སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་ནས་མ་ཞུ་བའི་ནད་སྐོར་གླེང་བ།
– སྨན་དགེ་པདྨ་རྒྱལ་མཚན།
བོད་ཀྱི་གསོ་བ་རིག་པའི་གཞུང་དུ་གསལ་བའི་ཤེས་བྱ་མང་པོ་ཞིག་ང་ཚོ་སྨན་པའི་དཀྱིལ་འཁོར་དང་སྨན་གྱི་ཕྱག་དཔེ་ཁ་ཤས་ནང་དུ་བག་ལ་ཉལ་ནས་ལྷག་བསྡད་པ་ལྟ་བུར་སོང་། འདི་སྤེལ་དགོས་པའི་ཀུན་སློང་གཙོ་བོ་ནི་དེང་སང་ང་ཚོའི་སྤྱི་ཚོགས་ནང་ཕོ་བའི་འབྲས་ནད་ཀྱི་ནད་པ་ཉིན་རེ་ནས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པ་མ་ཟད་ཕོ་བའི་ནད་ཀྱིས་མནར་བའི་ནད་པའི་གྲངས་ཚད་ཀྱང་མཐོ་པོ་ཡོད་པ་དེ་སྤྱི་སྒེར་གཉིས་ཀར་དཀའ་ངལ་ཆེ་བས། རྩོམ་ཡིག་འདི་བརྒྱུད་ནས་མི་མང་ཚོའི་ཉིན་རེའི་འཚོ་བའི་ནང་ཕན་ཐོགས་ཅུང་ཟད་བྱུང་ན་སྙམ། ལྷག་པར་ང་རང་གི་ལས་གནས་དང་མི་མང་གི་འཕྲོད་བསྟེན་དབར་ཐད་ཀར་འབྲེལ་བ་ཡོད་སྟབས་རང་གི་ཤེས་བྱ་མི་མང་ལ་སྤེལ་དགོས་པ་གལ་ཆེར་བཟུང་བ་ཙམ་ལས། བརྗོད་བྱ་ལེགས་ལ་རྗོད་བྱེད་ཕུན་སུམ་ཚོགས་པའི་རྩོམ་ཡིག་ཅིག་ཡོང་བ་ལ་དེ་ཙམ་དམིགས་མེད།
༡ མ་ཞུ་བ་ཞེས་པའི་ཚིག་དོན་གང་རེད།
ཞུ་བར་དགག་སྒྲ་མ་བསྣན་པས་མ་ཞུ་བ་ཞེས་ནམ་རྒྱུན་ང་ཚོས་གང་ཟོས་པའི་ཁ་ལག་དེ་དག་ཕོ་བའི་གནས་སུ་ལེགས་པར་འཇུ་མི་ཐུབ་པ་དེར་མ་ཞུ་བ་ཞེས་བརྗོད་པ་རེད།
༢ མ་ཞུ་བའི་ངེས་ཚིག་གང་རེད།
ཇི་སྐད་དུ་རྒྱུད་བཞི་ལས། བད་མཁྲིས་རླུང་གིས་འཇུ་བའི་མཐུ་ཉམས་ཏེ།། མྱག་བྱེད་བད་ཀན་དག་གིས་མྱག་མ་ནུས།། འཇུ་བར་བྱེད་པའི་མཁྲིས་པས་འཇུ་མ་ནུས།། མེ་མཉམ་རླུང་གིས་དྭངས་སྙིགས་འབྱེད་མ་ནུས།། དེ་ལས་མ་ཞུ་ཞེས་སུ་བརྗོད་པ་ཡིན།། ཞེས་མ་ཞུ་བའི་ནད་དེ་གཙོ་བོ་ཟས་སྤྱོད་བསྟེན་སྟངས་མ་འགྲིག་པའི་དབང་གིས་ཕོ་བའི་གནས་སུ་ཡང་ནས་ཡང་དུ་ཟས་བདེ་ཐང་ངང་འཇུ་བར་གྲོགས་བྱེད་པའི་མེ་དྲོད་རྣམ་པ་གསུམ་མམ་ཕོ་བའི་ལྷ་གསུམ་སྟེ། བད་ཀན་དབྱེ་བ་ལྔ་ལས་བད་ཀན་མྱག་བྱེད་དང་། མཁྲིས་པའི་དབྱེ་བ་ལྔ་ལས་མཁྲིས་པ་འཇུ་བྱེད། རླུང་གི་དབྱེ་བ་ལྔ་ལས་རླུང་མེ་མཉམ། བཅས་རང་རང་གི་ལས་བྱེད་པ་ལ་དོ་ཕོག་བྱུང་ནས་ང་ཚོས་ཁ་ལག་གང་ཟོས་པ་དེ་བདེ་ཐང་ངང་འཇུ་མི་ཐུབ་པར་ནད་ཀྱི་རྣམ་པར་གྱུར་བ་དེ་ལ་མ་ཞུ་བ་ཞེས་བརྗོད་པ་རེད།
༣ མ་ཞུ་བའི་ནད་ཀྱི་རྒྱུ་རྐྱེན་གང་ཡིན་ནམ།
དེ་ཡང་སྨན་གཞུང་དུ། རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད།། ཅེས་ནད་སློང་བར་བྱེད་པའི་རྐྱེན་རྟོགས་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བ་སོང་། སྤྱིར་མ་ཞུ་བའི་རྒྱུ་རྐྱེན་ཤིན་ཏུ་མང་མོད་ཀྱང་གཙོ་བོ་རྒྱུན་གཏན་ནས་ཟས་རིགས་ཚད་མེད་དུ་ཟ་བ་དང་། སྐོམ་རིགས་ཚད་མེད་དུ་འཐུང་བར་བྱེད་པ། ཡང་ན་ཟས་སྐོམ་རྗེན་པ་རིགས་བསྟེན་ཆེས་པ། གཞན་ཡང་ཟས་མ་འཚོས་པ་དང་གྲང་མོ། རུལ་སུངས་སུ་ཕྱིན་པ། ཁེངས་པོ་སྟེ་བཙོས་ནས་ཡུན་རིང་སོང་བ་སོགས་འཇུ་དཀའ་བའི་ཟས་རིགས་བསྟེན་དྲགས་པ་མ་ཟད། ཟས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པ་ཉིན་གུང་ཁ་ལག་ཟོས་མ་ཐག་དུ་སྟབས་བདེའི་ཁ་ལག་རིགས་ཟ་བ་ལྟ་བུ། ལུས་གྲང་ངར་གྱིས་འཁྱགས་དྲགས་པ། ནམ་རྒྱུན་ལུས་ཀྱི་འགུལ་སྐྱོད་ཉུང་དྲགས་པ། ལྷག་པར་ཟས་ཟོས་རྗེས་འགུལ་སྐྱོད་གཏན་ནས་མེད་པ། གཞན་ཡང་དེ་སྔ་གཏན་ནས་ཟ་མི་མྱོང་བའི་ཟས་རིགས་གློ་བུར་མང་དུ་བཟས་པ་སོགས་ཀྱིས་མ་ཞུ་བའི་རྒྱུ་བྱེད་པ་ཡིན། དེང་དུས་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་སྦྱར་ནས་མདོར་ཙམ་བརྗོད་ན། མི་རྣམས་ལས་བྲེལ་སོགས་ཀྱིས་རྐྱེན་པས་ཉིན་རེའི་ལྟོ་དུས་གསུམ་པོ་དེ་ལྷོད་ལྷོད་ངང་བཟོ་ཁོམ་དང་ཟ་ཁོམ་མེད་པར་ལམ་དུ་འགྲོ་ཞོར་ཟས་ཟ་དགོས་པའི་ཁར་རྗེན་ཟས་ཀྱི་རིགས་དང་སྟབས་བདེའི་ཟས་རིགས་དང་ཤ་རིགས་འདྲ་མིན་སོགས་བསྟེན་ཆེས་པ་ཡིན་ན་མ་ཞུ་བའི་ནད་ཀྱི་རྐྱེན་དུ་འགྱུར་བ་ཡིན་པས་ན་ཤིན་ཏུ་ནས་གཟབ་དགོས་པ་ཡིན། གོང་གི་བརྗོད་དོན་དེ་དག་སྤྱིའི་ཆ་ནས་བཤད་ན་མ་ཞུའི་རྒྱུ་རྐྱེན་དུ་གསུངས་ཡོད་ན་ཡང་ཤུགས་སུ་དེ་དག་ཐམས་ཅད་མ་ཞུ་བའི་ནད་མི་འབྱུང་པར་བྱེད་པའི་སྔོན་འགོག་བྱ་ཐབས་ཀྱང་ཡིན་པས་ཉིན་རེའི་འཚོ་བའི་ཁྲོད་དུ་གནད་དོན་དེ་དག་ལ་བསམ་གཞིགས་ནན་པོ་གནང་ནས་འཚོ་བའི་གོམས་གཤིས་ལ་འགྱུར་བ་ཕྲན་བུ་གཏོང་ཐུབ་ཚེ་མ་ཞུ་བའི་ནད་ཙམ་མ་ཟད་གཅིན་སྙིའི་ནད་ལ་སོགས་པ་ནད་རིགས་སྣ་མང་ཞིག་སྔོན་འགོག་ཐུབ་པ་ཡིན།
༤ མ་ཞུའི་ནད་དེ་མི་ཚང་མ་ཡོང་གི་ཡོད་པ་ཨེ་ཁྱབ།
བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན་མ་ཞུའི་ནད་དེ་མི་ཚང་མ་ལ་ཡོང་གི་ཡོད་པར་ངོས་འཛིན་གནང་གི་མེད། དཔེར་ན་མི་ལོ་ཚད་ཀྱི་ཐོག་ནས་དར་མ་དང་ལུས་སྟོབས་ཀྱི་ཆ་ནས་སྟོབས་ཆེན་པོ། ཕོ་བའི་མེ་དྲོད་ཀྱི་ཆ་ནས་བཤད་ན་མེ་དྲོད་ཆེ་བ། ནམ་རྒྱུན་ནས་ལུས་ངག་གི་རྩོལ་བ་ཆེ་ལ་འཚོ་བའི་ཁྲོད་དུ་ཟས་རིགས་སྣུམ་ཅན་བསྟེན་མཁན་དང་། རང་ལ་མི་འཕྲོད་པའི་ཟས་རིགས་གང་ཡིན་པ་དེ་དག་ཐབས་མཁས་པའི་སྒོ་ནས་ཉིན་རེ་ནས་ཉིན་རེ་ཉུས་ཤས་རེ་བསྟེན་ཞིང་ཆ་སྤེལ་བས་གོམས་འདྲིས་སུ་སོང་ནས་བསྟེན་མཁན་རིགས་ལ་མ་ཞུ་བའི་ནད་ཡོང་མ་སྲིད་པ་རེད་ཅེས་གསལ་ཡོད། ཇི་སྐད་དུ། དར་ལ་བབས་ཅིང་སྟོབས་ལྡན་མེ་དྲོད་ཆེ།། ལུས་ངག་བྲེལ་ཞིང་སྣུམ་བག་རྒྱུན་དུ་ཟ།། མི་འཕྲོད་ཟས་ལ་གོམས་སམ་བྲིད་ནས་སློབ།། དེ་ལ་དུས་ཀུན་མ་ཞུ་འབྱུང་མི་འགྱུར།། ཞེས་གསུངས་སོ།། གནད་དོན་འདི་ནས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་གི་ལུས་ཀྱིས་སྒོ་ནས་ཕྱག་འཚལ་སྐོར་སྦྱང་སོགས་ཀྱི་ངལ་རྩོལ་ལ་བཞུགས་དགོས་པ་ནི་མ་ཞུ་བའི་ནད་དང་གཞན་ཡང་གཅིན་སྙིའི་ནད། ཁྲག་ཚིལ་གྱི་ཆ་ཤས་མཐོ་བ་སོགས་ནད་གཞི་མང་པོ་ཞིག་ལ་སྔོན་འགོག་གྱི་སྤྱོད་ལམ་གལ་ཆེ་བ་ཡིན་པ་ར་སྤྲོད་ཐུབ་པ་ཡིན། འདིར་གོ་བདེ་བའི་ཚུལ་དུ་རྐྱེན་མདོ་ཙམ་བཀོད་པ་ལས་རང་རེའི་སྨན་གཞུང་དུ་རྟེན་དང་། མ་གོམས་པ། མི་འཕྲོད་པ། ངོ་བོ་མི་འཇུ་བ་སོགས་ཀྱིས་རྐྱེན་བྱེད་ཚུལ་རྒྱས་པར་གསུངས་འདུག་ན་ཡང་སྐབས་འདིར་མི་མང་ལ་འཕྲོད་བསྟེན་ཤེས་བྱ་སྤེལ་ཆེད་དུ་ཡིན་པར་སོང་ཡིག་ཚོགས་ལ་འཇིགས་ནས་ཞིབ་ཕྲ་བཀོད་མེད།
༥ མ་ཞུ་བའི་ནད་དེ་ལ་དབྱེ་བ་ཡོད་དམ་མེད།
མ་ཞུ་བའི་ནད་ལ་དབྱེ་བ་གཉིས་ཡོད་དེ། དྭངས་མ་མ་ཞུ་བ་དང་། སྙིགས་མ་མ་ཞུ་བ་གཉིས་ཡོད་པ་ཙམ་དུ་མ་ཟད་ནད་ཀྱི་ངོ་བོ་ཡང་མི་འདྲ་བ་ཡིན་སྟེ། སྙིགས་མ་མ་ཞུ་བ་ནི་གཙོ་བོ་དོན་ལྔ་སྣོད་དྲུག་ལས་སྣོད་ཕོ་ལོང་གཉིས་དང་འབྲེལ་ཆེ་བ་དང་། དྭངས་མ་མ་ཞུ་བ་དེ་དོན་ལྔ་ལས་གཙོ་བོ་མཆིན་པ་དང་འབྲེལ་ཆེ་བ་ཡོད་ལ་ནད་དེ་གཉིས་ཀྱི་ནད་རྟགས་དང་བཅོས་ཐབས་སོགས་གཏན་ནས་མི་འདྲ་བ་ཡིན། དྭངས་མ་མ་ཞུ་མཆིན་གནས་མཁྲིས་ལྡན་ཚ།། སྙིགས་མ་ཕོ་ལོང་བད་རླུང་བསྡོངས་པས་གྲང་།། ཞེས་མཆིན་པ་གནས་ཀྱི་ཆ་ནས་ཁྲག་མཁྲིས་ཀྱི་གནས་ཡིན་པས་ནད་ཀྱི་ངོ་བོ་ཚ་བ་དང་། ཕོ་བ་བད་ཀན་དང་། ལོང་རླུང་གི་གནས་ཡིན་པས་ན་ནད་ཀྱི་ངོ་བོ་གྲང་བ་ཡིན་པ་གསལ་སྟོན་ཐུབ་པ་ཡིན། གཞན་ཡང་གནད་དོན་འདིའི་ཐོག་ནས་ང་ཚོས་ཤེས་དགོས་པ་ཞིག་ལ་མ་ཞུ་བའི་ནད་ཡིན་པ་ཙམ་གྱི་ཟས་སྤྱོད་སྨན་དཔྱད་སོགས་དྲོད་ཁོ་ན་བསྟེན་དགོས་པ་ཁྱབ་པ་མེད་དེ་དྭངས་མ་མ་ཞུ་བའི་ངོ་བོ་ཚ་བ་ཡིན་པའི་ཕྱིར། གོང་གི་དབྱེ་བ་ནི་རྒྱ་ཆེ་ས་ནས་བརྗོད་པ་ཙམ་ལས་སྨན་གཞུང་དུ། མ་ཞུ་བསུད་ནད་དང་། མ་ཞུ་ཤིང་འདྲ། མ་ཞུ་དུག་འདྲ། གཞན་ཡང་ཉེས་གསུམ་རེ་རེ་ནས་བསྐྱེད་པའི་མ་ཞུ་བའི་དབྱེ་བ་སོགས་རྒྱས་པར་གསུངས་ཡོད།
༥ དྭངས་མ་མ་ཞུ་བ་དང་སྙིགས་མ་མ་ཞུ་བའི་ངེས་ཚིག་ཞར་བྱུང་དུ་གླེང་བ།
མེ་མཉམ་རླུང་གིས་དྭངས་སྙིགས་མ་ཕྱེད་པའི།། སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས།། མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་ཏེ།། ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན།། དེ་ལ་སྙིགས་མ་མ་ཞུ་ཞེས་བྱ་བ།། ཁ་ཟས་མ་ཞུ་རང་སོར་ཕོ་ལོང་ལས།། བད་ཀན་བེ་སྣབས་འཕེལ་བས་གཏུམས་ནས་གནས།། རྙིངས་ནས་སྙིགས་མ་འདྲིལ་བས་ཟས་སྐྲན་འགྱུར།། ཞེས་གོང་གི་ཚིགས་བཅད་ཤློཀ་གཉིས་པོས་དྭངས་མ་མ་ཞུ་བ་དང་སྙིགས་མ་མ་ཞུ་བའི་ཁྱད་པར་འབྱེད་པ་ཡིན་པས་གོ་བ་ལེན་བདེ་བ་ལགས་ན་རེ་རེ་འགྲེལ་བརྗོད་མི་དགོས་པ་སྙམ།
༦ མ་ཞུ་བའི་ནད་ཀྱི་རྟགས།
དེ་ཡང་ནད་བྱེ་བྲག་སོ་སོའི་ནད་རྟགས་ངོས་འཛིན་གསལ་པོ་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ་ནད་ངོས་འཛིན་པའི་གྲོགས་སུ་འགྱུར་བ་ཡིན། ཇི་སྐད་དུ། རྟགས་ཉིད་རྟགས་སུ་མ་ཤེས་ན།། དུ་བ་རླངས་པར་འཁྲུལ་དང་འདྲ།། ཞེས་གསུངས་པའི་ཕྱིར་ན། མ་ཞུ་བའི་ནད་ཡིན་པའི་རྟགས་སུ། དྲི་མ་ཡང་ཡང་འགག་པར་བྱེད་པའམ་ཡང་ན་དུས་ངེས་མེད་དུ་འབྱུང་བ། འོག་རླུང་ཞེས་རྟུག་དྲི་མི་ཐོན་པར་འཁྱིལ་ཞིང་ཁོང་པ་སྦོ་བརྒྱངས་བྱེད་ལ། སྐབས་རེ་བུངས་ཆེན་པོར་བཤལ་བ་དང་། ཕོ་བའི་གནས་སུ་དྭངས་མ་དང་སྙིགས་མ་འདྲེས་པས་བཤང་བ་དང་གཅིན་པ་ཞག་ཅན་འཁྲུ། ལུས་སྒྱིད་ལུག ཟས་ཀྱི་དང་ག་འགག་པ། ཟས་ཟོས་དུས་སུ་ན་ཞིང་འགག་དྲི་མང་དུ་འབྱུང་བ་ཡིན།
མཚམས་འདིར་དྲི་མ་འགག་པའི་གནད་དོན་འདིའི་སྐོར་མདོར་ཙམ་བརྗོད་འདོད་པ་ལ། རང་རེའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་བཤང་བ་འགག་ནས་དུས་ཡུན་རིང་པོ་སོང་ན་ཡང་སྣང་མེད་དུ་འཇོག་པའི་གོམས་གཤིས་ངན་པ་ཞིག་ཡོད་པ་ནི་འཕྲོད་བསྟེན་དང་འབྲེལ་བའི་སྐོར་ནས་བཤད་ན་ཤིན་ཏུ་མི་འོས་པ་རེད། གང་ལགས་ཞེ་ན། དུས་ཡུན་རིང་པོ་བཤང་བ་མི་བབས་པ་ཡིན་ན་དེའི་རྐྱེན་གྱིས་ཕོ་བའི་ནད་གཞི་དང་། སྙིང་གི་ནད་གཞི། བྲང་བསྡམ་པ། དབུགས་རྒོད་པ། མགོ་ན་བ། སྣ་ཆམ་སོགས་ཡང་ཡང་འབྱུང་བ་དང་། སྙིང་འདར་གྱི་ནད་དང་། གཞང་འབྲུམ་ལ་སོགས་པ་ནད་གཞི་སྣ་ཚོགས་པ་ཞིག་བསྐྱེད་པར་བྱེད་པ་ཡིན་པས། སྐབས་ཐོག་ཟས་སྤྱོད་ཀྱི་སྒོ་ནས་བཤང་བ་རྒྱུན་གཏན་ལྟར་འབེབས་ཐབས་བྱེད་དགོས་ལ་དཀའ་ངལ་དེ་རིགས་ལ་བོད་སྨན་སོགས་བསྟེན་པའི་སྒོ་ནས་སེལ་ཐབས་གནང་དགོས་པ་ལས་ཡུན་རིང་ན་ལུས་ལ་ཤིན་ཏུ་གནོད་པ་ཡིན། རང་རེའི་སྨན་གཞུང་དུའང་། བཤང་བ་བཀག་པས་ཁ་རུ་མི་གཙང་འབྱུང་།། ཀླད་པ་ན་ཞིང་ཉྭ་འགྱུར་ཆམ་པས་འདེབས།། ཞེས་གསལ་བར་གསུངས་ཡོད། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ཁོང་ནད་རིགས་མང་དག་བསྐྱེད་པར་བྱེད་པ་ཡིན་པ་ནི། བོད་ཀྱི་གསོ་བ་རིག་པ་ལས་མ་ཞུ་བའི་ནད་དེའི་དབང་གིས་གཅོང་ནད་ཀྱི་རིགས་མང་དུ་སྐྱེད་པར་བྱེད་པ་གསལ་པོ་གསུངས་ཡོད་པས་རྣམ་རྒྱུན་བཤང་བ་བདེ་ཐང་ངང་མི་འབབ་པ་སོགས་ཀྱི་དཀའ་ངལ་ཡོད་ན་ངེས་པར་དུ་ཟས་སྤྱོད་སོགས་གང་གི་ཆ་ནས་ཡིད་གཟབ་གནང་དགོས་པ་གལ་ཆེ་ཡིན། མདོར་ན་བཤང་གཅི་སོགས་བདེ་བར་བབས་པ་དེ་ཡང་རང་ཉིད་བདེ་ཐང་ཡིན་པའི་མངོན་ཚུལ་ཡིན་པ་མཁྱེན་གལ་ཆེའོ།།
༧ མ་ཞུ་བའི་ནད་ལ་བཅོས་ཐབས་ཨེ་ཡོད།
སྤྱིར་ནད་རིགས་གང་ཡིན་ཡང་སྔོན་འགོག་བྱེད་རྒྱུ་ནི་གལ་ཆེ་དོན་ཆེན་ཡིན་པ་གོར་མ་ཆག་པ་སོང་སྔོན་འགོག་གི་ཐབས་ལམ་ལེགས་ཤོས་ནི་གོང་དུ་ཞུས་ཟིན་པའི་མ་ཞུ་བ་བསྐྱེད་པར་བྱེད་པའི་རྒྱུ་རྐྱེན་དེ་དག་ལ་རྒྱུས་མངའ་ཡོད་པའི་སྒོ་ནས་རྒྱུ་རྐྱེན་དེ་དག་ཉིན་རེའི་འཚོ་བའི་ནང་སྤོང་ཐུབ་པ་ཞིག་གནང་ཐུབ་ན་ལེགས་མོད། གལ་ཏེ་ནད་ཀྱིས་བཏབ་ཟིན་ན་ཡང་བཅོས་ཐབས་མེད་པ་གཏན་ནས་མ་ཡིན་ཏེ། ཟས་སྤྱོད་སྨན་དཔྱད་བཞི་ཡི་སྒོ་ནས་བཅོས་དགོས་པ་ནི་གནད་ཆེ་བ་ཡིན་ཏེ།
ཟས་ཀྱི་སྒོ་ནས་བཤད་ན། ཟས་རིགས་འཇུ་དཀའ་བའི་རིགས་དང་། འཁྱག་སྒམ་སོགས་ཀྱི་ནང་ཡུན་རིང་ཉར་ཚགས་བྱས་པའི་རིགས། ཟས་རིགས་མ་སྨིན་པ། ཟས་རྗེན་པ་མ་ཚོས་པ། ཟས་རིགས་ཧ་ཅང་འཚིག་དྲགས་པ། སྟབས་བདེའི་ཟས་རིགས་སྣ་མང་བཟའ་བ། འོ་རློན་རིགས་འཐུང་ཆེས་པ། དུས་ངེས་མེད་ཟས་ཚོད་མ་ཟིན་པར་སྔ་མ་མ་ཞུ་ཕྱི་མ་བཟའ་བ་སོགས་ཀྱི་གོམས་གཤིས་ངན་པ་དག་སྤང་ནས་ཁ་ཟས་འཇུ་སླ་བའི་རིགས་ཐུག་པ་ལྟ་བུ་དང་། ཟས་རིགས་གང་ཡིན་ཡང་ཚོས་པ་དགོས་པ། ཟས་དྲོན་མོར་བཟའ་དགོས་པ། ཆུ་བསྐོལ་ཡང་ཡང་བཏུང་བ། ཤ་རིགས་གང་ཡིན་ཡང་ལེགས་པར་བཙོས་ནས་མཆོད་དགོས་པ་སོགས་མདོར་ན་ཕོ་བའི་མེ་དྲོད་ལ་མི་གནོད་པའི་ཟས་རིགས་བསྟེན་དགོས་པ་གལ་ཆེན་པོ་ཡིན།
སྤྱོད་ལམ་གྱི་ཆ་ནས་བཤད་ན།ཡུལ་རླན་གྲང་དུ་ཡུན་རིང་འདུག་པ་དང་། རླུང་ལ་སོགས་པ་བསིལ་ལུས་པ་ཕོག་ཆེས་པ། ཟས་ཟོས་མ་ཐག་ཏུ་གཉིད་ཉལ་བ། ཟོས་མ་ཐག་ཏུ་ཆུ་གྲང་གི་ལུས་བཀྲུ་བ། ལུས་རྔུལ་བའི་རྗེས་སུ་གོས་མི་བརྗེད་པ། དུས་རྒྱུན་དུ་ལུས་ངག་སོགས་ཀྱི་རྩོལ་བ་ཞན་པ། སེམས་ངལ་ཆེས་པ་སོགས་གོམས་གཤིས་ངན་པ་རིགས་སྤང་ནས་ལུས་དྲོན་པོར་གནས་ཐུབ་པ་དང་། ཟོས་རྗེས་ལུས་ལ་རྩོལ་བ་དགོས་པ། དུས་རྟག་ཏུ་ལུས་ལ་རྩོལ་བ་མི་དམན་ཙམ་དགོས་པ། སེམས་པ་གུ་ཡངས་དགོས་པ་སོགས་གལ་ཆེན་པོ་ཡིན།
སྨན་གྱི་ཆ་ནས་བཤད་ན།མ་ཞུ་བའི་ནད་དེ་སྨན་གྱི་སྒོ་ནས་བཅོས་པར་བྱེད་པ་ལ་སྨན་གཞུང་དུ་ནད་གཞིའི་བབས་དང་བསྟུན་ནས་སེ་འབྲུའི་སྦྱོར་བ་སོགས་སྨན་གཏོང་ལུགས་མང་དུ་གསུངས་ཡོད་ན་ཡང་རེ་རེ་བརྗོད་པར་མི་བྱ་སྟེ། ནད་པ་ག་གེ་མོ་ཞིག་ལ་སྨན་སྤྲོད་པར་ནད་པའི་ལུས་ཁམས་ཀྱི་རང་བཞིན་དང་། ན་ཚོད། ཡུལ། དུས་སོགས་སྨན་གཞུང་དུ་གསལ་བའི་ཆོས་བཅུ་གསུངས་པ་དེ་དག་ངེས་པར་དུ་ཤེས་དགོས་པ་ལས་ནད་པ་ཡོད་ཚད་ལ་སྨན་བྱེ་བྲག་པ་གཅིག་གིས་ཕན་ཞེས་ཏབ་ཏོབ་ཏུ་ཁ་མཚོན་གཅོད་པ་ནི་བོད་ལུགས་གསོ་བ་རིག་པའི་དགོངས་དོན་དང་འགལ་བ་མ་ཟད། སྨན་པ་སོ་སོའི་ཉམས་མྱོང་ལ་དཔག་པའི་སྨན་གཏོང་ལུགས་མི་འདྲ་བ་སོགས་མཐོང་ཆོས་སུ་ཡོད་ལ། ང་ཚོའི་མི་མང་གི་ཁྲོད་དུ་སྨན་པ་བསྟེན་གཏུགས་མེད་པར་སྨན་གྱི་ཕན་ཡོན་ཙམ་ལ་བརྟེན་ནས་རང་ཉིད་སྨན་པར་རློམ་ནས་ནད་པར་མགོ་སྐོར་མཁན་ཡང་དེང་སང་ཇེ་མང་དུ་འགྲོ་བཞིན་པ་སོང་། སྨན་པ་བསྟེན་ནས་གསོལ་སྨན་མཆོད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པས་སྐབས་འདིར་ངས་སྨན་མིང་གལ་ཆེར་མི་འཛིན།
དཔྱད་ཀྱིས་སྒོ་ནས་བཤད་ན།སྤྱིར་བོད་ཀྱི་གསོ་བ་རིག་པའི་ནང་དཔྱད་ཀྱི་ལག་ལེན་སྟབས་བདེའི་རིགས་མང་དུ་གསུངས་ཡོད་ན་ཡང་མི་མང་ཁྲོད་ན་ལག་ལེན་དེ་དག་རྒྱུས་མངའ་ཡོད་པ་ཧ་ཅང་ཉུང་ཉུང་ཡིན། དཔེར་ན། སྐབས་དོན་མ་ཞུ་བའི་ནད་ལྟ་བུར་མཚོན་ན་ཡང་། ལག་ལེན་སྟབས་བདེ་རྡོ་དང་སྲིན་བལ་ལ་སོགས་ཚ་པོ་བཟོས་ནས་ཕོ་བའི་གནས་སུ་དྲོད་དུགས་བྱེད་པ་དང་། སྣུམ་ཚ་པོ་བཟོས་ནས་ཕོ་བའི་གསང་དམིགས་སུ་སྣུམ་དུགས་བྱེད་པ། སྲིན་བལ་ནང་ཚྭ་དང་བྱེ་མ་སོགས་བླུགས་ནས་དྲོད་དུ་ཁུག་སྟེ་ཕོ་གསང་དུ་དྲོད་དུགས་བྱེད་པ་སོགས་ཕོ་བའི་གནས་དྲོན་མོར་ཉར་ནས་མེ་དྲོད་སྲུང་དགོས་པ་དང་། ཕོ་བའི་གསང་དམིགས་སུ་མེ་བཙའ་འཇོག་པ་སོགས་དཔྱད་ཀྱིས་སྒོ་ནས་བཅོས་ཐབས་མང་དུ་གསུངས་ཡོད་པས་མ་ཞུ་བའི་ནད་དེ་བཅོས་ཐབས་མེད་པ་གཏན་ནས་མིན།
ཞར་བྱུང་དུ་བརྗོད་པ།བཅོས་ཐབས་ལག་ལེན་སྐབས་ཟས་སྤྱོད་སྨན་དཔྱད་ལག་ལེན་མདོར་བསྡུས་གོང་དུ་ཞུས་པ་ནི། ཡིག་རྙོགས་ལ་དོགས་ནས་སྙིགས་མ་མ་ཞུ་བ་གཙོ་བོ་ལྟ་བུར་དམིགས་ནས་བརྗོད་ཡོད་པས་དྭངས་མ་མ་ཞུ་བ་ཡིན་ན་ནད་དེའི་རྒྱུ་རྐྱེན་སོགས་ལ་ལྟོས་ནས་ཟས་སྤྱོད་སོགས་བསྟེན་ཐབས་མཁྱེན་དགོས་པ་མ་ཟད། མ་ཞུ་བ་དང་ཕོ་བ་གཉིས་དབར་འབྲེལ་བ་དམིགས་བསལ་ཡོད་པས་རྒྱུན་དུ་ཕོ་བ་བདེ་ཐང་ཡོང་བ་ལ་འབད་དགོས་པ་གལ་ཆེ།
༨ མ་ཞུ་བའི་ནད་དེ་ཉེན་ཁ་ཆེ་ཆུང་ཇི་ལྟར་ཡིན།
བོད་ཀྱི་གསོ་བ་རིག་པའི་ནང་མ་ཞུ་བའི་ནད་དེ་ཉེན་ཁ་ཆེན་པོར་བརྩི་བཞིན་ཡོད་བ་ནི་བད་ཀན་སྨུག་པོ་དང་། མཆིན་པའི་ནད། གློ་བའི་ནད། མཆེར་པའི་ནད། སྙིང་གི་ནད། གྲུམ་བུའི་ནད། སྐྱ་རྦབ་ནད། གཅིན་སྙིའི་ནད། གཞང་འབྲུམ་ནད། འཚོ་ཆེས་པའི་ནད། ཁྲག་ཚིལ་གྱི་ནད། ཁོང་འབྲས་ནད་ལ་སོགས་དེང་སང་སྤྱི་ཚོགས་ནང་མཐོང་སྐྱེན་པའི་ནད་རིགས་མང་པོ་ཞིག་བསྐྱེད་པར་བྱེད་པའི་རྒྱུ་གཙོ་བོ་དེ་མ་ཞུ་བའི་ནད་ཡིན་པར་གསུངས་ཡོད་ལ། ཁོང་ནད་ཀུན་གྱི་རྒྱུ་མ་ཞུ་བ་ཡིན་ཞེས་སྡོམ་ཚིག་ཡང་བཀོད་ཡོད།
མཇུག་བསྡུ་བ། དེ་ལྟར་གོང་དུ་མ་ཞུ་བའི་སྐོར་བལྟ་བདེ་གོ་བདེ་ཚུལ་དུ་ས་བཅད་རྣམ་པ་བརྒྱད་དུ་བཀོད་པ་དེ་དག་རང་ལུགས་བོད་ཀྱི་གསོ་བའི་རིག་པའི་ངོ་མཚར་ཡོན་ཏན་གྲངས་ཀྱི་མི་ལངས་པ་ཡོད་པ་ལས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་གླེང་བ་དེས། རང་རེའི་མི་མང་ཚོའི་འཕྲོད་བསྟེན་སློབ་གསོ་རང་ལ་དམིགས་པ་ལགས་ན་འདིའི་དགེ་ཚོགས་མཐའ་དག་ནད་མནར་གྱི་འགྲོ་བ་སྤྱི་ལ་ཕན་པར་བསྔོ་བ་ལགས་ན། མ་རྟོགས་ལོག་རྟོག་གི་ཆ་ཅི་མཆིས་མཁྱེན་ལྡན་ཡོངས་ལ་དགོངས་སེལ་ཞུ།།
སྨན་རྩིས་ཁང་གི་དྲ་བ་ལས་བསྡུས།