏང་བའི་ལན་ལ་རེ་བ་མེད་འདི་རྨད། །
བརྒྱད་པ་རྗེས་གནང་འགོག་པ་ནི། འབྱོར་ལྡན་ཁྱོད་ནི་ཙི་ནིའི་ཡུལ་དག་དུ། །འགྲོ་བར་འདོད་ན་ཅི་བདེར་མཛོད་ཅིག་དང༌། །དཀོར་ནོར་ཡོད་དགུའི་ཚོགས་ཀྱང་རྐུན་པོ་ཡིས། །རིང་མིན་བརླག་པར་འགྱུར་ལ་དོགས་མི་འཚལ། །
དགུ་པ་དབང་གིས་འགོག་པ་ནི། ཟབ་རྒྱས་གདམས་པའི་གཏེར་གྱུར་མགོན་ཁྱོད་ནི། །གང་དུ་གཤེགས་ཀྱང་རྒྱལ་བསྟན་གསལ་འགྱུར་ཞིང༌། །མཐའ་ཀླས་ལུས་ཅན་གྲོལ་བར་འགྱུར་སྲིད་ཀྱང༌། །བདག་སོགས་མགོན་དུ་ཞིང་འདིར་བཞུགས་ཤིག་ཀྱེ། །
བཅུ་པ་མ་གུས་པས་འགོག་པ་ནི། །མང་ཐོས་རིག་གནས་མཐར་སོན་མཁས་པའི་མཆོག།།ཆ་ཤས་ཕྲན་ཙམ་ཤེས་ཀྱང་མཁས་མ་ཡིན། །འོན་ཀྱང་བདག་ནི་གནས་ཚུལ་སྨྲས་ཙམ་ལས། །ཁྱེད་ཅག་རང་རང་མོས་པ་བཞིན་མཛོད་ཅིག །
བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ནི། གྲོགས་ཁྱོད་བོད་ཡུལ་ཆོས་གྲྭར་གཤེགས་བཞེད་ན། །བདེ་བར་ཕྱིན་ནས་དོན་ཀུན་འགྲུབ་གྱུར་ཅིག། །རིང་མིན་བདག་ཀྱང་ཁྱོད་དྲུང་ཕྱིན་གྱུར་ནས། །ཉིན་མཚན་ལྟོས་མེད་ཆོས་ལ་སྤྱོད་པར་སྨོན། །
བཅུ་གཉིས་པ་རྩུབ་མོས་འགོག་པ་ནི། ཁྱེད་ཅག་བསླབ་ཁྲིམས་བསྲུང་བར་མ་བརྩོན་ན། །རང་དང་མོས་པའི་མགོན་སྐྱབས་གཞན་འཚོལ་ཞིག། །བདག་གི་ཚེ་ལྷག་དོན་ཡོད་བྱ་ཕྱིར་དུ། །དབེན་པའི་རི་སུལ་བསྟེན་ལས་གཞན་དུ་ཅི། །
བཅུ་གསུམ་པ་གྲོགས་ཀྱིས་འགོག་པ། །ཁྱོད་ཀྱིས་རྙེད་བཀུར་གྲགས་པ་ལྷུར་བཞེད་ན། །ཚུལ་མིན་གཡོ་སྒྱུས་གཞན་མགོ་བསྐོར་ཅིག་དང༌། །ཕྱི་ནས་ལྕགས་བསྲེགས་ས་གཞིར་གནས་བཅས་ཏེ། །རབ་འབར་ཁྲོ་ཆུ་བཏུང་བའི་སྐབས་ཞིག་མཆིས། །ཡང་ན།གྲོགས་ཁྱོད་དབུས་འགྱུར་ཆོས་སྡེའི་དགའ་ཚལ་དུ། །འགྲོ་བར་འདོད་ན་མྱུར་དུ་གཤེགས་མཛོད་ཅིག། །ཕྱི་ནས་གཉེན་བཤེས་མཛའ་གྲོགས་མྱ་ངན་གྱིས། གདུང་བའི་སྨེ་སྔགས་འདོན་པའི་དུས་མཆིས་སོ། །
བཅུ་བཞི་པ་འབད་པས་འགོག་པ་ནི། ཁྱེད་རྣམས་མགུ་ཕྱིར་བག་ཡངས་མཛོད་ཅིག་ཅེས། །བརྗོད་པ་འདོད་ཀྱང་སྲིད་པར་སྐྱོ་ཤེས་ཀྱིས། །བསྒྲུབ་ལ་བརྩོན་ཞེས་བསྐུལ་ཚིག་ལན་འགའ་རུ། །དབང་མེད་ངག་ནས་ཐལ་ལ་བདག་ཅི་བྱེད། །
བཅོ་ལྔ་པ་གཞན་དབང་གིས་འགོག་པ་ནི། མང་ཐོས་ཁྱོད་ཀྱིས་དབེན་པ་བསྟེན་བྱས་ཏེ། རྣམ་གྲོལ་སྒྲུབ་པའི་རྒྱལ་མཚན་འཛིན་འདོད་ན། །རིང་ནས་མཛའ་པའི་སེམས་ལ་གྲོས་ཐོབ་དང༌། །བཙུན་གཟུགས་བདག་ཀྱང་དེ་དང་མཚུངས་པར་བརྗོད། །ཡང་ན། བདེ་འདོད་ཕུགས་སུ་བཅུག་པའི་སྐྱེ་བོ་དག། །དཀར་མིན་ལས་གྱི་རྣམ་སྨིན་སྤྱད་འདོད་ན། །བདེ་སྡུག་བྱེད་པོ་ལས་ཀྱི་བཟོ་པོ་ལ། །གྲོས་ཐོབ་དེ་དང་མཚུངས་པར་བདག་ཀྱང་སྨྲ། །
བཅུ་དྲུག་པ་ཐབས་ཀྱི་འགོག་པ་ནི། མདོ་སྨད་འགྲོ་བའི་མགོན་ཁྱོད་དབུས་འགྱུར་དུ། །གཤེགས་པར་བཞེད་འདི་བདག་གིས་བཟོད་བགྱིས་ན། །ལྟོས་བཅས་འགྲོ་ཀུན་གཏན་བདེའི་ལམ་བཟང་ལ། །བཀོད་པའི་དགའ་སྟོན་མཆོག་དེ་མྱུར་སྩོལ་ཅིག། །
བཅུ་བདུན་པ་ཁྲོས་པས་འགོག་པ་ནི།  ཅོལ་ཆུང་གཞོན་ནུ་འགའ་ཡིས་ཐོས་བསམ་དང༌། །དེ་དོན་སྒྲུབ་ལ་གཞོལབར་མི་བྱེད་པར། །དོན་མེད་འདུ་འཛིའི་ངང་དུ་འདའ་བྱེད་ན། །གླེན་རྨོངས་ཕྱུགས་ཀྱི་ཚོགས་དང་ཁྱད་ཅི་ཞིག། །
བཅོ་བརྒྱད་པ་མྱ་ངན་གྱིས་འགོག་པ་ནི། མཛེས་སྡུག་ལང་ཚོ་རྒ་བས་མ་བཅོམ་ཞིང༌། །འཁོར་འབངས་ཆབ་སྲིད་སྐྱོང་བའི་ངལ་བ་ཡང༌། །བསྟེན་མིན་ཟུག་ངུས་ཡུན་རིང་མ་གདུངས་པར། །གློ་བུར་ལྔ་པའི་སྐབས་ཐོབ་ཚུལ་འདིས་སྐྱོ། །
བཅུ་དགུ་པ་འགྱོད་པས་འགོག་པ་ནི། སྲེད་ལྡན་ནོར་རྣམས་མཆོད་དང་སྦྱིན་གཏོང་གིས། །ཟད་མེད་བསོད་ནམས་བྱེ་བའི་བང་མཛོད་དུ། །བསྒྲུབ་མིན་རང་གིས་སྤྱད་པར་མ་ནུས་པར། །ཅི་བྱ་གཏོལ་མེད་གྱུར་ཚེ་འགྱོད་པས་གདུངས། །
ཉི་ཤུ་བ་ཐེ་ཚོམ་གྱིས་འགོག་པ་ནི། གཟི་འོད་འབར་འདི་གསེར་ཞུན་ལྷུན་པོའམ། །ཡང་ན་རྣམ་འདྲེན་རྒྱལ་བའི་སྐུའམ་ཅི། །སྙན་འཇེབས་དབྱངས་ཀྱིས་འགྲོ་རྣམས་དབུགས་དབྱུང་ཕྱིར། །སེམས་མེད་རི་བོ་མིན་པར་གོར་མ་ཆགས། །
ཉེར་གཅིག་པ་སྦྱར་བའི་འགོག་པ་ནི།ངོ་མཚར་སྲིད་པའི་ཚ་གདུང་ཀུན་བསལ་ནས། །གང་གང་འདོད་པའི་རེ་བ་རྫོགས་བྱེད་པའི། །རྒྱལ་བའི་གདུང་འཚོབ་ལྗོན་མཆོག་འདི་ཡོད་བཞིན། །གདོས་བཅས་དཔག་བསམ་ལྗོན་པ་འདིའི་ཅི་བྱ། །
ཉེར་གཉིས་པ་དོན་གཞན་གྱིས་འགོག་པ་ནི། རྣམ་འདྲེན་རྒྱལ་བས་འགྲོ་མང་སྲིད་མཚོ་ལས། །བསྒྲལ་ཀྱང་ངལ་མེད་བརྩོན་པ་བསྐྱེད་འདི་མཚར། །འོན་ཀྱང་མཁའ་ལས་ཉིན་བྱེད་གཟི་འོད་ཀྱིས། །གླིང་བཞིའི་མུན་པ་སེལ་ལ་ངལ་བ་མེད། །
ཉེར་གསུམ་པ་རྒྱུའི་འགོག་པ་ནི། མཚར་སྡུག་ཡིད་འཕྲོག་མཛེས་སྐུའི་དཀྱིལ་འཁོར་འདིས། །ལྷ་དབང་ལུས་ཀྱི་དཔལ་ཀུན་འཕྲོག་བྱེད་ཀྱང༌། །ཡིན་ཕྱིར་ཁྱོད་ལ་བསྟོད་ཚིག་བརྗོད་མི་བྱ། །

བདུན་པ་དོན་གཞན་བཀོད་པའི་རྒྱན་ནི། གང་ཞིག་དངོས་འགའ་དག་བཀོད་ནས།  །དེ་ཡི་སྒྲུབ་བྱེད་ནུས་པ་ཅན། །དངོས་པོ་གཞན་དག་འགོད་པ་དེ། །དོན་གཞན་བཀོད་པར་ཤེས་པར་བྱ། །ཞེས་བསྒྲུབ་བྱ་བརྗོད་འདོད་ཀྱི་དངོས་པོ་སྔོན་དུ་བཀོད་ནས། དེ་སྒྲུབ་བྱེད་ནུས་པ་ཅན་རྗེས་སུ་བཀོད་པའོ། །

དབྱེ་ན་བརྒྱད་ལས། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། རིན་ཆེན་རི་དབང་གླིང་བཞིར་བཅས་པ་ཡང༌། །མཐར་བྱེད་བྱིན་ཟ་འབར་བའི་མེ་ལྕེ་ཡིས། །གཞོམ་ལ་ཅི་བྱ་འདུས་བྱས་ཆོས་རྣམས་ཀུན། མི་བརྟན་མྱུར་དུ་འཇིག་པའི་ཆོས་ཅན་ཡིན། །
གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། འདབ་བརྒྱད་འཁོར་ལོ་རོལ་བའི་དབྱངས་ལྷ་མོས། །དྲི་མེད་གཞུང་བརྒྱ་སྨྲ་བའི་རྣམདཔྱོད་སྤེལ། །ཡོངས་འདུས་ཤིང་གིས་འགྲོ་ལ་ཟང་ཟིང་གི། །འདོད་པའི་རེ་བ་རབ་ཏུ་བསྐོང་བར་བྱེད། །
གསུམ་པ་སྦྱར་བའི་དོན་གཞན་བཀོད་པ་ནི། ཟབས་ཡངས་ཆུ་གཏེར་ལས་ཐོན་མ་དཱ་རས། །རྣམ་སད་ཡོངས་ལ་ཀུན་དགའི་དཔལ་སྩོལ་ཅིང༌། །དཔག་མེད་རིན་ཆེན་ཁུར་གྱིས་མཛེས་བྱས་ཕྱིར། དབུལ་བའི་གདུང་པ་སེལ་བར་འདོད་མིན་ནམ། །
བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི། ཁྲག་འཐུང་ཆེན་པོ་རྔམས་པའི་ཉམས་ལྡན་ཡང༌། །སྐལ་ལྡན་འགྲོ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །བ་ཚའི་དྲི་མའི་སྐྱོན་ལྡན་ནོར་བུ་ཡིས། །རྣམ་མང་ནོར་གྱི་དངོས་ཀུན་སྩོལ་པར་བྱེད། །
ལྔ་པ་མི་འོས་པའི་དོན་གཞན་བཀོད་པ་ནི། ཆེས་རབ་དཔག་དཀའ་ཡབ་རྗེའི་ལེགས་བཤད་གཏམ། །རྨོངས་རྟུལ་འགའ་ཡི་རྣ་བར་ཆེར་རྩུབ་པ། ཚེ་རབས་མང་བོར་སྦྱངས་པས་ཡོངས་དབེན་པས། །སྐལ་དམན་སྐྱེ་བོ་རྣམས་ཀྱི་སྡིག་པའི་འབྲས། །

དྲུག་པ་འོས་པའི་དོན་གཞན་བཀོད་པ་ནི།མི་མཐུན་ཉེས་ཀུན་བྲལ་བའི་ཚངས་སྲས་སྐུ། །མཐོང་བ་ཡིས་ཀྱང་ཉོན་མོངས་གདུངས་པ་འཇོམས། །བཅུ་དྲུག་ཆ་རྫོགས་གཉིས་སྐྱེས་བསིལ་ཟེར་དག། །སྤྲོས་པའི་མོད་ལ་ཨུཏྤལ་གདུངས་པ་སེལ། །
བདུན་པ་འོས་ཤིང་མི་འོས་པ་ནི། རྒྱལ་བའི་བཀའ་ལ་དྲིན་མེད་དཔྱད་གསུམ་གྱིས། །འཇུག་པ་མཁས་པའི་ལུགས་ལས་བླུན་པོས་མིན། །ཉིན་བྱེད་སྣང་བས་འདབ་བརྒྱ་སྐྱོང་སྲིད་ཀྱི། །བསིལ་སྦྱིན་མཚན་མོའི་མགོན་གྱིས་དེ་ལྟར་མིན། །
བརྒྱད་པ་མི་འོས་ཤིང་འོས་པ་ནི། བཅོས་མའི་བསྟན་འཛིན་གཙུག་ཏུ་བཀུར་འོས་ན། །མང་ཐོས་བསླབ་གསུམ་ལྡན་རྣམས་ཅིས་མི་བཀུར། །ཚུལ་འཆོས་གཡོ་ཅན་བླ་མར་འོས་མིན་གྱི། །གདམས་པའི་གཏེར་གྱུར་དེ་ལ་སྨོས་ཅི་དགོས། །
བརྒྱད་པ་ལྡོག་པ་ཅན་ནི། སྒྲ་འཇུག་པའམ་རྟོགས་པ་ཡི། །དངོས་པོ་གཉིས་ནི་མཚུངས་གྱུར་བ། །དེར་ནི་དབྱེ་བ་བརྗོད་པ་གང༌། །དེ་ནི་ལྡོག་པ་ཅན་ཞེསབརྗོད།ཅེས་གསུངས་པ་ལྟར། དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་དཔེ་དང་དཔེ་ཅན་གཉིས་རྒྱུ་མཚན་འགའ་ཞིག་གི་སྒོ་ནས་མཚུངས་ཀྱང་མི་འདྲ་བའི་ཁྱད་པར་བརྗོད་པའི་ཚིག་སྦྱོར་སྟེ། དབྱེ་ན་བཅུ་ལས།
དང་པོ་གཅིག་གི་ལྡོག་པ་ཅན་ནི། ལུང་རྟོགས་བྱེ་བས་ཐུགས་རྒྱུད་རབ་གཏམས་ཤིང༌། །རླབས་ཆེན་འཕྲིན་ལས་མཛད་པའི་ཆ་ཀུན་ལས། །འབྲོམ་སྟོན་རྗེ་དང་མགོན་ཁྱོད་མཚུངས་མོད་ཀྱང༌། །རྣམ་གསུམ་ངུར་སྨྲིག་གོས་ཀྱི་སོ་སོར་དབྱེ། །
གཉིས་པ་གཉིས་ཀྱི་ལྡོག་པ་ཅན་ནི། དཔག་བསམ་ཤིང་དང་རྒྱལ་ཀུན་སྒྲོལ་མ་གཉིས། །ཅི་འདོད་སྩོལ་དང་དབུལ་ཕོངས་སེལ་བ་ལ། །མཚུངས་ཀྱང་དེ་ནི་སེམས་མེད་གདོས་བཅས་དང༌། །འཕྲིན་ལས་ལྷ་མོ་མཚན་དཔེའི་དཔལ་གྱིས་མཛེས། །
གསུམ་པ་སྦྱར་བའི་ལྡོག་པ་ཅན་ནི། པད་དཀར་འཛིན་དང་འཕགས་མཆོག་ཀླུ་སྒྲུབ་ཞབས། །འཆད་རྩོད་རྩོམ་དང་ཕན་བདེ་སྤེལ་བའི་ཚུལ། །མཚུངས་ཀྱང་རྒྱལ་དབང་གངས་ཅན་མགོན་པོ་དང༌། །ཤིང་རྟ་ཆེན་པོ་འཕགས་ཡུལ་མཁས་པའི་མགོན། །
བཞི་པ་འགོག་པ་ཅན་གྱི་ལྡོག་པ་ནི། ཟབས་ཡངས་རྒྱ་ཆེ་གཏིང་མཐའ་དཔགས་དཀའ་ཞིང༌། །བ་ཚཱའི་དྲི་མས་རྙོག་པ་དང་ལྡན་པའི། །ཉལ་འགྲོའི་གཏེར་གྱུར་རྒྱ་མཚོ་ཆེན་པོ་དེ། །རྣམ་འདྲེན་རྒྱལ་བའི་ཐུགས་ལ་འགྲན་ནུས་མིན། །
ལྔ་པ་གཏན་ཚིགས་ཀྱི་ལྡོག་པ་ནི། འཇིག་བྲལ་གནས་ལྔར་མཁས་ཤིང་གཟི་བརྗིད་འབར། །ཆེ་དགུ་དྲེགས་པའི་གཙུག་ཏུ་དབང་བསྒྱུར་ཡང༌། །ལས་ཉོན་འཆིང་བའི་འཇིགས་ལས་གྲོལ་མིན་ཕྱིར། །མི་མཇེད་བདག་པོ་གཽ་ཏམ་ཉིད་ལས་དམན། །
དྲུག་པ་རྟེན་གྱི་ལྡོག་པ་ནི། སྙན་འཇེབས་ཆོས་སྒྲ་སྒྲོགས་པའི་ལྷ་རྔ་དང༌། །འཇམ་དཔལ་དབྱངས་དངོས་ཡབ་རྗེའི་གསུང་དབྱངས་གཉིས། །མཚུངས་ཀྱང་དེས་ནི་སུམ་རྩེན་གནས་ཉིད་དང༌། །ཁྱོད་གསུང་སྲིད་འདིར་སྙེན་པའི་དཔལ་རབ་འབར། །
བདུན་པ་དཔེ་ཅན་ལྷག་པ་ལྡོག་པ་ནི།ཟླ་གཞོན་དབང་བོ་དམར་བའི་མཆུ་སྒྲོས་དང༌། །དཀྱུས་རིང་འདྲེན་བྱེད་གཡོ་བ་དང་བྲལ་ཞིང༌། །ཡིད་བཞིན་འཁོར་ལོའི་ཞལ་གྱི་དཀྱིལ་འཁོར་ནི། །ཡོན་ཏན་དེ་དག་རྣམས་ཀྱིས་ཁྱད་པར་འཕགས། །
བརྒྱད་པར་འབྱེད་བྱེད་མཚུངས་པའི་ལྡོག་པ་ནི། རྣམ་འདྲེན་སྐུ་དང་ས་འཛིན་ལྷུན་པོའི་དཔལ། །མཛེས་བརྗིད་བལྟ་ན་སྡུག་པའི་དཔལ་འཛིན་ཡང༌། །ཁྱོད་སྐུ་མཚན་དཔེའི་རི་མོ་རྣམ་བཀྲ་ཞིང༌། །གླིང་བཞིའི་ལྟེ་བ་བང་རིམ་བཞི་ཡིས་མཛེས། །
དགུ་པ་མཚུངས་ཆོས་ཤུགས་དང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ནི།ལྔ་བརྒྱའི་གཙུག་རྒྱན་འཛམ་གླིང་མཛེས་པའི་རྒྱན། །ནམ་མཁའི་ནོར་བུ་ཀུན་གསལ་ཡངས་པའི་རྒྱན། །གླིང་མཆོག་འདི་ནི་ཐུབ་བསྟན་དར་བའི་གནས། །འཆི་མེད་ལམ་བཟང་སྣང་བ་འབར་བའི་གཞི། །
བཅུ་པ་རིགས་མཐུན་གྱི་ལྡོག་པ་ནི། རི་འཇོམས་རྩེ་བརྒྱས་གཞོམ་པར་མི་ནུས་ཤིང༌། །དཔྱོད་ལྡན་སོར་མོའི་འཕྲུལ་གྱིས་བསྐྲུན་མིན་པ། །སྤྲོས་བྲལ་གནས་ལུགས་རིགས་པའི་ཤེས་རབ་ཀྱིས། །ངོས་འཛིན་འཁྲུལ་བའི་དྲ་བ་དྲུང་ནས་འབྱིན། །
དགུ་པ་སྲིད་པ་ཅན་གྱི་རྒྱན་ནི། རྩ་བར། རབ་ཏུ་གྲགས་པའི་རྒྱུ་བཟློག་ནས། །གང་ཞིག་རྒྱུ་གཞན་ཅུང་ཟད་ཙམ། །གང་དུ་རང་གི་ངོ་བོ་ཉིད། །སྟོན་པ་དེ་ནི་སྲིད་པ་ཅན། ཞེས་ཡོངས་གྲགས་ཀྱི་རྒྱུ་བཟློག་པ་སྟེ་བཀག་ནས་ཕྱི་ནང་གི་རྒྱུ་ཅུང་ཟད་དམ། དེ་ལའང་མ་ལྟོས་པར་འབྲས་བུ་རང་གི་ངོ་བོ་ཉིད་སྟོན་པའོ། འདི་ལ་གསུམ་ལས།
དང་པོ་ཕྱི་དུས་ལ་སྦྱར་བ་ནི། བྱེད་པོས་མ་བསྐྲུན་ཡལ་ཀ་རབ་རྒྱས་རྩེར། །སྔོ་ལྗང་ཚོས་ཀྱི་མ་བསྒྱུར་གཡུ་འོད་འབར། །མ་བཀྲམ་ལོ་འདབ་གསར་བས་ཕྱོགས་ཀུན་བསྐོར། །མ་བཅོམ་འབྲས་བུའི་ཁུར་འཆད་ལྗོན་པ་འདི། །
གཉིས་པ་ནང་ལ་སྦྱར་པ་ནི། ཚོན་ཀྱིས་བྱུག་མིན་རབ་དཀར་དྭངས་པའི་ཡིད། མ་བསྐུལ་རིས་མེད་འགྲོ་དོན་ལ་གཞོམ་ཞིང༌། །མ་སྐྱེས་ཡོན་ཏན་འཕེལ་བའི་གཞི་དང་རྟེན། །མ་བཅོས་སྙིང་རྗེའི་གཏེར་གྱུར་རྒྱལ་བའི་སྲས། །
གསུམ་པ་ངོ་བོ་ཙམ་སྟོན་པ། ཕྱི་དོར་མ་བྱས་གཟི་འོད་རབ་ཏུ་འབར། །མགྲོན་དུ་བོས་མིན་མཁའ་ལ་ཉིན་བཞིན་རྒྱུ། །འཚེ་བར་བྱས་མིན་སྨག་རུམ་མཐར་བྱས་ནས། །རིས་མེད་སྣང་བ་སྩོལ་མཛད་ཉིན་མོའི་མགོན། །
བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ནི། དངོས་པོ་འགལ་ལ་བསམ་བྱས་ནས། །དེ་དང་མཚུངས་པའི་དངོས་པོ་གཞན། །བསྡུས་པའི་ཚུལ་གྱིས་བརྗོད་བྱེད་པ། །དེ་ནི་བསྡུས་པ་བརྗོད་པར་འདོད། །ཅེས་བརྗོད་འདོད་ཀྱི་དངོས་པོ་འགའ་ཞིག་ཡིད་ལ་བསམ་སྟེ། དེ་མཚུངས་གྱི་དཔེ་དངོས་སུ་བརྗོད་ནས། །དཔེ་ཅན་དེ་ཉིེད་བརྗོད་བྱར་བསྡུས་པའོ། །འདི་ལ་བཞི་ལས། དང་བོ་སྤྱིའི་བསྡུས་བརྗོད་ནི། བླ་མེད་སྐུ་གསུམ་གོ་འཕང་ཚེ་གཅིག་ལ། །ཐོབ་བྱེད་ཐུབ་བསྟན་སྙིང་པོ་ཕྱིར་བོར་ནས། །སྲིད་ལས་གྲོལ་ཕྱིར་རྩོད་ལྡན་བླུན་པོ་འགས། །དྲི་བཅས་གཞན་སྡེའི་ལུགས་ལ་སྙིང་པོར་འཆའ། །
གཉིས་པ་ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད་ནི།  གང་ཞིག་བསྟེན་ན་བདེ་བའི་མཆོག་སྟེར་ཞིང༌། །མི་མཐུན་ཉེས་ཀུན་དྲི་མ་མཐར་བྱེད་པའི། གངྒའི་ཆབ་འདི་གུས་རྟག་བརྩོན་པ་ཡིས། །སྙིང་ལ་བྲན་པས་བསྐལ་བཟང་བདག་གིས་ཐོབ། །
གསུམ་པ་ཁྱད་གཞི་ཐ་དད་ཁྱད་ཆོས་ཐ་དད་ཐ་དད་མ་ཡིན་པའི་བསྡུས་བརྗོད་ནི། དཀར་གསལ་རབ་མཛེས་བསིལ་བའི་བདེ་སྟེར་ཞིང༌། །མ་འདྲེས་རི་དྭགས་རི་མོ་རྣམ་བཀྲ་བ། །ཆ་ཤས་ཡོངས་རྫོགས་རྒྱུ་སྐར་བདག་པོ་འདིས། །འཛིན་མའི་ཁྱོན་ཀུན་འོད་ཀྱིས་གསལ་བར་བྱས། །
བཞི་པ་སྔོན་མེད་བསྡུས་བརྗོད་ནི། ཡོངས་གང་ན་ཀྲའི་གྲོད་ལས་མ་འཁྲུངས་ཤིང༌། །འཕེལ་འགྲིབ་མི་མངའ་རི་བོང་མཚན་མ་དང༌། །བྲལ་བའི་སྔོན་མེད་ཟླ་བ་གཞོན་ནུ་འདི། །མཛེས་ལྡན་ཀུ་མུད་རྒྱས་པའི་དཔལ་དུ་ཤར། །
བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ནི། ཁྱད་པར་གྱི་ནི་བརྗོད་འདོད་གང༌། །འཇིག་རྟེན་མཚམས་ལས་བརྒལ་འགྱུར་པ། །ཕུལ་དུ་བྱུང་བར་བརྗོད་པ་འདི། རྒྱན་གྱིས་དམ་པ་ཡིན་ཏེ་དཔེར། ཞེས་དངོས་པོ་གང་གི་ཁྱད་པར་མཆོག་ཏུ་གྱུར་པར་བརྗོད་པར་འདོད་ནས་འཇིག་རྟེན་གྱིས་མཚམས་ལས་བརྒལ་ཏེ་ཆེས་ལྷག་པའམ། ཕུལ་དུ་བྱུང་བར་བརྗོད་པའོ། །

དབྱེ་ན་བཞི་ལས་དང་པོ་ཁྱད་འཕགས་བརྗོད་པའི་ཕུལ་བྱུང་ནི། རྣམ་དག་སྡོམ་གསུམ་ཁྲིམས་ཀྱིས་ཞི་ཞིང་དུལ། །འཆད་རྩོད་རྩོམ་པའི་གྲགས་སྙན་སྟོང་འབར་བ། །འཇམམགོན་བླ་མའི་གསང་གསུམ་ཡོན་ཏན་ལ། །ཀླུ་སྒྲུབ་ཕྱོགས་གླང་སོགས་ཀྱིས་མཚོན་དུ་མེད། །
གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི།  ཐ་མལ་སྐྱེ་འཆི་ཟག་མེད་སྐུ་གསུམ་དུ། །བསྒྱུར་བྱེད་རིམ་གཉིས་མཐར་སོན་མགོན་ཁྱོད་ཀྱི། །མཁྱེན་དཔྱོད་བློ་གྲོས་ཡུལ་ལས་འདས་པའི་ཆོས། །ཡོད་དམ་མེད་སྙམ་ཐེ་ཚོམ་ལྡོག་མ་གྱུར། །
གསུམ་པ་ངེས་པ་ཕུལ་བྱུང་ནི།བློ་གསལ་རྣམས་ཀྱིས་གཞུང་མང་ཐོས་བསམ་གྱིས། །དུས་ཀུན་འདའ་བ་ཀུན་ཤེས་བྱ་ཕྱིར་དུ། །ངེས་སོ་དེ་ལས་གཞན་དུ་ལུས་སེམས་ལ། །དལ་མེད་གདུང་བ་བྱེད་འདིས་ཅི་ཞིག་བྱ། །ཡང་ན།ཁྱོད་ཞབས་སྐྱེ་རྒུ་དྲེགས་པའི་ཟུར་ཕུད་རྩེར། །མཛེས་པ་འདི་ཡང་བསླབ་གསུམ་ཡོན་ཏན་གྱིས། །ཐུགས་རྒྱུད་གཏམས་པའི་ངང་ཚུལ་མཆོག་དེ་ཡི། །མཐུ་ཉིད་ཁོ་ནར་ངེས་པར་གདོན་མི་ཟ། །
བཞི་པ་ངོ་མཚར་ཕུལ་བྱུང་ནི། གང་འདུལ་སྤྲུལ་པའི་གར་མཛད་མགོན་ཁྱོད་ཐུགས། །ལུང་རྟོགས་ཡོན་ཏན་ཚོགས་ཀྱིས་ཁེངས་པའི་ལྕིད། །འདེགས་བཟོད་སྟོབས་ལྡན་ནོར་འཛིན་བུ་མོ་ཡིས། །དལ་བས་ཤུག་རིང་མི་འབྱིན་ངོ་མཚར་ཆེ། །
བཅུ་གཉིས་པ་རབ་རྟོག་གི་རྒྱན་ནི། སེམས་ལྡན་དག་གམ་གཅིག་ཤོས་ཀྱི། །རྣམ་པ་གཞན་དུ་གནས་པའི་ཚུལ།  །གང་དུ་རྣམ་གཞན་རབ་རྟོག་པ། །དེ་ནི་རབ་རྟོག་ཏུ་རིག་དཔེར། །ཞེས་བརྗོད་འདོད་ཀྱི་དངོས་པོའི་རྣམ་པ་ཇི་ལྟར་གནས་པ་དེ་ལས་དངོས་པོ་གཞན་གྱི་གནས་ཚུལ་ལ་སྒྲོ་བཏགས་ནས་བརྗོད་པའོ། །
྅དབྱེ་ན་བཞི་ལས། དང་པོ་སེམས་ལྡན་རབ་རྟོག་ནི། སྐྱབས་གཅིག་ཕྱོགས་ལས་རྣམ་རྒྱལ་འཕྲིན་ལས་ཀྱི། །འཇུག་པ་ཡངས་པའི་ཁྱོན་འདིའི་མཐའ་བརྒལ་ཚེ། །དྲགས་ལྡན་ཚངས་པའི་ཁེངས་པ་ཟུམ་བྱས་ནས། །མི་སྨྲས་ཟོལ་གྱིས་སུམ་རྩེན་གནས་སུ་བྲོས། །
གཉིས་པ་སེམས་མེད་རབ་རྟོག་ནི། འཛམ་གླིང་ཡངས་པའི་རྒྱན་གཅིག་སྡེ་འདི་ཡི། །རྣམ་དཀར་བཤད་སྒྲུབ་འབུམ་སྡེའི་དགེ་མཚན་ལ། །ཆགས་པའི་སྣང་བྱེད་ཉི་ཟླའི་བགྲོད་པ་ཡང༌། །ནམ་ཡང་ཆད་མེད་ཉིན་བཞིན་མཁའ་འདིར་རྒྱུ། །

གསུམ་པ་ཏིང་འཛིན་རབ་རྟོག་ནི། མཁའ་དབྱིངས་བུ་མོའི་མགུལ་བ་མཛེས་པའི་སླད། །རྒྱུ་སྐར་དོ་ཤལ་རྒྱན་དུ་འཆང་བ་བཞིན། །སྲིད་ཞིའི་མཛེས་སྡུག་དཔལ་ཀུན་འཕྲོག་པའི་ཕྱིར། །འཇའ་ཚོན་གོས་ཀྱིས་ལེགས་པར་སྤུད་པ་བཞིན། །
བཞི་བ་རབ་རྟོགས་གསལ་བྱེད་ཀྱི་སྒྲ་ལ་ལྔ་ལས། དང་པོ་སྙམ་སྒྲ་ཅན་ནི།མཁྱེན་གཏེར་གཞོན་ནུས་རྟེན་འབྱུང་རལ་གྲི་ཡིས། །ཀུན་རྨོངས་མགུལ་བ་དུམ་བུར་བཅད་པའི་དཔལ། །མི་བཟོད་རབ་མཛེས་བུ་མོ་སྔོ་བསངས་མ། །སྐྱེངས་པའི་ཟོལ་ཀྱིས་གྱེན་དུ་འཕགས་སམ་སྙམ། །
གཉིས་པ་དོགས་སྒྲ་ཅན་ནི། དམིགས་མེད་སྙིང་རྗེའི་རང་གཟུགས་ལྷག་པའི་ལྷས། །གང་འདུལ་སྐུ་ཡི་བཀོད་པ་འབྱམས་གླས་པས། །འགྲོ་ཀུན་འདྲེན་པའི་ཡ་མཚན་ལྟད་མོ་ལ། །བལྟ་ཕྱིར་ལྷ་དབང་མིག་སྟོད་སྤྲུལ་གྱིས་དོགས། །
གསུམ་པ་ངེས་སྒྲ་ཅན་ནི།བསུང་ཞིམ་རོ་ལ་སྲེད་པའི་བུང་བ་རྣམས། །དགའ་བའི་འཕུར་ལྡིང་རོལ་པའི་གར་བསྒྱུར་ཚེ། །མཛེས་སྡུག་པདྨའི་བཅུད་བཟང་འཁྱེར་དོགས་ནས། །སྐྲགས་པས་ལྕུག་ཕྲན་ཤིག་ཤིག་འདར་བ་ངེས། །
བཞི་བ་འདྲ་སྒྲ་ཅན་ནི། མཁྱེན་བརྩེའི་བདག་ཉིད་རྗེ་བཙུན་ཙོང་ཁ་པས། །སྔ་རབས་དྲི་བཅས་ལྟ་ཀུན་དྲུང་ཕྱུང་ནས། །ཀླུ་སྒྲུབ་ལུགས་བཟང་གསལ་བར་བྱས་པ་ན། །བསྟན་པའི་བདག་པོ་ལྗོངས་འདིར་བྱོན་པ་འདྲ། །
ལྔ་པ་མིན་ནས་སྒྲ་ཅན་ནི། སྤུ་སྡུག་རྣམ་བཀྲ་དབྱར་གྱི་དཔལ་མོ་ཡིས། །སྔོན་མེད་དུས་སྟོན་གསར་བའི་དགའ་སྟོན་དཔལ། །མྱོང་ཚ་ཆུ་སྐྱེས་གཞོན་ནུའི་ཚོགས་རྣམས་ཀྱིས། །སྤྲོ་དགས་ལང་ཚོ་ཆེས་ཆེར་ངོམ་མིན་ནམ། །
བཅུ་གསུམ་པ་རྒྱུའི་རྒྱན་ནི། རྒྱུ་ནི་བྱེད་པོ་ཤེས་བྱེད་དེ། །དེ་དག་རྣམ་པ་དུ་མ་དཔེར། །ཞེས་རྒྱུ་སྐྱེད་བྱེད་སོགས་བྱེད་པོ་གང་གིས་འབྲས་བུ་དངོས་ཤུགས་གང་རུང་ལས་གོ་བར་བྱེད་པའོ། །

དབྱེ་ན་བཅུ་དྲུག་ལས། དང་པོ་སྐྱེད་བྱེད་འགྲུབ་པའི་རྒྱུ་ནི། རྣམ་འདྲེན་རྒྱལ་བསྟན་རིམ་གྱིས་བྱང་ཕྱོགས་སུ། །རྒྱས་འགྱུར་རྟེན་འབྲེལ་ཐུགས་བསྐྱེད་བདེན་པའི་མཐུས། །འཛིན་མའི་རྒྱན་གྱུར་མདོ་སྨད་ཆོས་སྡེ་ཀུན། །རྣམ་དཀར་བཤད་སྒྲུབ་དགེ་མཚན་འགྲན་བཞིན་རྒྱས། །
གཉིས་པ་ཉམས་བྱེད་འགྲུབ་པའི་རྒྱུ་ནི། སྲིད་བདེར་དུག་བཞིན་བལྟ་བའི་དགེ་སྦྱོང་རྣམས། །བག་ཡོད་ཚངས་སྤྱོད་ཁྲིམས་ཀྱི་བརྟུལ་ཞུགས་ལ། །བརྩོན་པའི་མཐུ་ཡིས་གཡང་སར་བསྒྱུར་བྱེད་པའི། །སྟོབས་ལྡན་ལས་ཀུན་གཏན་དུ་ཉམས་པར་བྱས། །

གསུམ་པ་རྣམ་འགྱུར་གྱི་རྒྱུ་ནི། རང་ཉིད་གཅིག་བུ་མྱ་ངན་འདས་པའི་སར།།བགྲོད་འདོད་ཐོས་སྒྲོགས་ཞི་བ་འཚོལ་རྣམས་ཀྱང༌། །ཚད་མེད་བྱང་ཆུབ་འདུན་པའི་སེམས་མཆོག་གིས། །བློ་ཆེན་རྒྱལ་སྲས་སེམས་དཔར་བསྒྱུར་ཏེ་རྨད། །
བཞི་པ་ཐོབ་བྱའི་རྒྱུ་ནི། མགོན་ཁྱོད་ཞབས་རྡུལ་སྙིང་ལ་བཀོད་བྱས་ནས། །སྐྱབས་གནས་འདུས་སྐུར་ཡིད་ཆེས་དག་སྣང་གིས། །ཉེས་ཀུན་དམིགས་མེད་ཞི་ནས་དགེ་ལེགས་ཀྱི། །དགའ་སྟོན་ཟད་པ་མེད་པའི་སྐལ་བཟང་ཐོབ། །
ལྔ་པ་ཕྱི་ཤེས་བྱེད་ཀྱི་རྒྱུ་ནི། དཔྱིད་ཀྱི་ཕོ་ཉས་གླུ་དབྱངས་སྙན་སྒྲོགས་ཤིང༌། །ཆུ་འཛིན་སྟུག་པོའི་སྦྲང་ཆར་གྱིས་བརླན་པའི། །འདབ་ལྡན་སྔོ་ལྗང་ལོ་འདབ་ཀྱིས་སྤུད་རྩེར། །ཡིད་འོང་འདབ་སྟོང་གཞོན་ནུའི་རྩེ་དགའ་རྒོད། །
དྲུག་པ་ནང་ཤེས་བྱེད་ཀྱི་རྒྱུ་ནི། མདོ་རྒྱུད་རྒྱ་མཚོའི་ཚིག་དོན་ཐུགས་ཆུད་ནས། །དེ་དོན་ཇི་བཞིན་བརྩེ་བས་ལེགས་འདོམས་ཤིང༌། །མངོན་ལྐོག་བྲལ་བའི་བསླབ་གསུམ་ཉམས་ལེན་ལ། །རྩེ་གཅིག་གཞོལ་བའི་རྣམ་ཐར་མཆོག་འདི་རྨད། །ཡང་ན། གྲོགས་ཁྱོད་ཡིད་མཐུན་དབེན་གནས་འདོད་པའི་སེམས། །མཛའ་བཅུགས་གཏམ་གྱིས་བཟློག་པར་མི་ནུས་ཤིང༌། །འདི་སྣང་བདེ་འབྱོར་གྱིས་ཀྱང་གཡོ་མིན་པ། །བཅོས་མིན་ངེས་འབྱུང་རྒྱས་པ་ཚུལ་འདིས་རྟོགས། །
བདུན་པ་སྔ་ན་མེད་པའི་བྱེད་རྒྱུ་ནི། གཞུང་མང་ཐོས་པས་སྒྲོ་འདོགས་མ་བཅད་ཅིང༌། །ཟབ་དོན་བསམ་པས་འདྲེས་པར་མ་བྱས་ལ། །གཡོ་མེད་སྒོམ་པས་ངལ་བ་འདམ་བསྟན་པས། །རྨོངས་པའི་སྡུག་བསྔལ་ཁུར་གྱིས་སྙིང་ལ་གཟིར། །
བརྒྱད་པ་ཞིག་ནས་མེད་པའི་བྱེད་རྒྱུ་ནི། བརྩེ་ལྡན་གཉེན་ལ་སྲེད་པ་གཏན་དུ་ཟད། །མི་བཟོད་དགྲ་ལ་སྡང་པའི་སེམས་པ་ཡང༌། །སྤངས་ནས་རས་མེད་འགྲོ་བ་མ་ལུས་ཀུན། །ཕ་མར་ཤེས་པའི་ཚུལ་འདིས་སྤྲོ་བ་བསྐྱེད། །
དགུ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི། འདབ་ཆགས་པག་མེད་རྒྱུ་བ་གཉེན་གྲོགས་མིན། །དྲི་བཞོན་གཡོ་བ་མི་བསྲུན་དགྲ་སྡེ་མིན། །སྣ་ཚོགས་རྩི་ཤིང་བསླུ་བྱེད་སྲིད་པའི་དཔལ། །མིན་ཕྱིར་དབེན་གནས་འདི་ལ་ཡིད་རབ་སྤྲོ། །
བཅུ་པ་སྤངས་ནས་མེད་པའི་བྱེད་རྒྱུ་ནི། ལུས་ངག་ཁྲིམས་ཀྱི་འགལ་ཟླ་མ་ལུས་ཀུན། །ཁྲིམས་ལྡན་དགེ་སྦྱོང་ཚོགས་ཀྱིས་གཏན་སྤངས་པའི། །རྒྱུ་དེས་འཁོར་འདས་ལེགས་ཚོགས་མ་ལུས་ཀུན། །མི་ཉམས་འཕེལ་བའི་གཞི་རྩ་ལེགས་པར་ཚུགས། །ཡང་ན། ཉེས་ཀུན་རྩ་བ་བདེན་པར་འཁྲུལ་པའི་བློ། །མ་གཡོ་སར་གནས་རྣམས་ཀྱིས་སྤངས་པའི་ཕྱིར། །ནམ་མང་མི་ཟད་ཟག་མེད་ཡོན་ཏན་ཚོགས། །འབད་མེད་ངང་གིས་འཕེལ་ཞིང་རྒྱས་པ་འདི། །

བཅུ་གཅིག་པ་རྒྱུ་མེད་པའི་འབྲས་བུ་མེད་པ་བསྐྱེད་པ་ནི། རང་ཅག་མཐའ་མེད་སྡུག་བསྔལ་རྒྱ་མཚོ་ལ། །སྦྱོར་བྱེད་གཅེས་འཛིན་འདི་ཡིས་མ་བསླུས་ན། །དཔག་མེད་ཡོན་ཏན་བྱེ་བའི་བང་མཛོད་ལ། །དབང་བསྒྱུར་སྐུ་གསུམ་ས་ལ་རེག་ཟིན་མོད། ། དགག་ཚིག་གཉིས་བརྩེགས་དགོས་ན། སར་གནས་དཔའ་བོས་རྟེན་འབྱུང་ཤེས་རབ་ཀྱིས། །མཐར་འཛིན་སྲིད་རྩ་མ་རིག་བཅོམ་མིན་ན། །མིང་བརྡས་བཞག་ཙམ་རྒྱུ་འབྲས་མི་བསླུ་བའི། །གནས་ཚུལ་ལེགས་པར་སྨྲ་བའི་སྤོབས་པ་བྲལ། །
བཅུ་གཉིས་པ་རང་འབྲས་ཀྱི་རྒྱུ་ནི། མཁས་དབང་ཀླུ་སྒྲུབ་ཆོས་སྒྲ་བསྒྲགས་པའི་མོད། །རྨོངས་རློམས་ལོག་སྨྲའི་ལུགས་སྲོལ་སུན་ཕྱུང་སྟེ། །དྲི་མེད་རྒྱལ་བསྟན་སྲིད་འདིར་གསལ་བྱས་ཚེ། །རིགས་ན་གནས་པའི་གཞན་སྡེའི་ཕྱོགས་འཛིན་ཞིག །
བཅུ་གསུམ་པ་རྒྱུ་འབྲས་ལྷག་གཅིག་པའི་རྒྱུ་ནི། དད་གུས་བརྩོན་པ་དྲག་པོ་བརྟེན་པའི་མཐུས། །ཟླ་སྲིང་ལྷ་མོ་སྙིང་ལ་རོལ་བ་དང་། །ལྷན་ཅིག་མདོ་རྒྱུད་ཟབ་མོའི་གནད་ཀུན་ལ། །འཇིགས་མེད་སྨྲ་བའི་ཤེས་རབ་སྤོབས་པ་རྙེད། །

བཅུ་བཞི་བ་འབྲས་བུ་སྔ་བའི་རྒྱུ་ནི། འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་ཡིས། །འཆད་རྩོད་རྩོམ་པས་འགྲོ་རྣམས་སྨིན་བྱས་ནས། །སླར་ཡང་ཟླ་བྲལ་བཤེས་གཉེན་མང་ཐོས་འགའ། །བསྟེན་ནས་མདོ་སྔགས་རིས་མེད་གཞུང་ལ་སྦྱངས། །
བཅོ་ལྔ་པ་རིགས་མིན་གྱི་རྒྱུ་ནི། །སྐྱབས་མཆོག་དམ་པའི་ཞལ་སྒོ་ལས་འོངས་པའི། །སྨིན་གྲོལ་གདམས་པའི་བདུད་རྩི་མཆོག་འདི་ཡིས། །ཡིད་སྲུབས་སྡེ་བཅས་དགའ་བའི་བཞིན་ཉམས་ནས། །ཡིད་རབ་གདུང་པས་གཟིར་བ་འདི་ཀོ་མཚར། །
བཅུ་དྲུག་པ་རིགས་པའི་རྒྱུ་ནི། །དཔག་ཡས་རྒྱལ་བའི་ཐུགས་རྗེས་སྒྱུ་འཕྲུལ་མཆོག །ངུར་སྨྲིག་གར་གྱི་རྣམ་རོལ་བཤེས་གཉེན་ཆེ། །འབད་པས་གཙུག་ཏུ་བཀུར་ལས་ལེགས་ཚོགས་ཀྱི། །བདེ་དགེ་ཆེས་ཆེར་འཕེལ་བའི་དགའ་སྟོན་ཐོབ། །
བཅུ་བཞི་པ་ཕྲ་མོའི་རྒྱན་ནི། ཟུར་དང་རྣམ་པས་མཚོན་པའི་དོན། །ཕྲ་ཕྱིར་ཕྲ་མོ་ཞེས་པར་བརྗོད། །ཅེས་བརྗོད་པར་འདོད་པའི་དོན་དངོས་སུ་མ་བརྗོད་བ་ཟུར་དང་རྣམ་འགྱུར་གྱིས་ནང་མཚོན་པའི་དོན་གོ་བར་བྱེད་པ་སྟེ། །

དབྱེ་ན་གཉིས་ལས། དང་པོ་ཟུར་ཕྲ་མོ་ནི། རྗེ་བཙུན་སྒྲོལ་མས་ལུས་ཅན་མ་ལུས་ཀུན། །མི་བཟད་སྲིད་ཞིའི་འཇིགས་ལས་བསྒྲལ་བྱས་ནས། །མྱུར་བར་གཏན་བདེའི་ལམ་ལ་འགོད་པའི་བརྡར། །མི་འཇིགས་ཆོས་འཆད་ཕྱག་རྒྱའི་ཉམས་ཀྱིས་སྒེག །

གཉིས་པ་རྣམ་པའི་ཕྲ་མོ་ནི། འདྲེན་མཆོག་དམ་པའི་གསང་གསུམ་ཡོན་ཏན་ཆ། །གཟུར་གནས་བློ་ལྡན་སྙིང་ལ་འཕོས་པའི་མོད། །འགྱུར་མེད་དད་གསུམ་རྒྱས་པའི་མཐུ་སྟོབས་ཀྱིས། །ལག་པའི་ཐལ་མོ་ཙིཏྟའི་དངོས་སུ་ཟུམ། །
བཅོ་ལྔ་པ་ཆའི་རྒྱན་ནི། ཆ་ནི་ཆ་ཡི་དངོས་པོ་དག །རང་བཞིན་ངེས་པར་གསལ་བ་སྒྲིབ། །ཅེས་པ་བསྒྲིབ་བྱ་དངོས་པོའི་རང་བཞིན་གསལ་བ་དེ་སྒྲིབ་བྱེད་དངོས་པོ་གཞན་དུ་ཁ་བསྒྱུར་ནས་སྤེད་པར་བྱེད་པ་སྟེ།དབྱེ་ན་བཞི་ལས།
དང་པོ་འོས་པའི་ཆ་ནི། འགྲོ་རྣམས་སྡུག་བསྔལ་ཁུར་གྱིས་མནར་བའི་ཚུལ། །མ་བཟོད་ལུས་ཀྱི་འཁྲི་ཤིང་འདར་བ་ཡང༌། །གཞན་གྱིས་མཐོང་ཚེ་གྲང་བའི་རེག་བྱ་ཡས། །གདུངས་པས་བདག་ལུས་གཡོ་བར་བྱེད་ཅེས་བརྗོད། །
གཉིས་པ་མི་འོས་པའི་ཆ་རྒྱན་ནི། འདི་སྣང་རྙེད་བཀུར་གྲགས་པ་ལྷུར་ལེན་པའི། །ཚུལ་འཆོས་མཁན་པོ་འབོ་བའི་གདན་སྟེང་ན། །བག་ཕབས་གློ་བུར་གཉིད་དུ་ཡུར་བ་ལ། །གཞན་ངོར་ཁོ་བོས་ཞི་གནས་སྒོམ་ཞེས་སྨྲས། །
གསུམ་པ་བསྟོད་པ་ལྟར་བྱས་ནས་སྨད་པའི་ཆ་ནི། ཐོས་བསམ་སྒོམ་པའི་དགའ་བ་ཡོངས་སྤངསཤིང༌། །བསྟན་འགྲོའི་དོན་ལ་ཆགས་པ་གཏན་སྤངས་ཏེ། །མཐོན་པོའི་ཁྲིར་འགྱིང་འཁོར་ནོར་ཐབས་ཚུལ་གྱིས། །འགུགས་མཁས་ཁྱོད་ནི་སྙིགས་མའི་མགོན་དུ་འོས། །
བཞི་པ་སྨད་བ་ལྟར་བྱས་ནས་བསྟོད་པའི་ཆ་ནི། གྲོགས་མེད་གཅིག་བུར་དབེན་པར་གནས་བཅས་ནས། །ཐོས་དོན་སྒོམ་པའི་ངལ་བརྒྱས་རབ་གཟིར་ཅིང༌། །ཟས་གོས་འཁོར་ནོར་སྡུད་པའི་ཆོས་ཚུལ་ལ། །རྨོངས་པའི་བཤེས་གཉེན་འདི་འདྲའི་འཁོར་ལ་ཅི། །
བཅུ་དྲུག་པར་རིམ་བ་ཅན་གྱི་རྒྱན་ནི། དངོས་པོ་རབ་ཏུ་བརྟན་པ་རྣམས། །རིམ་པ་བཞིན་དུ་རྗེས་སྟོན་པ། །གྲངས་དང་རིམ་པ་བཞིན་ཞེས་པ། །གྲངས་བཞིན་ཞེས་པ་རབ་ཏུ་བརྗོད། །ཅེས་དཔེ་ཅན་གྱི་དངོས་པོ་འགའ་ཞིག་སྔོན་དུ་བརྗོད་ནས། དེའི་རྗེས་སུ་དཔེ་གྲངས་དང་གོ་རིམ་མ་འཁྲུགས་པར་བརྗོད་པ་ལ་རིམ་པ་ཅན་ཞེས་བྱ་སྟེ་དཔེར་བརྗོད་པ་ནི། །འདྲེན་མཆོག་ངག་གི་དབང་པོའི་མཛེས་སྐུ་དང༌། །སྙན་འཇེབས་གསུངས་དབྱངས་ཟབ་ཅིང་རྒྱ་ཆེའི་ཐུགས། །ས་འཛིན་དབང་པོ་ཚངས་དབྱངས་ཆུ་གཏེར་གྱི། །དཔལ་ཀུན་འཕྲོག་པར་ངེས་སོ་སྐྱབས་མགོན་རྗེ། །
བཅུ་བདུན་པ་དགའ་བའི་རྒྱན་ནི། དགའ་བ་མཆོག་ཏུ་དགའ་བར་བརྗོད། །ཅེས་དགའ་བ་བསྐྱེད་པའི་དངོས་པོ་ལ་བརྟེན་ནས་སྔར་མེད་པའི་དགའ་བ་མཆོག་ཏུ་སྐྱེས་པར་བརྗོད་པ་སྟེ། །

དབྱེ་ན་གཉིས་ལས། །དང་པོ་དངོས་ཐོབ་ཀྱི་དགའ་བ་ནི། ཡིད་འཕྲོག་ཁྱོད་སྐུ་མཐོང་བས་དགའ་བདེའི་དཔལ། །འདི་འདྲ་སྟེར་ནུས་གཞན་དུ་སྲིད་མིན་ཀྱང༌། །ད་དུང་ཁྱོད་གསུང་བདུད་རྩིའི་ཟེགས་མའི་ཆ། །སྙིང་ལ་སིམ་ཚེ་ལྷག་པར་དགའ་བ་རྒྱས། །
གཉིས་པ་གཟུགས་བསྙན་གྱི་དགའ་བ་ནི། །མཐོང་བ་དོན་ལྡན་རྒྱལ་བ་གཉིས་པའི་སྐུ། །མངོན་སུམ་སྣང་བའི་སྐལ་བ་ཆེར་དམན་ཡང༌། །ཁྱོད་སྐུའི་སྣང་བསྙན་བྱིན་རླབས་འབར་བ་འདི། །མཇལ་བས་ཡིད་ལ་སྔོན་མེད་དགའ་སྟོན་ཐོབ། །
བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ནི། ཉམས་ལྡན་ཡིད་འོང་ཉམས་དང་ལྡན། །ཞེས་ཡིད་དུ་འོང་བའི་སྒེག་པ་སོགས་ཅི་རིགས་ཀྱི་ཉམས་དང་ལྡན་པར་བརྗོད་པ་སྟེ། དབྱེ་ན་བརྒྱད་ལས། དང་པོ་སྒེག་པའི་ཉམས་ནི། མཁས་གྲུབ་བྱེ་བའི་དབུས་ན་གནས་བཅས་ནས། །ཐུབ་གསུང་མདོ་རྒྱུད་འབུམ་སྡེའི་ཟབ་མོ་དོན། །མ་ནོར་ཇི་བཞིན་དབྱངས་ཀྱིས་ལེགས་བསྒྲགས་པས། །བློ་གསལ་ཚོགས་ཀུན་དགའ་བའི་ཉམས་ཀྱིས་སྒེག  །
གཉིས་པ་དྲག་ཤུལ་གྱི་ཉམས་ནི། སྡིག་ཅན་ལོག་པར་འཁུ་བའི་བསྟན་དགྲ་རྣམས། །གཞོམ་ཕྱིར་ཁྲོས་འཁྲུགས་རྔམས་པའི་གཤིན་རྗེ་ཡིས། །གྲངས་མེད་གཏུམ་དྲག་འཇིགས་པའི་ཚོགས་སྤྲོས་ཏེ། །འཚེ་ལྡན་དགྲ་བགེགས་སྙིང་ཁྲག་ཧུབ་ཀྱིས་འཐུང། །
གསུམ་པ་དགའ་བའི་ཉམས་ནི། རྣམ་མང་མཁས་པའི་བཤད་གྲྭར་མ་ཞུགས་ཤིང༌། །དབེན་པར་གཅིག་བུར་སྒོམ་བས་མ་ངལ་བར། །ལུང་རྟོགས་གདམས་པའི་མཛོད་ལ་མངའ་བརྙེས་པ། །གངས་ལྗོངས་སྐྱེ་འགྲོའི་མགོན་པོ་འབྲོམ་སྟོན་རྗེ། །
བཞི་པ་སྙིང་རྗེའི་ཉམས་ནི། སྲིད་བདེར་ལ་ཆགས་མི་བཟད་སྡིག་པའི་ལས། །ཡང་ཡང་བསགས་མཐར་འདི་སྣང་ཞིག་པའི་ཚེ། །རབ་འབར་མནར་མེད་མེ་ལྕེས་འཚེད་འགྱུར་གྱིས། །ཉམས་ཐག་འགྲོ་ལ་རྒྱལ་ཀུན་སྙིང་རྗེས་གཟིགས། །
ལྔ་པ་མི་སྡུག་པའི་ཉམས་ནི། ལུས་ཀུན་དམར་ནག་ཁྲག་གིས་ཉེར་བརླན་ཞིང༌། །རྒྱུ་རློན་ལྡ་ལྡི་གཡང་གཞིའི་གོས་གྱོན་པའི། །མི་སྡུག་དུར་ཁྲོད་རྒྱུ་བའི་ཤ་ཟའི་ཚོགས། །མི་རྟའི་ཤ་ཁྲག་ཟས་སུ་ཟ་ཞིང་རྒྱུག །
དྲུག་པ་བཞད་གད་ཀྱི་ཉམས་ནི། ཕྱི་རུ་ངུར་སྨྲིག་གོས་ཀྱིས་ལུས་མཛེས་ཤིང༌། །སྲིད་བདེར་ཞེན་ལོག་སྐྱོ་བའི་ངང་ཚུལ་ཅན། །འདོད་སྤྱོད་དགའ་མར་ཆགས་ལས་འཁྱུད་པའི་བདེར། །རོལ་བ་སྒྲིབས་ཤིག་མཆེད་གཞན་གད་མོ་བྲོ། །
བདུན་པ་རྨད་བྱུང་གི་ཉམས་ནི། རྣམ་དག་བསླབ་གསུམ་རྩ་་བ་རབ་རྒྱས་ཤིང༌། །ནང་དོན་རིག་པའི་ཡལ་འདབ་གཡོ་བའི་རྩེར། །བཅུ་ཕྲག་གཞུང་ལུགས་པདྨོ་འབུམ་བཞད་པའི། །སྔོན་མེད་བློ་གསལ་ལྗོན་བཟང་འདི་རྨད་བྱུང༌། །
བརྒྱད་པ་འཇིགས་རུང་གི་ཉམས་ནི། །ཁམས་གསུམ་ཟ་བྱེད་བཛྲ་བྷཻ་ར་ཝས། །ཞལ་གདངས་ཧ་ཧའི་གད་མོ་ཆེར་གཡོ་ཞིང༌། །སོ་བཞིའི་ཕྱག་མཚན་གཟེངས་པ་མཐོང་བས་ཚེ། །སྣང་སྲིད་དྲེགས་པའི་གདོན་བགེགས་བརྒྱལ་ཞིང་དངངས། །
བཅུ་དགུ་པ་གཟི་བརྗིད་གྱི་རྒྱན་ནི། གཟི་བརྗིད་ང་རྒྱལ་སྐྱེས་པ་སྟེ། །ཞེས་བ་རྒྱལ་སྐྱེས་པའི་ཉམས་དང་ལྡན་པ་སྟེ། དཔེར་ན། །སྐྱེ་རྒུའི་སྲོག་བདག་བསྭེ་ཡི་ཁྲབ་ཅན་གྱིས། །མི་བསྲུན་དགྲ་སྡེ་བརླགས་ཞེས་གཟུར་གནས་རྣམས། །འཇིགས་པར་མི་འཚལ་བསྟན་འགྲོར་གནོད་པའི་ལས། །མ་བརྩམས་འགྲོ་ལ་ནམ་ཡང་འཚེ་བ་མིན། །
ཉི་ཤུ་བ་རྣམ་གྲངས་བརྗོད་པ་ནི། འདོད་དོན་དངོས་སུ་མ་བརྗོད་པར།དེ་ཉིད་འགྲུབ་པར་བྱ་བའི་ཕྱིར། །རྣམ་པ་གཞན་དག་བརྗོད་པ་གང༌། །དེ་ནི་རྣམ་གྲངས་བརྗོད་པར་འདོད། །ཅེས་འདོད་དོན་དངོས་སུ་མ་བརྗོད་པར་དོན་དེ་འགྲུབ་ཕྱིར་རྣམ་པ་གཞན་བརྗོད་པའི་སྒྱུ་ཐབས་སུ་སྨྲ་བ་སྟེ། དཔེར་བརྗོད་ནི། །བློ་གསལ་ཁྱེད་རྣམས་གནས་འདིར་བཀའ་བོད་ལྔའི། །ཟབ་དོན་ཐོས་པས་སྒྲོ་འདོགས་ཆོད་མཛོད་དང༌། །ཁོ་བོ་འདི་ནས་ཡུལ་གཞན་བསྙེགས་བྱས་ཏེ། །ཟབ་མོའི་རྣལ་འབྱོར་ཅུང་ཟད་སྒོམ་ལ་བརྩོན། །
ཉེར་གཅིག་པ་ཀུན་ཕན་གྱི་རྒྱན་ནི། བྱ་བ་འགའ་ཞིག་བརྩམས་པ་ལ། །སྐལ་བ་ཡིན་ནི་སྟོབས་ལས་ཀྱང༌། །དེ་ཡི་སྒྲུབ་བྱེད་ཕུན་ཚོགས་གང༌། །དེ་ནི་ཀུན་དུ་ཕན་པར་བརྗོད། །ཅེས་བྱ་བ་འགའ་ཞིག་བརྩམས་པའི་ཚེ་བསོད་ནམས་ཀྱི་མཐུས་བྱ་བ་དེ་སྒྲུབ་བྱེད་ཀྱི་རྐྱེན་ཕུན་སུམ་ཚོགས་པ་གྲོགས་སུ་བྱུང་བར་བརྗོད་པ་སྟེ། དཔེར་ན། ཟིན་མེད་བྱ་བས་ཡིད་རབ་སྐྱོ་བ་ཡིས། །རྩེ་གཅིག་བསྒྲུབ་ལ་བརྩོན་པར་ཕྱོགས་པའི་ཚེ། །རྡོ་རྗེ་འཆང་དངོས་གང་གིས་རྗེས་བཟུང་ནས། །གསང་ཆེན་རིམ་གཉིས་གདམས་པའི་དགའ་སྟོན་མྱོང༌། །
ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ནི།བསམ་པ་འམ་ནི་འབྱོར་བ་ཡི། །ཆེན་པོ་ཉིད་ནི་བླ་མེད་གང༌། །དེ་ནི་རྒྱ་ཆེ་ཞེས་པ་ཡི། །རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད། ཞེས་གསུངས་པ་ལྟར། བསམ་པའི་མ་འབྱོར་བ་རྒྱ་ཆེ་བར་སྟོན་པ་སྟེ།
དབྱེ་ན་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་བ་ནི། བགྲང་ཡས་བསྐལ་བར་ཚོགས་གཉིས་བསགས་པའི་མཐུས། །སྤངས་རྟོགས་མཐར་སོན་ཤཱཀྱ་སེངྒེ་ཡིས། །ཆེར་སྙིགས་འདུལ་དཀའི་འགྲོ་ཀུན་སྲིད་མཚོ་ལས། །སྒྲོལ་བའི་སྙིང་སྟོབས་མཉམ་པ་མེད་འདི་རྨད། །ཡང་ན། མཚར་སྡུག་ཉམས་བརྒྱས་སྒེག་པའི་རིག་བྱེད་ལྷས། །ཨུཏྤལ་མཚོན་གྱིས་སྲིད་གསུམ་དྲེགས་བའི་སྙིང༌། །གཅིག་ཆར་འགུགས་པའི་མཐུ་སྟོབས་ཐོགས་མེད་ཀྱང༌། །སྙིང་རྗེས་འགྲོ་འགའ་རེ་ཞིག་བཏང་སྙོམས་བཞག །
གཉིས་པ་འབྱོར་བ་རྒྱ་ཆེ་བ་ནི། །གཞལ་མེད་རིན་ཆེན་ལས་གྲུབ་ཕོ་བྲང་དབུས། །གདོང་ལྔའི་སྟེང་འགྱིང་ཟད་མེད་ནོར་བུའི་རྒྱུན། །རྟག་འབབ་རྒྱལ་མཚན་ནེའུ་ལེ་བསྣམས་པ་ཡི། །ངལ་གསོས་ཆེན་པོས་མཁོ་དགུ་ཆར་ཏུ་བསྙིལ། །
ཉེར་གསུམ་པ་བསྙོན་དོར་ཀྱི་རྒྱན་སྟེ། བསྙོན་དོར་དག་ནི་བསྙོན་བྱས་ནས། །དོན་གཞན་ཅུང་ཟད་སྟོན་པ་སྟེ། །ཞེས་དངོས་པོ་གང་གི་ཁྱད་ཆོས་སོགས་གནས་ཚུལ་ལ་དེ་མ་ཡིན་ཞེས་བསྙོན་ནས་དོན་གཞན་དུ་སྟོན་པ་སྟེ།
དབྱེ་ན་གསུམ་ལས། དང་པོ་ཆོས་ལ་བསྙོན་པ་ནི། དཔག་ཡས་རྒྱལ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་ལས། །སྒེག་མཛེས་དབང་གི་ལྷ་མོའི་ལྕགས་ཀྱུ་ནི། །གཅིག་ཉིད་མ་ཡིན་བརྟན་གཡོའི་ལེགས་ཚོགས་ཀུན། །ཡུད་ཀྱིས་འགུགས་པས་དེ་སྙེད་བགྲང་ལས་འདས། །
གཉིས་པ་ཡུལ་ལ་བསྙོན་པ། མཚན་དཔེའི་དཔལ་འབར་ཚངས་སྲས་གཞོན་ནུ་ཡིས། །རིས་མེད་འགྲོ་ལ་ཤེས་རབ་དགའ་སྟོན་མཆོག །སྩོལ་བ་མིན་ཏེ་རྒོལ་ངན་མུ་སྟེགས་ལ། །རྨོངས་མུན་སྦྱིན་མཛད་ཉིད་དུ་ངེས་པས་ཕྱིར། །ཡང་ན། རབ་དྭངས་ཟླ་གཞོན་གསར་བའི་འོད་སྣང་གིས། །བསིལ་བ་འབེབས་ཞེས་སྲིད་འདིར་གྲགས་མོད་ཀྱང༌། །ལས་ངན་འབྲས་བུས་མནར་བའི་ཡི་དྭགས་ལ། །ཚ་བསྲེག་མཐར་བྱེད་མེ་ཡི་འོད་ལྟར་སྣང༌། །
གསུམ་པ་རང་བཞིན་ལ་བསྙོན་པ། ཕྱག་ན་པདྨོའི་རླབས་ཆེན་འཕྲིན་ལས་ཀྱིས། །ལུས་ཅན་འགྲོ་ལ་ཕན་བདེ་སྤེལ་བ་ཡང༌། །ཕྱོགས་བྲལ་ཀུན་ལ་སྙོམས་པ་མ་ལགས་ཏེ། །འདོད་ལྷའི་སྙིང་ལ་ཟུག་ངུས་གདུང་པར་བྱེད། །དབྱངས་ཅན་དགྱེས་གླུ་ལྟར་ན། རབ་མཛེས་མཁའ་སྤྱོད་ལྷ་མོའི་གཟུགས་ཀྱི་སྐུ། །རང་བཞིན་དམར་གསལ་མཛེས་པའི་ཁ་ཏོག་ཏུ། །ཡོད་པ་མ་ཡིན་སྐབས་གསུམ་བཟོ་བོ་ཡིས། །རབ་དམར་ལི་ཁྲིའི་ཚོན་གྱིས་བྱུགས་པར་ངེས། །
ཉེར་བཞི་པ་སྦྱར་པའི་རྒྱན་ནི། སྦྱར་བ་གཟུགས་གཅིག་ལྡན་པའི་ཚིག །དུ་མའི་དོན་ཅན་ཉིད་དུ་འདོད། ཅེས་བརྗོད་བྱེད་ཀྱི་ཚིག་གིས་སྦྱར་གཞི་དང༌། སྦྱར་ཆོས་དུ་མ་སྟོན་པ་སྟེ།

དབྱེ་ན་དགུ་ལས། དང་པོ་ཚིག་ཐ་དད་མིན་པའི་སྦྱར་བ་ནི། །ཡིད་འོང་དཀར་མཛེས་མང་པོའི་ཁྲོད་ན་བརྗིད། །གཟི་བྱིན་སྟོང་འབར་ཀུན་དགའི་དཔལ་ཀུན་སྩོལ། །སྨག་རུམ་མཐར་བྱས་ལམ་བཟང་གསལ་བར་མཛད། །ཀུན་ལ་དབང་བསྒྱུར་རལ་པའི་ཟུར་ཕུད་རྒྱན། །
གཉིས་པ་སྦྱར་གཞི་དབྱངས་ཅན་མ་དང་ཟླ་བ་ཐ་དད་ཚིག་འདྲ་པའི་སྦྱར་བ་ནི། སྐལ་བཟང་གདུལ་བྱའི་བསོད་ནམས་ཀྱིས་བསྐྲུན་ཞིང་། །རྨད་བྱུང་ཡོན་ཏན་འབུམ་གྱི་གཏེར་གྲོལ་བ། །མཐུན་མིན་སྲིད་ཞིའི་གདུང་བ་མཐར་བྱས་ཏེ། །མཆོག་ཐུན་དངོས་གྲུབ་འདོད་པ་ཀུན་འཇོ་བ། །སྐལ་བཟང་བསོད་ནམས་སྟོབས་ཀྱིས་ལེགས་བསྐྲུན་ཞིང༌། །རྨད་བྱུང་དགེ་མཚན་འབུམ་གྱི་གཏེར་གྲོལ་བ། །མཐུན་མིན་རྒུད་པའི་གདུང་བ་མཐར་བྱས་ཏེ། །དཔག་ཡས་འདོད་དགུའི་རེ་བ་ཀུན་འཇོ་བ། །སྐལ་བཟང་ལྷ་ཡི་བསོད་ནམས་ཀྱིས་བསྐྲུན་ཞིང༌། །རྨད་བྱུང་ལོ་འདབ་འབུམ་གྱི་གཏེར་གྲོལ་བ། །མཐུན་མིན་དབུལ་བའི་གདུང་བ་མཐར་བྱས་ཏེ། །ཟག་མེད་འདོད་དགུའི་རེ་བ་ཀུན་འཇོ་བ། །
གསུམ་པ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། འདྲེན་མཆོག་ཞལ་སྒོ་ལས་འོང་དམ་པའི་ཕུལ། །ཟུག་ངུའི་གདུང་སེལ་ཕན་བདེའི་དཔལ་ཡོན་ཅན། །དྲི་བྲལ་ཟབ་རྒྱས་བདུད་རྩི་མཆོག་འདི་དང༌། །གསོ་རིགས་གཞུང་གིས་ལུས་ཅན་རེ་བ་སྐོངས། །
བཞི་པ་བྱ་བ་འགལ་མིན་གྱི་སྦྱར་བ་ནི། འགྲོ་བློའི་མི་ཤེས་རྨོངས་པ་དྲུང་ཕྱུང་སྟེ། །སྤྲོས་བྲལ་གདོད་མའི་གནས་ལུགས་ཇི་བཞིན་དུ། །སྟོན་མཛད་ཡབ་རྗེའི་ལེགས་བཤད་མཐོང་པའི་ཚེ། །རྣམ་འདྲེན་བསྟན་པའི་བདག་པོར་སྙིང་ནས་དད། །
ལྔ་པ་འགལ་བའི་ལས་ཅན་གྱི་སྦྱར་བ་ནི། དཀར་གསལ་རབ་མཛེས་ཆ་ཤས་ཡོངས་རྗོགས་ཤིང༌། །བདེ་བའི་དཔལ་སྟེར་ཀུན་ལས་ཆེར་འཕགས་པ། །འོད་དཀར་ཟེར་གྱིས་པད་ཚལ་ཟུམ་བྱེད་ཅིང༌། །མཚོ་བྱུང་ལྷ་མོས་ཟབ་གསལ་སྤོབས་པ་སྩོལ། །
དྲུག་པ་ངེས་པ་ཅན་གྱི་སྦྱར་བ་ནི། ཁྱོད་ཞལ་མཐོང་བས་དྲེགས་ཀུན་འདུད་པ་འདི། །བསོད་ནམས་མཐུ་ལས་དཔུང་གི་སྟོབས་མ་ཡིན། །ཟབ་དོན་འཆང་བའི་ངལ་བ་ཐུབ་པའི་བསྟན། །སྤེལ་ཕྱིར་ཡིན་གྱི་ཁེ་གྲགས་འདོད་པས་མིན། །
བདུན་པ་ངེས་པ་འགོག་པའི་སྦྱར་བ་ནི། །རྒྱལ་གསུང་ཤེར་ཕྱིན་ཟབ་དོན་ཇི་བཞིན་དུ། །འཆད་མཁས་ལྗོངས་འདིར་ཡབ་རྗེ་ཁོ་ན་ཙམ། །འོན་ཀྱང་ཚད་ལྡན་མཁས་དབང་འགའ་ཞིག་གི །འགྲེལ་བཤད་གསར་བས་ཡིད་ནི་འཕྲོག་པར་བྱེད། །
བརྒྱད་པ་འགལ་མེད་ཀྱི་སྦྱར་བ་ནི། སྲིད་གསུམ་དབང་བྱེད་ཀུན་ལས་རྣམ་པར་རྒྱལ། །སྨིན་ལེགས་གཞོན་ནུས་དབང་མེད་ཀུན་ཡིད་འགུགས། །འགྲོ་བའི་སྒྲོན་མེའི་གཟི་བྱིན་སྟོང་འབར་ཞིང༌། །བསམ་འཕེལ་ནོར་བུས་འདོད་པའི་རེ་བ་བསྐོངས། །
དགུ་པ་དཔེ་ཅན་གྱི་སྦྱར་གཞི་རིག་བྱེད་མ། འགལ་དབང་ཕྱུག་སྦྱར་ཆོས་འོད་ལྡན་མ་བ་ཅན་གྱི་སྦྱར་བ། །མཛེས་མ་ཡིན་ཡང་སྐྱེ་བ་དམན་པ་མིན། །རྒྱུད་མང་བསྐྲངས་ཀྱང་མཐོ་རིས་གར་མཁན་མིན། །སྨག་རུམ་སེལ་ཡང་རྟ་ལྗང་དབང་པོ་མིན། །ལང་ཚོ་ལྡན་ཡང་ཐོགས་རེག་གདོས་བཅས་མིན། །
ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ནི། ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། །ཡོན་ཏན་རིགས་དང་བྱ་བ་སོགས། །གང་དུ་མ་ཚང་ཉིད་སྟོན་པ། །དེ་ཉིད་ཁྱད་པར་བརྗོད་པར་འདོད། །ཅེས་འགའ་ཞིག་ལ་ཡོན་ཏན་རིགས་བྱ་བ་རྫས་སོགས་ཀྱི་ཁྱད་པར་མ་ཚང་ནའང་ཚང་བ་དང་མཉམ་པའི་བྱ་བ་བྱེད་ནུས་པར་སྟོན་པའོ། །
དབྱེ་ན་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ་ནི། མཁྱེན་གཏེར་གཞོན་ནུའི་ཕྱག་མཛེས་རལ་གྲི་ནི། །རྩུབ་པ་མ་ཡིན་དྲག་ཅིང་མཁྲེགས་པའང་མིན། །དེ་ལྟ་ནའང་ལུས་ཅན་རྨོངས་པའི་དཔུངས། །བྱེ་མར་བརླགས་པའི་མཐུ་སྟོབས་བླ་ན་མེད། །
གཉིས་པ་རིགས་མ་ཚང་བ་ནི། གནམ་སའི་དབང་ཕྱུག་ས་ཡི་ཚངས་པ་དང༌། །མཆོད་སྦྱིན་བརྒྱ་བའི་རིགས་ལས་མ་བལྟམས་པར། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐའ་ཀླས་པས། །འཛིན་མའི་ཁྱོན་ལ་དབང་བསྒྱུར་ཆོས་ཀྱི་རྒྱལ། །
གསུམ་པ་བྱ་བ་མ་ཚང་བ་ནི། བྲོས་པས་སྡང་མིག་ཡོན་པོར་མི་བསྐྱོད་ལ། །རྣོ་མཁྲེགས་མཚོན་གྱིས་བསྣུན་པར་མི་བྱེད་ཀྱང༌། །གདུད་བྱེད་བཀའ་ལུང་ཁྲིམས་ཀྱིས་མི་གཅོད་པར། །ཞལ་མཐོང་ཙམ་གྱིས་དྲེགས་ཀུན་ཞུམ་ཞིང་འདར། །
བཞི་པ་རྫས་མ་ཚང་བ་ནི། ཟ་འོག་གོས་དང་རིན་ཆེན་རྒྱན་མཛེས་དང༌། །གཡོག་འཁོར་འཛད་མེད་དཀོར་མཛོད་མི་ལྡན་ཡང༌། །ཐོས་བསམ་སྒོམ་པའི་རྒྱལ་བསྟན་ཡོངས་རྫོགས་ལ། །དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །
ལྔ་པ་རྒྱུ་མ་ཚང་བའི་ཁྱད་པར་ནི། གནས་མལ་ཤིང་དྲུང་གང་བྱུང་ཟས་ཀྱིས་འཚོ། །ཕྱག་དར་ཁྲོད་ཀྱི་ཧྲུལ་བོའི་གོས་གྱོན་ཡང༌། །ལུང་རྟོགས་གདམས་པའི་གཏེར་གྱུར་ཡོངས་འཛིན་རྗེས། །སྐྱེ་རྒུའི་འགྲོ་བ་མ་ལུས་ཟིལ་གྱིས་མནན། །
ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ནི། བརྗོད་འདོད་ཡོན་ཏན་ཁྱད་འཕགས་དང༌། །མཚུངས་པར་བྱས་ནས་འགའ་ཞིག་ནི། །བསྟོད་སྨད་དོན་དུ་བསྒྲགས་པ་གང༌། །དེ་ནི་མཚུངས་པར་བརྗོད་པར་བཤད། །ཅེས་བརྗོད་འདོད་ཀྱི་ཡུལ་གང་ལ་བསྟོད་སྨད་ཅི་རིགས་ཀྱི་ཆེད་དུ་དངོས་པོ་གཞན་དུ་མི་མཚུངས་ཀྱང་མཚུངས་པར་བརྗོད་པ་སྟེ།
དབྱེ་ན་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། འཕགས་ཡུལ་མཁས་པའི་ཁྱུ་མཆོག་ཀླུ་སྒྲུབ་དང༌། །གངས་རིའི་ལྗོངས་འདིར་མཉམ་མེད་ཙོང་ཁ་པ། །དེང་དུས་བསྟན་པའི་མངའ་བདག་ཁོ་བོའི་རྗེ། །ཐུབ་པའི་ལུགས་བཟང་སྤེལ་ལ་ཟླ་དང་བྲལ། །
གཉིས་པ་སྨད་པའི་མཚུངས་སྦྱོར་ནི། །དཔལ་འབྱོར་སྲིད་བདེ་འཁོར་བའི་ཕུན་ཚོགས་དང༌། །དྭངས་གསལ་དབང་གཞུའི་མཚོན་གྱི་རི་མོའི་མདངས། །ཁྲིམས་འཆལ་བཅོས་མའི་དགེ་སྦྱོང་ཚོགས་རྣམས་ནི། །འཕྲལ་དུ་མཛེས་ཀྱང་ནམ་ཞིག་རང་མཚང་སྟོན། །
ཉེར་བདུན་པ་འགལ་བའི་རྒྱན་ནི། ཁྱད་པར་སྒྲུབ་བྱེད་སླད་དུ་ནི། །གང་དང་དངོས་པོ་འགལ་བ་རྣམས། །ཡང་དག་འགྲོགས་པར་རབ་བསྟན་པ། །དེ་ནི་འགལ་བར་བཤད་དེ་དཔེར། །ཞེས་ཚིག་སྦྱོར་གང་གིས་བྱ་བ་བྱེད་པ་སོགས་འགལ་བའི་ཆོས་དུ་མ་ལྷན་གཅིག་ཏུ་འགྲོགས་པ་སྟོན་པ་སྟེ།
དབྱེ་ན་དྲུག་ལས། དང་པོ་གཞི་ཐ་དད་པའི་བྱ་བ་འགལ་བ། མགོན་ཁྱོད་ལེགས་གསུང་བདུད་རྩིའི་བཅུད་བཟང་གིས། །བློ་གསལ་གཞོན་ནུ་རབ་དགས་མྱོས་པའི་ཚེ། །སྐལ་དམན་བླུན་པོའི་འགྲོ་བ་མཐའ་ཀླས་པའི། །སྙིང་ལ་དགའ་བྲལ་རྨོངས་པའི་ཁུར་གྱིས་ནོན། །
གཉིས་པ་གཞི་གཅིག་གི་བྱེད་པ་འགལ་བ་ནི། རྒྱལ་ཡུམ་སྒྲོལ་མའི་ཐུགས་རྗེའི་མཐུ་སྟོབས་ཀྱིས། །དུས་མིན་འཆི་བའི་འཇིགས་ཚོགས་གཏན་བཅོམ་ཤིང༌། །གཞོམ་བྲལ་ཚེ་ཡི་རིག་འཛིན་དགའ་སྟོན་ཆེ། །ནམ་ཡང་ཟད་མེད་དབྱར་མཚོའི་དཔལ་ལྟར་འཕེལ། །
གསུམ་པ་གཞི་གཅིག་གི་ཆོས་དུ་མ་འགལ་བ་ནི། དམན་སར་གནས་ཀྱང་མཐོན་པོའི་ལམ་བཟང་བསྒོམ། །འབྱོར་བས་དབུལ་ཡང་བསླབ་གསུམ་ནོར་གྱིས་ཕྱུག །ལུས་ཟུང་རྒུར་ཡང་དྲང་པོའི་ལྷག་བསམ་ལྡན། །ཆགས་པ་སྤངས་ཀྱང་རིས་མེད་འགྲོ་ལ་བརྩེ། །
བཞི་པ་རྫས་འགལ་བ་ནི། པད་རག་ཞལ་དཀྱིལ་ཉི་ཟླའི་སྤྱན་གསུམ་བགྲད། །བྱུ་རུའི་མཆུ་སྒྲོས་གངས་རིའི་མཆེ་བ་ཅན། སྟོང་གསུམ་ཡུད་ཀྱིས་མྱུལ་བའི་བཙན་རྒོད་དམར། །རྣམ་བཞིའི་ལས་མཛད་དམ་ཉམས་སྲོག་གི་གཤེད། །
ལྔ་པ་གཞི་གཅིག་གི་ལས་འགལ་བ། དཀར་འཇམ་འདབ་སྟོང་ཟླ་བའི་གདན་སྟེང་དུ། །རབ་མཛེས་ཟུར་ཕུད་ལྔ་ལྡན་མགོན་པོ་ཡིས། །རྣོ་ལྡན་རལ་གྲིས་བསྣུན་པར་མ་བྱས་ཀྱང༌། །ཀུན་དུ་རྨོངས་པའི་དྲ་བ་དུམ་བུར་བཅད། །
དྲུག་པ་སྦྱར་བའི་འགལ་བ་ནི། མ་སྨད་ཡིད་འཕྲོག་མཚན་དཔེའི་ཆ་ཀུན་རྫོགས། །ཀུན་ལ་སྨན་པའི་གཏན་གྱི་བདེ་བ་སྟེར། །མཛེས་བརྗིད་གཟི་འབར་སྒྲིབ་གཉིས་དྲི་བྲལ་བས། །སྐལ་དམན་ལོག་སྨྲའི་སྙིང་ལ་གདུང་བ་བསྐྱེད། །མ་སྨད་ཡིད་འཕྲོག་ཆ་ཤས་ཡོངས་སུ་རྫོགས། །ཀུན་ལ་སྨན་པའི་རྨད་བྱུང་བདེ་བ་སྟེར། །མཛེས་བརྗིད་གཟི་འབར་དྲི་མ་དང་བྲལ་བས། །དམན་པ་འགའ་ཡི་སྙིང་ལ་གདུང་བ་བསྐྱེད། །མ་སྨད་ཡིད་འཕྲོག་བཅུ་དྲུག་ཆ་ཀུན་རྫོགས། །ཀུན་ལ་སྨན་པའི་བསིལ་བའི་བདེ་བ་སྟེར། །མཛེས་བརྗིད་གཟི་འབར་ཆུ་འཛིན་དྲི་བྲལ་བས། །སྐལ་དམན་འདབ་བརྒྱའི་ཚོགས་ལ་གདུང་བ་བསྐྱེད། །
ཉེར་བརྒྱད་པ་སྐབས་མིན་བསྟོད་པ་ནི། སྐབས་མིན་འདོད་པས་བསྟོད་པ་ནི། །སྐབས་སུ་མ་བབས་བསྟོད་པ་ཡིན། །ཞེས་རྐྱེན་འགའ་ཞིག་གིས་ཡིད་འགྱུར་ནས་སྐབས་སུ་མ་བབས་པའི་ཡུལ་ལ་འདོད་དབང་གིས་བསྔགས་པ་སྟེ། དཔེར་ན། སྡེ་དགོན་འབངས་འཁོར་སྐྱོངས་བས་མི་ངལ་ཞིང༌། །ཟས་གོས་གྲགས་སྙན་འདོད་པའི་སེམས་སྤངས་ནས། །གཅིག་པུར་བས་མཐའ་བསྟེན་ཏེ་བཅུད་ལེན་གྱིས། །འཚོ་བའི་སྤོང་བ་བ་དེ་སྐྱིད་པ་ལ། །
ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ནི། གལ་ཏེ་སྨད་པ་བཞིན་བསྟོད་ནས། །སྐྱོན་ལྟར་སྣང་བའི་ཡོན་ཏན་ཉིད། །གང་དུ་ཉེ་བར་ཐོབ་འགྱུར་བ། །འདི་ནི་ཟོལ་གྱིས་བསྟོད་པར་བཤད། །ཅེས་སྨད་པ་ལྟར་བྱས་ནས། རྣམ་སྐྱོན་ལྟར་སྣང་ཡང་ཡོན་ཏན་གྱི་ངོ་བོ་བརྗོད་དེ་བསྟོད་པའོ། །

དབྱེ་ན་གསུམ་ལས། དང་པོ་མཐུ་ཕུན་ཚོགས་ཀྱི་བསྟོད་པ་ནི། །སྟོབས་ལྡན་ཧ་ནུ་མན་ཐའི་འཕྲུལ་འཁོར་གྱིས། །ལངྒིལི་གྲོང་ཁྱེར་གཅིག་ཆར་བསྲེགས་བྱེད་ན། །རྭ་ཆེན་རྡོ་རྗེ་གྲགས་ཁྱོད་མཐུ་སྟོབས་ཀྱིས། །ནག་ཕྱོགས་དགྲ་བགེགས་གཞོམ་ལ་སྙེམས་པ་ཅི། །གཉིས་པ་དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། རིམ་གཉིས་རྩལ་རྫོགས་པདྨ་སམ་བྷ་ཝས། །གནོད་བྱེད་དགྲ་བགེགས་ཚར་བཅད་སྙིང་ཁྲག་གིས། །སྟོང་གསུམ་ཕྱུར་བུར་འགེངས་པའི་མངོན་སྤྱོད་ཀྱི། །ལས་ཀྱི་རྣམ་སྨིན་ལྕི་བར་མ་ལེགས་སམ། །གསུམ་པ་སྟོབས་ཕུན་ཚོགས་ཀྱི་ཟོལ་བསྟོད། །མི་རྗེ་ས་ཡི་ཚངས་པ་ཁྱོད་ཉིད་ཀྱི། །སྟོབས་འབྱོར་མངའ་འབངས་ཆབ་སྲིད་དབྱར་མཚོ་ལྟར། །འཕེལ་བ་སྔོན་བསགས་བསོད་ནམས་ཆེན་པོའི་མཐུ། །ཁོ་ན་ངེས་ཕྱིར་ནམ་ཡང་སྙེམས་མ་རིགས། །

སུམ་བཅུ་པ་ངེས་བསྟན་གྱི་རྒྱན་ནི། གལ་ཏེ་དོན་གཞན་འཇུག་པ་ཡིས། །དེ་དང་མཚུངས་པའི་འབྲས་བུ་འགའ། །མཆོག་གམ་མཆོག་མིན་སྟོན་བྱེད་པ། །དེ་ནི་ངེས་པར་བསྟན་པ་ཡིན། །ཞེས་ངེས་པ་སྟོན་བྱེད་ཀྱི་དཔེས་བསྟན་བྱའི་དོན་གསལ་བ་ཆོས་མཚུངས་སུ་སྟོན་པ་སྟེ།
དབྱེ་ན་གཉིས་ལས། དང་པོ་མཆོག་གི་ངེས་བསྟན་ནི། སྐྱོན་བྲལ་དངས་པའི་ཆུ་མཚོ་མཐའ་ཀླས་པར། །ཟླ་གཟུགས་དེ་སྙེད་མངོན་པར་འཆར་པ་ཡིས། །རིགས་ཀུན་བདག་པོས་གདུལ་བྱའི་མོས་པ་དང༌། །མཐུན་པའི་སྐུ་ཡིས་འགྲོ་རྣམས་འདྲེན་པ་མཚོན། །
གཉིས་པ་མཆོག་མིན་ངེས་བསྟན་ནི། མཛེས་སྡུག་དཔལ་ཀུན་རྫོགས་པའི་པདྨོའི་ཚལ། །མཐར་བྱེད་གྲང་བའི་རེག་བྱས་བཅོམ་པ་འདིས། །དྲེགས་པའི་མཐར་སོན་ཚངས་དབང་འཁོར་བསྒྱུར་ཡང༌། །དབང་མེད་གཤིན་རྗེས་འཇོམས་པའི་ཚུལ་དེ་སྟོན། །
སོ་གཅིག་པ་ལྷན་ཅིག་བརྗོད་པ་ནི། ཡོན་ཏན་ལས་རྣམས་ལྷན་ཅིག་གིས། །དངོས་པོ་བརྗོད་པ་ལྷན་ཅིག་བརྗོད། །ཅེས་བརྗོད་བྱའི་དངོས་པོ་གང་གི་ཡོན་ཏན་དང་ལས་རྣམས་ལྷན་ཅིག་ཏུ་བརྗོད་པའོ། །
དབྱེ་ན་གསུམ་ལས། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་གཟི་བྱིན་དང༌། །ལྷན་ཅིག་ལུང་རྟོགས་ཡོན་ཏན་མཆོག་འཕེལ་ཞིང༌། །འཕྲིན་ལས་འོད་སྣང་འབར་དང་ཆབས་གཅིག་བར། །ཚེ་བསོད་ལེགས་ཚོགས་མ་ལུས་འཕེལ་ཞིང་རྒྱས། །
གཉིས་པ་བྱ་བ་ཐ་དད་པའི་ལྷན་ཅིག་བརྗོད་པ་ནི། རིག་བྱེད་ལྷ་མོས་བརྟན་གཡོའི་ལེགས་ཚོགས་ཀུན། །བཀུགས་ནས་བསྟན་འགྲོའི་ཕན་བདེ་རྒྱས་པ་དང༌། །ལྷན་ཅིག་གནམ་བསྐོས་གོང་མའི་ཆབ་སྲིད་ཀྱང༌། །གང་གི་དྲིན་ལས་དབྱར་གྱི་མཚོ་ལྟར་རྒྱས། །
གསུམ་པ་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་ནི། བསླུ་མེད་བླ་མ་ཡི་དམ་བྱིན་མཐུ་དང༌། །ཆེས་ཟབ་མྱུར་ལམ་སྔགས་ཀྱི་ཐབས་མཁས་འཕྲལ། །མོས་གུས་གསོལ་འདེབས་བརྩོན་པའི་སྟོབས་ཤུགས་གྱིས། །ཐར་འདོད་སྙིང་ལ་དགའ་བདེ་ལྷན་ཅིག་རྒྱས། །
སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ནི། དོན་རྣམས་བསྣོལ་བ་གང་ཡིན་པ། །ཡོངས་བརྗེས་ཡིན་ཏེ་དེ་དག་དཔེར། །ཞེས་བྱ་བའི་དོན་རྣམས་ཕན་ཚུན་བསྣོལ་བའི་ཚུལ་གྱིས་བརྗོད་པ་སྟེ། དཔེར་ན། བླ་མ་ཡི་དམ་འཁོར་ཚོགས་རྒྱ་མཚོ་ལ། །ཀུན་བཟང་མཆོད་པའི་སྤྲིན་ཚོགས་ལེགས་ཕུལ་མཐུས། །མཆོག་ཐུན་དངོས་གྲུབ་བྱེ་བའི་ཟིལ་མངར་གྱི། །དགའ་སྟོན་ཟད་པ་མེད་པས་བདག་རྒྱུད་ཚིམ། །
སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ནི། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་པ་ཞེས་བྱ་དཔེར། །ཞེས་མངོན་པར་འདོད་བྱའི་དངོས་པོ་སྒྲུབ་པ་ལ་བར་ཆད་མེད་པར་སྨོན་པའི་ཚིག་སྦྱོར་ཏེ། དཔེར་ན། རྒྱལ་ཀུན་མཁྱེན་བའི་རང་གཟུགས་མཚོ་ལྡན་མས། །སྒྲིབ་གཉིས་དཔུང་བཅོམ་དངོས་གྲུབ་ཆར་འབེབས་ཤིང༌། །རྩོམ་འཆད་རྩོད་བས་ཐུབ་བསྟན་སྤེལ་བ་ལ། །རྣམ་དཔྱོད་ཕྱོགས་ལས་རྒྱལ་བའི་ཤིས་པ་སྩོལ། །
སོ་བཞི་པ་རབ་སྤེལ་རྒྱན་ནི། ཐ་དད་རྒྱན་རྣམས་བསྲེས་པ་ནི། །སྤེལ་མ་དག་ཏུ་བརྗོད་པ་སྟེ། །ཞེས་རྒྱན་ཐ་དད་པ་གསུམ་ཡན་ཆད་བསྲེས་པ་ཚིགས་བཅད་ཀྱི་སྦྱོར་བ་གཅིག་ལ་གནས་པའོ། །

དབྱེ་ན་གཉིས་ལས། དང་པོ་གཅིག་ལ་གཅིག་རྟེན་གྱི་རབ་སྤེལ་ནི། བརྟན་པའི་འཁོར་ལོའི་མཛེས་སྐུ་གངས་རི་ལ། །ཉི་འོད་ཀྱིས་འཁྱུད་ཀུ་ནུའི་མདངས་ལ་འགྲན། །དེ་ལ་ཕྲག་ཏོག་ཀུན་ཕན་ཆུ་ལྷ་ཡི། །དྲུང་དུ་ཡིབ་ཚེ་རྒྱན་གྱི་འདབ་སྟོང་རྒོད། །
གཉིས་པ་སྟོབས་མཚུངས་རབ་སྤེལ་ནི། མི་ཕམ་རྒྱལ་བའི་མཆེད་ཟླ་གསེར་གྱི་རི། །མཚན་དཔེའི་གར་ཡིས་བདུད་སྡེ་ཕ་མཐར་བསྐྲད། །གསུང་སྙན་དྲི་ཟའི་དབྱངས་ཀྱིས་ལུས་ཅན་རྣམས། །མ་རིག་གཉིད་ལས་སློང་མཛད་དེ་ཡིས་སྐྱོངས། །
སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ནི། སྙན་ངག་མཁན་སམ་དགོངས་པ་སྟེ། །སྙན་ངག་གྲུབ་པར་གང་གནས་པ། །རབ་སྦྱོར་ཡིད་ཀྱི་ཡོན་ཏན་ཅན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །ཅེས་གསུངས་པ་ལྟར། རྩོམ་པ་པོའི་སྙན་ཚིག་གི་རྒྱུན་བསྒྲུབ་འདོད་ཀྱི་བསམ་པ་མཇུག་རྫོགས་ཀྱི་བར་འབྱུང་བ་ནི་རྒྱན་ཀྱི་རྒྱུ་དང༌། ངོ་བོ་སྙན་ཚིག་གི་ཡུལ་གྱི་ཡོན་ཏན་རྣམས་དགོངས་པ་ཅན་གྱི་རྒྱན་ཞེས་བརྗོད་དོ། །དཔེར་ན། མཁས་དབང་དཎྚིའི་གཞུང་ལུགས་བདུད་རྩིའི་བཅུད། །དམ་པའི་དྲིན་གྱིས་བདག་གི་བགོ་སྐལ་དུ། །ཅུང་ཟད་ཐོབ་པས་སྔོན་མེད་རྒྱན་ཕྲེང་འདི། །བློ་གསལ་མགུལ་བ་མཛེས་ཕྱིར་བདག་གིས་སྤེལ། །ལེའུ་གཉིས་པའི་དོན་རྒྱན་སོ་ལྔའི་དཔེར་བརྗོད་བཤད་ཟིན་ཏོ།། །།

ལེའུ་གསུམ་པའི་སྒྲ་རྒྱན་ལ། ཟུང་ལྡན་གྱི་རྣམ་བཞག་དང༌། བྱ་དཀའི་ཁྱད་པར་གཞན་བརྗོད་པ། དབྱངས་ངེས་པ་སོགས་ཀྱི་བྱ་དཀའ་བ་གསུམ། དང་པོ་ལ་དྲུག་ཡོད་པས། །དང་པོ་རྐང་པའི་ཐོག་མ་ན་ཡོད་པའི་ཟུང་ལྡན་ལ་བར་མ་ཆོད་པ་དང་བར་དུ་ཆོད་པ། ཆོད་ཅིང་མ་ཆོད་པ་གསུམ། །དང་པོ་ལ་དབྱེ་ན་བཅོ་ལྔ་ལས། འདིར་བཅོ་ལྔ་པ་རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པའི་དཔེར་བརྗོད་ནི། །མཛེས་མཛེས་ཆུ་སྐྱེས་བཞད་པའི་ལྟེ་བ་ན། །འཛུམ་འཛུམ་དགྱེས་པའི་ཉམས་ལྡན་སྒྲོལ་མ་ཡི། །ལམ་ལམ་འབར་བའི་ཏམ་ཡིག་འོད་རྣོན་གྱིས། །མང་མང་སྲིད་ཞིའི་དངོས་ཀུན་ཡུད་ཀྱིས་བཀུག །གཉིས་པ་བར་དུ་ཆོད་པའི་ཟུང་ལྡན་བཅུ་གསུམ་ཡོད་ཀྱང༌། །
འདིར་བཅུ་པ་རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པའི་དཔེར་བརྗོད་ནི། །བློ་གཏེར་འཇམ་དཔལ་བྱིན་རླབས་འོད་སྣང་གིས། །བློ་ངན་སྒྲིབ་བའི་དྲི་མ་ཀུན་བཅོམ་སྟེ། །བློ་གྲོས་འདབ་སྟོང་བཞད་པའི་དཔལ་ཡོན་གྱིས། །བློ་གསལ་བུང་བ་དགའ་བདེའི་གར་གྱིས་རོལ། །གསུམ་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ལ་གསུམ་ལས། །
གཉིས་པ་ཐོག་མཐའ་གཉིས་དང་བར་བ་གཉིས་འདྲ་བ་ནི། མང་མང་མཁས་པའི་ཞབས་རྡུལ་གཙུག་བརྟེན་ནས། །ཟབ་ཟབ་གདམས་པ་ཀུན་ལ་ཐོས་བསམ་དང༌། །ཟབ་ཟབ་རྣམ་འབྱོར་སྒོམ་ལ་བརྩོན་བྱས་ནས། །མང་མང་དངོས་གྲུབ་བྱེ་བའི་ཆར་རྒྱུན་འབབས། ། ཞེས་པ་ལྟ་བུ་སྟེ་འདི་རྣམས་ནི་ཐོག་མའི་ཟུང་ལྡན་ནོ། །
གཉིས་པ་བྱ་དཀའ་བ་གནས་གཞན་ན་ཡོད་བའི་ཟུང་ལྡན་ལ་དྲུག་ཡོད་པས་ཐ་མ་གནས་གསུམ་ན་ཡོད་པ་ལ་ཆོད་པ་དང༌། ཆོད་ལ་མ་ཆོད་པ་གཉིས་ལས། །དང་པོ་ཆོད་པ་ནི། །མཛེས་པའི་གདན་ལ་མཛེས་སྡུག་ཉམས་ཀྱིས་མཛེས། །མཛེས་སྡུག་གཟུགས་སྐུ་མཛེས་བྱེད་མཚན་དཔེས་མཛེས། །མཛེས་པའི་ཞལ་དཀྱིལ་མཛེས་སྡུག་སྤྱན་གྱིས་མཛེས། །མཛེས་ལྡན་ཚེམ་ཕྲེང་མཛེས་པར་བལྟར་པས་མཛེས། །
གཉིས་པ་ཆོད་ལ་མ་ཆོད་པ་ནི། ཆེམ་ཆེམ་ཤུགས་དྲག་གསོལ་འདེབས་ཆེམ་ཆེམ་རྔམ་བརྗིད་རོལ་མོའི་དབྱངས་ཆེམ་ཆེམ། །ཆེམ་ཆེམ་ཧ་ཧའི་གད་མོ་ཆེམ་ཆེམ་གར་དགུས་ས་གསུམ་འདར་ཆེམ་ཆེམ། །ཆེམ་ཆེམ་གྲངས་མེད་ཁྲོ་ཚོགས་ཆེམ་ཆེམ་ཕྱོགས་བཅུར་འཁྲུགས་པའི་འུར་ཆེམ་ཆེམ། །ཆེམ་ཆེམ་ཞིང་བཅུའི་དགྲ་བགེགས་ཆེམ་ཆེམ་བསྒྲལ་བའི་སྙིང་ཁྲག་དམར་ཆེམ་ཆེམ། །ཞེས་པ་ལྟ་བུའོ། །
གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ནི། །མཐའ་ཀླས་ཡོན་ཏན་བྱེ་བས་གཏམས་པའི་སྐུ། །སྐུ་མཆོག་ཡིད་འོང་མཚན་དཔེའི་དཔལ་གྱིས་མཛེས། །མཛེས་སྡུག་རྒྱལ་ཀུན་ཡུམ་གཅིག་དབྱངས་ཅན་ལྷ། །ལྷ་ཁྱོད་གཡོ་མེད་བདག་གི་མགྲིན་ཚོར་རོལ། །
བཞི་པ་ཀུན་ཏུ་ཟུང་ལྡན་ལ་དབྱེ་ན་བཅོ་ལྔ་ཡོད་པས་ཐོག་མར་དང་པོ་གསུམ་པ་དང༌། གཉིས་པ་བཞི་བར་བཟླས་པ་ནི། །གང་ཞིག་བླ་མ་གཙུག་ཏུ་བརྟེན་ཅིང་མཆོད་པ་ཡིས། །རྣམ་མང་འདོད་པའི་རེ་བ་བསྐོང་བར་བྱེད། །གང་ཞིག་ནོར་བུ་གཙུག་ཏུ་བརྟེན་ཅིང་མཆོད་པ་ཡིས། །རྣམ་མང་འདོད་པའི་རེ་བ་སྐོང་བར་བྱེད། །
ལྔ་པ་འདྲེས་པའི་ཟུང་ལྡན་ནི། མཁས་པ་མཁས་པའི་ནང་ནས་མཁས་པ་མཁས་པའི་མཆོག་རྨད་བྱུང༌། །རྨད་བྱུང་ཆོས་ཀུན་ཐུགས་ཆུད་ཆོས་ཚུལ་འཆད་ལ་འགྲན་ཟླ་བྲལ། །ཟླ་བྲལ་ཀུན་གྱི་མཆོག་གྱུར་གསུང་མཆོག་མཛད་པས་འགྲོ་རྣམ་ཀུན། །རྣམ་ཀུན་གཏན་གྱི་བདེ་སྟེར་གཏན་གྱི་སྐྱབས་མཆོག་ངག་གི་དབང༌། །ཡང་ན། །གསལ་བ་གསལ་བའི་ནང་ནས་གསལ་བ་གསལ་བའི་འོད་ཀུན་ཁྱབ། །ཀུན་ཁྱབ་མཁའ་ལ་རབ་ཏུ་མཁའ་ལྟར་དག་པའི་མདངས་མཛེས་པ། །མཛེས་པ་གཅིག་བསྡུས་སྣང་བྱེད་འོད་སྣང་མཆོག་གི་ཀུན་དགའ་སྟེར། །དགའ་སྟེར་སྨག་རུམ་སེལ་མཛད་སྨག་རུམ་འཇོམས་པའི་མཆོག་གྱུར་རྨད། །
དྲུག་པ་ལྡོག་པའི་ཟུང་ལྡན་ལ། །གསུམ་ཡོད་ཀྱང་འདིར་རྐང་པ་བཟློག་པ་ནི། །དཀར་མཛེས་སྒེག་མོ་ལྷ་མཆོག་རྒྱན་གྱི་རྒྱན། །རྒྱན་གྱི་རྒྱན་མཆོག་ལྷ་མོ་སྒེག་མཛེས་དཀར། །འོད་འབར་བརྗིད་མཛེས་རབ་གསལ་བློ་འཕེལ་མཆོག ། མཆོག་འཕེལ་བློ་གསལ་རབ་མཛེས་བརྗིད་འབར་འོད། །ལྟ་བུའོ། །

གཉིས་པ་བྱ་དཀའ་བའི་ཁྱད་པར་གཞན་བསྟམ་པ་ལ་གཞུང་ལས་དངོས་སུ་ཐོན་པ་གསུམ་ཡོད་པས། །དང་པོ་གླང་པོའི་འགྲོས་ནི་སྟེང་འོག་དཀྱུས་དང་འཁྱོགས་པོར་བཀླགས་པས་གཟུགས་གཅིག་ཏུ་འབྱུང་བ་སྟེ། །དཔེར་བརྗོད་ནི་ངག་གི་དབང་ཕྱུག་ཆོས་ཚུལ་འཕེལ་མཛད་མགོན་དག་ལ་དབང་འབྱོར་ཆོས་ཀུན་འཕེལ་བའི་མགོན་བྱང་ཆེན་མ་རེག་དེ་སྲིད་གཙུག་ན་མཛེས་བྱང་ཆུབ་མ་ཐོབ་དེ་ཚ་གཙུག་ཏུ་མཛེས།གཉིས་པ་ཕྱེད་འཁོར་ནི་གཡས་ནས་གཡོན་དང་འོག་ཏུ་བཀླགས་ཤིང་གཡོན་ནས་གཡས་དང་འོག་ཏུ་བཀླགས་པ་སྟེ་དཔེར་བརྗོད་ནི། ཤེས་རབ་རྒྱ་མཚོ་འཛིན་བསྟན་མཆོག་དཀོན་རབ་མཛེས་མཚོ་བྱུང་མཛད་འཛིན་གྱུར་མཆོག་རྒྱ་མཚོ་ལེགས་བཞང་བདག་མངའ་འཛིན་བསྟན་མཚོ་བྱུང་བཞད་དཔལ་མཛད་བདག་མཛད་འཛིན།
གསུམ་པ་ཀུན་འཁོར་ནི། ཟུར་བཞི་ནས་བརྩམས་ཏེ་ཕྱོག་ཀྱི་དངོས་སུ་བཀླགས་པར་བྱ་ལ་དཔེར་བརྗོད་ནི། བློ་བཟང་འབྱུང་གནས་གནས་འབྱུང་བཟང་བློ་བཟང་པོའི་གནས་ཆེན་ཆེན་གནས་པོའི་བཟང་འབྱུང་གནས་སེམས་མཆོག མཆོག་སེམས་གནས་འབྱུད་གནས་ཆེན་མཆོག་གྱུར་གྱུར་མཆོག་ཆེམ་གནས། གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་བཤད་པ་ལ་དབྱངས་ངེས་པ། གནས་ངེས་པ། གསལ་བྱེད་ངེས་པའོ། །དང་པོ་ལ་བཞི་ལས་ཐོག་མར་དབྱངས་བཞིར་ངེས་པ་ནི།

རིམ་གཉིས་ཏིང་འཛིན་གཟི་ཡིས་སྒྲིབ་གཉིས་བཅིལ། །བདེ་ཆེན་ཡེ་ཤེས་ཆེར་འཕེལ་དགེ་ལེགས་སྤེལ། །ཕུལ་བྱུང་སྐུ་གསུམ་ལྷུན་གྲུབ་དུས་ཀུན་དུ། །དགོས་འདོད་མཆོག་སྩོལ་འཁོར་ལོའི་མགོན་པོ་མཆོག །
ཐ་མ་དབྱངས་གཅིག་ཏུ་ངེས་པ་ནི། རབ་དཀར་ཚངས་སྲས་སྒྲ་དབྱངས་དབྱངས་ཅན་མ། །འདབ་བརྒྱད་དཔལ་ལ་རྟག་པར་གནས་པ་ན། །མཐའ་བྲལ་ཡང་དག་ལམ་བཟང་གནས་རྣམས་དང༌། །གནས་ལྔ་འཆད་ལ་མཁས་པས་གྲགས་པ་འབར། །
གཉིས་པ་གནས་ངེས་པ་ལ་བཞི་ལས། གནས་བཞི་ངེས་པ་ནི། གང་གི་ཞལ་དཀྱིལ་གང་ཟག་གང་གང་གིས། །མཐོང་སྟེ་རྟག་ཏུ་དད་ནས་གསོལ་འདེབས་ན། །གཉིས་འཛིན་གཅོད་མཛད་ཡེ་ཤེས་མཆོག་སྩོལ་ཅིང༌། །འཕྲལ་ཕུག་རྨད་བྱུང་ཕན་པ་བླ་མེད་སྤེལ། །
གསུམ་པ་གསལ་བྱེད་ཀྱི་ཡི་གེ་ངེས་པ་ལ་བཞི་ལས། བཞིར་ངེས་པ་ནི། ལྷ་ལས་ལྷ་ལྟར་ལེགས་ལམ་ལ། །དགྱེས་དགྱེས་སྒྲ་སྒྲོགས་འགྲོ་མགོན་གང༌། །ཆོས་ཆར་ཆེར་མཆོད་ཆེས་ཆེར་མཆིས། །མཐོང་ཐོས་ཐོག་མཐའ་མཐར་ཐུག་ཐོབ། །ཅེས་པ་ལྟ་བུ་སྟེ་སྒྲའི་རྒྱན་ནོ། །
གསུམ་པ་གབ་ཚིག་གི་རྒྱན་ལ་དབྱེ་ན་བཅུ་དྲུག་ཡོད་པས། དང་པོ་ཀུན་ཏུ་ཚོགས་པའི་གབ་ཚིག་ནི། རིགས་གཟུགས་མཆོག་མངའ་སྙིང་ལ་ཆེར་སྡུག་ཅིང༌། །རྣམ་ཀུན་མཛའ་བའི་ངང་ཚུལ་འཛིན་ན་ཡང༌། །ཡིད་ལ་སྲིད་པས་དམ་དུ་འཆིང་བྱེད་ཕྱིར། །བདག་ནི་ཚུལ་འདིར་དགའ་བར་གྱུར་མ་ཡིན། །

གཉིས་པ་བསླུ་བྱེད་ཀྱི་གབ་ཚིག་ནི། བདེ་སྟེར་འབྲས་བུ་རྣམ་པར་སྦུད་པ་ཡི། །ཡིད་ལ་རེ་བའི་འདབ་སྟོང་གཞོན་ནུ་དང༌། །འཇམ་མཉེན་འདབ་མ་བཞད་པའི་ཟེའུ་འབྲུའི་དཔལ། །མཐོང་བས་སྲེད་ལྡན་སྙིང་ལ་དགའ་བ་རྒྱས། །
གསུམ་པ་རིམ་པ་དང་བྲལ་བའི་གབ་ཚིག་ནི། བྱམས་པའི་མཐུ་ཡིས་བདུད་སྡེ་ཀུན་བཅོམ་ཞིང༌། །དད་ལྡན་གདུལ་བྱ་མཐའ་ཀླས་སྨིན་ཅིང་གྲོལ། ། རྣམ་མང་གསང་གསུམ་ཡོན་ཏན་བརྗོད་འདས་ཀྱིས། །ཡིད་འཕྲོག་མཉམ་མེད་སྟོབས་བཅུ་མངའ་བའི་ཞབས། །
བཞི་པ་རབ་བཅོམ་གྱི་གབ་ཚིག་ནི། ཀུན་ཁྱབ་ཚད་འཇོམས་ལང་ལོང་གཡོ་བའི་ཁྲོད། །ཆུ་ཡི་མངལ་འཛིན་བུ་མོའི་དབྱངས་སྙན་པོ། །གང་ལ་རེག་པའི་གཙུག་ཕུད་ཅན་གྱི་ཚོགས། །མོས་པའི་ཤུགས་ཀྱིས་འགུམ་ལ་མངོན་པར་ཕྱོགས། །
ལྔ་པ་མཐུན་གཟུགས་ཀྱི་གབ་ཚིག་ནི། མཉེན་ལྕུག་ཡལ་ག་ཟུང་ལྡན་རྒྱས་པོ་ལ། །ཡིད་འཕྲོག་རྣམ་ལྔའི་ལོ་འདབ་མཛེས་པའི་རྩེར། །སྙན་སྒྲོགས་བུང་པ་གཞོན་ནུའི་རོལ་རྩེད་ཅན། །སྔོན་མེད་གསར་བའི་འདབ་སྟོང་དང་འདིར་མཐོང༌། །
དྲུག་པ་རྩུབ་མོའི་གབ་ཚིག་ནི། རྣམ་ཀུན་འདོད་ལ་སྲེད་པས་གཟིར་བ་རྣམས། །རྟག་པར་འདབ་སྟོང་བཅུད་ཀྱིས་མྱོས་པ་ཡིས། །ཀུན་ཡིད་འཕྲོག་པའི་གར་སྟབས་ཆེས་མཛེས་ཀྱང༌། །རིང་མིན་སྲོག་བྲལ་དམན་པའི་མཐའ་རུ་ལྟུང༌། །
བདུན་པ་གྲངས་ཀྱི་གབ་ཚིག་ནི། དུས་ཀྱི་ཡོན་ཏན་སྔོན་གནས་ཐབས་ཤེས་ཀྱི། །སྲིད་པ་དབུས་དང་རི་བོ་ཟུང་གི་མཐའ། །འཇིག་རྟེན་རྩེ་མོའི་རིག་བྱེད་ཐོག་མ་ལ། །དྲང་སྲོང་གཉིས་པའི་གྲོགས་ལྡན་ལྷ་དེར་འདུད། །
བརྒྱད་པ་རབ་བརྟགས་ཀྱི་གབ་ཚིག་ནི། བདེ་སྟེར་བཅུད་ལ་ཆགས་པས་བཞིན་ཉམས་ཤིང༌། །མི་བཟད་ལུས་ཀྱི་འཁྲི་ཤིང་ཤིག་ཤིག་ཏུ། །འདར་བའི་ངང་ཚུལ་འཛིན་པའི་སྐལ་དམན་རྣམས། །མྱོས་པར་གྱིས་ཤིག་སྒེག་མཛེས་བཞད་པ་མོ། །
དགུ་པ་མིང་དུ་མ་འདུས་པའི་གབ་ཚིག་ནི། རིགས་གཟུགས་ལང་ཚོས་ཁེངས་ལྡན་འགའ་ཞིག་ལ། །དང་པོར་མི་དབང་ཞེས་བརྗོད་སྙན་སྒྲོགས་པ། །སྡིག་སྤྱོད་ལོག་པའི་ལམ་དུ་དཀྲི་བ་པོ། །མེ་ཏོག་ཅན་མིན་ས་སྐྱོང་ཚངས་བའང་མིན། །
བཅུ་པ་བསྒྲིབ་པའི་གབ་ཚིག་ནི། དམན་ལ་རྗེས་སུ་བརྩེ་བའི་སེམས་སྤངས་ཤིང༌། །འབྱོར་ལྡན་དྲེགས་པའི་ཚོགས་ལ་བརྩེ་ལྡན་པ། །སྣ་ཚོགས་ཐབས་ཀྱིས་བླུན་རྨོངས་འགྲོ་བའི་ཡིད། །བསླུ་མཁས་ཁྱོད་ནི་ཆགས་ལྡན་མ་ཡིན་ནོ། །
བཅུ་གཅིག་པ་མཐུན་པའི་སྒྲའི་གབ་ཚིག་ནི། རྒྱ་མཚོ་ལས་སྐྱེས་མཛེས་སྡུག་ཡིད་འཕྲོག་ཅིང༌། །མི་མཐུན་གདུང་བའི་དྲི་བ་ཀུན་བཅོམ་ནས། །སྐལ་བཟང་འགྲོ་བའི་རེ་བ་བསྐོངས་པའི་དཔལ། །འདོད་དགུ་འབྱུང་བའི་གནས་གྱུར་ཁྱོད་རྨད་བྱུང༌། །
བཅུ་གཉིས་པ་རྨོངས་པའི་གབ་ཚིག་ནི། སྲིད་བདེར་ཞེན་ལོག་ངེས་པར་འབྱུང་བའི་བློས། །བསླབ་ཁྲིམས་གཙང་མའི་ཉམས་ལེན་མ་དོར་པར། །འཕྱོན་མར་སྤྱོད་པའི་བདེ་ལ་ཆེར་སྲེད་པས། །སྡུག་བསྔལ་ཚོར་བའི་རེག་བྱ་འཇམ་ཞིང་རྩུབ། །
བཅུ་གསུམ་པ་ཡོངས་འཕྲོགས་ཀྱི་གབ་ཚིག་ནི། རི་སྐྱེས་བདག་པོས་གཞོམ་པའི་ཛ་ན་ཀཱཿ། །འདུལ་སྐྱེས་དགྲ་ཡི་གནས་ལས་ལེགས་འོངས་པ། །མགྲིན་སྔོན་དགའ་གྲལ་དུས་སུ་སྙན་སྒྲོགས་པའི། །སྟེང་ན་འགྱིང་བའི་བུ་མོའི་གཙུག་མཛེས་རྒྱན། །
྅བཅུ་བཞི་པ་གཅིག་སྒྲིབ་པའི་གབ་ཚིག་ནི། །ཡིད་འཕྲོག་རབ་རྒྱུས་ཡོངས་འདུས་ལྗོན་པ་ལ། །མཉེན་ལྕུག་ཡལ་འདབ་ལྔ་པའི་འཕྲུལ་འཁོར་དང༌། །དཀར་དམར་མདངས་ཆགས་འདབ་ལྡན་གཞོན་ནུ་ལ། །མཛེས་སྡུག་འདྲེན་བྱེད་གཡོ་བའི་ངོ་མཚར་ཅན། །
བཅོ་ལྔ་པ་གཉིས་ཀ་སྒྲིབ་པ་ནི། མི་མཐུན་སྐྱོན་གྱི་དྲི་མ་དང་བྲལ་ཞིང༌། །མཐའ་ཀླས་ཡོན་ཏན་བྱེ་བའི་གཏེར་གྱུར་གང༌། །མཛེས་བྱེད་མ་འདྲེས་སོ་སོར་རབ་གསལ་བ། །མཐོང་བའི་མོད་ལ་སྲིད་ཞིའི་རྒུད་པ་འཇོམས། །
བཅུ་དྲུག་པ་ཡོངས་འདྲེས་ཀྱི་གབ་ཚིག་ནི། འབོད་གྲོགས་མགོན་པོ་སྡེ་དང་བཅས་པ་རྣམས། །འཕར་འགྲོའི་བདག་པོའི་བཀའ་དབང་འཕྲུལ་འཁོར་གྱིས། །བཅོམ་པས་རླུང་གི་བུ་རྒྱུད་དཔུང་གི་ཚོགས། །རབ་དགའི་ལྟོ་འགྲོའི་བསེ་རུའི་སྒྲ་ཆེན་སྒྲོགས། །ཞེས་པ་ལྟ་བུ་རྣམས་གབ་ཚིག་གི་རྒྱན་ནོ། །གཞན་ཡང་ངོ་མཉམས་པ་ནས་ལུང་རིགས་དང་འགལ་བའི་བར་གྱི་སྤང་བྱ་རྩོམ་སྐྱོན་བཅུ་སྤོང་གི་དབྱེ་བ་སོགས་ཞིབ་ཏུ་ཚད་ལྡན་གྱི་གཞུང་ལས་ཤེས་པར་བྱ་བ་ཉིད་ལས་འདིར་མ་སྤྲོས་སོ། །

སྨྲས་པ། སྒྲ་དོན་རྒྱན་གྱི་ཡལ་ཀ་རབ་རྒྱས་རྩེར། །དོན་བཟང་འབྲས་བུའི་ཁུར་གྱིས་ཉེར་དུད་པ། །སྡེབ་ལེགས་རྗོད་བྱེད་སྙན་ཚིག་དཔག་བསམ་ལྗོན། །དཔྱོད་ལྡན་ཀུན་ཡིད་འདོད་པ་འཇོ་བའི་དཔལ། །མཁས་དབང་དཎྚིའི་དགོངས་དོན་ཕང་འགྲོའི་རྒྱུད། །མི་དམན་ཐོས་བརྩོན་སོར་མོས་ལེགས་བསྐྲུན་པའི། །ངོ་མཚར་སྙན་འགྱུར་དབྱངས་ཀྱི་ལེགས་བཤད་དཔལ། །བློ་གསལ་གར་མཁན་རབ་དགའི་དཔྱིད་དུ་བསྐྲུན། །འདོད་ཞེན་ཕྱོགས་ལྷུང་གདོན་གྱིས་རྒྱུད་དཀྲུགས་ཤིང༌། །རྨོངས་པའི་མུན་པའི་སྨག་ཏུ་རབ་རྒྱུ་བའི། །གྲོང་ཚིག་ཧཱུཾ་སྒྲ་སྒྲོགས་པའི་བླུན་པོ་འགར། །ལེགས་བཤད་སྣང་བ་སྙིང་ལ་ཟུག་ངུའི་རྒྱུ། །རྣམ་དཔྱོད་བློ་གྲོས་གསལ་བའི་མིག་ལྡན་ཞིང༌། །སྔོན་སྦྱངས་ཐོས་བརྩོན་ལུས་རྩལ་རབ་རྫོགས་པའི། །གཟུར་གནས་བློ་ལྡན་མཐོ་རིས་གར་མཁན་མར། །སྙན་འགྱུར་དབྱངས་ཀྱི་ལེགས་བཤད་རྣ་བར་འཇེབས། །ཚུལ་འདི་གྲགས་དང་རྙེད་བཀུར་ཕྱིར་མིན་པར། །བདག་འདྲར་ཕན་དང་རང་བློ་སྦྱངས་བྱའི་ཕྱིར། །འོན་ཏེ་ཐོས་ཉུང་སྐྱེས་སྦྱངས་ཤེས་རབ་ཀྱི། །རྩལ་ཞན་རྨོངས་པའི་སྐྱོན་ཚོགས་སྙིང་ནས་འཆགས། །འདིར་འབད་དགེ་ཚོགས་འོད་སྟོང་སྟོང་གིའི་གཟིས། །ལྔ་རིག་ཆུ་སྐྱེས་འདབ་མ་ཉེར་བཞད་ནས། །ཀུན་མཁྱེན་ཟེའུ་འབྲུའི་མངར་བའི་བཅུད་བཟང་གིས། །མཐའ་ཀླས་ལུས་ཅན་བུང་བ་ཚིམ་གྱུར་ཅིག  །ཅེས་འཕགས་ཡུལ་མཁས་པའི་དབང་པོ་དཎྚིའི་དགོངས་བཞེད་སྙན་ངག་མེ་ལོང་གི་དཔེར་བརྗོད་དྲི་ཟའི་བུ་མོའི་གླུ་དབྱངས་ཞེས་བྱ་བ་འདི་ནི་བཅུ་ཕྲག་རིག་པ་སྨྲ་བའི་ཁྱུ་མཆོག །༧དབྱངས་ཅན་དགའ་བའི་ལང་ཚོའི་ཞལ་སྔ་ནས་སྙན་ངག་གི་གཞུང་དོན་ཞིབ་ཁྲིད་བགྱིས་སྐབས་དཔེར་བརྗོད་རྩོམ་རྒྱུག་ཏུ་ཕུལ་བ་ཡི་གེར་ཕབ་དགོས་ཞེས་དོན་གཉེར་ཅན་དུ་མས་བསྐུལ་བ་ལྟར།། །།འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་འམ། བརྡ་སྤྲོད་ཀུན་བཤད་ཀྱི་མིང་དབྱངས་ཅན་བཞད་པའི་རྡོ་རྗེར་འབོད་པས་བྲིས་པ་འདིས་ཀྱང་༧འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་བར་གྱུར་ཅིག །པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས། །   །བཀྲ་ཤིས་པར་གྱུར་ཅིག །