༄༅།།བདག་འཛིན་གྱི་འཛིན་སྟངས་ལ་ཅུང་ཟད་དཔྱད་པ།།
ལུང་རིགས་དག་པའི་གཞུང་ལུགས་ཟབ་མོའི་དོན།།
ཚུལ་བཞིན་འགྲེལ་པའི་རྣམ་དཔྱོད་དཔལ་གྱི་ཕྱུག།
བྱམས་དང་སྙིང་རྗེའི་ཐུགས་རྒྱུད་གཏམས་པའི་མགོན།།
བཤེས་གཉེན་གདོང་ལྔའི་དབང་པོས་སྐྱེས་ཀུན་སྲུངས།།
དེ་ལ་འདིར་ཐར་འདོད་ཀྱི་ཐོག་མར་ཐར་བ་ཐོབ་པ་ལ་ཐབས་བླ་ན་མེད་པ་བདག་མེད་རྟོགས་དགོས་ཤིང་དེ་ལ་སྔོན་དུ་སྲིད་པ་འཆང་བྱེེད་བདག་འཛིན་ངོས་འཛིན་པ་ལ་རག་ལས་དེ། རྒྱལ་སྲས་ཞི་བ་ལྷས།བཏགས་པའི་དངོས་ལ་མ་རེག་པར།།དེ་ཡི་དངོས་མེད་འཛིན་མ་ཡིན།། ཞེས་གསུངས་པས་བདག་འཛིན་གྱི་འཛིན་སྟངས་ལ་དཔྱད་པ་ཅུང་ཟད་བྱས་ན། བདག་ཏུ་གྲུབ་པ་འཛིན་ཚུལ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་འཛིན་ཚུལ་ཡིན་ལ། དེ་ཡང་རང་རྐྱ་ཐུབ་པ་མེད་པ་ནི་རྐུད་པ་སྒྲིམ་བརྒྱབ་པ་ན་ཡ་གཅིག་ལ་མ་བརྟེན་པར་ཡ་འགའ་པར་གནས་པའི་མཐུ་མེད་པ་ལྟ་བུ་ལ་བྱེད་པ་ཡིན་ལ། དེའི་དགག་བྱ་ནི་རང་གི་ངོ་བོ་བྱུང་བ་ལ་གདགས་གཞི་འམ་ཆ་ཤས་གཞན་ལ་མ་བརྟེན་པ་ཚིག་ཐུབ་ཏུ་ཡུལ་གྱི་ངོས་ནས་བྱུང་བ་ལ་བྱེད་ཀྱི་ཡུལ་ཅན་གཞན་གྱིས་རང་ཉིད་ངོས་འཛིན་པ་ལ་ཆོས་གཞན་བློའི་ཡུལ་དུ་འཆར་བ་ལ་རག་མ་ལས་པར་འཛིན་པ་ནི་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དུ་འཛིན་ཚུལ་ཡིན་པས་སྔ་མ་དང་མི་འདྲ་བ་ནི་དེ་གཉིས་ཀྱི་ཁྱད་པར་ཏེ། རྗེ་ཉིད་ཀྱི་འཇུག་པའི་རྣམ་བཤད་དུ་གང་ཟག་རང་ལྡོག་ནས་ཡིན་གྱི་རྣམ་ཤེས་ལ་མིན་པར་གསུངས་པ་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་པ་ལྟར་རྣམ་ཤེས་རང་རྐྱ་འཛིན་ཐུབ་པའི་རྫས་སུ་ཡོད་པ་ལ་བྱེད་ཀྱི། གཞན་དུ་ན་རྣམ་ཤེས་གང་ཟག་གི་བདག་དུ་གྲུབ་པ་ཐལ་བ་དང་ཉོན་ཡིད་ཀྱིས་ཀུན་གཞི་ལ་དམིགས་ནས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་དོན་མཐུན་ཏུ་ཐལ་བ་དང་མཚན་གཞི་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་གྲུབ་མཐའ་གོང་མ་ཡོད་ན་རྗེ་བླ་མ་ལ་སྟག་ཚང་ལོ་ཙཱ་བས། རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པ་འགལ། ཞེས་པའི་དགག་པ་དེ་འཇུག་པར་ཐལ་བ་དང་། སེམས་ཙམ་གྱི་ལུགས་ལའང་གང་ཟག་གི་བདག་མེད་སྟོང་གཞིའི་སྒོ་ནས་འཇོག་པར་ཐལ་པ་དང་། དེ་འདོད་ན།ལེགས་བཤད་སྙིང་པོར་གཟུགས་ནས་འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་གྱི་ཆོས་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་གསུམ་གསུམ་དགོངས་འགྲེལ་གྱི་ཤུགས་ཀྱིས་འགྲེལ་བ་གསུངས་པ་མི་འཐད་པར་ཐལ་བ་སོགས་དུ་མ་འབྱུང་པའི་ཕྱིར་དེ། གུང་ཐང་བསྟན་པའི་སྒྲོན་མེའི་ཀུན་གཞི་དཀའ་འགྲེལ་མཐའ་དཔྱོད(༤༡)ལས།མཚན་གཞིའི་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་གྲུབ་མཐའ་གོང་མ་ཡོད་ན་རྗེ་བླ་མ་ལ་སྟག་ལོའི་དགག་པ་དེ་འཇུག་པར་ཐལ་བ་དང་།སེམས་ཙམ་གྱི་ལུགས་ལའང་གང་ཟག་གི་བདག་མེད་སྟོང་གཞིའི་སྒོ་ནས་འཇོག་པར་ཐལ་བ་དང་།དེ་འདོད་ན། མདོས་གཟུགས་ནས་འཕགས་ལམ་ཡན་ལག་གི་བར་གྱི་ཆོས་རྣམས་ཀྱི་སྟེང་དུ་འཁོར་ལོ་དང་པོའི་དགོངས་གཞིའི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་བཞག་པ་མི་འཐད་པར་ཐལ་པ་དང་།གང་ཟག་གི་བདག་མེད་ཕྲ་མོའི་དགག་བྱ་དེ་གཟུགས་ཤེས་གཉིས་ཀྱི་སྟེང་དུ་ཚད་མས་གྲུབ་ན་གཟུགས་ཤེས་གཉིས་གང་ཟག་གི་བདག་མེད་མ་ཡིན་པར་ཐལ་བ་སོགས་མི་འཚམ་པ་དུ་མ་འབྱུང་བའི་ཕྱིར་ཞེས་གསུངས་སོ།།ལྕང་སྐྱའི་གྲུབ་མཐར་རང་རྐྱ་ཐུབ་པ་དང་རང་རྐྱ་འཛིན་ཐུབ་པ་གཉིས་ལ་ཁྱད་པར་བྱས་ནས་ཞིབ་ཆ་འབྱེད་པ་ཚད་ལྡན་གྱི་ཁུངས་མེད་པར་གསུངས་པ་རང་ལུགས་མ་ཡིན་པར་སེམས་ཏེ། དེ་ཉིད་ཀྱིས་མཛད་པའི་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བའི་དབུ་མའི་སྐོར་ལས་(༤༡༢)རང་རྐྱ་ཐུབ་བ་དང་རང་རྐྱ་འཛིན་ཐུབ་བ་གཉིས་མི་གཅིག་གོ། ཞེས་གསུངས་སོ།།གྲུབ་མཐའ་དེ་ལྟར་གསུངས་པ་ལ་རང་ལུགས་ཡིན་པའི་ངེས་པ་མེད་པར་ཡང་བསྟན་པའི་སྒྲོན་མེའི་ཀུན་གཞིའི་དཀའ་འགྲེལ་ལས་(༤༡)དེས་ན་ལྕང་སྐྱ་ཐམས་ཅད་མཁྱེན་པའི་གྲུབ་མཐར་གང་གསུངས་པ་ཐམས་ཅད་ཉིད་ཀྱི་རང་ལུགས་ཁོ་ན་མཛད་པའི་ངེས་པ་མེད་དེ། དཔེར་ན་དེར་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་པར་གསུངས་ཀྱང་དེ་ཉིད་ཀྱིས་མཛད་པའི་དབུ་མའི་སེམས་བསྐྱེད་དང་པོའི་མཐའ་དཔྱོད་དུ་དེ་ཡོད་པར་ལུང་རིགས་དུ་མས་བསྒྲུབ་པ་ལྟ་བུའོ།། ཞེས་གསུངས་སོ།།ཡང་ན་གང་ཟག་གི་བདག་འཛིན་ནི་གང་ཟག་རང་རྐྱ་བ་འཛིན་པའམ་རང་རྐྱ་འཛིན་ཐུབ་པའི་རྫས་སུ་ཡོད་པ་འཛིན་པ་གཉིས་གཅིག་ཏུ་བྱས་དེ་དེས་འཛིན་ཚུལ་གང་ཟག་རང་ཉིད་ངོས་འཛིན་པ་ན་ཆོས་གཞན་བློའི་ཡུལ་དུ་འཆར་བ་ལ་མི་ལྟོས་པར་ཚིག་ཐུབ་ཏུ་གྲུབ་པར་འཛིན་པ་ཡིན་ལ། རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་གང་ཟག་རང་ལྡོག་གི་སྟེང་དུ་འཛིན་པ་ན་བདག་འཛིན་དུ་འགྱུར་གྱི།རྣམ་ཤེས་ལྟ་བུ་རྫས་ཡོད་གཞན་གྱི་སྟེང་དུ་འཛིན་པ་ན་བདག་འཛིན་དུ་མི་འགྱུར་ལ་དེའི་སྟོང་བ་བདག་མེད་ཕྲ་མོ་མི་འགྱུར་ཏེ་འཇུག་པའི་རྣམ་བཤད་(༣༦༨)ལས།གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་གི་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི་གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ་ཞེས་གསུངས། སྟག་ལོ་བས་དགག་པ་ཡང་མི་འཇུག་ཏེ། གང་ཟག་རང་ལྡོག་ནས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ཁས་མ་བླངས་པའི་ཕྱིར་ཞེས་པའི་ལན་འདེབས་ཚུལ་གཉིས་གང་ལྟར་བྱས་ཀྱང་ཆོག་གམ་སྙམ་མོ།། ཕྱི་མ་ལ་རེ་ཞིག་དཔྱད་པར་བྱ་བ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མ་གྲུབ་པ་དང་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་སུ་གྲུབ་པ་གསུངས་པའི་རང་རྐྱ་ཐུབ་པའི་རྫས་སུ་ཡོད་པ་ནི། བསྡུ་བ་ལས་བཤད་པ་ལྟར་གྱི་རྫས་སུ་ཡོད་པ་ལ་བྱེད་དམ་དེ་ལས་གཞན་ཞིག་ལ་བྱེད། དང་པོ་ལྟར་ན་ཤེས་པ་ཐམས་ཅད་རང་རིག་གིས་ངོས་འཛིན་པ་ན་ཆོས་གཞན་ལ་མི་ལྟོས་པར་ངོས་འཛིན་པས་རྫས་ཡོད་དུ་འགྱུར་ལ། དེ་ལྟར་ན་རིགས་རྒྱན་(༣༣༡)ལས།སེམས་བྱུང་ལྔ་གཅིག་ལས་རྫས་ཡོད་ཉེར་གཉིས་དང་ལྷག་མ་ཉེར་དགུ་རྫས་སུ་མ་གྲུབ་པ་གསུངས་པས་རྫས་སུ་གྲུབ་མ་གྲུབ་གསུངས་པའི་རྫས་ཡོད་ནི་རང་རྐྱ་ཐུབ་པའི་རྫས་ཡོད་ལ་བྱེད་པར་གསུངས་ལ། མཆིམས་མཛོད་(༡༣༤)ལས་ཀྱང་ཉི་ཤུ་རྩ་གཉིས་ནི་བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་འགྱུར་པས་རྫས་ཡོད་དང་ལྷག་མ་ཉི་ཤུ་རྩ་དགུ་ནི་རྒྱུ་མཚན་དེ་ལས་བཟློག་པས་བཏགས་ཡོད་ཡིན་ཏེ། ཞེས་གསུངས་སོ།།དེ་ལས་གཞན་ལ་བྱེད་ན་གང་ལྟར་བྱེད་དཔྱད་པར་བྱའོ།། །།
སྐྱེས་བུ་གསུམ་གྱི་ལམ་རིམ་ཕྲ་རགས་གནས།། ཚུལ་བཞིན་སྟོན་པའི་སྡེ་སྣོད་གསུམ་གྱི་དོན།།
བསླབ་བ་གསུམ་གྱི་ཉམས་ལེན་མཐའ་ཕྱིན་ནས།། སྐུ་གསུམ་ནོར་བའི་ཁྲི་ལ་དབང་འབྱོར་ཤོག།།
མཛོད་གསར་འཛིན་གྲྭ་ཐུན་མོང་གིས་བྲིས།། ཆོས་རའི་ནང་གི་དྷཱི་སྐད་འདོན་ཐེང་དང་པོ་ནས་བསྡུས།། །།