སེར་སྐྱེ་ཚང་གིས་བརྩམས།
གསུམ་པ་ཨ་མཆོག་སྐུ་ཕྲེང་གི་རྣམ་ཐར་དང་དེར་མཐུན་གྱི་དགོན་པ་བཏབ་ཚུལ།
དང་བོ་ནི་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་རྡོ་རྗེ་གདན་གྱི་སྤོ་ལས་མངོན་པར་རྫོགས་པར་སངས་རྒྱས་ཏེ་གསུང་རྗེས་བསྟན་ཆོ་འཕྲུལ་གྱི་སྒོ་ནས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པའི་དུས་སུ་འཕགས་པ་ཀུན་དགའ་བོའི་སྐུའི་སྐྱེ་བ་བཞེས་པ་ཡིན་ཏེ། མདོ་སྡེ་དང༌ཕྲན་ཚེགས་སོགས་འདུལ་བ་ལུང་ལས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་བསྟན་པའི་མཚན་མོར་མཉམ་མེད་ཟས་གཙང་དང་སྲས་ཟས་དཀར་བྲེ་བོ་ཟས་སོགས་སྤུན་གསུམ་མམ་བཞི་ཡོད་པ་ལས། བདུད་རྩིའི་ཟས་ལ་སྲས་གཅིག་འཁྲུངས་པ་ཀུན་དགའ་བོ་ཡིན་ལ། དེ་ནས་ལོ་ཉི་ཤུ་རྩ་ལྷག་བཞེས་པ་ན་སྟོན་པའི་ཞབས་འབྲང་དུ་བསྐོས་པ་ནི། སྟོན་པའི་བཞེས་ལྷག་མི་ཟ་བ་དང་། སྟོན་པའི་བཞེས་པའི་ན་བཟའ་རྙིང་པ་གྱོན་མི་དགོས་པ་དང་། དུས་ཀུན་ཏུ་སྟོན་པའི་སྤྱན་སྔར་འགྲོར་གནང་ན་ཞབས་འབྲང་བགྱིད་ཅེས་ཞལ་གྱིས་བཞེས་ཏེ་ལོ་ཉི་ཤུ་རྩ་ལྷག་དུ་སྟོན་པའི་ཞབས་འབྲང་མཛད། དེ་ལྟར་གཅིགས་པ་ནས་བཟུང་སྟེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཉམས་ལེན་གྱི་གནད་ཆེན་པོ་གོ་རྒྱུ་ཡོད་པར་གསུངས། ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན། ཤེར་མདོའི་གླེང་གཞིར་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ་འཕགས་པ་ཀུན་དགའ་བོའོ།། ཞེས་རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཐོབ་པར་གསུངས་ཤིང་། དེ་ཡི་རྒྱུ་ནི་ཡོངས་གཏོང་དང་ཞེས་པའི་བཤད་བྱ་རྩ་བའི་མདོའི་སྐབས་སུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་ཚིག་གཅིག་ཆུད་ཟོས་སུ་བཏང་ན། ཁྱེད་ཀྱིས་ཁོ་བོའི་སེམས་མགུ་བར་མ་བྱས། ངའི་ཉན་ཐོས་ཀྱི་བྱ་བ་ཁྱོད་ཀྱིས་མ་བྱས། མདོ་སྡེ་གཞན་མང་བོ་ཆུད་ཟོས་ཀྱང་དེ་ཙམ་ཉེས་པར་མི་བརྩི་བ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་ནན་ཏན་ཏུ་ལན་གསུམ་གྱི་བར་དུ་ཡོངས་སུ་གཏད་པར་མཛད་དོ།། ཡོངས་གཏད་ཀྱི་ལེའུའི་སྐབས་སུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཤེར་ཕྱིན་བཙལ་བ་དེའི་ཕྱིར་ཡང་ཀུན་དགའ་བོ་ཁྱོད་ཀྱིས་ཤེར་ཕྱིན་མ་ནུབ་པར་ཟུངས་ཤིག་ཅེས་གདམས་པ་ཙམ་ལས། རྒྱན་གྱི་དངོས་སུ་མ་བསྡུས་པར་ཤིང་རྟ་ཆེན་པོ་སེངྒེ་བཟང་བོ་སོགས་ཀྱིས་བཞེད་པ་ལྟར་རོ།།
བདག་ཅག་གི་སྟོན་པ་དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ལ་གྱད་ཡུལ་རྩ་མཆོག་གྲོང་གི་ཤིང་སཱ་ལ་ཟུང་གི་དྲུང་དུ་ཕེབས་ཏེ་མྱ་ངན་ལས་འདའ་བར་བཞེད་པ་ན་ཀུན་དགའ་བོ་ཡུད་མུག་ཆེར་ལྡང་སྟེ་སྟོན་པ་མྱ་ངན་ལས་འདའ་པར་བལྟ་བར་མི་བཟོད་སྙམ་ནས་འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་ཀྱི་དྲུང་དུ་ཕེབས་པ་ན་སངས་རྒྱས་དེ་དག་གིས་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་ཐུགས་ངལ་བར་མ་མཛད་པར་ཕྱིར་སྟོན་པའི་དྲུང་དུ་སོང་ཞེས་ཅེས་གདམས་པ་བཞིན་དུ་ཕྱིར་ཕེབས་ཏེ། སྟོན་པས་འོད་བསྲུང་ཆེན་པོ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་མྱ་ངན་ལས་འདས་ཀྱི་བར་དུ་ཞབས་འབྲང་ཚུལ་བཞིན་དུ་མཛད་དོ།། དེ་ནས་འོད་སྲུང་ཆེན་པོས་དགེ་འདུན་རྣམས་བསྡུས་ཏེ། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཉོན་མོངས་པ་མེད་པ་ཡིན་ན་ཀུན་དགའ་བོ་ཉོན་མོངས་པ་དང་བཅས་པས་སོངས་ཤིག་ཅེས་བསྐྲད་པ་ན། ཀུན་དགའ་བོའི་ཁོ་བོའི་ཉོན་མོངས་པ་མ་སྤངས་ཀྱང༌། ཚུལ་ཁྲིམས་ལ་རྨ་མ་བྱུང་བས་དགེ་འདུན་གྱི་ནང་དུ་གནས་པ་དྲག་གམ་ཞེས་ཞུས་པར་ཁྱོད་བཅོམ་ལྡན་འདས་ཀྱི་དྲུང་དུ་ཡུན་རིང་བསྡད་པ་ལ་རློམས་པར་མ་བྱེད་ཅིག། བཅོམ་ལྡན་འདས་ཀྱི་བུད་མེད་རྣམས་བསྙེན་པར་རྫོགས་པར་མ་མཛད་པ་ལ་ཁྱོད་ཀྱིས་ཞུ་སྣ་བྱས་ཏེ་ནན་ཏན་གྱིས་གསོལ་བའི་སྐྱེ་རྒུའི་བདག་མོ་སོགས་བུད་མེད་ལྔ་བརྒྱ་བསྙེན་པར་རྫོགས་པས་བསྟན་པ་ལོ་བདུན་སྟོང་དུ་གནས་པ་ལྔ་སྟོང་དུ་སོང་བ་དང་གཅིག བཅོམ་ལྡན་འདས་ཀྱི་ཆོས་གོས་ས་ལ་འདིང་མི་རུང་ཡང་ཁྱོད་ཀྱིས་ས་ལ་བཏིང་བ་དང་གཉིས། བཅོམ་ལྡན་འདས་ཀྱི་ཞལ་སྐྱེམས་པ་ན་ལྷུང་བཟེད་མཁའ་ལ་བཟེད་ན་ལྷའི་བདུད་རྩི་དྲངས་རྒྱུ་ཡིན་པ་ལ་ཁྱོད་ཀྱིས་གླང་ལྔ་བརྒྱས་བགྲོད་པའི་རྙོག་ཆུ་དྲངས་པ་དང་གསུམ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་ན་བསྐལ་བའི་བར་དུ་བཞུགས་རྒྱུ་ཡིན་པ་ལ་ཁྱོད་ཀྱིས་གསོལ་བ་མ་བཏབ་པ་དང་བཞི། བཅོམ་ལྡན་འདས་ཀྱི་གསང་གནས་རྟ་མཆོག་ལྟར་སྦུབས་སུ་ནུབ་པ་གཞན་ལ་བལྟར་བཅུག་པ་དང་ལྔ། བཅོམ་ལྡན་འདས་ཀྱི་ལྤགས་པ་གསེར་མདོག་གཞན་ལ་བསྟན་ཏེ་ཁྱིམ་པས་མ་རུངས་པར་བྱས་པ་དང་དྲུག བཅོམ་ལྡན་འདས་ཀྱི་ཐུགས་ཕབས་ཏེ་བཀའ་འདྲི་གནང་བར་ལན་ལོག་པར་བཏབ་པ་དང་བདུན། བཅོམ་ལྡན་འདས་ཀྱིས་ཕྲ་མོ་ཕྲན་ཚེགས་དག་ལ་སྐབས་དབྱེའོ། ། གནས་འདི་ལ་ནི་འགྱོད་པ་མི་བྱའོ།།
ཞེས་པ་ལྟར་ལས་གཞིས་བསྡུས་ཀྱི་ཉེས་བྱས་ཙམ་ཡིན་ཟེར་བ་ལ་སོགས་མི་མཐུན་པར་རྩོད་པ་བྱུང་བ་དང་ཉེས་བ་བརྒྱད་བསྒྲགས་ཏེ་གནས་དབྱུང་བྱས་པ་ན། ཀུན་དགའ་བོ་བྲི་ཛིའི་གྲོང་ཁྱེར་ཏུ་བྱོན་ནས་སངས་རྒྱས་བཅོམ་ལྡན་འདས་ནི་མྱ་ངན་ལས་འདས། འོད་སྲུང་ཆེན་པོས་བདག་དགེ་འདུན་གྱི་ནང་ནས་བསྐྲད། ད་བདག་གི་མགོན་སྐྱབས་སུ་ལ་ཞུ་སྙམས་དེ་སེམས་ཁོང་དུ་ཆུད་ནས་བཞུགས་པ་བྲི་ཛིའི་བུས་སེམས་ཉོན་མོང་བ་དང་མ་བྲལ་བར་མཐོང་སྟེ། ཀོའུ་ཏམ་ཁྱོད་ནི་བག་མེད་མ་མཛད་པར་ཤིང་དྲུང་འཐིག་པོ་བསྟེན་ན་མྱ་ངན་འདའ། ཞེས་སོགས་གསུང་ཏེ་སྒྲུབ་པ་ལ་བསྐུལ་བས་ཀུན་དགའ་བོས་ནམ་གྱི་ཆ་སྟོད་སྨད་ལ་འཆག་པ་དང་འགྲེང་བ་སོགས་ཀྱིས་གཉིད་རྨུགས་པར་སངས་བར་བྱས་ནས་སྤྱོད་ལམ་སྦྱངས་ཏེ་སྒྲུབ་པ་ལ་གཞོལ་བས་རིང་བོར་མ་ཐོགས་པར་དགྲ་བཅོམ་པའི་གོ་འཕང་ཐོབ་པོ།། ལོ་དེར་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ་འོད་སྲུང་ཆེན་པོ་སོགས་དགེ་འདུན་རྣམས་ཀྱིས་ནྱ་ཀྲོངྷའི་ཕུག་ཏུ་དབྱར་གནས་པར་ཞལ་བཞེས་གནང་བའི་དབྱར་འཇུག་དེར་འོད་སྲུང་ཆེན་པོས་ཀུན་དགའ་བོའི་དགྲ་བཅོམ་ཐོབ་པར་མཁྱེན་ཏེ་ཀུན་དགའ་བོ་ལ་སྒྲོ་བ་དྲིས་ཏེ་གསོལ་གཉིས་ཀྱི་ལས་ཀྱིས་ཀུན་དགའ་བོ་ཤེར་ཕྱིན་གྱི་མདོ་སྡེ་སྡུད་པ་པོར་བསྐོས་ཏེ་དགྲ་བཅོམ་པ་ལྔ་བརྒྱའི་ཆོས་རྣམ་གདན་དུ་བཏིང་བ་དེར་བཞུགས་སུ་གསོལ་བ་ན། ཁྲིར་སྐོར་བ་ལན་གསུམ་མཛད་དེ་ལན་གཅིག་མཇལ་ནས་གདན་ལ་བཞུགས་ཏེ་ཁ་མཉན་ཡོད་དུ་ཕྱོགས་གདོང་མཆི་མ་དང་བཅས་ཕྱག་ཐར་མོ་སྦྱར་སྙན་པའི་གདངས་དང་བཅས་ཏེ། འདི་སྐད་བདག་གིས་ཐོས་པ་སོགས་ཀྱིས་ཐོག་དྲངས་ཏེ་གང་བསྡུ་བར་བྱ་བའི་མདོ་སྡེ་ཚར་གཅིག་གསུངས་ཏེ་བསྡུ་བར་མཛད་དེ་ཆད་ལྷག་མེད་པར་འདི་ལྟར་ཡིན་ནམ་གསུང་བ་ན། ཀུན་ཤེས་ཀོའི་ཏེ་ནུས་དེ་ཁོ་ན་ལྟར་ཡིན་ཞེས་སོགས་མཐུན་འགྱུར་གནང་ཞིང༌དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་དོ། །
འོད་སྲུང་ཆེན་པོ་མྱ་ངན་འདས་པར་མངོན་པར་ཕྱོགས་པའི་ཚེ་ཀུན་དགའ་བོ་ལ་བསྟན་པ་གཏད་ནས་རི་བོ་བྱ་རྐང་དུ་མྱ་ངན་ལས་འདས། དེ་ནས་ཀུན་དགའ་བོས་ལོ་མང་བོར་བསྟན་པ་ཚུལ་བཞིན་དུ་བསྐྱངས། སྐབས་ཤིག་དགེ་སྦྱོང་ཞིག་གིས་མདོ་སྡེ་ཀློག་པའི་ཚེ། གང་ཞིག་ལོ་བརྒྱར་འཚོ་བ་ནི།། ངེས་བར་འཆི་ལ་བྱ་ཀག་བཞིན།། ཞེས་ཀློག་པ་གསན་པས། དེ་ནི་སངས་རྒྱས་ཀྱི་གསུངས་མ་ཡིན། ངེས་བར་སྐྱེ་ཞིང་འཇིགས་པ་ཡིན། ཞེས་ལྷོགས་ཤིག་ཅེས་གསུངས་པས། དགེ་སྦྱོང་དེས་རང་གི་སློབ་དཔོན་ལ་ཀུན་དགའ་བོས་དེ་ལྟར་གསུང་ཚུལ་བསྙད་པས། སློབ་དཔོན་དེས་རང་གི་མ་དག་པ་སྟོན་མི་འདོད་ནས། ཀུན་དགའ་བོ་ནི་རྒས་གྱུར་ཏེ། དྲན་པ་ཉམས་པས་བརྗེད་པ་ཡིན། ཞེས་ལབ་ཚུལ་ཀུན་དགའ་བོས་གསན་པས་སངས་རྒྱས་ཀྱི་བསྟན་པ་འདི་འདྲར་གྱུར་སོང་སྙམ་དུ་ཐུགས་སྐྱོ་སྟེ། འོད་སྲུང་ཆེན་པོས་ལུང་བསྟན་པ་བཞིན་དུ། སྤོས་བཙོང་གི་བུ་ཉེར་སྤས་ལ་བསྟན་པ་གཏད། མྱ་ངན་ལས་འདའ་སྙམ་དུ་ཆུ་བོ་གངྒའི་ཕྱོགས་སུ་ཕེབས་པ་ན། དྲང་སྲོང་འཁོར་ལྔ་བརྒྱ་ཅན་ཞིག་གིས་ཀུན་དགའ་བོ་མྱ་ངན་ལས་འདས་པ་ཤེས་ནས་ཐམས་ཅད་བསྙེན་པར་རྫོགས་པར་གསོལ་བ་ན། ཆུ་བོ་གང་གཱའི་དཀྱིལ་དུ་གླིང་སྤྲུལ་ཏེ་བསྙེན་པར་རྫོགས། ཡུལ་ཆུའི་དབུས་དང་ཉིན་གུང་གི་དུས་ཡིན་པས་དགྲ་བཅོམ་ཆུ་དབུས་ལྔ་བརྒྱའམ་ཉི་མ་གུང་བ་ལྔ་བརྒྱ་ཞེས་གྲགས། དེའི་ནང་ནས་ཉི་མ་གུང་བ་ཆེན་པོས་མཁན་པོ་མྱ་ངན་ལས་འདས་པའི་སྔོན་དུ་རང་མྱ་ངན་འདའ་སྙམ་པ་ན། ཀུན་དགའ་བོས་ཁྱོད་ཀྱིས་དེ་ལྟར་མ་བྱེད། བཅོམ་ལྡན་འདས་ཀྱིས་ཁ་ཆེ་ནི་བསམ་གཏན་དང་མཐུན་པའི་གནས་ཏེ་དགྲ་བཅོམ་ཉི་མ་གུང་བ་ཞེས་པས་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ལུང་བསྟན་ཡོད་པའི་ཁྱོད་ཁ་ཆེར་སོང་ལ་སངས་རྒྱས་ཀྱི་བསྟན་པ་ལྷོགས་ཤིག་ཅེས་གསུངས་ནས། ཀུན་དགའ་བོས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་མྱ་ངན་ལས་འདས། སྐུ་གདུང་རང་བསྲེལ་ཆ་གཉིས་སུ་གྱུར་པ་ཆུ་རླབས་ཀྱིས་གང༌གཱའི་ཕན་ཚུན་གྱི་འགྲམ་གཉིས་སུ་འཕངས་པར་ཆ་གཅིག་ཡངས་པ་ཅན་དང༌། གཅིག་མ་སྐྱེས་དགྲས་གདུང་སྐལ་དུ་སྤྱན་དྲངས་ཏེ་མཆོད་རྟེན་སོ་སོར་བརྩིགས། རང་བསྲེལ་ཆ་གཉིས་སུ་གྱུར་བ་ཡང་སྐུ་གདུང་གི་དོན་དུ་རྩོད་པ་མི་འབྱུང་བའི་ཆེད་དུ་བྱིན་གྱིས་བརླབས་པར་གསུངས། ཉི་མ་གུང་བ་ཁ་ཆེར་བྱོན་ཏེ་ཀླུ་རྣམས་ལ་ཆོས་བསྟན། དེའི་ཚེ་ཁ་ཆེའི་ཡུལ་ཕལ་ཆེར་ཆུས་གང་ནས་ཡོད་པའི་ཉི་མ་གུང་བའི་ཀླུ་རྣམས་ལ་གུར་གུམ་འདེབས་པའི་ས་ཆ་ཞིག་བསླང་བས། ཁྱོད་ཀྱི་ཆོས་གོས་ཀྱི་ཁེབས་ཚད་སྟེར་ཟེར་བ་ལ་བཅོམ་ལྡན་འདས་ཀྱི་ཆོས་གོས་ས་ལ་འདིང་བ་མ་གནང་བས། དེའི་གྲིབ་མའི་ཁེབས་ཚད་བྱིན་ཅིག་གསུང་ནས་ཆོས་གོས་མཁའ་ལ་བཏེགས་པས་དེའི་གྲིབ་མས་ཁ་ཆེའི་ཡུལ་ཕལ་ཆེར་ཁྱབ་སོང་བས། དེར་ཀླུ་རྣམས་ཀྱིས་ཆུ་བྲི་བར་བྱས། དེ་ནས་གཞན་ནས་གུར་ཀུམ་གྱི་ས་བོན་བླངས་ཏེ་བཏབས་པས་འགྲོ་བའི་ནད་སེལ་བའི་སྨན་དང༌། དཀོན་མཆོག་མཆོད་པའི་ཆེད་དུ་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་སྐྱེ་བར་ཤོག་ཅེས་སྨོན་ལམ་གནང་ཞིང་ཀླུ་རྣམས་ཀྱི་གྲོགས་བྱས་པ་ལ་བརྟེན་ནས་གུར་ཀུམ་སྐྱེས་པ་ལ་ཁ་ཆེའི་གུར་ཀུམ་ཞེས་གྲགས། ཁ་ཆེའི་ཡུལ་དུ་བསྟན་པ་དར་བ་ཡང་ཀུན་དགའ་བོའི་འཕྲིན་ལས་ཀྱི་ཆ་ཤས་སོ།།
ཀུན་དགའ་བོས་བསྟན་འགྲོའི་དོན་རླབས་ཆེན་མཛད་པས་སློབ་མ་དགྲ་བཅོམ་པ་ཡང་ཆེས་མང་དུ་བྱུང་སྟེ། བཀའ་བསྡུ་གཉིས་པ་ཡང་ཀུན་དགའ་པོའི་མཁན་པུ་དགྲ་བཅོམ་པ་ཐམས་ཅད་འདོད་དང་གྲགས་པ་སོགས་དགྲ་བཅོམ་བདུན་བརྒྱས་གསུངས་པའི་ཕྱིར། དེ་ནི་ཕྲན་ཚེགས་ཀྱི་སྒོ་བརྒྱད་པ་རྩ་འགྲེལ་དང་ཆོས་འབྱུང་དག་ལས་བྱུང༌། སྒྲོན་གསལ་ལས་ཀུན་ཏུ་བཟང་པོ་ཕྱག་རྡོར་དང་། རྡོ་རྗེ་འཆང་ཡང་དེ་ལས་གཞན་མ་ཡིན་པར་གསུངས་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཕྱག་ན་རྡོ་རྗེ་ཀུན་ཏུ་བཟང་པོ་དབང་བསྐུར་ཞེས་ཀུན་ཏུ་བཟང་པོ་ཞེས་པ་ཕྱག་ན་རྡོ་རྗེ་སྔགས་ལ་ཞུགས་པའི་གསང་མཚན་ཡིན་པར་གསུངས། རྒྱུད་དོན་ཀུན་དགའ་བོའི་སྤྱོད་ཡུལ་མ་ཡིན་པར་གསུངས་བ་ཡང་། ཀུན་དགའ་བོའི་ཆགས་བྲལ་གྱི་སྤྱོད་པ་ལ་སྤྱོད་པའི་ཚུལ་བསྟན་པའི་དབང་དུ་བྱས་ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུངས་སོ།
དེ་ཡང་སྣང་ཚོད་དང་གནས་ཚོད་ཐུན་མོང་དང་ཐུན་མོང་མིན་པའི་གདུལ་བྱའི་ངོར་སྦྱར་ཞིང་འཇོག་དགོས་ཚུལ་དེ་ལས་རང་ཅག་ལ་བླ་མའི་སྐྱོན་ཡོན་སྣང་ཚུལ་ལ་ཡང་ངེས་པ་ཆེན་པོ་སྟེར་བ་སྣང་བས། རང་གི་སྣང་བ་མ་དག་པའི་དབང་གིས་བླ་མ་སྐྱོན་ཅན་དུ་འཛིན་ཅིང་ལས་སྣང་ཇེ་དག་ཏུ་སོང་ན། བླ་མའི་ཡོན་ཏན་མཐོང་ཚུལ་ཡང་ཇེ་ཆེར་འགྲོ་ཞིང་། ལོངས་སྤྲུལ་དང་ཡི་དམ་གྱི་ལྷའི་རྣམ་པར་མཐོང་ཚུལ་སོགས་འབྱུང་སྟེ་རྗེ་བཙུན་མི་ལས་མཉམ་མེད་དྭགས་པོ་ལྷ་རྗེ་ལ་རྩེ་གཅིག་ཏུ་སྒོམ་དང༌། ཁྱོད་ལ་རྟོགས་པ་གཤའ་མ་གཅིག་སྐྱེས་ཡོངས། དེ་དུས་ང་ལ་ཡང་ད་ལྟའི་སྣང་བ་འདི་མིན་པ་ཞིག་འབྱུང་གསུངས་པ་སོགས་ཀྱིས་ཕྱིར་རོ།། བླ་མ་ལ་སྐྱོན་རྟོག་བཀག་ནས་ཡོན་ཏན་མཐོང་བའི་བློ་ཅི་སྐྱེས་བྱས་ཏེ། བླ་མ་ལ་དད་པ་སྦྱོང་པ་ནི། རྣམ་ཐར་བཤད་པའི་དགོས་པ་ཡིན་ནོ།།
བདེ་གཤེགས་སྤངས་དང་རྟོགས་པའི་ཡོན་ཏན་ཚད།། བློ་དམན་བློ་ཡིས་གཞལ་འདོད་ངལ་བའི་རྒྱུ།། རྒྱ་ཆེན་ཀུན་གསལ་ཡངས་པའི་ཕ་མཐའ་ཡང༌།། བྱེའུ་ཆུང་གཤོག་པའི་རླབས་ཀྱིས་འཇལ་འདོད་བཞིན།། ཟག་མེད་བརྒྱ་སྟོང་ཚོགས་སུ་འཚོགས་དུས་དེ།། ཀུན་བཟང་ཀུན་དགའ་བོ་ཡི་ཐུགས་ཆད་ནས།། ཆོས་ཀྱི་ཉི་མ་ཆོས་དབྱིངས་ནུབ་ཀྱི་རིར།། ལ་མགོར་ལ་ལ་འཛེགས་པའི་གཏམ་ཐོས་ནས།། ལྔ་ཕྲག་སྙིགས་མ་བདོ་བའི་དུས་མཐའ་འདིར།། ལྔ་ལྡན་མགོན་ཁྱོད་བགྲང་བྱ་བརྒྱར་ཉེ་བར།། བར་གསང་མེད་པར་ཆོས་བཞིན་སྐྱོང་བ་འདི།། འདི་ན་གདུལ་བྱའི་སྐལ་བ་བཟང་སྙམ་བདོག། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་གཉིས་པ་ནི་བདུད་འདུལ་དཔའ་བོ་ཆེ་སྟེ། ཁོང་ནི་སྔོན་གྱི་ཚེ་ན་རྒྱ་གར་ཡུལ་གྱི་ཙ་ན་ཀ་ཡི་གྲོང་ཁྱེར་གྱི་བྲམ་ཟེའི་རིགས་སུ་འཁྲུངས་པའི་སློབ་དཔོན་ལེགས་སྒྲུབ་མཆོག་གིས་དགྱེས་བཞིན་རྗེས་སུ་བཟུང་སྟེ་དམ་ཆོས་བདུད་རྩིའི་བགོ་སྐལ་བསྩལ་བ་དད་པའི་སྙིམ་པས་ཞལ་དུ་ལེགས་པར་གསོལ་པར་བརྟེན་ནས། རང་དང་གཞན་གྱིས་དོན་ཀུན་བདེ་བླག་ཏུ་གྲུབ་པའི་རྣལ་འབྱོར་བ་སྟེ་ཞི་ལྷག་ཟུང་འབྲེལ་གྱི་ཡོན་ཏན་ལ་མངའ་བརྙེས་པ་བདུད་འདུལ་དཔའ་བོ་ཆེན་པོ་ནི་འཚོ་བ་དཀའ་ཐུབ་ལ་བསྟེན་ནས་དབེན་པར་གནས་ཤིང་ཚངས་པར་སྤྱོད་པའི་མིང་དེ་ལྟར་ཆགས་ཤིང༌། དེ་ཡང་པྲ་ཧ་མ་ཎ་ཞེས་པ་ཚངས་པ་ལ་འཇུག་པས་དེའི་ཟུར་ཆགས་སྟེ་བྲམ་ཟེ་ཞེས་གྲགས་སོ། དོན་ཀུན་གྲུབ་ཅེས་པའི་ཚིག་གི་ནུས་པ་ལ་དཔག་ན་བདུད་འདུལ་ཞེས་པ་བདུད་བཞི་ཕྲ་རགས་དང་བཅས་པ་བཏུལ་པ་དང་། དཔའ་བོ་ཆེ་ཞེས་པ་ཡང་། སྤྱོད་འཇུག་ལས། དེ་དག་རྒྱལ་བྱེད་དཔའ་བོ་སྟེ། ལྷག་མ་རོལ་ལ་གསོལ་པའོ།། ཞེས་གསུངས་པ་ལྟར། ཉོན་མོངས་བག་ཆགས་དང་བཅས་པའི་གཡུལ་ངོ་ལས་རྒྱལ་བ་ལ་བྱས་ཆོག་པ་འདྲ་སྟེ། དེ་ལྟར་ན་རྒྱ་གར་གྲུབ་ཆེན་ཕལ་ཆེར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་མང་བའི་འདི་ཡང་དེ་ལྟ་བུའི་སྐུ་ཡོན་ཏན་མཐུན་སྣང་དུ་བཞེས་པ་ཞིག་ཡིན་ནོ།།
མཉམ་མེད་ཐུབ་པའི་གཅེས་མཛོད་ལུང་རྟོགས་ནོར།། འཛིན་སྐྱོང་བྱེད་མཁས་དེ་ཉིད་མངོན་གཟིགས་པ།། རིག་འཛིན་གྲུབ་དབང་བདུད་འདུལ་དཔའ་བོ་ཆེས།། འཕགས་ཡུལ་རྒྱལ་བསྟན་སྤེལ་པའི་མཛད་འདི་བཟང་།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། སྐུ་འཕྲེང་གསུམ་པ་ནི་པཎ་ཆེན་སྨྲི་ཏི་བ་སྟེ། རིགས་ཀྱི་མཐུ་བརྟས་ཚུལ་ནི། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། མོས་པ་དང་ནི་བཟོད་པ་དང་། དགེ་ལ་ཡང་དག་སྤྱོད་པ་ནི། རིགས་ཀྱི་རྟགས་སུ་ངེས་པར་བྱེད། ཅེས་གསུངས་པ་ལྟར། རིགས་ཀྱི་རྟགས་བཞི་ཚང་བ་དང༌། དེ་ཡང༌། ཆོས་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། རིགས་ནི་མཚན་མ་དག་ལས་བྱུང༌། ཞེས་དང་། དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོའི་དུས་ན་སྟོང་པ་ཉིད་ཐོས་ནས། ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང༌། ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། ཅེས་གསུངས་པ་ལྟར། སྔོན་གོམས་པའི་དབང་གིས་ཐེག་ཆེན་གྱི་ཆོས་ཉན་བསམ་བསྒོམ་པ་ལ་ནང་ནས་དགའ་བ་ཁྱད་པར་ཅན་འཁྲུངས་པ་ཕྱི་རྟགས་མིག་ནས་མཆི་མ་འཁྲུགས་པ་ལུས་ཀྱི་བ་སྤུ་ལྡིང་བ་ཐེག་ཆེན་གྱི་ཆོས་ཀྱི་དཀའ་སྤྱད་བཟོད་པ་སོགས་རྟགས་ཀྱི་སྒོ་ནས་ཐེག་ཆེན་རྒྱས་འགྱུར་གྱི་རིགས་སད་པ་གཞན་གྱིས་དཔོག་སླ་བ་འབྱུང་བའོ།། འཕགས་ཡུལ་དམ་པའི་ཞབས་བསྟེན་ཞེས་པ་དམ་པ་རྒྱ་གར་བ་བླ་མར་བསྟེན་པ་ལ་བྱས་ཀྱང་ཕ་དམ་པ་དང་སྨི་ཏི་གཉིས་དུས་མཚུངས་པས་ཆོག་གམ་སྙམ། དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ། རིག་གནས་ཆེ་བ་ལྔ་ལ་མཁས་པ་ལ་མ་ཧཱ་པཎྜི་ཏ་དང༌། ཆུང་བ་ལྔ་ལ་མཁས་པ་ལ་པཎྜི་ཏ་ཆུང་ངུར་གྲགས་ཤིང་། པཎྜི་ཏ་ཞེས་པ་ལྔ་རིག་ཟུང་ལ་འཇུག་པར་བཤད། དེ་ཡང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལས་སྦྱངས་བར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། གཞན་དག་ཚར་བཅད་རྗེས་སུ་བཟུང་བར་བྱ་ཕྱིར་དང༌།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།། ཞེས་གསུངས་པ་ལྟར། བསྟན་པ་ལ་མི་མོས་པ་ཚར་བཅད་པའི་ཕྱིར་བཟོ་དང་གསོ་བ་རིག་པ། རང་ཉིད་ཀྱི་སེམས་འདུལ་བའི་རིམ་པ་ཀུན་ཤེས་པའི་ཕྱིར་ནང་རིག་པ་ལ་སྦྱངས་དགོས་པར་གསུངས་ཤིང༌། བྱང་ས་ལས་ཀྱང་། གྲངས་འདི་ཁོ་ན་ལྟར་གསུངས་པས། རིག་གནས་ཆེ་བ་ལྔ་ལ་གཞན་གྱིས་བཤད་ཚུལ་མང་ཡང་འདི་ལྟར་བྱེད་པ་རང་ལུགས་སོ།། རིག་གནས་ཆུང་བ་ལྔ་ནི། མིང་ལ་རྨོངས་ན་མངོན་བརྗོད། ཚིག་ལ་རྨོངས་ན་སྙན་ངག ཚིག་བཅད་ལ་རྨོངས་ན་ཟློས་གར་སྟེ་ལྔ་ལ་བྱེད། པཎ་གྲུབ་འདིའི་མཛད་པ་ལ་དཔག་ན་ལྔ་རིག་ཅེས་པ་ལྔ་ཕྲག་ཟུང་ལ་བྱས་ན་ལེགས། པཎ་གྲུབ་འདི་པཎ་ཆེན་ནཱ་རོ་བ་དང་ཇོ་བོ་ཨ་ཏི་ཤ་སོགས་དང་དུས་རགས་པ་མཚུངས་ཤིང་པཎྜི་ཏ་ག་ཡ་དྷ་ར་བོད་དུ་སྤྱན་དྲངས་པ་དང་དུས་རགས་པ་མཚུངས་ཙམ་དུ་བལ་བོའི་ལོ་ཙཱ་བ་མ་རི་ཙྱེ་འམ་སླེ་རུ་རྩེས་པཎྜི་ཏ་ཕྲ་ལ་རིང་བ་དང་སྨྲི་ཏི་གཉིས་བོད་དུ་སྤྱན་དྲངས་ཏེ། འོང་བའི་ལམ་མཁར་ལོ་ཙཱ་བ་མ་རི་ཙྱེ་གྲོང༌། སྨྲྀ་ཏིའི་རང་གི་མ་བོད་ཀྱི་མི་ཚང་ཞིག་གི་ཐབ་འོག་ལ་འབུ་ཞིག་ཏུ་སྐྱེས་ཡོད་པ་དྲངས་པའི་ཕྱིར་དུ་གཙང་རྟ་ནག་ཏུ་མི་ཚང་དེའི་གཡོག་བྱས་ནས་བཞུགས། དེའི་ཚེ་སྨྲྀ་ཏི་རྒོད་བྲོ་བ་ལན་གསུམ་དང་ངུ་བྲོ་བ་ལན་གསུམ་གསུམ་བྱུང་ཟེར། དེ་ནི་འདམ་རྫབ་ཏུ་བུད་མེད་ཀྱི་བཞོན་སྟེགས་ལ་འདུག་དགོས་པའི་ཚེ། ཁོ་བོ་རྒྱ་གར་དུ་པཎ་གྲུབ་ཆེན་པོ་ཞིག་ཡིན་ཀྱང་ད་ལྟ་འདི་འདྲ་བྱེད་དགོས་སྙམ་དུ་ངུ་བྲོ་བ་གཅིག ཉིན་ཞིག་ཕྱུགས་འཚོ་པའི་ཚེ་བྱ་ཁྲུང་ཁྲུང་ཞིག་བྱ་རྣམས་ཀྱིས་བསད་པའི་རོ་སྐུ་བང་དུ་ལྷུང་བའི་ཚེ་ཁྱོད་ཡང་ས་མཐའི་བྱ་ང་ཡང་ས་མཐའི་མི་ཞེས་ངུ་བྲོ་བ་གཅིག ལན་གཅིག་མཚན་མོ་ཡོས་འཐག་ཚེ་གཉིད་ཡུར་བྱས་ཏེ་མགོ་མཆིག་ལ་རྒྱབ་པའི་ཚེ་ཁྱིམ་བདག་མས་ཡོས་འཕོས་སམ་ཞེས་ཟེར་བྱུང་བས་ངའི་མགོ་དང་ཡོས་གཉིས་ལས་ཡོས་གལ་ཆེན་དུ་བཟུང་འདུག་སྙམ་ནས་ངུ་བྲོ་བ་ལན་གསུམ་བྱུང་། ཡང་ཉིན་ཞིག་ཕྱུགས་རྫིར་སོང་བའི་ཚེ་ཉེ་འཁོར་དུ་མཚོ་ཞིག་ཡོད་པར་མཚོ་བདག་གི་ཀླུ་རྒྱལ་དེས་པཎྜི་ཏ་ཆེན་པོ་ཞིག་ཡིན་པར་ཤེས་ནས་འོ་མ་གཉན་གྱི་རྭ་ཅོ་གང་འབུལ་དུ་བྱུང་ནས་ཕྱག་འཚལ་པའི་ཚེ་འོ་མ་འཕོ་བས་ཁོ་ངོ་ཚ་ཏེ་མཚོ་ནང་དེར་སྤྲུལ་བ་མ་བསྡུས་པར་སོང་བ་དེར་དགོད་བྲོ་བ་གཅིག ཡང་ཕྱུགས་རྫིར་སོང་བའི་ཚེ་འཁྱག་སྒང་ལ་མེ་ཕུང་གཅིག་བསྐྱིལ་ནས་བཞུགས་པར་རི་བོང་ཞིག་ཁོང་གི་རྩར་བར་བག་ཕབས་ཏེ་མེ་ལ་སྲོས་ཏེ་བསྡད་པས་རི་བོང་ཁོ་གཉིད་བྲོ་ནས་མགོ་མེ་ནང་དུ་ཉུག་པས་གདོང་གི་སྤུ་རྣམས་ཚིག་ནས་ཕྱོགས་ཕྱོགས་སུ་རྒྱུགས་པས་དགོད་བྲོ་བྱུང་། སྐབས་ཞིག་ཆོས་རྣམས་བརྗེད་ཡོད་སྙམ་དུ་དགོངས་པ་ལ་བཞུགས་པའི་གཅིག་ཀྱང་མ་བརྗེད་པས་དགོད་བྲོ་བ་ལན་གསུམ་བྱུང༌། དེ་ལྟར་ནོར་ཕྱུག་འཚོ་བའི་ཚེ་ན་ཁོང་མཁྱུད་སྤྱད་ཀྱི་རྟེན་འབྲེལ་ལ་མངའ་བརྙེས་བས་རྡེའུ་འགའ་བསགས་ཏེ་ར་ལུག་སོགས་གཡོན་དུ་སོང་ཚེ་གཡས་སུ་བཀྲམ། གཡས་སུ་སོང་ཚེ་གཡོན་དུ་བཀྲམ་ཕྱོགས་གཅིག་ཏུ་བསྡུས་པས་ཆོག་ལ། ནང་དུ་རྡེའུ་ནག་པོ་རེ་བྱུང་ཚེ་སྤྱང་ཀི་འོང་བའི་རྟགས་ཡིན་པས། དེ་སོར་མོས་མནན་ན་སྤྱང་ཀི་འོང་མི་ནུས་པ་སོགས་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ་པོ།། སྐབས་ཞིག་ན་དབྱར་ལོ་ཙཱ་བ་འབྱུང་གནས་རྒྱལ་མཚན་ནམ་བསོད་ནམས་རྒྱལ་མཚན་བྱ་བ་རྒྱ་གར་དུ་ནཱ་རོ་བ་དང་སྨྲ་ཏི་བླ་མར་བསྟེན་པ་དེ་རྒྱལ་གར་ནས་གཙང་རྟ་ནག་ཏུ་བྱོན་ཚེ་མི་ཚང་དེའི་སྒོའི་ཡ་ཐེམ་ལ། རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།། མཚན་མོ་མཁའ་ལ་རྒྱུ་བ་འདི་བོར་ནས།། དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས།། གཟུགས་ལ་མཚན་མར་འཛིན་པ་བྱིས་པའི་བློ།། ཞེས་པ་ལཉྩའི་གཟུགས་སུ་བྲིས་ཡོད་པ་མཐོང་བས། བླ་མ་སྨྲྀ་ཏིའི་ཕྱག་བྲིས་ཡིན་པ་ངོ་ཤེས་ཏེ་འདི་སུས་བྲིས་དྲིས་བར་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར། ཏ་ལྟ་གང་ན་ཡོད་དྲིས་བར་ཕྱུག་རྫི་ལ་སོང་ཡོད་ཟེར། དེ་ནས་པཎ་ཆེན་སྨྲྀ་ཏི་ཡིན་པ་ངོས་ཟིན་རྗེས་དབྱར་ལོས་ཁྱིམ་དེར་གསེར་བྱིན་ནས་བླུས་ཏེ་རང་ཡུལ་དུ་གདན་དྲངས་ནས་ཆོས་ཞུས་པས་འཕྲིན་ལས་རྒྱས། ཡང་མའི་སྒྲིབ་སྦྱོང་དུ་མི་ཚང་དེའི་ཐབ་ས་བླངས་ཏེ་ས་ཙྪ་དང་ཐུབ་དབང་སྒྲོལ་མ་སོགས་སྐུ་པར་མང་པོ་བཏབ་ཏེ་ཕྱུགས་འཚོ་བའི་ཚེ་ཐུར་མའི་རྩེ་ལ་བཙུགས་ནས་བཞག་པས་ཞབ་ན་ཐུར་མའི་ཤུལ་ཡོད་པ་སྤྱི་ཏིའི་ཕྱག་ཙྪ་ཞེས་བྱིན་རླབས་ཆེ་བའི་ཚད་དུ་བརྩི། བྱང་ངམ་རིང་དང་གཙང་རྟ་ནག་སོགས་ཀྱི་ཡུལ་ནས་འོང་བ་མདོ་དབུས་གཙང་གསུམ་དུ་ཁྱབ་ཡོད། ཕྱུགས་འཚོས་པའི་ཀླས་ངན་སོང་སྦྱོང་པའི་ཆོ་ག་མཛད་ནས་མ་མཐོ་རིས་སུ་དྲངས།མན་ལུང་དུ་གདན་དྲངས་ཏེ་ཆོས་ཞུས་པར་གསུངས། དེར་བཞུགས་པར་ཞུས་ཀྱང་མ་བཞུགས། གསང་ལྡན་གྱི་སྐོར་སོགས་རང་བསྒྱུར་མང་ཞིང་། ལོ་ཆེན་བཟང་པོ་དང་སྨྲྀ་ཏིས་གསང་སྔགས་བསྒྱུར་བ་ཚུན་ལ་གསང་སྔགས་གསར་མ་གྲགས། འོན་ཀྱང་སྨྲི་ཏིས་དབུས་གཙང་དུ་ཆོས་མ་བསྒྱུར། ཁམས་ཕྱོགས་ནས་བསྒྱུར་བ་གོང་ལྟར་རོ།། ཁམས་ནས་མངོན་པ་མཛོད་ལ་བཤད་པ་མཛད་པའི་ཟིན་བྲིས་ནག་འབྱམས་གྲགས་པ་བྱུང༌། མཆིམ་མཛོད་དུ་ཡང་ནག་འབྱམས་ཀྱི་བཤད་པ་ཟུར་ཙམ་བྱུང་ལ། དེར་མཛོད་ཀྱི་བཤད་པ་བཙུགས་བར་བསམ་ཡས་དཀར་ཆགས་ནས་བྱུང་།འབྲོམ་སྟོན་པ་རིན་པོ་ཆེས་ཁམས་སུ་བླ་མ་བསེ་བཙུན་ལ་དབུ་ཕར་སོགས་ཀྱི་ཆོས་གསན་སྐབས་པཎྜི་ཏ་སྒྲའི་ཚེར་མ་ཅན་ལས་སྒྲ་རིག་པ་བསླབས་པར་གསུངས་བ་ཡང་སྨྲྀ་ཏི་ཡིན། འབྲོམ་རིན་པོ་ཆེ་ལ་བླ་མ་ལྔ་ལས་མེད་པར་གསུངས་པས་སྨྲྀ་ཏི་ལྔ་བོའི་གྲས་ཀྱང་ཡིན། བྱང་ཆུབ་སེམས་འགྲེལ་གྱི་འགྲེལ་བ་སོགས་ཀྱང་ཡོད་དོ།། སྨྲ་སྒོ་མཚོན་ཆ་དང༌། རྒྱ་འགྲེལ་ཉེར་གཅིག་གི་གྲས་སུ་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་སོགས་སྨྲྀ་ཏིས་མཛད་པ་གྲགས་ཤིང༌། དང་བོ་སྨྲྀ་ཏིས་མ་ཡིན་པར་དབང་ལོའི་ཚོགས་གསུམ་གསལ་བར་ཤེས་བྱེད་མང་དུ་བཀོད་པ་གསུངས། གཉིས་བ་རྡོར་འཕྲེང་ལས། ནུས་བ་ཆུང་ཞིང་མདོ་དང་སྦྱོར་ཚུལ་ལ་སྐྱོན་ཆགས་པ་འགའ་ཟུང་འདུག་པས་མཁས་པ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀིརྟིས་ཡིན་མིན་དཔྱད་གཞིར་གསུང༌། གཞན་ཡང་། མཚན་བརྗོད་འགྲེལ་བ་སྔགས་དོན་རྣམས་གཟིགས་སོགས་ལ་འཆད་ཉན་བགྱིས་ཏེ་བསྟན་འགྲོས་དོན་རླབས་པོ་ཆེ་མཛད། དེའི་མཐར་ཁམས་སུ་སྐུ་འདས་ཏེ། འབྲི་ཆུའི་འགྲམ་དུ་སྲོང་བཙན་སྒམ་པོའི་དུས་སུ་བཞེངས་བའི་གཙུག་ལག་བཞིའི་ནང་ཚན་སློང་ཐང་སྒྲོལ་མའི་ཉེ་འཁོར་འདན་ཐང་དགོན་དུ་སྨྲྀ་ཏིའི་གདུང་འབུམ་མཆོད་རྟེན་ཆེན་པོ་བཞུགས་པའི་ན་བཟའི་དུམ་བུ་ཚུན་ཆད་ཚུལ་ཁྲིམས་ཀྱི་དྲི་ངད་ལྡིང་ཞིང་གདོན་བགེགས་ཀྱི་ཉེར་འཚེ་ལས་སྐྱོབ་པ་སོགས་བྱིན་ཆེ་བ་བཞུགས། ལབ་ཁོག་ཏུ་ཕེབས་ཏེ་ལབ་ལུང་དཔལ་གྱི་ལྷ་ས་ཞེས་སྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་རྟེན་འབྲེལ་གྱི་གཤིས་ཀྱིས་བསྟན་པ་ཕྱོགས་མཐར་སྤེལ་པའི་དར་ཆེན་བརྒྱད་ཀྱི་ནང་ཚན་འདབ་མ་ཡོན་ཏན་དཔལ་གྱི་སྐྱེས་འཕྲེང་རིམས་བྱོན་གྱིས་བདག་གིར་མཛད་པའི་ལབ་དགོན་པའི་ཉེ་འདབས་སུ་ལྷ་སའི་ཇོའི་ཁང་དང་གཉིས་སུ་མ་མཆིས་པའི་གཙུག་ལག་ཁང་བརྩིགས་པ་ལ་ལྷ་ས་ཞེས་ཟེར་ཞིང་། ད་ལྟ་ཡང་ལབ་དགོན་གྱི་སྨོན་ལམ་དེར་འཚོགས་པ་སོགས་ཆོས་སྤྱོད་མ་ཉམས་པར་ཡོད། དེས་ན་ཚུལ་ཁྲིམས་རྣམ་པར་དག་པའི་གཞིར་བཟུང་། ཕྱོགས་རེར་མ་གྱུར་པའི་མདོ་སྔགས་རིག་གནས་མཐའ་དག་ལ་མང་དུ་ཐོས་པའི་མཁྱེན་སྤྱན་རྣ་བར་འགོང༌། དེ་དོན་ཐུགས་ཉམས་སུ་བསྟར་པའི་འཕགས་ཡུལ་པཎྜི་ཏའི་ལམ་སྲོལ་ཡངས་བོར་ཞུགས་ཏེ། བྱམས་སྙིང་རྗེས་བྱང་ཆུབ་ཀྱི་སེམས་ལ་ལམ་རིམ་པ་གཉིས་ཀྱི་རྟོགས་པའི་ཀློང་བརྡོལ་ཏེ་འཕགས་བོད་ཀྱི་མཁས་གྲུབ་གསེར་རིའི་འཕྲེང་བ་ཚར་དུ་བསྒྲིགས་པ་ལྟ་བུའི་དབུས་ན་ལྷུན་པོ་ལྟར་མངོན་པར་བརྗིད་པས་མཁས་པ་ཆེན་པོ་སྨྲྀ་ཏི་དྷ་ན་ཀིརྟིའམ་དྲན་པ་ཡེ་ཤེས་གྲགས་པ་ཞེས་མཚན་སྙན་དབྱར་གྱི་རྔ་གསང་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་གྱུར་བ་ཞིག་གོ། འཕགས་ཡུལ་བཎ་གྲུབ་འདབ་སྟོང་བཞད་པའི་དཔལ།། བྷོ་ཊའི་ལེགས་བྱས་དྲི་བཞོན་གྱིས་བསྐྱོད་དེ།། གངས་རིའི་མུ་འཁྱུད་འཛིན་མའི་བསིལ་ལྗོངས་འདིར།། ཅི་དགར་བཞད་པའི་སྤྲང་རྩིའི་དགའ་སྟོན་རྨད།། འོན་ཀྱང་གཏིང་ཟབ་རིན་ཆེན་འབྱུང་གནས་རླབས།། དུས་ལས་མི་ཡོལ་དུས་སུ་གཡོ་བྱེད་ན།། མི་ལྡོག་ཐུགས་བསྐྱེད་མ་ལ་ཡར་སྐྱེས་གསུང་།། ལེགས་སྨོན་རླུང་གིས་འགྱེད་ལ་མཚར་དུ་ཅི།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་བཞི་བ་རས་པ་སངས་རྒྱས་སྐྱབས་འདི་ནི་ལོ་བཅུ་དྲུག་ལོན་པའི་དུས་རག་མ་བྱང་ཆུབ་རྫོང་དུ་ཕྱུགས་རྫིའི་ཟླ་བོ་ཞིག་དང་བཅས་རྗེ་བཙུན་ལ་མཇལ་བ་ན་བླ་མ་ལ་བཞུགས་གྲོགས་མེད་དམ་ཞུས་པར། གྲོགས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཞིག་ཡོད་གསུངས། དེ་གང་ན་ཡོད་ཞུས་པར། ཀུན་གཞི་རྣམ་ཤེས་ཀྱི་ཁང་བ་ན་ཡོད་གསུངས། ཀུན་གཞི་རྣམ་ཤེས་ཀྱི་ཁང་བ་གང་ལ་ཟེར་ཞུས་པར། ང་རང་གི་ལུས་ལ་ཟེར་གསུངས། རྣམ་པར་ཤེས་བ་དེ་སེམས་ལ་ཟེར་ན་ལུས་འདི་སེམས་ཀྱི་ཁང་བ་ཡིན་ནམ་ཞུས་པར་ཡིན་གསུངས། ལུས་ཀྱི་ནང་ན་སེམས་གཅིག་ཡོད་དམ་མང་པོ་ཡོད་ཞུས་པར། དུ་ཡོད་ཁྱོད་རང་གི་བལྟ་རྟོག་བྱས་ཏེ་ཤོག་དང་བཤད་གསུང༌། ཁོ་རང་གི་སེམས་དུ་ཡོད་བཙལ་ཏེ་ནང་བར་རྗེ་བཙུན་གྱི་དྲུང་དུ་སོང་ནས་སེམས་གཅིག་ལས་མི་འདུག་དེ་བསད་ན་མི་སོད། བཟུང་ན་མི་ཟིན། བརྟགས་ན་ཅི་ཡིན་མི་ཤེས་པས་ཅི་ཡིན་བླ་མས་གསུངས་པར་ཞུས། རྗེ་བཙུན་གྱིས་སྐྱོང་བྱེད་རྫི་བོ་ཚུར་ལ་ཉོན།། བུ་རམ་མངར་བའི་རོ་མཆོག་འདིའི།། ཡོན་ཏན་ཐོས་པའི་མྱང་པ་མིན།། ཞེས་སོགས་གསུངས་ཏེ་ལྷག་བསམ་སྐལ་བ་ལྟར། ཐོས་པ་ཙམ་གྱིས་དོན་ཇི་བཞིན་མི་མྱོང༌། ཐོས་པའི་དོན་བསམ་པས་བཙལ་ན་སེམས་ངོ་ཐོག་མཐོང་པའི་མགུར་བཏང་བྱུང་བར། འོ་ན་རྗེ་བཙུན་གྱིས་གསུངས་དང་དེ་ལ་བརྟེན་ནས་ཁོ་བོས་བཙལ་ཞུས་བར། ཁྱོད་ཀྱིས་སེམས་ཏེ་དབྱིབས་དང་ཁ་དོག་གང་ཡིན་མགོ་ནས་རྐང་མཐིལ་ཀྱི་བར་གང་དུ་གནས་པ་ལྟོས་ཤིག་གསུངས་པ་བཞིན་ཁོ་རང་གིས་བརྟགས་ཏེ། ཁ་དོག་དང་དབྱིབས་སུ་མ་གྲུབ་མིག་དང་སྡེབ་ནས་བལྟ་བ་སོགས་བྱེད་དུས་དགའ་རབ་ཡོད་དུས་ཁོས་བྲན་དུ་བཀོལ། ལུས་རྒས་ཤིང་འཁོག་ཚེ་འཕོང་ཕྱིས་བའི་རྡོ་བཞིན་བསྐྱུར་ནས་འགྲོ། བདག་ཀྱང་སྡུག་ཏུ་འཇུག་པར་གདའ་ཞུས་པར། བེམ་རིག་གཉིས་ཀའི་སོ་འཚམས་སུ།། རྣམ་པར་ཤེས་པ་སྡིག་པོ་ཆེ།། ཞེས་སོགས་གསུངས་ཏེ། ཐར་པའི་གྲོང་ཁྱེར་དུ་འགྲོ་འདོད་ན་ཁྲིད་པས་ཆོག་གསུང་བར་ཅིས་ཀྱང་ཐུགས་ལ་འདོགས་པར་འཚལ་ཞུས། རྗེ་བཙུན་གྱིས་སྐྱབས་འགྲོས་ལུང་དང་ཕན་ཡོན་གསུངས་ནས་སྐྱབས་འགྲོ་མ་ཆགས་པ་གྱིས་ཁྱོད་རང་སངས་རྒྱས་སྐྱབས་ཞེས་པ་ལུས་སེམས་གང་ཡིན་ཚོལ་ལ་ཤོག གསུངས་པ་བཞིན་ཁོ་རང་གིས་བཙལ་ཏེ་ནང་བར་ལུས་སེམས་གང་ཡིན་བཙལ་ཏེ་མི་རྙེད་ཚུལ་ཞུས་པར། རྗེ་བཙུན་གྱིས་མགུར་བཞེས་ཏེ། ཁྱོད་རང་བཙལ་བས་མ་རྙེད་པ་གང་ཟག་གི་བདག་མེད་བྱ་བ་ཡིན། ད་ཆོས་ཀྱི་བདག་མེད་རྟོགས་འདོད་ན་ལོ་བཅུ་གཉིས་སུ་ང་ཡི་ཕྱི་བཞིན་འབྲང་ནས་སྐྱིད་སྡུག་ཐེག་དགོས་གསུངས་པར། བླ་མ་ཁྱེད་ལ་ལུས་ངག་ཡིད་གསུམ་ཕུལ་ཡིན་པས་ཅིས་ཀྱང་ཐུགས་ལ་འདོགས་པར་ཞུ། དེ་ནས་རྗེ་བཙུན་གྱིས་ཞི་གནས་ཀྱི་གདམས་པ་ལོག་པས་ཁོ་རང་གིས་ཕུག་པ་ཞིག་ཏུ་བསྒོམ་པས་ཞི་གནས་གྲུབ་སྟེ་ཞག་བདུན་ལོན་ཅིང་། ཁོ་རང་ལ་ཡུད་ཙམ་གྱི་སྣང་བ་ལས་མི་འཆར། དེ་ནས་རྗེ་བཙུན་གྱི་དགེ་བསྙེན་གྱི་སྡོམ་པ་ཕོག་སྟེ་རྒྱུ་འབྲས་ཀྱི་ཆོས་བཤད་ཕྱག་ཆེན་ལྷན་གཅིག་སྐྱེས་སྦྱོར་གྱི་ཁྲིད་དང༌། གཞན་ཡང་དབང་དང་གདམས་པ་རྫོགས་པར་གནང་སྟེ། བསྒོམ་དུ་བཅུག་པས་རྗེ་བཙུན་གྱི་ཐུགས་སྲས་ཞིག་ཏུ་གྱུར་ཏོ།། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་བ་ཡིན་པར་སྣང་སྟེ། དེབ་སྔོན་ལས། རས་པ་ཞི་བ་འོད། སངས་རྒྱས་སྐྱབས་རོང་ཆུང་རས་པ་གསུམ་མཁའ་སྤྱོད་དུ་གཤེགས་པར་གསུངས་པས་སོ།། རིས་པ་ཟེར་བ་གཏུམ་མོ་ལམ་གྱི་རྨང་རྡོ་བྱས་ནས་བསྒོམ་པས་ཨ་ལཱདྷཱ་ཏིར་གཏུམ་མོ་རང་འབར་དུ་སོང་སྟེ། དགུན་ལྷག་སྒང་ལའང་རས་རྐྱང་ཙམ་གསོལ་བས་ཆོག་པ་ལ་བྱེད་ཟེར། འདིའི་སྐོར་གྱི་མགུར་ཡོངས་རྫོགས་དྲངས་ཏེ་དོན་དཀྲོལ་ན་ལེགས་མོད་ཀྱང་མང་བས་འཇིགས་ནས་མ་བྲིས་སོ།། ཤེས་པར་འདོད་ན་མགུར་འབུམ་དུ་གསལ། ལས་ཀྱི་སློབ་དཔོན་རྗེ་བཙུན་མི་ལ་ཡིས།། གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ།། ཁྲིད་སྟོན་གསལ་བྱས་རས་པའི་འཕྲིན་ལས་ཡང་།། བསིལ་ལྡན་ལྗོངས་འདིར་འབྲུག་ལྟར་གྲགས་སྙན་འབར།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། སྐུ་འཕྲེང་ལྔ་བ་སྟོན་ཆུང་དར་མ་ཡེ་ཤེས་ནི། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཟླ་འོད་གཞོན་ནུའི་ཞབས་ལ་གཏུགས་ཏེ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དང་གདམས་པ་གསན་ནས་ཐོས་དོན་ཉམས་ལེན་ལ་འབད་དེ་ཕྱག་རྒྱ་ཆེན་པོའི་ཟབ་ལམ་མངོན་དུ་མཛད་པའི་གཉུག་མའི་སེམས་ཀྱི་རང་ཞལ་མཆོག་ཇི་བཞིན་དུ་གཟིགས་པས་ཤེས་ཉོན་གྱི་སྒྲིབ་པ་མཐར་མཛད་དེ་ཚོགས་གཉིས་བསགས་པའི་འདུན་མ་ལྷོད་མེད་དུ་འཆང་པའི་རྣལ་འབྱོར་བ་ཞིག་གོ། ལྷན་ཅིག་སྐྱེས་སྦྱོར་གདམས་པའི་ཉམས་ལེན་ལ།། དངོས་སྟོན་རྣམ་གཡེང་ཆུང་ངུའི་ལེགས་འབད་པའི།། ཕྱག་ཆེན་དར་སྤེལ་མ་ལུས་བསྟན་པའི་གནད།། ཡོངས་རྫོགས་གསལ་མཛད་ཡེ་ཤེས་ཞེས་པ་མཚར།། ཞེས་བའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་དྲུག་པ་ཤེས་རབ་གྲུབ་པ་ནི། སྣར་ཐང་གི་མཁན་རབས་བཅུ་བཞི་བ་ཡིན་ཞིང༌། སངས་རྒྱས་སྨན་བླའི་སྤྲུལ་བར་ཡང་གསུངས་ལ་སྣང་ཚོད་ལ་ཡང་སྨན་བླའི་ཞལ་ངོས་སུ་གཟིགས་ཤིང་ལྔ་རིག་སྨྲ་བའི་དབང་བོ་མཧཱ་པཎྜི་ཏ་ཟབ་རྒྱས་གདམས་པའི་གཏེར་མཛོད་དུ་གྱུར་བ་ཞིག་གོ། དེ་ཡང་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་བོ་ནི་སྲད་ཀྱི་ལུང་ལག་འབྲོག་པའི་ས་ཆར་སྐུ་འཁྲུངས་ཤིང་།ཡུལ་བ་དགྲས་བཅོམ་པའི་རྐྱེན་གྱིས་སྣར་ཐང་དུ་སྤྲང་ཕྲུག་གི་ཚུལ་དུ་བཞུགས་པའི་ཚེ་མཁན་ཆེན་གྲུབ་པ་ཤེས་རབ་ཀྱིས་རྗེ་འདིའི་སྐུ་ལས་འོད་ཟེར་འཕྲོ་བ་གཟིགས་ཤིང་བསྟན་པ་འཛིན་པའི་སྐྱེས་བུ་མཆོག་ཏུ་གཟིགས་ཏེ་ཆུང་ངུའི་དུས་ནས་རྗེས་སུ་བཟུང་སྟེ་དགེ་བསྙེན་བསྒྲུབ་ནས་མཚན་པདྨ་རྡོ་རྗེ་སོར་བཞག་ཏུ་མཛད། དགུང་གྲངས་བཅོ་ལྔ་བར་རྗེ་གྲུབ་པ་ཤེས་རབ་ཉིད་ཀྱིས་མཁན་པོ་དང་རྒྱུད་ཆེན་ཤེས་རབ་སེང་གེས་ལས་གྲལ་མཛད་དེ་རབ་ཏུ་བྱུང་ཞིང་། མཚན་དགེ་འདུན་གྲུབ་པ་ཞེས་གསོལ། རྗེ་དགེ་འདུན་གྲུབ་ཀྱིས་ཡབ་ཀྱི་སྒྲིབ་སྦྱོང་དུ་སྨན་མདོ་བརྒྱད་བརྒྱ་བ་ཞིག་ཕྱག་བྲིས་གནང་སྟེ་གྲུབ་པ་ཤེས་རབ་ལ་ལུང་ཞུས་ཏེ་གསུངས་སྐབས་མཁན་ཆེན་པས་ཞལ་ནས་ཁྱོད་ཀྱིས་བྷེ་ཥ་ཛ་ཉེར་གཅིག་རེ་ཉིན་རེར་ཆགས་མེད་གྱིས་དང༌ཁྱོད་ལ་སྐུ་ཚེ་རིང་བའི་མཚན་མ་བྱུང་།། རྗེ་དགེ་འདུན་གྲུབ་ནས་མཚན་མ་ཇི་ལྟར་བྱུང་ཞེས་དྲིས་པར། བཅུ་ཕྲག་བརྒྱད་ལྷག་མཚོན་པའི་སེང་ཁྲི་ལ།།སྨན་པའི་རྒྱལ་བོ་དབུ་སྐྲ་དུང་མདོག་ཅན།། ཆོས་འཆད་ཚེ་རིང་ནད་མེད་ལྟས་ཡིན་གསུངས།། ཞེས་ལུང་བསྟན་པ་ཡང་ཐོག་ཏུ་ཁེལ་ཏེ། དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་དགུང་ལོ་བརྒྱད་ཅུ་རྩ་བཞིར་བཞུགས། རྗེ་དགེ་འདུན་གྲུབ་པ་དང༌། རྗེ་ཤེས་རབ་སེངྒེ་གཉིས་ནས་མཁན་ཆེན་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། རྗེ་ཤེས་རབ་སེངྒེའི་ཀྱང་མཁན་ཆེན་པོའི་དྲུང༌ནས་རབ་བྱུང་སོགས་མཛད། གཞན་ཡང་གསུང་ལས་སྐྱེས་པའི་བུ་ཆེན་མང་དུ་ཡོད། བཀའ་འདམས་སྔ་ཕྱིའི་མཐུད་མཚམས་ལྟ་བུའི་སྐྱེས་མཆོག་དམ་པ་ཁྱད་པར་ཅན་ཞིག་གོ། རབ་འབྱམས་མདོ་རྒྱུད་མན་ངག་གདན་གཅིག་ཏུ།། གྲུ་བཞི་ལམ་ཏུ་འཁྱེར་ཤེས་བཀའ་གདམས་སྲོལ།། འཁྲུལ་བྲལ་སྤེལ་མཁས་ཉི་མ་འོད་པོ་ཆེས།། ཁོར་ཡིག་གངས་རིའི་ལྗོངས་སུ་སྣང་བར་བྱས།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་བདུན་པ་འཁམ་པ་ཨ་སེང་ནི། གྲུབ་པའི་དབང་ཕྱུག་རྒ་ལོ་བ་བསམ་སྤྱོར་གཉིས་ཀྱིས་བསྟེན་ཏེ་མདོ་སྔགས་ཟུང་གི་གདམས་པ་གསན་ནས་ཉམས་རྟོགས་ཀློང་དུ་རྡོལ་ཅིང༌། ཁྱད་པར་དུ་དཔལ་འཁོར་ལོ་སྡོམ་པའི་གནས་ཆེན་ཀཱ་མ་རཱུ་བ་ནས་དཔལ་ལྡན་མགོན་པོ་ལོ་བཅུ་བདུན་བར་དུ་བསྒྲུབ་པས་བླ་མའི་བྱིན་རླབས་དང་རང་གི་བརྩོན་པས་དཔལ་ལྡན་མགོན་པོའི་ཀྱང་ཞལ་མངོན་སུམ་དུ་གཟིགས་པའི་གྲུབ་ཆེན་ཞིག་གོ། མདོ་སྔགས་གདམས་པ་ཉམས་རྟོགས་ཀློང་རྡོལ་ཅིང་།། དམ་བཅའ་ལྷོད་མེད་སྒྲུབ་པའི་རྣལ་འབྱོར་བ།། ཡིད་དམ་ཞལ་གཟུགས་གྲུབ་ཆེན་ཨ་སེང་ཞབས།། སྙིགས་མའི་རྒུད་ཚོགས་བཅོམ་ཕྱིར་ཁམས་འདིར་བཞུགས།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་བརྒྱད་པ་སྨྲ་མཁས་འདབ་ལྡན་དབང་བོ་འདི་ནི་སྐྱབས་མགོན་ཐམས་ཅན་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ངོར་ཤར་བ་བཞིན་དུ་གསུངས་བ་ལས། འདི་དང་འདི་ལྟ་བུ་ཡིན་ཞེས་བརྗོད་པར་མི་ནུས་མོད། འོན་ཀྱང་བཅོམ་ལྡན་འདས་ཀྱི་ངང་པའི་སྐྱེས་རབས་དང༌། བྱ་ཤིང་རྟ་མོའི་སྐྱེས་རབས་དང་ཆ་འདྲ་བ་ཞིག་ཡིན་ངེས་ཏེ། མདོ་སྡེ་རྒྱན་ལས། གཤེགས་ནས་སྤྱོད་པ་ཤེས་མཛད་དེ། ཞེས་གསུངས་པ་ལྟར། གདུལ་བྱ་གར་ཡོད་ཀྱི་སར་ཕེབས་ཏེ། དེ་དག་གི་སེམས་ཀྱི་སྤྱོད་པ་ཤེས་ཤིང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྤྱིན་སྐད།། ཅེས་སོགས་ལྟར་འགྲོ་བ་རང་རང་གི་སྐད་དུ་ཆོས་སྟོན་ནུས་ལ། ལམ་རིམ་ཆེན་མོ་ལས། དེའི་དོན་གདུལ་བྱའི་རྒྱུད་དུ་སྐྱེ་ལ་བ་གཟོ་བའོ། ཞེས་གསུངས་པ་ལྟར། སྐབས་སུ་གང་བབས་ཀྱི་བླང་དོར་གྱི་གནས་གདུལ་བྱ་དེ་དང་དེའི་རྒྱུད་གོ་བ་སྐྱེད་དུ་འཇུག་ནུས་པ་ཞིག་ཡིན་ཏེ། རྗེས་སུ་འཛིན་པའི་སླད་ཅེས་དང༌། རང་རིགས་སྐད་ཅེས་དང་། སྨྲ་མཁས་ཞེས་གསུངས་བའི་ཕྱིར་དུད་འགྲོའི་རྣམ་པ་བསྟན་ཀྱང་དུད་འགྲོ་མ་ཡིན་པ་ཤེས་དགོས་ཏེ། མདོ་སྡེ་རྒྱན་ལས་བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། ཏིང་ངེ་འཛིན་དང་དབང་འབྱོར་བའི། དབང་གིས་སྐྱེས་པར་འདོད་པ་ཡིན། ཞེས་དང༌། རང་རེའི་ཡིག་ཆར་ས་ཐོབ་དུད་འགྲོ་སོགས་སུ་སྨོན་ལམ་དང༌། ཞེས་དང༌། འགྲོ་བར་གྱུར་བའི་བྱང་སེམས་བདེ་འགྲོ་བའི་ཁྱབ་པར་གསུངས་པའི་ཕྱིར། དག་ཞིང་གི་གཉིས་སྐྱེས་སོགས་ཀྱིས་དམ་པའི་ཆོས་ཀྱི་སྒྲ་སྙན་པར་སྒྲོགས་པར་གསུངས་ཤིང༌། མོན་དང་མཚོ་ས། དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཙ་རིའི་ཉེ་འདབ་ཡིན་པས།དེའི་སྟེང་ན་དཔྱད་པར་བྱ་བ་ཡོད་སྙམ་ཀྱང་འཆར། ཡང་མདོ་སྡེ་རྒྱན་ལས། སེམས་དཔའ་མཆོག་གི་སྟོན་པ་ནི། ལུང་དང་རྟོགས་དང་དབང་འབྱོར་བས། ཁ་དང་གཟུགས་ནི་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་འབྱུང་བ་ཡིན།། ཞེས་དང༌། སྤྱོད་འཇུག་ལས།ལས་ཅན་རྣམས་ལ་བྱ་དང་ནི། ཤིང་དང་འོད་ཟེར་ཞེས་སོགས་དང༌། དེ་རྣམས་ཡུལ་སྟེང་ནས་འགྲུབ་པའི་སྨོན་ལམ་ཡིན་པར་གསུངས་པ་དང་།རི་བོང་རྣམ་པ་ཅན་གྱི་སྤྲུལ་སྐུ་ཞེས་རླུང་ལྟར་གྲགས་པ་སོགས་ཀྱིས་ཕྱིར། ཚུལ་འདི་ལ་ངེས་པ་བསྐྱེད་པ་དང༌། མཆོག་ཏུ་དད་པར་བྱ་བའི་རིགས་སོ།། ཤེས་བྱའི་སྒྲོ་ལྡན་རྣམ་དཀར་གཤོག་ཟུང་རྒྱས།། སྙིང་རྗེའི་བློ་ལྡན་བྱང་ཆུབ་མིག་ཟུང་བཀྲ།། འདྲེན་པའི་རྩལ་ལྡན་མགྲིན་གསུང་ཆོས་ཕུང་སྙན།། སྨྲ་མཁས་འདབ་ལྡན་དབང་བོ་ཞེས་འདི་རྒྱལ།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་དགུ་བ་བཀྲ་ཤིས་དཔལ་ལྡན་པ་ནི། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་མདོ་སྔགས་ཟུང་དུ་འབྲེལ་བའི་རང་ལུགས་དྲི་མ་མེད་པ་འདི་ཉིད་སྲིད་མཐའི་བར་ཏེ། ཇི་སྲིད་ལྷུན་པོ་ཆུ་གཏེར་རྣམ་བཞིའི་སྐུ་རགས་མ་གྲོལ་གྱི་བར་དུ་སྤེལ་བ་སྟེ་གོང་འཕེལ་དུ་རྒྱས་པའི་སླད་དུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་པ་དང་བསླབ་པ་གསུམ་དང་ཟབ་ལམ་རིམ་པ་གཉིས་ཚུལ་བཞིན་དུ་བསྒྲུབས་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་བསྐྲུན་པ་སྟེ་ཕྱག་འདེབས་མཛད་པ་པོ་འཇམ་དབྱངས་ཆོས་རྗེ་ཞེས་ཡོངས་སུ་གྲགས་པ་བཀྲ་ཤིས་དཔལ་ལྡན་པ་དེ་ཉིད་ཡིན་ལ། མཁན་སློབ་ཆོས་གསུམ་གྱི་བྱིན་རླབས་ཀྱི་གཟི་འོད་འབར་བའི་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་དབུ་རྩེ་རིགས་གསུམ་གྱི་གཙུག་ལག་ཁང་བཞུགས་པ། མཁན་ཆེན་ཞི་བ་འཚོས་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་བཅུ་གཉིས་གདན་དྲངས་ཏེ་རྦ་གསལ་སྣང་། སྣར་ཐང་ཤཱཀྱ་བྷ་ཏྲ་སོགས་སད་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། གངས་ཅན་དུ་དགེ་འདུན་གྱི་སྡེ་ཐོག་མར་བཙུགས་པ། མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤས་ཀྱང་ཆོས་ཀྱི་འཁོར་ལོ་སྔ་ཕྱིར་བསྐོར་བ། དེ་ལྟ་བུའི་གནས་ཕུན་སུམ་ཚོགས་པ་བསམ་ཡས་སུ་རིགས་རུས་ཕུན་སུམ་ཚོགས་པ་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་མི་ཉག་ནས་ཚུལ་དྲངས་པ། རྣམ་སྲས་ཀྱི་སྤྲུལ་བ་དགའ་པ་རྡོ་རྗེ་གཞོན་ནུའི་གདུང་བརྒྱུད་དུ་དགེ་བསྙེན་པ་ཟེར་བའི་སྲས་སུ་ས་ལུག་སྤྱི་ལོ་༡༣༧༩)ལོར་སྐུ་འཁྲུངས། རྩེས་ཐང་དུ་རབ་ཏུ་བྱུང་། འཇམ་དབྱངས་དཀར་བོ་ལ་བསྙེན་པ་བཏང་བས་མཚན་ལམ་དུ་འཇམ་དབྱངས་དཀར་པོ་གསུམ་གྱིས་གཟུགས་སྣང་བྱུང་གཅིག་གིས་བྱིན་རླབས་མཛད་པ་རྨིས་པས་མཁྱེན་རབ་ཀྱི་ཀློང་རྡོལ། ལེགས་བཤད་གསེར་འཕྲེང་སོགས་ཐུགས་ལ་བཟུང་།མཁས་པ་དུ་མ་བསྟེན་ནས་ཆོས་མང་དུ་གསན།རྗེ་རིན་པོ་ཆེར་མཇལ་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན་སྐབས་ཆོས་གང་གསན་ཐུགས་ལ་བཟུང་ནས་རྗེ་ལ་རྒྱུགས་ཕུལ་ཞིང༌། ཉིན་གཅིག་བདེ་མཆོག་གི་བཤད་རྒྱུད་མངོན་བརྗོད་བླ་མའི་ཤོག་གུ་མདའ་ཚད་མ་ལྔ་དྲངས་དེ་བཤད་པ་གནང་བ་ཚིག་དང་འགྲེལ་སྒྲིགས་དང་མཐའ་གཅོད་ལུགས་ཐམས་ཅད་ལྷག་ལུས་མེད་པར་བསྒྱུར་བས་རྗེ་དང་བྱམས་ཆེན་ཆོས་རྗེས་ཉིད་ཀྱི་ཐུགས་འཛིན་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། རྗེ་རིན་པོ་ཆེའི་མཁན་པོ་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ལས་སློབ་དང་རྒྱལ་ཚབ་རྗེས་གསང་སྟོན་མཛད་དེ། དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། རྒྱས་པར་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་གསལ་བས་འཐུས་། མདོར་བསྡུས་བརྗོད་ན། སྡོམ་གསུམ་གྱི་བཅས་འགལ་ལ་ཉེས་ལྟུང་ཕྲ་མོས་ཀྱང་མ་རེག་པར་།སྡོམ་གསུམ་ནོར་བུའི་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། མང་དུ་ཐོས་པའི་ལུང་གི་ཡོན་ཏན་གྱིས་ཕྱུག་པ། རྗེ་རིན་པོ་ཆེ་ལས་མདོ་སྔགས་ཀྱི་ཆོས་ཚུལ་བུམ་པ་གང་བྱོས་ཚུལ་དུ་གསན། ཉི་ཁྲི་བརྒྱད་སྟོང་བ་མདོ་སྡེ་སྡུད་པ་ས་ལུ་ལྗང་བའི་མདོ། རྟེན་འབྲེལ་གྱི་མདོ་སོགས་མདོ་བཅུ་གཅིག རིགས་ཚོགས་དྲུག་དང༌། འཕགས་པ་ལྷའི་བཞི་བརྒྱ་བ་སོགས་གཞུང་ལྔ་དེ་སོགས་རྒྱ་གཞུང་དང༌། ལམ་རིམ་ཆེན་མོ་གསེར་འཕྲེང་རྩ་ཤེས་ཊིཀ་ཆེན། དགོངས་བ་རབ་གསལ་རིམ་ལྔ་གསལ་སྒྲོན་སོགས་རྒྱ་བོད་ཀྱི་གཞུང་པོཏ་བརྒྱ་དང་སུམ་ཅུ་ཐུགས་ལ་བྱང་བར་བཟུང་དེ་ཐུགས་ཐོག་ནས་བཤད་པ་གནང། བསྒོམ་པའི་ཉམས་རྟོགས་ནི་སྐབས་གཅིག་མི་དབང་གྲགས་པ་མདུན་དུ་འདོན་སྐབས་ཞིག་རྗེ་ཉིད་ཀྱིས་སྤྱོད་འཇུག་སྨོན་ལམ་སོགས་གསུངས་པ་ན་མི་དབང་གྲགས་པས་མཚན་ཉིད་པ་འདི་ཚོས་སྨོན་ལམ་རེ་གསུངས་པ་ལས་སྒོམ་མི་ཤེས་སྙམ། སྐབས་ཞིག་ཁོང་ཉིད་གཉིད་དུ་ཡུར་བ་ལྟ་བུ་ཞིག་བྱུང་བ་ན་མི་དབང་བས་ཁོང་གཟིམས་ན་དྲག་གམ་ཞུས་པར། ང་གཉིད་དུ་སོང་བ་མིན་སྒོམ་བྱེད་པ་ཡིན། ནཱ་རོ་ཆོས་དྲུག་སྒོམ་པ་ལ་ང་ལས་མཁས་པ་མེད་ཅེས་གསུངས། གྲུབ་ཆེན་ནག་པོ་སྤྱོད་པ་སོགས་ཀྱི་སྐུའི་སྐྱེས་པ་བཞེས་པས་དོགས་པ་དེ་འདྲ་མི་རིགས་ཞེས་འཇིགས་བྱེད་ཆོས་འབྱུང་དུ་གསུངས། ཐུགས་དམ་སྤྲོས་ཆོས་ཀྱི་དབང་དུ་བྱས་ན་ཡང་ཉིན་རེར་ཞལ་འདོན་གཞན་གྱིས་བློར་མི་ཤོང་བ་ལྟ་བུ་མཛད། མ་ཎི་དུང་ཕྱིར་གཉིས་གསུངས། རྗེ་རིན་པོ་ཆེ་ནས་ཁྱོད་ཀྱིས་དགོན་པ་ཞིག་ཐོབ་དང་མ་ལས་བུ་དར་རྒྱས་སུ་འབྱུང་ཞེས་གསུང་ཕེབས་ཞིང་འགོག་པ་རི་ནས་གཏེར་དུ་བཏོན་པའི་ཆོས་དུང་གནང་བ་བཞིན་དུ། དགའ་ལྡན་བཏབ་ནས་བགྲང་བྱ་བརྒྱད་པ་ཉིད་ཀྱི་དགུང་ལོ་སོ་བརྒྱད་པ་མེ་ཕོ་སྤྲེལ་སྤྱི་ལོ་༡༤༡༦ ལོ་དཔལ་ལྡན་འབྲས་དཀར་སྤུངས་པ་ཕྱག་འདེབས་མཛད། དེ་ནས་རིམ་གྱིས་མུས་སྲད་པ་བློ་གྲོས་རིན་ཆེན་དང། ཉན་པོ་ཤཱཀྱ་རྒྱལ་མཚན། སྟག་ལོ་ཤེས་རབ་རིན་ཆེན་སོགས་སློབ་མ་བསམ་གྱིས་མི་ཁྱབ་པ་མང་དུ་འདུས། འཆད་པ་པོ་སོ་སོར་བསྐོས་ཏེ་འཆད་ཉན་མཛད་པའི་ཚོགས་པ་ཆེར་འཕེལ་ཏེ། བློ་གསལ་གླིང༌། སྒོ་མང་། བདེ་ཡངས། ཤག་སྐོར་། འདུལ་བ། ཐོས་བསམ་གླིང་ངམ་རྒྱལ་བ། སྔགས་པ་སྟེ་གྲྭ་ཚང་བདུན་དུ་གྱེས་མཁས་གྲུབ་ཀླུ་དབང་བྱེ་བའི་རོལ་མཚོ་སྒོ་མང་དུ་འཆད་ཉན་པའི་དང་བོ་གྲགས་པ་རིན་ཆེན་པ་དང༌། སྒ་ལེབ་སྟག་ལེབ་སོགས་གདན་རབས་རིམ་གྱིས་བྱུང་ཞིང༌། བློ་གླིང་དུ་ཡང༌། །སློབ་དཔོན་ལེགས་ལྡན་སོགས་ཀྱིས་འཆད་ཉན་མཛད་པའི་མཚོན། གཞན་རྣམས་ལའང་དེ་མཚུངས་བྱུང་བ་ཚོགས་པ་དང་འཆད་ཉན་རྫིང་ནང་གི་བདྨ་བཞིན་དུ་ཆེས་ཆེར་རྒྱས། དེ་ལས་དགོན་ལེ་ལག་མང་དུ་འཕེལ་ཏེ། སྟོད་མངའ་རི་སྐོར་གསུམ་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ཡན་ཆོད་དུ་ཁྱབ་པས་དཔལ་ལྡན་འབྲས་དཀར་སྤུངས་པ་ཞེས་སྙན་པའི་གྲགས་པ་འཛམ་གླིང་འཁོར་ཡུག་ཀུན་ཏུ་ཁྱབ།ཚོགས་པ་ཁྲིར་ཉེ་བ་བྱུང་བས། རྒྱ་གར་ན་ཡང་དཔལ་ནཱ་ལེན་དང་བྲི་ཀཱ་མ་ལ་ཤི་ལ་སོགས་སུ་ཡང་ཚོགས་པ་དེ་ཙམ་མ་བྱུང་བར་གསུངས། དེས་ན་ཆོས་རྗེ་འདི་ཉིད་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན་གྱི་དང་བོར་གསུངས་སོ།། ཐུན་མོང་གི་རྣམ་ཐར་རྣམས་མཁས་པ་སོ་སོའི་གསུང་དུ་གསལ་ལ། ཡོན་ཏན་མཐའ་དག་པ་ནི་སྨྲ་བརྗོད་ཀྱི་ར་བ་ལས་འགོང་བར་གསུངས་སོ།།
སྐུ་འཕྲེང་བཅུ་བ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ནི། བཀའ་གདམས་པ་དང་ཕྱག་ཆེན་གྱི་ཆོས་རྒྱུན་བཟང་བོ་ཆུ་བོ་གཉིས་འདྲེས་ཀྱི་ཚུལ་དུ་ཐུགས་ཉམས་སུ་བསྟར་ཏེ། བཀའ་ཕྱག་ཆོས་ཀྱི་བདུད་རྩི་ཐུགས་ཀྱི་བུམ་པ་བཟང་བོར་ཡོངས་སུ་བསྐྱིལ་བ་སྟེ་འཁྱིལ་ཞིང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བ་ལ་མཁས་པའི་དབང་བོ་གཙང་རྟ་ནག་འགོས་ཀྱི་ལོ་ཙཱ་བ་ཆེན་པོ་མཚན་དངོས་གཞོན་ནུ་དཔལ་དང་ཡིད་བཟང་རྩེ་བ་ཡང་ཟེར་ལ་སྔར་བཀའ་རྒྱུད་པ་ཡིན། ཉིད་ཀྱི་གསུངས་ལས། དེའི་ཚེ་རྗེ་ཙོང་ཁ་བ་ཉིད་ཀྱི་འཕྲིན་ལས་ཀྱི་གདུགས་དཀར་བོ་གཅིག་གིས་ས་ཀུན་ཏུ་ཁྱབ་པ་ཡིན་གསུངས་པ་བཞིན་དུ་བོད་ཀྱི་མཁས་པ་རིས་སུ་མེད་པའི་མཁས་གྲུབ་ཕལ་ཆེར་གྱིས་རྗེས་ཞབས་ལ་མ་གཏུག་པ་མེད་པས།ལོ་ཆེན་འདི་ཡང་རྗེའི་སློབ་མར་གྱུར་ཏེ་དགེ་ལྡན་པའི་གཞུང་ལ་མཆོག་ཏུ་དད་ཅིང༌། པཎ་ཆེན་ཐམས་ཅད་མཁྱེན་པས། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། དཔྱད་ན་དགོངས་པ་གཅིག་ཏུ་འབབས། ཞེས་གསུངས་པ་ལྟར། བཀའ་དགེའི་དགོངས་པ་གཅིག་ཏུ་གདམས་པར་ཤར་ཏེ་ཤེས་ནས་དང་བ་ཐོབ་པ་ཞིག་ཡིན་པར་སྣང་། རྗེའི་སློབ་མ་སྐད་གཉིས་སྨྲ་པའི་ལོ་ཙཱ་བ་གཉིས་ཟེར་བ་ཡང་འདི་དང་སྟག་ལུང་ལོ་ཙཱ་བ་གཉིས་ལ་གསུངས། འདི་མང་དུ་ཐོས་བ་ལུང་གི་ཡོན་ཏན། ཚུལ་བཞིན་བསྒྲུབས་པ་རྟོགས་པའི་ཡོན་ཏན་གཉིས་འཛོམ་ཞིག་སྟེ། འདིའི་བརྩམས་ཆོས་ཀྱང་མང་དུ་ཡོད། ཁྱད་པར་རྒྱུད་བླ་མའི་ཊིཀ་གསུངས་དུས་ས་གཡོས་ཤིང་འོད་བྱུང་བ་སོགས་ལྟས་ཁྱད་པར་ཅན་བྱུང་བར་གྲགས། སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་ཀྱང་དབུས་ཕེབས་རྗེས་མའི་སྐབས་ཊིཀ་འདི་གདན་དྲངས་ཏེ་གཟིགས་རྟོགས་གནང༌། ཁོང་གིས་ཀྱང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ཏེ་ཊིཀ་འདི་ནི་ཆེས་ཟབ་ཀྱང་གོ་སླ་བ་རྒྱུད་བླར་ཚིག་འགྲེལ་ངེས་པར་གྲོལ་ཞེས་གསུངས། ད་དུང་ཁོང་གིས་རྒྱ་བོད་ཀྱི་ཆོས་དར་ཚུལ་དེབ་ཐེར་སྔོན་པོ་སོགས་མང་བོ་བརྩམས་པའི་ལོ་རྒྱུས་སྨྲ་བའི་དབང་ཕྱུག་ཏུ་གྲགས། ཀུན་མཁྱེན་བླ་མའི་ཀྱང་གུ་ན་མ་ཏི་ཞེས་བསྔགས་བརྗོད་མཛད། དེ་ལྟར་ཕྱི་ནང་གི་རིག་གནས་ལ་ནང་བྱན་ཆུབ་ཀྱང་ལོ་ཙཱ་བ་ཞེས་བའི་གྲགས་སྙན་ཀྱང་ས་གསུམ་ན་གྲགས་པ་ཞིག་གོ། འཇིགས་མེད་རྣམ་དཔྱོད་མཆོག་གི་རྩལ་རྫོགས་ཤིང༌།། ཕྱོགས་རེར་མ་གྱུར་བཀའ་དགེའི་གཞུང་ལུགས་དོན།། གཅིག་ཏུ་བཀུར་ཏེ་ཐོས་དོན་རྒྱུད་ལ་སྦྱར།། འབྲས་བུ་བྱང་ཆུབ་རྒྱུ་རུ་གཅིག་ཏུ་བསྲེས།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་ཕྲེང་བཅུ་གཅིག་པ་རྒྱལ་བ་ཀློང་ཆེན་པ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱི་བྱིན་གྱིས་བརླབས་པའི་གནས་ཟན་ཡས་མཆིམ་ཕུ་དང་ཡར་ལྷ་ཤམས་པའི་གངས་འདབས་སོགས་ནས་བསྒྲིབ་པ་རྣལ་མར་མཛད་པའི་མདོ་སྔགས་ཀྱི་གནད་བསྡུས་བའི་ཉན་རང་ཐེག་ཆེན་གསུམ་དང༌། ཀྲི་ཡ་ཨུ་བ་ཡོ་ཀ་གསུམ། མ་ཧཱ་ཡོ་ཀ་ཨ་ནུ་ཡོ་ཀ་ཨ་ཏི་ཡོ་ཀ་སྟེ་ཐེག་པ་རིམ་པ་དགུའི་རྩེར་རྒྱལ་རྫོགས་པ་ཆེན་པོའི་རྟོགས་པ་མངོན་དུ་མཛད་པ་སྟེ་མངོན་དུ་གྱུར་བ་རྒྱལ་བ་ཀློང་ཆེན་པོའམ་ཀློང་ཆེན་རབ་འབྱམས་པ་འདི་ནི། སད་མི་བདུན་གྱི་ནང་ཚན་ངན་ལམ་རྒྱལ་མཆོག་དབྱངས་ཀྱི་གདུང་རྒྱུད་ཟམ་མ་ཆད་པ་བྱུང་བའི་མི་རབ་ཉེར་ལྔ་འདས་པ་ན་ཡབ་གྲུབ་ཐོབ་བསྟན་སྲུང་དང་ཡུམ་མཁའ་འགྲོའི་སྤྲུལ་བ་བསོད་ནམས་རྒྱན་གཉིས་གྱི་སྲས་སུ་སྤྱི་ལོ་༡༩༩༦ རབ་བྱུང་ལྔ་བའི་བགྲང་བྱ་སུམ་ཅུ་བ་མེ་སྤྲེལ་ལ་སྐུ་བལྟམས། ཟན་ཡས་སུ་རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་བློ་གྲོས་དང༌། ཟན་ཡས་དང་གསང་ཕུར་སྡེ་སྣོད་ལ་སྦྱང་ཏེ་ལུང་རིག་སྨྲ་བའི་དབང་བོར་གྱུར་བས་ཟན་ཡས་ལུང་མང་པ་ཞེས་ཀྱང་ཟེར། གསང་སྔགས་རྙིང་མའི་བརྒྱུད་འཛིན་ཆེན་པོ་ཞིག་སྟེ། རྙིང་མའི་ཁྲོད་ནས་མཁས་པའི་རྩེར་སོན་གཅིག་པུ་ཞེས་ཐེའུ་བཀྭན་ཆོས་ཀྱི་ཉི་མས་གསུངས་སོ།།
རྩོམ་ཡང་རིག་གནས་ཐུན་མོང་བ་དང་མདོ་ཕྱོགས་གསང་སྔགས་གསར་རྙིང་གི་བརྩམས་ཆོས་མང་བོ་ཡོད། ད་ལྟ་རྗེས་འཇུག་ལ་གྲགས་ཆེ་བ་ཀློང་ཆེན་མཛོད་བདུན་དུ་གྲགས་པ་སྟེ། ཕྱིས་སུ་གཞན་གྱིས་ཁ་སྐོང་མང་དུ་བསྲེས་ཏེ་གླེགས་བམ་ཆེན་པོར་བཏང་བ་ཞིག་ཡིན་ཚོད་འདུག་ཀློང་ཆེན་ཞེས་བའི་མཚན་ཆགས་པ་ཡང་རྫོགས་པ་ཆེན་པོའི་རྟོགས་པ་ཉམས་སུ་བཞེས་ཚུལ་གྱི་སྟེང་ནས་བཏགས་པ་ཡིན། གསང་སྔགས་རྙིང་མ་བས་ཉམས་སུ་ལེན་རྒྱུའི་གཙོ་བོ་དམ་ཆོས་རྫོགས་པ་ཆེན་པོ་ཡིན་ཞིང༌། དེ་ལ་ཡང་ནང་གསེས་ཀྱི་དབྱེ་ན། སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་གསུམ་ཡོད། བི་མ་ལ་མི་དྲ་སོགས་ལས་རིམ་པར་བརྒྱུད་ཅིང་མན་ངག་གི་སྡེ་སྙིང་ཐིག་ནི། མེ་ལོང་རྡོ་རྗེས་གསན། དེ་ལས་རིག་འཛིན་ཀུ་མ་རཱ་ཛས་གསན། དེ་ལས་ཀློང་ཆེན་རབ་འབྱམས་པས་གསན་ཏེ་སྒྲུབ་བ་སྙིང་བོར་བྱས་པས་རྟོགས་པ་ཀློང་དུ་གྱུར་ཅིང་སྤྱན་རས་གཟིགས་སོགས་ལྷག་པའི་ལྷ་ཆེས་མང་པོའི་ཞལ་མཐོང༌། སློབ་དཔོན་པདྨ་འབྱུང་གནས་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་དངོས་སུ་མཐོང་སྟེ་དབང་བསྐུར་བྱིན་གྱིས་བརླབས་ནས་སློབ་དཔོན་གྱིས་དྲི་མེད་འོད་ཟེར་དང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་ཅེས་མཚན་བཏགས། རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ཏུ་གཟའ་བཅོས་ཀྱི་ཆོས་མཚན་དང༌། ལྗགས་བརྔན་ལྷ་བསང་ཁ་སྐོང་ཀློང་ཆེན་པ་སོགས་ཀྱིས་མཛད་པའི་ལུང་གི་བརྒྱུད་པར་དམ་པ་འདི་བཞུགས་ཤིང༌། བརྒྱུད་ཚུལ་གཅིག་ཏུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དྲི་མེད་འོད་ཟེར་བཅས་ཡོད་པ་ཞལ་གཟིགས་ཀྱི་བརྒྱུད་པ་རེད། དགུང་ལོ་ལྔ་བཅུ་ང་དྲུག་པ་ལ་ཟན་ཡས་མཆིམ་ཕུའི་དུར་ཁྲོད་འདི་བསིལ་བའི་ཚལ་དང་འདྲ། གཞན་དུ་སྐྱེས་པ་ལས་འདིར་ཤི་བ་དགའ་གསུངས་ནས་ཡ་མཚན་པའི་ལྟས་མང་བོ་དང་བཅས་ཞི་བར་གཤེགས་སོ།། གཞན་ཡང་ཀརྨ་རང་བྱུང་རྡོ་རྗེ་ལོ་ཆེན་བློ་གྲོས་བསྟན་པ་སོགས་བསྟེན་ནས་གསར་རྙིང་གི་གསན་པ་རྒྱ་ཆེ་ཚུལ་སོགས་རྒྱས་པར་རྣམ་ཐར་ལས་ཤེས་པར་བྱའོ།། ཐེག་པ་རིམ་དགུའི་རྟོག་པ་མངོན་མཛད་པའི།། གསང་སྔགས་རྙིང་མའི་རྒྱུན་འཛིན་ཀློང་ཆེན་པ།། རྫོག་ཆེན་ལྟ་བ་སླར་ཡང་གསལ་མཛད་ཅིང༌།། ཀློང་ཆེན་མཛོད་བདུན་དར་གྱི་ཤམ་བུ་བཀྲ།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སྐུ་ཕྲེང་བཅུ་གཉིས་པ་སྤྱན་སྔ་བ་དཔལ་ལྡན་བཟང་བོ་ནི། མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་མང་དུ་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་ཐུབ་བསྟན་རིན་པོ་ཆེ་འཛིན་པ་ལ་འགྲན་ཟླ་དང་བྲལ་ཞིང༌། འགྲོ་བའི་འདྲེན་མཆོག་དགེ་བའི་བཤེས་གཉེན་སྤྱན་སྔ་བ་དཔལ་ལྡན་བཟང་བོ་ནི་རྗེ་རིན་པོ་ཆེའི་སློབ་མ་སྐྱེ་རྒུ་ཀུན་གྱིས་བཀུར་བའི་བླ་མ་སྤྱན་སྔ་བ་བརྒྱད་ཀྱི་བཞི་བ་སྤྱན་སྔ་བ་དཔལ་ལྡན་བཟང་བོ་དེ་ཡིན་པར་མངོན་ཞིང་དེ་ཡང་གདན་ས་མཐིལ་གྱི་གདན་རབས་རིམ་བྱོན་ལ་སྤྱན་སྔ་ཞེས་བཤད་པ་ཡང་ཡོད་ལ། གདན་ས་མཐིལ་གྱི་བླ་མ་སྤྱན་སྔ་གྲགས་པ་བྱང་ཆུབ་པའི་རྟོགས་བརྗོད་རྗེའི་གསུང་དུ་ཡོད། དེ་རྗེས་བསོད་ནམས་རྒྱལ་མཚན་དེ་རྗེ་རིན་པོ་ཆེའི་སློབ་མ་གྱུར་ཅིང་དེས་བཀའ་དགེའི་དགོངས་པ་གཅིག་ཏུ་དྲིལ་བའི་ཁྲིད་ཡིག་ཉམས་ལེན་ལ་མཁོ་བ་ཞིག་མཛད་པ་གསུངས། དེའི་རྗེས་མ་སྤྱན་སྔ་དཔལ་ལྡན་བཟང་བོ་འདི་ཡིན། རྗེ་འདིས་ཀྱང་ཐུབ་པའི་བསྟན་པ་ཕྱོགས་མཐར་སྤེལ་ཞིང་མདོ་སྔགས་རིག་གནས་ལ་སྦྱང་བ་མཐར་སོན་པ་མཛད་པའི་སྙན་པའི་གྲགས་པ་རབ་ཏུ་རྒྱས་པ་ཞིག་གོ། འདི་མན་ནས་ཨ་མཆོག་གི་གདུང་རྒྱུད་དུ་བྱོན་པ་ཤ་སྟག་གོ། མུན་པའི་གོས་གྱོན་ཟ་འོག་ནི། ལེགས་པའི་རི་མོ་ཆེས་བཀྲ་ཡང༌། སྒྲིབ་གཡོགས་བདོག་པ་དེ་སྲིད་དུ།། གསལ་པར་སྤྱོད་པའི་སྐབས་བྲལ་ཞིག། ཆུ་བུར་མིག་གིས་གཞལ་མིན་པའི།། གང་གི་འཁྲུངས་རབས་གསེར་ལྡན་མར། ཡབ་རྗེ་ཆོས་སྤྱན་མངའ་བ་ཡི།། བསྟོད་ཚིག་ཉིན་བྱེད་ཀྱིས་འཁྱུད་ཚེ།། གངས་རིའི་མི་འཁྱོད་ཀྱིས་བཟུང་བའི།། བུར་རྒྱལ་བྷོ་ཊའི་སྨན་ལྗོངས་འདིར།། དམ་པའི་འདབ་སྟོང་ཚལ་དུ་དངར།། ཕན་བདེའི་དྲི་བསུང་འགྱེད་པ་འདིས།། ལྔ་ལྡན་ཁ་ཆེའི་ཡུལ་གྱི་གྲར།། གུར་གུམ་གསར་བའི་སྐྱེད་ཚལ་ཡང༌།། མོག་པོར་བྱེད་བའི་ངོ་མཚར་དཔལ།། བློ་མིག་དག་པའི་གཟིགས་མོར་སྨིན།། འབྲས་དཀར་སྤུངས་པའི་ཡོ་ལང་གིས།། འཕགས་པའི་ལྡུམ་རར་བསྐྲུན་པ་འདིས།། སྐྱེད་ཚལ་ཕལ་བ་གཞན་དག་ལ། གུས་པའི་མཛའ་བ་ལྷོད་པར་གྱུར།། རྨད་བྱུང་བྱང་ཆུབ་སེམས་ཟུང་གཤོང་བུ་རུ།། བགྲང་ཡས་ཚོགས་གཉིས་རྡུལ་མང་བསགས་པའི་གཏེར།། སྤང་དང་རྟོགས་པའི་མ་དྲོས་མཚོ་ཆེན་ངོས།། མཛད་བཟང་འཕྲིན་ལས་རླབས་ཕྲེང་འབུམ་གཡོ་བས།། ཕན་བདེའི་ཟེགས་མ་དཀར་བོའི་བསང་གཏོར་གྱིས།། སྔོ་བསངས་བུ་མོའི་འགྲམ་པ་ཅིར་ཡང་བརླན།། སྐལ་ལྡན་གཉིས་སྐྱེས་མགྲིན་རྔ་བརྡུང་བཞིན་དུ།། དགའ་བའི་ཟློས་གར་བསྒྱུར་བ་རང་གིས་གཤིས།། ཞེས་པའང་ཉམས་དགའ་བའི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་བཅུ་གསུམ་པ་ཨ་མཆོག་བསོད་ནམས་ཆོས་འཕེལ་ནི་མདོ་ཁམས་སྨད་ཀྱི་ཆ་དེ་ལ་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ཕྱོགས་སུ་གཏོགས་པ་གཉིས་ལས་ལྷོ་རྒྱུད་དུ་གཏོགས་པ་ཚ་བ་ཁ་གསུམ་དང༌། རྔ་སྨད་རྭ་མདོ་རྣམས་ཀྱི་ཉེ་འདབས། ཨ་མཆོག་ཅེས་གྲགས་པའི་ས་ཆར་ཨ་མཆོག་བསོད་ནམས་ནོར་བུའི་རྒྱལ་ཁང་ཕོ་བྲང་དམར་བོར་གྲགས་པ་དེར་ཨ་མཆོག་གཟུངས་སྐྱབས་ཡག་ཟེར་བའི་སྲས་སུ་འཁྲུངས། གཟུངས་སྐྱབས་ཡག་ལ་སྲས་བཞི་ཡོད། དེ་ཡང་རབ་འབྱམས་པ་བསོད་ནམས་ཆོས་གྲགས་དང་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ། མགོན་པོ་རྒྱལ། རྗེ་འདི་བ་དང་བཞི་ཡིན། ཁོང་སྐུ་ན་ཕྲ་བའི་དུས་ནས་བྱིས་པའི་སྤྱོད་པ་ལས་ཟློག་ཅིང་དམ་པའི་མཛད་ཚུལ་རང་བཞིན་དུ་ལྡན་པ་ཞིག་ཡིན་ཀྱང་སྐུ་ཆུང་དུས་ནས་ཡབ་ཡུམ་ཞིང་གཞན་ཏུ་ཕེབས་པའི་རབ་འབྱམས་པ་བསོད་ནམས་ཆོས་གྲགས་དང་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ་གཉིས་ནས་བསྐྱེད་བསྲིང་མཛད་དེ་དགུང་ལོ་བཅུ་བདུན་ཐོག་ཁུ་བོ་ཨ་མཆོག་རྒྱ་བོའམ་བློ་བཟང་ཡེ་ཤེས་ནས་དབུས་སུ་དམ་ཆོས་བདུད་རྩིའི་བགོ་བསྐལ་ལེན་ཏུ་བཏང་བར་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོས་དབུས་སྐྱེལ་བྱས། ཁུ་བོ་བློ་བཟང་ཡེ་ཤེས་ནས་ཁྲི་ནམ་མཁའ་བཟང་བོའི་དྲུང་དུ་བཅོལ་དམ་གྱི་ཕྱག་ཡིག་ཕུལ་ཞིང་དགའ་ལྡན་ཤར་རྩེའི་སོག་པ་ཁང་ཚན་ཏུ་ཆོས་སྒོར་བཞུགས་དགེ་བཤེས་ཡེ་ཤེས་མཚན་ཅན་ལ་སོགས་མཚན་ལྡན་བཤེས་གཉེན་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཤིང་དགུང་ལོ་ཞེ་བདུན་བར་ཏུ་ཚོགས་ཆོས་འགྲིམས་ཏེ་གཞུང་བཀའ་བོད་ལྔ་ལ་དཔྱིས་ཕྱིན་པར་སྦྱངས། རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ལྷ་ལྡན་སྨོན་ལམ་གྱི་འཚོགས་དབུར་ཐོག་མར་ཕེབས་ལོར་རྗེ་འདི་དང་ཁྲི་རྒྱལ་རོང་བ་རྗེ་བསོད་ནམས་གྲགས་པ་གསུམ་ལྷ་རམས་མཛད་པའི་ཁོང་ཉིད་ལ་ཨང་དང་བོའི་མཚན་སྙན་ཐོབ། ཡང་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རིམ་གཉིས་སོགས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་། དགའ་ལྡན་གསེར་གདུང་ཆེན་མོར་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་ཕུལ། བསྐྱངས་ཕྱག་བྱེ་བ་འཚལ་ཞིང་བསྟན་འགྲོར་སྨན་པའི་བསྔོ་སྨོན་གྱི་མཚམས་སྦྱོར་གནང་སྟེ་དགེ་རྩ་ཆུད་མི་ཟ་བར་བྱས། ལྷ་སར་མཐའ་དམག་འོང་གྲབས་བྱས་ཚེ་རྒྱལ་དབང་ཐམས་ཅད་མཁྱེན་པས་དགེ་བཤེས་མང་བོ་ལ་ཆོས་སྐྱོང་སོ་སོའི་ཕྱག་མཚན་རྒྱན་དུ་འཕང་ཚེ་དམ་པ་འདི་ལ་ཆོས་རྒྱལ་གྱི་ཐོད་དབྱུག་ཐོབ་ནས་ལྕགས་མཁར་ཟུར་དགུ་མ་བཙུགས་པས་གཡུལ་ངོ་བཟློག་སྟེ་བདེ་འཇགས་སུ་སོང་བས་རྒྱལ་དབང་མཆོག་ནས་ཁྱོད་ཀྱི་སྐྱེ་ཕྲེང་ཐམས་ཅད་ལ། དམ་ཅན་ཆོས་རྒྱལ་རང་ཤུགས་ཀྱིས་འཁོར། མངོན་སྤྱོད་ཀྱི་ལས་སྒྲུབ་པ་ལ་གྲུབ་ཆེན་རྭ་ལོ་ཙཱ་བ་དང་མཚུངས་ཞེས་གསུང་གིས་དབུགས་དབྱུང་བའི་མེ་ཏོག་ཀྱང་འཐོར་། ཁོང་རང་ཡུལ་དུ་ཕེབས་སྐབས་གཙང་བོའི་འགྲམ་ནས་རྗེ་སྐུ་བཀྲ་ཤིས་དུད་ཁ་མ་ཞིག་ཕྱག་ཏུ་རྙེད་པ་ད་ལྟ་དཀར་ཆེན་དགོན་དུ་བཞུགས། རང་ཡུལ་དུ་ཕེབས་སྐབས་ཉག་རོང་ལ་ཁ་ནས་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ཀྱི་ཞལ་གཟིགས། རང་ཡུལ་དུ་ཕེབས་ཏེ་རེ་ཞིག་བླ་དཔོན་ཟུང་འབྲེལ་མཛད་ཅིང༌། མཚམ་རྩ་ངག་དབང་ཤེས་རབ་ཀྱི་རི་ཁྲོད་ཀྱི་སར་གཟིམས་ཁང་ཉི་འོད་འཁྱིལ་བ་དང༌། སྐུ་གསུང་ཐུགས་རྟེན་མང་བོ་བཞུགས་པའི་གཙུག་ལག་ཁང་ཚོགས་པའི་འདུ་ཁང་ལེགས་པར་བཞེངས། རྟེན་བཞེངས་མཛད་པའི་རིམ་པ། བྱམས་སྐུ་མཐོང་གྲོལ་མ། ཙོང་ཁ་བརྒྱད་ཅུ། སྐྱེས་རབས་སོ་བཞི་པའི་བྲིས་ཐང་སོགས་དང༌། བཀའ་འགྱུར། བརྒྱད་སྟོང་ཚར་བརྒྱ། ཡུམ་རྒྱས་པ་ཚར་དུ་མ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་ཏེ། དབེན་གནས་དཀར་ཆེན་བྱམས་པ་གླིང་གི་དགེ་འདུན་གྱི་སྡེ་རྣམས་རིམ་གྱིས་ཆགས། བདེ་གསང་འཇིགས་གསུམ་སོགས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་བཞེས་བཞིན་དང་ལྕགས་མཁར་ཟུར་དགུ་མའི་སྒྲུབ་རྒྱུན་ཀྱང་ཚུགས། གནས་བརྟན་བཅུ་དྲུག་དང༌། དཔལ་ལྡན་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཞལ་གཟིགས། གནས་བརྟན་བཅུ་དྲུག་གི་སྒྲུབ་ཁང་དུ་ཕེབས་ཚེ། དྲི་བཟང་འཐུལ་བ་གཞན་གྱིས་ཚོར་བ་བྱུང༌། མཚམས་ཞིག་ནས་སྒྲུབ་པ་སྙིང་པོར་མཛད་པས་ཐུན་གྱི་སྐབས་སྐུ་དྲུང་དུ་གཞན་གྱི་བྱ་བཞག་ཅི་བྱས་ཀྱང༌མི་གསན་པ་རྒྱུས་ཡོད་ཀུན་ལ་མྱུང་གྲུབ་ཡིན། ཐུགས་དམ་སྤྲོས་ཆོག་གི་རིམ་པ་ཡང་མཁའ་སྤྱོད་མའི་བདག་འཇུག་སྟོང་ཕྲག་གཉིས་ལྷག་སོང་བ་སོགས་རྔམས་ཆེ། བཅད་རྒྱ་ཞིག་གི་སྐབས་མཚན་ལམ་དུ་གཟིམས་གཤགས་ཀྱི་གཡས་ཕྱོགས་ཀྱི་སར། བདེ་མཆོག་གི་དཔའ་བོ་ཉེར་བཞི། དཔའ་མོ་ཉེར་བཞིས་གར་བྱེད་ཅིང་ཆག་ཆག་འདེབས་བཞིན་པའི་མཚན་རྨིས་ཡོངས་བའི་ཚེ་ཁོང་གིས་ཆག་ཆག་བཏབ་པས་ཅི་བྱེད་ཞུས་བར། སང་ཉིན་འདིར་འཁོར་ལོ་སྡོམ་པའི་རྣལ་འབྱོར་བ་ཞིག་ཕེབས་རྒྱུ་ཡིན་ཞེས་གསུངས་པར་རྨིས་པས། ཕྱི་ཉིན་ཉེ་གནས་པ་ལ་དེ་རིང་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་བ་ཞིག་འབྱོན་ངེས་སུ་འདུག་པས། སུ་འོང་ཀྱང་མ་འགོག་པར་ངའི་རྩར་ཐོང་ཞེས་བཀའ་གནང་། ཉིན་དེར་ཝ་རབ་འབྱམས་པ་གྲུབ་དབང་བློ་བཟང་ཡོན་ཏན་གྱིས་དབུ་ཞྭ་སེར་བོ་དང་སྣམ་བུའི་ཤམ་ཐབས་ཞིག་བསྣམས་ཏེ་ཞབས་ཐང་དུ་བྱོན་པ་ནང་དུ་གདན་དྲངས། ཕྱིས་སུ་སྔར་གྱི་ཆག་ཆག་བཏབ་པའི་ས་དེར་རབ་འབྱམས་པའི་གཟིམས་སྤྱིལ་བཞེངས་ཏེ་བཤད་སྒྲུབ་ཀྱི་བྱ་བ་རླབས་ཆེ་བ་གནང༌། རྒྱ་ཤུལ་དབང་ཚེ་ཟེར་བའི་རྔོན་པ་ཞིག་གིས་ཤ་བོ་རྭ་འཛིངས་ཀྱི་ལྟས་ངན་མཐོང་བས། སྐུ་མདུན་རིན་པོ་ཆེར་ལུང་བསྟན་ཞུ་བར་འོང་སྐབས་བཀའ་འགྱུར་གསར་བཞེངས་ཞིག་གི་བཀའ་གནང་ན་སྒྲུབ་ཐུབ་སྙམ་ནས་འོངས་པར། རྗེ་ཉིད་ནས་ཁྱོད་ཀྱི་ལམ་སྐབས་ཀྱི་འདོད་པ་བསྒྲུབ་ན་ལྟས་ངན་རང་སར་ཞི་འགྲོ་ཞེས་མངོན་མཁྱེན་ཀྱིས་གཟིགས་ནས་བཀའ་བཀྲོལ་བའི་ཐམས་ཅད་ཀྱིས་མངོན་མཁྱེན་ལ་ཐོག་པ་མེད་ཅེས་ཡོངས་སུ་གྲགས་སོ།།
སྐབས་ཞིག་གྲྭ་བ་ཞིག་གི་འཕགས་པ་བསྐལ་བཟང་འདོན་བཞིན་པའི་དུས་ཁོང་གིས་ཡུན་རིང་བར་སྙན་གཏད་དེ་གསན། སྐབས་ཤིག་གློ་བུར་ཏུ་དེ་ནི་ང་ཡིན་ཞེས་ཞལ་ལས་ཤོར་ཡང་བརྒྱ་འདོན་པ་དེའི་གསལ་བོ་གང་ཞིག་གི་སངས་རྒྱས་ལ་ཞལ་གྱིས་བཞེས་བ་མ་ཤེས། གང་ལྟར་བསྐལ་བཟང་གི་སངས་རྒྱས་ཤིག་ཏུ་ཞལ་གྱིས་བཞེས། ཧོར་ཟེར་བའི་ཁྱིམ་ཚང་ཞིག་གི་མདུང་ཤིང་ལུང་བར་སྒྲོལ་མའི་སྐུ་ཁང་ཞིག་བཞེངས་ནས་ཁོང་ལ་རབ་གནས་ཞུས། ཉིད་ཀྱི་གཟིམས་ཆུང་བདེ་ཡང་ནས་རབ་གནས་མཛད་པའི་ཕྱག་ནས་སྐུ་ཁང་དུ་འཐོར་བ་སོགས་ཡ་མཚན་གྱི་གསང་རྣམ་མང་། སྐབས་ཤིག་མྱ་ངན་ལས་འདའ་བར་མཛད་པའི་སྔགས་པ་ཚེ་རིང་ཟེར་བ་ཞིག་གིས་བརྟན་བཞུགས་ཕུལ་བས་བཤོལ། ཉིད་ཀྱི་ཞལ་ལས་ད་ལན་འདས་ན་འཛམ་གླིང་ན་གྲགས་པའི་འདས་རྟགས་ཤིག་ཡོད་ཟེར་ཞིང་བརྟན་བཞུགས་དེར་ཞལ་བཞེས་གནང་། ཕྱི་ནས་མཆོག་རྩེའི་ང་རོ་སྟག་འབུམ་སྐུ་མདུན་དུ་བོས་སྟེ་སང་ལོ་ས་མོ་ལུག་ལ་སྲས་གཅིག་འཁྲུངས་ན་རི་ཁྲོད་འདིར་སྦྱིན་དགོས་ཞེས་བཀའ་གནང༌། ལོ་དེར་ཁོང་གིས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །དེ་ལྟར་ལོ་མང་བོའི་བར་དུ་སེ་འཛོའི་ཝ་རབ་འབྱམས་པ་བློ་བཟང་ཡོན་ཏན་དང༌། བྱ་བྲལ་བློ་བཟང་བྱམས་པ་སོགས་དགེ་བཤེས་དང་ཀུན་སྤངས་སོགས་རིས་སུ་མེད་པའི་གདུལ་བྱ་མང་བོ་ལ་དབང་ལུང་ཁྲིད་གསུམ་དགེ་ཚུལ་སློང་གི་སྡོམ་རྒྱུན་སྤེལ་བ་སོགས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པས། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སོགས་ཀྱིས་བསྙེན་བཀུར་གྱི་གནས་སུ་གྱུར་ཏེ་མཚན་སྙན་ཨུཏྤལའི་གདེངས་ཀ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་ ངོམས་པར་གྱུར་ཏོ།། ཞིང་བཅུ་ཚང་བའི་དགྲ་བོའི་སྙིང་དཀྱིལ་དུ།། དྲག་པོའི་ཐོག་ཟེར་ཅི་དགར་འབེབས་པ་ལ།། རྭ་ཆེན་ལོ་ཙཱ་མཆོག་དང་མཚུངས་སོ་ཞེས།། ཀུན་གཟིགས་རྒྱལ་བའི་བདེན་པའི་མཚན་གྱིས་བསྔགས།། རིམ་གཉིས་གདེངས་ལྡན་རྣལ་འབྱོར་དབང་བོ་ཡི།། ངེས་དོན་བགེགས་ཀྱི་ཚོགས་རྣམས་འཇོམས་བྱེད་ན།། ལོག་འདྲེན་རེ་འགའ་གཞོམ་ཞེས་ངོ་མཚར་དུ།། འཛིན་རྣམས་བྱིས་པའི་བློ་གྲོས་ཙམ་དུ་བས།། མཉེས་གཤིན་བྱམས་དང་སྙིང་རྗེས་ཆེར་བརླན་ཀྱང༌།། ནག་པོའི་རྩ་ལག་རྩྭ་ལྟར་སྲེག་བྱེད་པ།། ཚར་གཅོད་རྗེས་འཛིན་ལས་ལ་དབང་འབྱོར་བའི།། བདག་ཉིད་ཆེན་པོ་རྣམས་ཀྱི་ངང་ཚུལ་ལགས།། མདོ་སྔགས་བསྟན་པའི་ཟབ་རྒྱས་ཆོས་ཚུལ་ཀུན།། འདོད་རྒུར་འཇོ་བ་རྒྱལ་བོའི་གན་མཛོད་བཞིན།། སྔར་མེད་ལེགས་བཤད་མཁས་པའི་རྒྱན་ཆ་འདི།། ལྷག་བསམ་དད་པའི་རི་མོའི་ཚུལ་དུ་དྲངས།། མཁྱེན་པའི་ཡེ་ཤེས་འཇམ་དཔལ་གཞོན་ནུ་དང༌།། བྱམས་བརྩེའི་གཏེར་ཆེན་འཕགས་མཆོག་སྤྱན་རིས་གཟིགས།། མཐུ་སྟོབས་ནུས་པའི་བདག་ཉིད་གསང་བདག་སོགས།། རིགས་གསུམ་འདུས་བའི་མགོན་ཁྱོད་རྟག་ཏུ་རྒྱལ།། ཞེས་པའང་ཉམས་དགའ་བའི་ཚིགས་སུ་བཅད་པའོ།།
སྐུ་འཕྲེང་བཅུ་བཞི་པ་མ་ཧཱ་མཁས་པའི་གཙུག་རྒྱན་རྗེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དེ་ཉིད་ཡིན་ལ། དེ་ཡང་ཐོག་མར་ཁོང་ཉིད་ཀྱི་ཡབ་མེས་ཀྱི་བྱུང་བ་མདོ་ཙམ་གླེང་བ་ལ། མདོ་སྨད་རོང་ཆེན་བཞིར་གྲགས་པའི་ཤར་རྒྱལ་མོ་ཚ་བ་རུང་ཞེས་པ་འདི་ནི་ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་དུ་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཡིན་ལ། རྗེས་སོར་ཐང་རྒྱལ་བོ་ཨུས་ཏེའི་སྐབས་མདོ་སྨད་ཀྱི་ས་སྣེ་དག་ལ་དམག་འབོར་ཆེན་བཏང་སྟེ་བོད་མི་མཐའ་དེད་བྱས་ནས་ཐང་དམག་གི་རྟེན་གཞི་བཙུགས་ནས་ལོ་འཁོར་མང་བོ་གྲོང་དང་གྲོང་བརྡལ་མང་བོ་སྤེལ་བར་གྲགས། རྗེས་སོར་བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་སྤྱི་ལོ་༦༣༨ ཡས་མས་སུ་བོད་དམག་སྟོང་ཕྲག་ཉིས་བརྒྱ་ཙམ་མདོ་སྨད་ཀྱི་རང་ས་ལེན་པར་མངགས་སྟེ་ཐང་དམག་རྣམས་བསྐྲད་ཅིང་མཐའ་འཚམས་སྲུང་བའི་བོད་དམག་འབུམ་ཕྲག་དུ་མ་གཏན་སྡོད་བྱས་པ་རྒྱལ་མོ་ཚ་བ་རུང་གི་ས་གནས་ཀྱི་ཚ་ཁོ་རྒྱལ་ཕྲན་བཅོ་བརྒྱད་འདི་དག་ཡིན་ལ། བཀན་ཤན་གྱི་ལུང་དགུ་རྒྱལ་པོ་ནས་ཁམས་ཀྱི་ལྕགས་ལ་རྒྱལ་བོའི་བར་གྱི་རྒྱལ་རུང་རྒྱལ་ཁག་བཅོ་བརྒྱད་ནི། ༡ ལྕགས་ལ། ༢ མགོ་སྨད་དམ་ཀ་ལ། ༣ མགོ་སྟོད། ༤ དགེ་ཤིས་ཙ། ༥ པ་ལམ། ༦ བྲག་སྟེང་། ༧ མུ་ཕྱི། ༨ མདའ་མདོ། ༩ བཙན་ལྷ། ༡༠ འོག་གཞི། ༡༡ ལུང་དགུའམ་མདོ་གླིང་རྫོང་ཡང་ཟེར། ༡༢ རྒྱལ་ཁ། ༡༣ སོ་མང་། ༡༤ མཆོག་རྩེ། ༡༥ རྫོང་འགག ༡༦ བསྟན་པ། ༡༧ཁྲོ་སྐྱབས། ༡༨ ཆུ་ཆེན་སོགས་ཡིན་ལ་འདིའི་རིགས་རུས་ནི་སྤྱིར་བོད་ལ་བསྲེ་རྨུ་སྡོང་སྟོང་བཞི་ལས་བསྲེ་རིགས་བཟང་སྤྲ་ཡིན་ལ་ཚ་ཁོ་རང་སྐད་ལ་ང་ཤིཙི་ཟེར་བ་དེ་ཡང་རུས་མཛོད་ལས་འགག་དོག་མོ་གསུམ་པོ་སྤྲ་ལ་ཐོབ། སྤྲ་དཔའ་རྩེ་ལ་ཆེ་བ་དེ་དོན་ཡིན་ཞེས་གསུངས་སོ།། ཞེས་རྒྱལ་མོ་ཚ་བ་རོང་གི་སྤྲ་རིགས་ལ་ཡང་དཀར་ནག་ཁྲ་གསུམ་སོགས་དུ་མ་མིའུ་གདུང་དྲུག་གི་རུས་མཛོད་ལྟར་དང༌། སྤྲ་རིགས་ལ་ཁུ་འཇོའི་རིགས་ཞེས་ཡོངས་སུ་གྲགས་པ་དེ་ལ་སྔོན་བོད་ཀྱི་རྒྱལ་བོའི་མཐའ་འཚམས་སྲུང་བའི་རྒྱལ་བོ་ཞིག་བསྐོ་བཞག་མཛད་སྐབས་བོད་རྒྱལ་དང་གདུང་རྒྱུད་གཅིག་པའི་སྐྱེ་བོ་སྤྱོད་བཟང་ཁོ་ཕན་ཞེས་གཞུང་རྒྱུད་བཟང་ཞིང་སྟོབས་རྩལ་ཆེ་བ་ཞིག་མངགས། ཚ་བ་རུང་གི་དཔོན་པོ་ཁོ་ཕན་ཞེས་གྲགས་སྐད། དེའི་ཚིག་བསྡུས་པའི་ཚ་ཁོ་ཞེས་གྲགས་པ་དེང་དུས་ཡུལ་མིང་དུ་ཆགས་པ་ཡིན། རྗེས་ནས་ཁུ་འཇོའི་སོ་མང་རྒྱལ་བོ་སོ་སྩ་བན་ཐར་ལ་སྲས་གསུམ་བྱུང་བའི་ཆེ་བ་ནོར་བུ་དང་འབྲིང་པ་ཕུན་ཚོགས་ཆུང་བ་སྟག་འབུམ་གསུམ་ལ་ང་རོ་སྤུན་གསུམ་ཟེར་ལ་དེ་གསུམ་གྱི་རྒྱལ་ས་གསུམ་བྱས་ཏེ་ཆེ་བས་སོ་མང་རྒྱལ་ས་བཟུང་བའི་ནོར་བུ་རྫོང་འབྲིང་བས་རྫོང་འགག་རྒྱལ་ས་བཟུང་བའི་ཕུན་ཚོགས་རྫོང་དང་ཆུང་བས་མཆོག་རྩེ་རྒྱལ་ས་བཟུང་བའི་སྟག་མོ་རྫོང་ཞེས་རང་རང་གི་མིང་བཏགས། སོ་མང་ནོར་བུ་རྫོང་དུ་རྒྱལ་རྒྱུད་རིམ་པ་བྱོན་པ་ལས་བདག་མོ་སྐྲ་དཀར་མའམ་རྒྱལ་མོ་སྒྲོལ་མ་མཚོའི་རང་ལ་ཆུ་ཆེན་དང་འཁྲུགས་ནས་འཇིགས་པ་མེད་པའི་དཔའ་བོ་རྣམས་ལ་བདག་རྐྱེན་སྔར་མ་གྲགས་པ་གནང་།འཇམ་དབྱངས་བཞད་པ་འཇིགས་མེད་དབང་བོ་དང་གུང་ཐང་བསྟན་པའི་སྒྲོན་མེའི་ཞབས་ལ་གཏུགས་ཏེ་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་བོ་ཞུས་ཏེ་དངོས་འབུལ་སྦམ་མཐོ་ཕུལ་བ་དང་བོད་ཀྱི་ཕྱོགས་སོ་སོའི་བླ་མ་དགེ་འདུན་དང་བཅས་པར་བསྙེན་བཀུར་རྒྱ་ཆེན་བགྱིས། དེའི་རྗེས་རྒྱལ་མོ་བསོད་ནམས་སྒྲོལ་མའི་སྐུ་དུས་སུ་གུང་ཐང་བསྟན་པའི་སྒྲོན་མེ་སྤྱན་དྲངས་ནས་བསྙེན་པ་དང་བཀུར་བསྟིས་མཆོད་ཅིང་དད་གུས་ཚད་མེད་བྱུང་སྟབས། སྔོན་ཁྲིམས་ལ་སྦྱར་བའི་སྐྱེས་བུ་གཡོ་ཅན་ཞིག་ཡོད་པ་དེ་ཚེ་ལས་འདས་ཏེ་གནོད་སྦྱིན་གདུག་པ་ཅན་ཞིག་ཏུ་སྐྱེས་ནས་བར་གཅོད་བྱས་ཀྱང་ནུས་མེད་དུ་གྱུར། རྒྱལ་མོ་དེ་ལ་གུང་ཐང་ཚང་ནས་མ་ག་དྷ་བཟང་མོ་གཉིས་པ་ཞེས་བསྔགས་པ་བརྗོད་མཛད། འདི་གཉིས་ཀྱི་རིང་ལ་མགོ་ལོག་ཁག་གསུམ་ཁྲོ་ཁོ་ཁག་གསུམ་ཚུན་ལ་དབང་བསྒྱུར། གཙུག་ལག་ཁང་དང་རྟེན་བཞེངས་མང་བོ་བྱས་ནས་བསྟན་པའི་བྱ་བར་སྲི་ཞུ་བླ་མེད་མཛད། རྫོང་འགག་ཕུན་ཚོགས་རྫོང་དུ་རྒྱལ་རྒྱུད་མང་བོར་བྱོན་ནས་བསྟན་འགྲོའི་དོན་རླབས་ཆེན་པོ་མཛད་དོ། མཆོག་རྩེ་སྟག་མོ་རྫོང་དུ་རྒྱལ་རྒྱུད་བསྟུད་མར་བྱུང་བའི་རྒྱུལ་བོ་སེངྒེ་རྒྱལ་གྱི་སྲས་ནམ་མཁའ་འབུམ་དེའི་སྲས་ཉེ་རྒྱལ་དེའི་སྲས་རྒྱ་གར་འབུམ་དེའི་སྲས་རྒྱལ་བོ་ཚེ་རིང་ལྷུན་འགྲུབ་འདི་ཀིརྟི་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་གྲགས་ལ་ཕྱི་ནང་གི་རིག་གནས་ཀུན་ལ་མཁས་ཤིང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་བརྩོན་པ་རྣམ་དག་མཛད། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་ཞྭ་སེར་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ལ་བཀུར་སྟི་རྒྱ་ཆེར་བྱས། རྒྱལ་པོ་འདི་དང་རྒྱལ་མོ་གཡུང་དྲུང་ལྷ་མོ་གཉིས་ཀྱི་རྒྱལ་སའི་ཉེ་འགྲམ་དུ་ཞྭ་སེར་གྱི་དགོན་པ་བསྟན་དར་གླིང་ཞེས་པ་ཞིག་བཏབ་པ་དེང་སྐབས་ཡོད་པ་འདིའོ།།
དེའི་སྲས་བཀྲ་ཤིས་འབུམ། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་གསེར་ཁྲི་བློ་བཟང་ལྷུན་འགྲུབ་གྱི་སྤྲུལ་སྐུ་མཁྱེན་རབ་བསྟན་པའི་རྒྱལ་མཚན་དང་ཆུང་བ་ནམ་མཁའ་དབང་རྒྱལ་འདི་བ་རྒྱལ་སར་བཞུགས་ཀྱང་ཡུན་རིང་མ་འཚོ་སྟབས། གསེར་ཁྲིའི་སྤྲུལ་སྐུའི་བླ་དཔོན་ཟུང་འབྲེལ་མཛད། དེའི་རྗེས་སོ་མང་ཁུ་འཇོ་ཚེ་བརྟན་རྡོ་རྗེ་དེ་ཉིད་ཀྱིས་མཁར་དགུ་བཞེངས་ཤིང་དེའི་བདག་པོའམ་གཞིར་ཁ་བཟུང་བའི་མཁར་དགུ་སང་ཟེར། དེའི་སྲས་ང་རོ་འབྲུག་རྒྱལ་དེ་ལ་སྲས་གཉིས་བྱུང་པའི་ཆེ་བ་ང་རོ་སྟག་འབུམ་དང་ཆུང་བ་ང་རོ་ཚངས་དབང་ཟེར། ཆེ་བ་ང་རོ་སྟག་འབུམ་དེ་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་མཆོག་གི་ཡབ་ཡིན་ལ། སྤུན་ཆུང་ང་རོ་ཚངས་དབང་ཡང་ཆོས་ལ་དད་ཅིང་དགེ་བཅུའི་ཁྲིམས་ལ་བཀུར་བ་ཞིག་ཡིན་ལ། དེའི་སྲས་ང་རོ་འཇམ་དབྱངས་ནི་བློ་རྒྱ་ཡང་ལ་ངང་རྒྱུད་རིང་བ་རིག་པ་གྲུང་ཞིང་ཆོས་ལ་དད་པ་དབང་ཐང་ཆེ་ཞིང་ཐབས་ལ་མཁས་པ་འཇིག་རྟེན་ལ་མཐའ་ཆོད་པ་ཞིག་ཡིན་སྟབས་ཚ་བ་ཁག་གསུམ་གྱི་རྒྱལ་སའི་གྲོས་ཕུག་གཏོད་ས་ཞིག་ཡིན་པས་ཚེ་རབས་མང་བོར་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་ཏེ་གོམ་པ་ཀློང་དུ་གྱུར་བའི་བག་ཆགས་སད་དེ་འདི་ཕྱོགས་སེམས་ཅན་གྱི་བསོད་ནམས་བསགས་ཞིང་དུ་ཆོས་སྡེ་ཞིག་བསྐྲུན་རྒྱུའི་ས་བོན་ཐུགས་ལ་འཁྲུངས། དེའི་མཐུན་རྐྱེན་དུ་འབྲོག་སྡེ་ཞིག་འཛུགས་དགོས་སྙམས་ཏེ་ཁོང་གི་རུ་བའི་གཙོས་གྲོང་སྡེ་ཁྱིམ་མི་གཉིས་ཅན་རྣམས་ཀྱི་སྦྲགསར་རེ་འབུབ་དགོས་ཞེས་བཀའ་ཕབས་ནས་དེའི་མཐུན་རྐྱེན་ཚང་མ་ཁོང་གིས་བྱས། ཡང་རྫོང་འགག་རྒྱལ་བོ་གོང་མའི་ཁྲིམས་ལ་ཕོག་པའི་འཛིན་དུ་འོངས་སྐབས་ང་རོ་འཇམ་དབྱངས་ནས་ཐབས་ཀྱིས་གྲོལ་བ་མཛད། དེའི་དྲིན་ལན་ཏུ་གཞིས་ཀ་སོགས་ཁྱེད་ལ་གང་དང་ཅི་མཁོ་བདག་གིས་འབུལ་ཞེས་ཞུས་པར་གཞན་ཅི་ཡང་མི་དགོས། དགོན་སྡེ་རེ་འདེབས་གྲུབ་བྱུང་ན་འཚོགས་ཤིང་བཏུ་ས་བྲག་དཀར་དམ་ཡེ་ཡན་ཆད་དང་རྔ་མདའ་མན་ཆད་བདག་ལ་བྱིན་གསུང་བ་ལྟར་ཕུལ། དེ་ལྟར་མཐུན་རྐྱེན་སྔོན་དུ་བསྒྲུབས་ཏེ་སྔར་བཞུགས་ཀྱི་བན་དགོན་དེའི་གཞི་བྱས་བའི་དགེ་འདུན་འདུ་གནས་བསྟན་པའི་ཞིང་མཆོག་ཚོ་བདུན་དགོན་བཀྲ་ཤིས་ཆོས་གླིང་ཕྱག་བཏབ་མཛད། དེ་ལྟར་བོད་ཡུལ་མདོ་སྨད་རྒྱལ་རོང་གི་ས་ཆར་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་ཡབ་མེས་ཀྱི་བྱུང་རབ་མདོར་བསྡུས་སུ་བཀོད་པའོ།། དེ་ཡང་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་གསང་གསུམ་ཡོན་ཏན་འཕྲིན་ལས་གཅིག་བསྡུས་ཀྱི་ངོ་བོ་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་ཚོགས་དགེ་འདུན་ཀུན་གྱི་གཙུག་བརྒྱན་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནི་གདོད་མའི་དུས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ཏེ་ཐུགས་རྒྱུད་བདུད་རྩིས་གང་ནང་མངོན་པར་རྫོགས་པར་སངས་རྒྱས་ཟིན་ན་ཡང་གཞན་དོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པའི་དབང་གིས་འཛམ་གླིང་གི་དག་དང་མ་དག་པའི་གདུལ་བྱ་སོ་སོའི་ཁམས་དང་བསམ་པའི་སྣང་ངོར་སྤྲུལ་བའི་སྐུ་བཀོད་སྣ་ཚོགས་མཛད་པ་ལས། བསྐལ་བཟང་རྣམ་འདྲེན་བཞི་བ་སྟོན་མཆོག་ཐུབ་པའི་དབང་བོའི་ཉེ་བར་གནས་བ་ཐོས་པ་འཛིན་པའི་མཆོག་ཏེ་ཉན་ཐོས་ཀུན་དགའ་བོ་ནས་བགྲངས་པའི་སྐུ་ཕྲེང་བཅུ་བཞི་བ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནམ་ཚངས་སྲས་བཞད་པའི་རྡོ་རྗེ་ནི་རིགས་རུས་གོང་དུ་འཆད་པའི་ཁུ་འཇོའི་རིགས་སྟེ་ང་རོ་འཇམ་དབྱངས་ཀྱི་ཡབ་ང་རོ་ཚངས་དབང་གི་གཅེན་ང་རོ་སྟག་འབུམ་ནི་ཁ་དྲག་དང་དཔའ་རྩལ་ཆེ་བ་རིག་གནས་ཀུན་ལ་མཁས་ཤིང་མཁྱེན་རྒྱ་ཡངས་པ་རྒན་ལ་བཀུར་ཞིང་འབངས་ལ་བྱམས་པ་ཡི་རབས་ཀྱི་སྲོལ་རྒྱུན་ཡང་དག་སྐྱོང་བ་སྤྱང་གྲུང་གཉིས་འཛོམས་ཀྱི་སྐྱེས་མཆོག་བླ་མེད་ཞིག་ཡིན་པ་དེ་ནི་རྗེ་འདི་ཉིད་ཀྱི་ཡབ་དང༌། ཡུམ་ནམ་མཁའ་ལྕམ་མོ་ནི་ངོ་ཚ་ཁྲེལ་ཡོད་ཀྱི་གོས་བཟང་གྱོན་པ་དང་དད་པ་གཏོང་ཕོད་ཀྱི་རྒྱན་ཆ་མང་བ་བུད་མེད་ཀྱི་སྐྱོན་བརྒྱད་རིང་དུ་ཟད་པ་ཆོས་དད་ཆེ་ཞིང་སེམས་རྒྱུད་བཟང་བ་ཡིག་དྲུག་དུང་ཕྱིར་ལྔ་ཞལ་འདོན་དུ་སོང་བ་དེ་ཡང་རྗེ་འདི་ཉིད་ཀྱི་ཡུམ་ཡིན་ནོ། དེ་ཡང་རྗེ་གོང་མ་ཨ་མཆོག་བསོད་ནམས་ཆོས་འཕེལ་སྐུ་མ་གཤེགས་གོང་དུ་ང་རོ་སྟག་འབུམ་ལ་ས་ལུག་ལོར་ཁྱེད་ལ་སྲས་གཅིག་འཁྲུངས་ནི་ངའི་རི་ཁྲོད་འདིར་སྦྱིན་དགོས་ཞེས་ལུང་བསྟན་ལྟར། རབ་བྱུང་༡༣ པའི་བགྲང་བྱ་ང་གསུམ་པ་དོན་གྲུབ་ཅེས་པ་ས་མོ་ལུག་སྤྱི་ལོ ༡༧༩༩ ལོར་ངོ་མཚར་བའི་ལྟས་སྣ་ཚོགས་དང་བཅས་ཏེ་སྐུ་འཁྲུངས། དེའི་ཚེ་སྔགས་རམས་པའི་རྨི་ལམ་དུ། དཀར་གསར་ཉ་གང་བའི་ཟླ་འོད་དཀར་ཆེན་དགོན་གྱི་ཤར་རིའི་རྩེ་ནས་ཤར་བྱུང་བ་རྨིས་བ་བཞིན། ཕྱིར་ཉིན་ང་རོ་སྟག་འབུམ་གྱིས་ང་ལ་བྱིས་པ་རྟགས་མཚན་ཅན་ཞིག་འཁྲུངས་ཡོད་ཅེས་འཕྲིན་བསྐྱལ་བྱུང་བའི་ཀུན་གྱིས་མཆོག་སྤྲུལ་ངེས་དོན་ཆོས་ཀྱི་ཉི་མ་ཤར་སོང་ཞེས་བཀྲ་ཤིས་པའི་གཏམ་སྙན་ཕྱོགས་ཀུན་ཏུ་ཁྱབ་སྟེ། སྐུ་གོང་མའི་ལུང་བསྟན་ལ་ངེས་པ་རྙེད། ལྕགས་བྱའི་ལོར་རྗེ་གུང་ཐང་བསྟན་པའི་སྒྲོན་མེ། མཆོག་རྩེ་རྒྱལ་བོ་རྒྱ་གར་འབུམ་གྱི་དགོངས་རྫོགས་ལ་བསྟན་པའི་དགའ་ཚལ་ད་ཚང་ལྷུན་འགྲུབ་གླིང་དུ་ཕེབས་སྐབས། ཉིད་ཀྱི་ཡབ་གཞིས་སུ་གདན་དྲངས་ཏེ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་དཀོན་མཆོག་བསྟན་འཛིན་དུ་བསྩལ། གཞན་ཡང་སྒྲོལ་དཀར་དང་ཁྱུང་ནག་སོགས་ཀྱི་རྗེས་གནང་གསན། སྐུ་གོང་མའི་ཁུ་བོ་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོས་ཁུར་དུ་བཞེས་ནས་བསྐྱེད་བསྲིངས་མཛད། དགུང་ལོ་ལྔ་བར་སྐུ་གོང་མ་རྣམས་ཀྱི་གདན་ས་དཀར་ཆེན་བྱམས་པ་གླིང་དུ་གདན་དྲངས་ཏེ་ཁྲིར་བཀོད། སྐབས་དེར་བདག་གི་འཆད་རྩོད་རྩོམ་པ་སེངྒེའི་སྒྲས།། ཞེས་པའི་ཤོ་ལོ་ཀ་ལན་གསུམ་ཐོར་བྱུང་དུ་གསུངས་བའི་གཟུར་གནས་དཔྱོད་ལྡན་ཀུན་གྱི་དྲན་དབང་ཡིད་ཀྱི་བརྟན་པ་འཕྲོག་སྐབས་དེར་མཆོག་རྩེའི་བློན་པོ་བ་ལ་ང་རོ་རྡོ་རྗེ་རྒྱལ་དང་སོ་མང་ནས་ཡབ་ཀྱི་ཁུ་བོ་ང་རོ་ནམ་མཁའ་རྒྱལ་སོགས་ཀྱིས་གཙོས་ཆིབས་སྐྱེལ་བ་བརྒྱ་ཕྲག་མང་བོའི་བསྟར་དང་བཅས་ཏེ་ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་གདན་ས་ད་ཚང་དགོན་དུ་ཕེབས། དཔོན་པོ་བློ་བཟང་ལྷུན་འགྲུབ་དང༌། དགོན་པ་གཞུང་ནས་སྣེ་ལེན་དར་བསུ་རྒྱས་པ་ཕུལ། དཔོན་པོས་སྟོང་འཁོར་འཇམ་དབྱངས་རྒྱ་མཚོའི་ཕྱག་ཚྭ་དང་འཇམ་དབྱངས་དཀར་པོའི་སྐུ་བརྙན་ཁྱད་འཕགས་བཅས་ཕུལ། དེ་ནས་རིམ་བཞིན་ཨ་མཆོག་གི་ལྷ་སྡེའི་ཆིབས་བསུ་དང་བཅས་དཀར་ཆེན་དགོན་དུ་བྱོན། དེར་ལུང་རྟོགས་རྒྱ་མཚོའི་མངའ་བདག་ཝ་སྔགས་རམས་པ་བློ་བཟང་ཡོན་ཏན། རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོ། འཚམས་ཚ་རབ་འབྱམས་པ་ཡོན་ཏན་དར་རྒྱས། འཚམས་ཚ་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ། བྲག་དཀར་དགོན་ནས་ཕྱོགས་བཞི་དགེ་བཤེས་བྱམས་པ་ཕུན་ཚོགས། གཞུ་ཤུབས་དགོན་ནས་སེར་སྐྱེ་བླ་མ་སེན་ཀ་དཔོན་སློབ་ངག་དབང་དཔལ་འབྱོར། རྡོ་རྗེ་འཛིན་པ་དཔལ་འཛིན་སོགས་ཀྱིས་སྣེ་ལེན་དར་བསུ་རྒྱས་པ་ཕུལ། དགུང་ལོ་དྲུག་ནས་སྐུ་གོང་མའི་དངོས་སློབ་སེ་འཛོའི་ཝ་སྔགས་རམས་པ་བློ་བཟང་ཡོན་ཏན་ལས་དབང་རྗེས་མན་ངག་སོགས་མང་དུ་གསན། བློ་གླིང་ཡེ་ཤེས་ཡར་འཕེལ་ལས་ཀློག་དང་ཆོས་སྤྱོད་རིག་གནས་སོགས་ལ་ཐུགས་གཉེར་མཛད། དགུང་ལོ་བརྒྱད་པར་འདུལ་བ་འཛིན་པ་ཆེན་པོ་མཚེ་མཁན་ཆེན་བློ་བཟང་ཆོས་གྲགས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པ་བཞེས་ནས་མཚན་དཀོན་མཆོག་བསྟན་འཛིན་སོར་བཞག་མཛད། བླ་མ་མཆོད་པའི་ཁྲིད་ལུང་གསན། དགུང་ལོ་བཅུ་གསུམ་ཐོག་དབུས་འགྱུར་གྱི་ཆོས་སྡེ་ཆེན་པོ་ཞིག་ཏུ་འགྲོ་དགོས་སྙམ་ནས་ཕྱོགས་བཅུའི་སྣོད་ལྡན་རྣམས་ལ་ཆོས་སྦྱིན་འཛད་མེད་གནང༌། སོ་མང་མཆོག་རྩེ་རྫོང་འགག་སོགས་རང་རང་གི་ཕེབས་རྫོང་དབུས་སྐྱེལ་བ་དང་ཆིབས་སྐྱེལ་བའི་རྒྱལ་བློན་དཔོན་གཡོག་འབངས་འཁོར་བརྒྱ་ཕྲག་མང་བོ་དང༌། གཞན་ད་ཚང་དགོན་ནས་རྟ་མཛོ་དངུལ་སོགས་རྒྱུ་རྫས་ཡོ་བྱད་མང་བོའི་སྐྱེལ་རྫོང་བ་སོགས་མང་བོ་རིམ་བཞིན་འབྱོར། གཞན་ཡང་འཚམས་ཚ་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ། ཕྱུགས་སྒར་བ། སེར་སྐྱེ་བླ་མ་ངག་དབང་དཔལ་འབྱོར། ཨ་ཁམས་ཁོ་ཐོ་དབོན་པོ་སོགས་ཕེབས་སྐྱེལ་བ་མང་བོ་བྱོན། མཚེ་མཁན་ཆེན་བློ་བཟང་ཆོས་གྲགས་ལ་སྐྱབས་ཞུ་ཕུལ་ཞིང་བཀའ་སློབ་གནང་སྐྱེས་བསླབ་བྱ་སོགས་མང་བོ་གནང་དེ་རྗེ་དཔོན་སྐུ་འཁོར་དང་། ཨ་སྐྱིད་འབོས་བསྟན་རྒྱས། མགོ་ལོག་རྔ་བ་ཚ་ཁོ་སོགས་ཀྱི་དབུས་སྐྱེལ་བ་མང་བོ་དང་བཅས་ཏེ་ཕྱག་བཏེག་ཏེ་དབུས་ཕྱོགས་སུ་བཞུད། དེ་ནས་ཞྭ་སེར་བསྟན་པའི་འབྱུང་གནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་ཁྲི་ངག་དབང་སྙན་གྲགས་དང༌། ཤར་རྩེའི་ཆོས་རྗེ་ཕ་བོང་ཁ་བ་བློ་བཟང་ཆོས་འཕེལ། བྱང་རྩེའི་ཆོས་རྗེ་འཕྱོང་རྒྱལ་བ་བློ་བཟང་དཔལ་འབྱོར་སོགས་ལ་མཇལ་ཞིང་ཚོགས་ཆེན་དང༌ཤར་རྩེར་ཞུགས། ཆུ་སྤྲེལ་ལོའི་སྨོན་ལམ་ལ་རྒྱལ་དབང་ཕྱག་ན་པདྨོ་ལུང་རྟོགས་རྒྱ་མཚོར་མཇལ། ཏྲེ་བོ་ཆོས་མཛད་དང་མཉམ་དུ་དྲང་ངེས་དང༌། རྣམ་འགྲེལ་གྱི་བགྲོ་གླེང་མཛད་པ་དང༌། དགའ་ལྡན་དང་གསང་ཕུ་སོགས་སུ་བཀའ་པོད་ཆེན་པོ་རྣམས་ལ་དམ་བཅའ་མཛད་ཚེ། ཚིག་དོན་བྱང་ཆུབ་ཅིང་ལན་མྱུར་ཞིང་བརླིང་བས་གཟུར་གནས་མཁས་པ་ཀུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་མཛད། གསང་ཕུའི་དབྱར་ཆོས་ལ་ས་དགུའི་གྲྭ་ཚང་བཅུ་འཚོགས་པའི་དབུས་སུ་བཀའ་བཅུའི་མཚན་རྟགས་མཛད་ཚེ་སྨྲ་བའི་ཉི་མ་མཁས་གྲུབ་ཆོས་ཀྱི་རྗེའི་ཀ་བ་ཐོབ་པས་མ་འོངས་པ་ན་མདོ་སྨད་དུ་ཆོས་སྡེ་དུ་མ་བཏབ་ཏེ་མཁས་དགུའི་གཙུག་བརྒྱན་དུ་འགྱུར་ཞིང་རྗེའི་བསྟན་པ་ལ་བྱ་བ་རྒྱ་ཆེན་ཡོང་བའི་ཕྱིས་འབྱུང་གི་རྟེན་འབྲེལ་རང་འགྲིག་ཏུ་སོང་། ཡང་ཆོས་སྐྱོང་བསྲེ་ཁྲབ་ཅན་གྱི་སྐུ་ཕབས་ཏེ་ལུང་བསྟན་ཞུས་པར། རང་ཅག་སྔོན་སངས་རྒྱས་གསེར་ཐུབ་དུས་ནས་སྨོན་ལམ་གྱི་འབྲེལ་བ་ཟབ་ཕྱིར། ཁྱེད་ཀྱི་འགའ་རྐྱེན་བསལ་མཐུན་དོན་བསྒྲུབ་ཅེས་བའི་གཡར་དམ་ཕུལ། དགུང་ལོ་བཅུ་དྲུག་ཐོག་ཏུ་སེར་སྐྱེ་བླ་མ་ངག་དབང་དཔལ་འབྱོར། སྐུ་གོང་མའི་ཉེ་རིགས་པ་ངག་དབང་གྲགས་པ་སོགས་གྲྭ་སར་ཕེབས་སྟེ་རྗེ་དང་མཉམ་དུ་ཐུགས་གཉེར་མཛད། དེ་ལྟར་ལོ་བཅུ་ཕྲག་ཙམ་ལ་ཚོགས་ཆོས་འགྲིམས་པ་དང་ཡུག་དཔེ་འཛིན་སྐྱོར་འཆད་རྩོད་རྩོམ་གསུམ་དང་དབང་ལུང་ཁྲིད་རྗེས་སོགས་ལེ་ཤོར་མེད་པ་དང་ཞལ་འདོན་བསྙེན་འཚམས་ལ་གཞོལ་བར་མཛད། མདོར་ན་ཐོས་བསམ་དང་ཉམས་བཞེས་ལ་བརྩོན་པ་མཐའ་དག་ཕྱོགས་རེར་མ་སོང་ཆ་ཐམས་ཅད་ནས་ཡོན་ཏན་ཀྱི་རྟོག་པ་མཐར་ཕྱིན་པའི་སྙན་པའི་གྲགས་པ་གནྡྷར་བའི་རྒྱུད་མང་ལས་དྲངས་བའི་བསྟོད་ཚིག་ལ་ཤིན་ཏུ་བརྩོན་པར་གྱུར་། དེ་ནས་མདོ་སྨད་བཀྲ་ཤིས་འཁྱིལ་ནས་འཁོར་ལོ་གསུམ་གྱི་མཛད་བཟང་གོང་དུ་སྤེལ་ཏེ་ཆོས་སྲིད་གང་ཐད་ནས་བརྩོན་པ་མི་དམན་པ་མཛད་པའི་འཁོར་གྱི་གདུལ་བྱ་དབྱར་མཚོ་ལྟར་རྒྱས། དགུང་ལོ་ཉེར་གཉིས་སྟེ་རབ་བྱུང་བཅུ་བཞི་བའི་ལྕགས་འབྲུག་ལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་མདོ་རྒྱུད་རིག་པའི་གནས་ཀྱི་དགའ་ཚལ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གཟུམ་ཆུང་བདེ་ཡངས་སུ། ངེས་པ་དོན་གྱི་ཐུབ་པའི་གདུང་འཚོབ་འདུལ་བ་འཛིན་པ་ཆེན་པོ་རྗེ་གུང་ཐང་བ་བསྟན་པའི་སྒྲོན་མེ་དཔལ་བཟང་བོས་མཁན་སློབ་བསྒྲགས་མ་དང༌། རྗེ་འཇམ་དབྱངས་བཞད་པའི་ཡོངས་འཛིན་སྨྲ་བའི་དབང་ཕྱུག་ལྷ་རམས་པ་བློ་བཟང་ཆོས་འཛིན་གྱིས་གསང་སྟོན། མང་དུ་ཐོས་ཤིང་ཐོས་པ་འཛིན་པའི་མཆོག་དྲུང་ཡིག་སྔགས་རམས་པ་དཀོན་མཆོག་ཀུན་དགས་དུས་གོ་བ། རིག་པའི་དབང་བོ་དཀོན་མཆོག་དཔལ་བཟང་དང་གནས་ལྔའི་མཁས་དབང་མཐུ་སྟོབས་རྒྱལ་མཚན་གཉིས་ནས་ཁ་བསྐོང་མཛད་དེ་གནས་བརྟན་འདུལ་བ་འཛིན་པ་ལྔ་ཚོགས་ཀྱི་དབུས་སུ་སླར་ཡང་དགེ་བསྙེན། རབ་བྱུང༌། དགེ་ཚུལ། བསྙེན་པར་རྫོགས་པའི་སྤོངས་བདུན་ལྷའི་བདུད་རྩིས་རྒྱུད་ཀྱི་བུམ་བཟང་རབ་དུ་གང་བ་གྱུར་ཏོ། སྔགས་རམས་པ་ལས་སྒྲ་ཀ་ལ་བའི་མཚམས་སྦྱོར་ལྔ་བ་ཡན་གསན། མཚམས་རྩ་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ་ལས། སྙན་ངག་མེ་ལོང་མའི་ལེའུ་གཉིས་པ་ཡན་གསན་ཏེ་རྩོམ་རྒྱུགས་ཀྱང་ཕུལ། མཁས་པའི་དབང་ཕྱུག་སྨོན་ལམ་རྒྱ་མཚོ་ལས། སུམ་རྟགས། ངག་དབང་སྐལ་ལྡན་ལས་ས་དཔྱད་བྱེ་མ་བརྡར་སྤུངས་ཀྱི་སྟེང་ནས་ཞིབ་ཁྲིད་གསན། ཀིརྟི་དགེ་བཤེས་བློ་བཟང་བྱམས་པ། ཝ་སྔགས་རམས་པ་བློ་བཟང་ཡོན་ཏན། ཡོངས་འཛིན་ཡེ་ཤེས་ཡར་འཕེལ་གསུམ་ལས་དབང་ལུང་རྗེས་ཁྲིད་སོགས་ཆོས་བཀའ་མང་དུ་གསན་པའི་ཐུགས་རྒྱུད་གསེར་གྱི་བུམ་བཟང་ཡོངས་སུ་གང་བར་བྱས་སོ། །དགོང་ལོ་ཉི་ཤུ་བ་ས་ཕོ་སྟག་སྤྱི་༡༢༡༤ ལོའི་ཧོར་ཟླ་བརྒྱད་པའི་ཚེའི་ཉི་ཤུ་གཉིས་ཉིན་ཐུབ་པའི་གདུང་ཚོབ་འདུལ་འཛིན་པ་ཆེན་པོ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་སྤྱན་སྔར་ཞུ་བ་ནི། བདག་རྒྱ་ནག་རི་བོའི་རྩེ་ལྔ་ལྟ་བུར་སོང་ནས་ཚེ་དང་བསྒྲུབ་པ་སྙོམས་པར་བྱེད་པ་འམ་ཡང་ན་བོད་ཡུལ་དབུས་སུ་སོང་ནས། སློབ་གཉེར་མཐར་ཕྱིན་པ་ཞིག་བྱས་རྗེས་ངེས་མེད་ཀྱིས་རི་ཁྲོད་ཞིག་ཏུ་མི་ཚེ་སྐྱེལ་བ་གང་རིག་ཞིག་བྱ་དགོས་པ་འདུག་པས་དེ་དག་གང་བགྱིས་པ་ཡང་ལེགས་ཚོགས་ཤིན་ཏུ་ཆེ་བ་སོགས་དམ་པ་ཉིད་ཀྱི་གསུང་བཞིན་བྱ་བ་ལས་མེད་པས་གསལ་བོ་བཀའ་བསྩལ་ཏུ་གསོལ་ཞེས་ཞུ་བར་མཛད་པས་རྗེ་བསྟན་པའི་སྒྲོན་མེས་ཞལ་ནས། ཁྱོད་རང་གཅིག་བུས་སློབ་གཉེར་བྱེད་པ་ལས་མཁས་པ་མང་པོ་ཞིག་གིས་ས་སྟེང་ཁྱབ་པར་བྱེད་ཐུབ་ན་ལེགས་པས་ཅིས་ཀྱང་མཚན་ཉིད་ཀྱི་གྲྭ་ཚང་ཞིག་འཛུག་དགོས་ཞེས་གུས་པ་ཆེན་པོའི་འདོམས་པར་མཛད་ཅིང༌། ངེད་ཀྱིས་སེམས་ལ་རྟག་ཏུ་འཛིན་གསུང་ཏེ། གནང་སྐྱེས་ཀྱང་སྤམ་མཐོ་ཕུལ། དེ་ལྟར་ཉིད་ཀྱི་བཀའ་ལུང་ལྟར་ཕྱིར་རང་ཡུལ་དུ་ཕེབས། ལྕགས་འབྲུག་ལོའི་དགུན་ཁ་དགེ་སློང་བློ་བཟང་ཚུལ་ཁྲིམས་སླར་ཡང་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྗེ་གུང་ཐང་རིན་པོ་ཆེར་དགོན་པ་གསར་འདེབས་ཀྱི་བརྟག་ཞུའི་ཕྱིར་ཏུ་བཏང་པ་ལ་དགོན་པ་རྟ་ལུག་གང་རུང་ཞིག་ལ་བཏབ་ན་ལེགས་པའི་བཀའ་ལུང་དང་འབྲེལ་བར་ཚེ་ལྷའི་རི་མོས་བཀྲ་བའི་ཁ་དར་བདུན་དང་ཕྱག་འཕྲེང་བཅས་བསྩལ་ཏེ། རྟེན་འབྲེལ་དང་ཐུགས་སྨོན་རྒྱ་ཆེར་གནང༌། ཆུ་རྟ་ལོའི་དཔྱིད་ཀ་དགོན་པ་གསར་འདེབས་བྱེད་རྒྱུ་ཀུན་ལ་བསྒྲགས། དབྱར་ཁ་དཔལ་ཤུལ་ཁེ་ཐ་ཕྱོགས་སུ་ཕེབས་ནས་འབུལ་བསྡུད་མཛད། རྗེ་གུང་ཐང་འདི་ཕྱོགས་ལ་ཕེབས་ཞོར་དུ་དགོན་ས་འདིར་ཞབས་ཀྱིས་བཅགས། ས་གཞི་བྱིན་གྱིས་རླབས། འདིའི་ལོར་ཨ་མཆོག་ཕྱོགས་ཀྱི་མི་ངན་རེ་གཉིས་ཀྱི་རྒྱ་མིའི་དངོས་པོ་བརྐུས་པར་བསྙད་དེ། གདན་ས་དཀར་ཆེན་དགོན་དུ་རྒྱ་དམག་འོངས་ནས་ཞོར་ལ་དངོས་པོ་གང་ཡོད་རྣམས་བཅོམ་ཁྱེར་བྱས་བར་བཟོད་པའི་གོ་ཆ་བཙན་པོ་བཞེས་ཤིང༌། བརྩོན་ཤུགས་དྲག་པོས་དགོན་པ་གསར་འདེབས་ཀྱིས་ཐུགས་འདུན་བཟློག་མེད་དུ་འཁྲུངས་ནས་ལོ་འཇུག་ཏུ་ཚ་ཁོར་བྱོན། བློ་གླིང་རབ་འབྱམས་པ་དགེ་ལེགས་ཕྱག་ཕྱིར་ཁྲིད་དེ་ཚུལ་བྱོན་ནས་ཟླ་བ་ཕྱེད་གཉིས་ཀྱི་རིང་ལ་རྭ་ཁོག་ཕོ་བྲང་དམར་བོ་ནས་དཔལ་གསང་བ་འདུས་བའི་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དགུང་ལོ་ཉེར་ལྔ་བ་ཆུ་མོ་ལུག་གི་སྤྱི་ལོ་༡༨༢༣ ལོའི་ཟླ་བ་དང་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཞིག་དགེ་སློང་བདུན་ཙམ་རྟེན་འབྲེལ་གྱི་འཚང་ཁ་བྱས་ཏེ་གཅིག་གི་ཡན་ལག་ལ་སྐྱོན་བྱུང་བའི་རྟེན་འབྲེལ་ཤིན་ཏུ་འགྲིག་པའི་དགྱེས་མཉམ་མཛད། སླར་ཡང་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་གཅིག་ས་བཀྲ་དང་ས་དཔྱད་ཤིན་ཏུ་ལེགས་པ་མཆོག་དམན་གྱི་བླ་སེར་དཔོན་ཆེ་ཆུང་མི་སྐྱ་ཕོ་མོས་གུས་ཤིང་བསྐུར་བསྟི་བྱེད་པའི་གནས་སུ་གྱུར་བའི་རྟེན་འབྲེལ་དང༌སའི་དགེ་བཅུ་ཚང་ཞིང་རོང་འབྲོག་གི་ས་འཚམས་ཡིན་པས་སྟབས་འགྲིག་པར་དགོངས་ཏེ། དགོན་པ་གསར་འདེབས་གྱི་རྨང་གཞི་བཙུགས། བིར་ཐོག་དབང་པོ་ཀུན་དགའ་ཆོས་དབྱིངས་ཀྱིས་ཁྱིམ་ཞག་གི་སྒོ་ནས་ལྟོ་འཕྱེའི་ཐིག་བཏབ། དེའི་ཉིན་ཁུ་འཕངས་ཡུན་རིང་བབས་ཏེ་ས་གཞི་ཐམས་ཅད་དཀར་བོར་སོང་བའི་བསྟན་པ་ཐམས་ཅད་དཀར་འཇམ་ཡུག་གཅིག་ཏུ་འགྲོ་བའི་རྟེན་འབྲེལ་རང་འགྲིག་ཏུ་གྱུར། ས་བསྐོ་བའི་ཚེ་ལས་མི་ཀུན་བཟང་ཟེར་བ་ཞིག་གི་ས་འོག་ནས་རྗེ་བཙུན་འཇམ་དཔལ་སྨྲ་བའི་སེངྒའི་སྐུ་དབྱིབས་ཤིན་ཏུ་གསལ་བའི་རྡོ་སྐུ་ཞིག་སྙེད་པ་ཁོང་ལ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་རྟགས་དང་རྟེན་འབྲེལ་གྱི་མཛད་སྒོ་ཡངས་པོར་ཕྱེ། དེ་ཚེ་དགོན་པའི་མཚན་ལ་སྔར་ཁང་དམར་ནང་དུ་སྐར་འཛིན་དང་རྟེན་འབྲེལ་བསྒྲིག་སྐབས་སྒྲོལ་མ་རྣམ་པར་རོལ་བའི་གླིང་ཞེས་བཏགས་ཀྱང༌། འདིའི་སྐབས་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་ཞེས་མཚན་སྤོས། སྐུ་བརྙན་ཏུ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མའི་ས་གཞི་བྱིན་གྱིས་རླབས་པའི་སྐབས་སུ་ཁོང་གི་སྐུ་ནས་ཆད་པའི་རང་བསྲེལ་ཤིག་གནང་བའི་ངེས་ཤེས་དང་དད་པ་ཤུགས་དྲག་པོ་སྐྱེས་ཏེ་བསྟོད་བསྔགས་རྒྱ་ཆེར་མཛད་དེ་སྤྱིའི་རྟེན་གྱི་གཙོ་བོ་མཛད། འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་སོ་གཉིས་བཅས་ཁྱོན་སྡོམས་ཀ་བ་སོ་དྲུག་གི་བཀོད་འདོམས་དང་ལས་མི་ཚ་ཁོ་ནས་སྐུའི་ཁུ་བོ་ང་རོ་ཚངས་དབང་གིས་དད་སྟོབས་མཆོག་ཏུ་རྒྱས་ཤིང་གཏོང་བའི་ཕྱག་རིང་དུ་སྐྱོང་བ་བསོད་ནམས་ཀྱི་གཟི་བྱིན་བླ་ན་འབར་བ་དེ་ཉིད་ཀྱིས་ཤིང་བཟོ། རྡོ་བཟོ་སོགས་ཀྱི་ལས་མི་ལྔ་བཅུ་ཙམ་མངག་རྫོང་མཛད་པའི་ལས་གང་བརྩམས་རྣམས་མཐར་མ་ཕྱིན་གྱི་བར་ཏུ་ལས་མི་སུ་ལ་ཡང་ནད་སོགས་ཀྱི་ཉེར་འཚེ་གཏན་ནས་མེད་པར་མཐར་ཕྱིན་པར་གྱུར། དབྱར་སྟོད་སྐབས་ཨ་མཆོག་གི་འབྲོག་ཁྲོད་དུ་དགོན་པའི་ཆ་རྐྱེན་འཚོལ་བར་བྱིན་ནས་གྲྭ་རྒྱུན་སུམ་ཅུ་ལས་བརྒལ་པ་ཁྲིད་དེ་ཚུར་ཕེབས་ནས། ཧོར་ཟླ་དྲུག་པའི་ཚེས་ལྔ་མཆོག་ཏུ་དགེ་བ་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་ཚང་ཕན་ཚུན་ཞེས་ཉི་ཟླ་ལྟར་གྲགས་པའི་ནང་ཚན་མཁས་མང་བློ་གསལ་གླིང་གི་རིག་པ་སྨྲ་པའི་དབང་ཕྱུག་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཕྱུག་ཅིང་ལམ་གྱི་གཙོ་བོ་རྣམ་གསུམ་དང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བ། རྗེ་བློ་བཟང་བྱམས་པའམ་ཡེ་ཤེས་དར་རྒྱས་ཡོངས་ལ་ཀིརྟི་དགེ་བཤེས་སུ་གྲགས། ངག་དབང་ཚུལ་ཁྲིམས་ཀྱི་དགེ་བསྐོས། བློ་གླིང་ལྷ་རམས་པ་དགེ་ལེགས་བྱང་འདྲེན། བསམ་གཏན་བཟང་པོ་ཆབ་རིལ་བཅས་བསྐོས་། སེ་འབྲས་དགེ་གསུམ་ནས་བྱོན་བའི་དཀའ་རམས་པ་འགའ་རེ་ནས་ཆོས་ཀྱི་བགྲོ་གླེང་མཛད་དེ་འཆད་ཉན་གྱི་དབུ་བཙུགས། དེ་དུས་སུ་དགོན་པའི་ནང་རྟེན་ལ་སྔར་ས་འོག་ནས་སྙེད་པའི་འཇམ་དབྱངས་སྨྲ་པའི་སེངྒེའི་སྐུ་བརྙན་ཁྱད་པར་ཅན་རྟེན་གྱི་གཙོ་བོ་དང་ཁྲི་ཆེན་དཔལ་ལྡན་གྲགས་པའི་དབུ་ཐོད་ལ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་ཕེབས་པའི་ནང་བཞུགས་མཛད་པའི་རྗེའི་གསེར་སྐུ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དང༌། གོང་མ་དགེ་བའི་བཤེས་ཀྱི་སྐུ་གདུང་མཆོད་རྟེན། རྒྱུ་ནི་བླ་མ་བསོད་ནམས་བདེ་ཆེན་དང་ཁུ་འཇོ་འོན་པོས་བཞེངས་པའི་ཇོ་སྐུ་གཉིས། བཀའ་འགྱུར་དང་དགའ་ལྡན་ནས་སྤྱན་དྲངས་པའི་ཆོས་སྐྱོངས་བསྲེ་ཁྲབ་ཅན་གྱི་ཞལ་ཐང་དང་ཞགས་པ་སོགས་རྟེན་ཁྱད་འཕགས| ལོག་རིས་རྣམས་ཀོས་ལྷ་རིས་པ་ཀུན་དགའ་ཆོས་དབྱིངས་ནས་བཞེངས་པ་ཡ་མཚན་ཞིང་ཉམ་ཐོན་པ་ཤ་སྟག་གྲུབ། དེར་མ་འདུས་བའི་རྟེན་གསུམ་མང་བོ་ལ་གཟུངས་འབུལ་རབ་གནས་སོགས་ཚད་ལྡན་ཕྱག་བཞེས་མ་ནོར་བར་བྱིན་འོད་ཀྱིས་འགྲོ་བའི་རྨོངས་མུན་མཐའ་གཅིག་ཏུ་གཞོམས་པའི་རྟེན་གྱི་མཛོད་དུ་གྱུར། དེ་ལྟར་ལུགས་གཉིས་ཀྱི་བྱ་བ་མཐའ་དག་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་ལྟར་གསར་འཛུགས་མཛད། སྤྲེལ་ལོ་ནས་མེ་ཕག་ལོའི་བར་ཏུ་དབང་ལུང་ཁྲིད་གསུམ་གྱི་འཆད་སྤེལ་ཟབ་རྒྱས་གནང་ཞིང་བསྟན་འགྲོར་ཕན་པའི་ཐུགས་སྨོན་ཤུགས་དྲག་མཛད། ཆུ་སྦྲུལ་ནས་གྲུབ་མཐའ་རིས་མེད་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན་ཅིང་སྐལ་ལྡན་བུ་སློབ་མང་བོར་ཆོས་སྤྱིན་དབང་ལུང་ཁྲིད་ཅི་འདོད་དུ་བསྩལ་ཀྱང་རྒྱས་པ་བྲིས་ན་ཚིག་ཉོག་ཏུ་དོགས་ནས་མ་བྲིས། དབང་ལུང་རྗེས་གསུམ་སོགས་འཆད་ཉན་བྱེད་པ་ལ་ཀུན་གཟིགས་ལྔ་བ་ཆེན་མོ་དང་མཚུངས་སོ་ཞེས་གངས་ལྗོངས་མཁས་དབང་ཡོངས་ ཀྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་མཛད་དོ། རྒྱས་པ་མཁྱེན་པ་འདོད་ན་རྣམ་ཐར་དཔག་བསམ་ལྗོན་པ་འཁྲུངས་རབ་དད་པའི་ཆུ་གཏེར་འཕེལ་བའི་ཟླ་ཤེལ་དང་གསན་ཡིག་ཆེན་པོ་པོ་ཏི་གསུམ་ལ་སོགས་པར་གཟིགས་ནས་ཤེས་ པར་བྱའོ། ཆུ་སྟག་ལོར་མགོ་ལོག་ཨ་སྐྱོང་གི་སར་བསམ་འགྲུབ་དགེ་ལྡན་གླིང་གནས་སྤོར་མཛད། ཤིང་འབྲུག་ལོའི་དབྱར་ཁ་ཡང་མགོ་ལོག་ཨ་སྐྱོང་གི་དགོན་བསམ་འགྲུབ་དགེ་ལྡན་གླིང་ནས་ཡོན་ཏན་གཞི་གྱུར་མའི་བཤད་པ་དང་བཅའ་ཡིག་མཛད། ཤིང་སྤྲུལ་ལོ་སླར་ཡང་དགོན་དེར་ཞབས་ཀྱིས་བཅགས་ཤིང་གསོ་སྦྱོང་གི་མདོ་སོགས་འཆད། ཕྱི་ནས་གསོ་སྦྱོང་མ་ཆགས་པར་བྱེད་རྒྱུའི་སྲོལ་བཟང་གསར་ཏུ་བཙུགས། དེ་ལྟར་མདོ་སྔགས་ཀྱི་ཆོས་འཁོར་ཟབ་ཅིང་རྒྱ་ཆེ་བ་ཡུན་རིང་དུ་བསྐོར་བ་ལ་བསྟེན་ནས་གསུངས་ལས་སྐྱེས་པའི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མཐའ་དག་བརྗོད་པར་མི་ནུས་མོད། འོན་ཀྱང་རེགས་ཙམ་གླེང་ན། བཀྲ་ཤིས་འཁྱིལ་གྱི་ཁྲི་ཆེན་བསོད་གྲགས་ཚང་དང། སྨྲ་བའི་དབང་ཕྱུག་དགེ་འདུན་དར་རྒྱས། བཀའ་འགྱུར་བ་དཀོན་མཆོག་བསྟན་འཛིན་དང་དཀོན་མཆོག་ཡེ་ཤེས་མཆོག་ལྡན་གཞན་ཡང་རིག་པའི་དབང་བོ་སྒང་བ་སྤྲུལ་སྐུ་དཀོན་མཆོག་ཡེ་ཤེས་ཆོས་ལྡན། སེར་སྐྱེ་བླ་མ་ངག་དབང་དཔལ་འབྱོར་ཅོ་ནེ་ལྷ་སྲས། ཕྱོགས་བཞི་སྦྲུལ་སྐུ། དཔོན་པོ་དཀོན་མཆོག་རྒྱལ་མཚན་སོགས་འདི་ཕྱོགས་ཀྱི་བླ་མ་སྐུ་སྐྱེས་དཔོན་རིགས། རིག་གནས་མཁྱེན་པའི་མཁས་པ། ཚེ་བློས་བཏང་གི་རི་ཁྲོད་པ་སོགས། ཞྭ་སེར། ས་སྐྱ། བཀའ་རྒྱུད། རྙིང་མ། ཇོ་ནང་སོགས་རིས་མེད་ཀྱིས་གྲུབ་མཐའ་འཛིན་པ་མཐའ་ཀླས་བ་ཡོད་དོ།
དགུང་ལོ་ཞེ་བདུན་ཐོག་( སྤྱི་ལོ༡༨༤༥ ལོ ) ཐན་པས་གདུངས་བའི་ན་ཁོང་གིས་སྟོན་པ་ཉའི་རྒྱལ་བོར་འཁྲུངས་བའི་རྟོག་བརྗོད་གསར་དུ་རྩོམ་པར་མཛད་པའི་དེ་མ་ཐག་ཏུ་ཆར་རྒྱུན་འཕེལ་ཏེ་ལོ་གྲངས་བཅུ་གསུམ་དུ་ཉེས་ཀུན་ཞི་ནས་བཀྲ་ཤིས་པའི་ལོ་ལེགས་བྱུང༌། སྐབས་ཤིག་དུ་རྨི་ལམ་གྱི་ཉམས་སྣང་དུ། སློབ་དཔོན་ཆེན་པོ་ཨབྷྱ་ཀཱ་ར་དང་མཇལ་ནས་ཤེར་ཕྱིན་གནད་ཀྱི་ཟླ་འོད་ཀྱི་ལུང་གསན། སློབ་དཔོན་དེ་དང་མཉམ་མེད་གསེར་གླེང་བ། མགོན་པོ་ཨ་ཏི་ཤ ། སློབ་དཔོན་ཡེ་ཤེས་སྙིང་པོ། གྲུབ་དབང་ཀུ་ཀུ་རི་བ། སློབ་དཔོན་ཀུན་དགའ་སྙིང་པོ་སོགས་པཎ་གྲུབ་དུ་མའི་ཞལ་ལ་མཇལ་ནས་ཟབ་རྒྱས་ཀྱིས་གདམས་པ་མང་དུ་གསན། དབེན་པའི་གནས་མཆོག་བྱམས་པ་གླིང་སོགས་ནས་མྱུར་མཛད་ཡེ་ཤེས་མགོན་པོ་དང། བདུད་མགོན་ཏྲག་ཤད། དུར་ཁྲོད་བདག་པོ་སོགས་ཆོས་སྲུང་གཞི་བདག་དུ་མའི་མངོན་སུམ་ཏུ་ཞལ་གཟིགས། རྣལ་འབྱོར་དབང་ཕྱུག་ཆོས་ཀྱི་རྡོ་རྗེ་ལས་བདེ་མཆོག་གི་དབང་བཞི་རྫོགས་པར་གསན་བཞེས་མཛད་ཚེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་བྱིན་གྱིས་རླབས་པའི་སྣང་བ་ཁྱད་པར་ཅན་བྱུང༌། ཡང་རྨི་ལམ་དག་པའི་རོལ་བར་དཔལ་མགོན་ཞལ་བཞི་བས་གཏིང་ཟབ་ཅིང་རྒྱ་ཆེ་བའི་མཚོ་ཞིག་བསྟན་ཏེ་འདི་ནི་བདེ་མཆོག་གི་བླ་མཚོ་ཡིན་པས་ཁྱེད་ཀྱིས་བདག་གིར་མཛོད་ཅིག་ཅེས་གཏད་པའི་སྣང་བ་ཤར། དེ་ནི་བདེ་མཆོག་གི་ཆོས་འཁོར་ཕྱོགས་མཐར་སྤེལ་བའི་བསྐུལ་མར་དགོངས་ཏེ་བདེ་མཆོག་རབ་འབྱམས་ཀྱི་དབང་རྒྱུན་བླངས་ཤིང༌། བདེ་མཆོག་རབ་འབྱམས་ཀྱི་ཆོག་སྒྲིག་བཀའ་རྩོམ་མཛད། དབང་དང་རྒྱུད་འཆད་པ་སོགས་ཀྱི་སྒོ་ནས་བུ་སློབ་མང་བོར་ཚིམ་པར་མཛད། ས་ཟླའི་ཚེའི་བཅོ་ལྔར་ཐེག་ཆེན་གསོ་སྦྱོང་མཛད་ཚེ་སྙན་ལམ་དུ། རྒྱ་གར་རྡོ་རྗེ་གདན་ནས་དཔག་ཚད་བཅུ་དྲུག་གི་འཚམས་སུ་ཤར་ཕྱོགས་ན་ལི་ཁར་ཤིང་འཕེལ་གྱི་ནགས་ཚལ་ཚང་ཚིང་ཅན་ཡོད་པ་དེར་ཕེབས་ནས་ཡུལ་མི་འགའ་དང་གཏམ་གླེང་བྱས། སྔོན་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མར་གྱུར་ཏེ། མདོ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་གདན་དྲངས་བ་དང༌། དགེ་བཤེས་བསོད་ནམས་དང་སྐུ་མཆེད་དུ་གྱུར་ཏེ་རྒྱལ་བོས་མཆོད་གནས་མཛད་པ་སོགས་རྨི་ལམ་དུ་གསལ་བར་དྲན་པ་དང༌། སྐབས་གཞན་དེ་དུས་ཀྱི་ཉམས་བཞེས་འཕེལ་སྐབས་ཕྲ་བའི་ལུས་བཟུང་ནས་ཤམྦྷ་ལར་ལན་གསུམ་ཕེབས་པའི་དང་བོར། རིགས་ལྡན་རྒྱལ་བོའི་བསོད་ནམས་ཀྱིས་ཁོ་རང་གིས་གྲོང་ཁྱེར་ཙམ་ཡང་མཐོང་མ་ཐུབ། གཉིས་པ་བླ་མ་ལ་གསོལ་བ་བཏབ་པས་གྲོང་ཁྱེར་མཐོང་ཐུབ། གསུམ་པ་ཚོགས་རྒྱ་ཆེན་བསྔོས་པས། རིགས་ལྡན་སྟོབས་པོ་ཆེའི་མདུན་དུ་ཁྲིད་ནས་དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས་གནང༌། འཇམ་དཔལ་མཚན་བརྗོད་ཀྱི་ལུང་བསྩལ། བུམ་པ་བདུད་རྩིའི་ཆུའི་བཀང་བ་ཞིག་གཏད་པ་ལྷག་མེད་དུ་བཏུང་བའི་མོད་ལ་ཐུགས་བདེ་བ་ཆེན་པོས་ངང་དུ་རྒྱུན་རིང་མཉམ་པར་བཞག་བདག་གི་འཁོར་དུ་གྲྭ་ཚང་ཕེབས་ཡོད་པ་སྣང་བ་ལ་ཤར་བས། རིགས་ལྡན་སྟོབས་པོ་ཆེའི་ཞལ་ནས་གྲྭ་ཚང་ད་དུང་ཕེབས་མ་རན། ཁྱོད་ཀྱིས་ཆོས་འཁོར་གང་ན་བསྐོར་ཡོད་གསུངས། འཛམ་གླིང་གི་མཆོག་ཏུ་གྱུར་བ་སྨྲ་བའི་སེངྒེའི་གླིང་ལ་བསྐོར་ཡོད་ཞུས་པས་འཁོར་ལོ་སྡོམ་པའི་རྩ་རྒྱུད་ནས་གསུངས་པའི་ཆོས་འཁོར་བསྐོར་ཚུལ་གསུངས་པས་ཤིན་ཏུ་རྒྱ་ཆེ་བའི་གནད་མང་པོ་གསན། དེ་ལྟར་གསང་བའི་རྣམ་ཐར་ལས། ཧེ་རུ་ཀ་དང་དུས་ཀྱི་འཁོར་ལོ་ཡི།། ལྷ་ཡི་རྣལ་འབྱོར་ཟབ་མོ་ཉམས་བཞེས་སྐབས།། ཡིད་ལུས་བཟུང་ནས་བྱང་ཕྱོགས་ཤམྦྷ་ལར།། ལན་གསུམ་བྱོན་ནས་སྣོད་བཅུད་བཀོད་པར་གཟིགས།། དེ་ཚེ་རིགས་ལྡན་མཆོག་གི་དུས་འཁོར་ལོའི། དབང་བསྐུར་མཚན་བརྗོད་ལུང་བསྩལ་བདུད་རྩིས།། བཀང་བའི་བུམ་ཆུ་ལྷག་མེད་བཏུང་བའི་མོད།། བདེ་ཆེན་ངང་དུ་རྒྱུན་རིང་མཉམ་པར་བཞག། །ཅེས་གསུངས་པ་ལྟར།
ཁོང་རིན་པོ་ཆེ་ནས་བརྒྱུད་པའི་དུས་འཁོར་གྱི་དབང་དང་མཚན་བརྗོད་ཀྱི་ལུང་ལ་བྱིན་རླབས་ཉེར་བརྒྱུད་རེ་ཡོད་ཟེར་བ་རྒྱུ་མཚན་འདི་ལ་ཐུག དེའི་སྐབས་སུ་རིགས་ལྡན་སྟོབས་པོ་ཆེའི་དབུ་ན་གདུགས་སྔོ་སྐྱ་ཞིག་ཡོད་དེ་དཔེར་བྱས་ནས་སྨྲ་སེང་གླིང་གི་བྱམས་པ་གླིང་བསྐོར་ལ་གདུགས་མཆོག་འདི་ཉིད་ད་ལྟ་ཡང་ཐུན་མིན་དུ་ཡོད། དེ་ལྟ་བུའི་རིགས་ལྡན་སྟོབས་པོ་ཆེའི་གསུང་དང༌། ཁོང་གི་ཉམས་སྣང་ལ་དཔག་སྟེ་སྣང་བ་མཐའ་ཡས་ཀྱི་སྤྲུལ་བ་པཎ་ཆེན་རིན་པོ་ཆེ་ལ་འབྲེལ་ཚད་ཤམྦྷ་ལར་སྐྱེས་པའི་སྐྱབས་ཞུས་མཛད་ཚེ། པཎ་ཆེན་རིན་པོ་ཆེས་དུས་འཁོར་སྡོམ་ཆེན་ཀྱི་སྒྲུབ་མཆོད་ཚུགས་ན་ཁོང་གི་ཐུགས་བཞེད་ལྟར་འགྲུབ་ཅེས་གསུངས། ཕྱི་རབས་གདུལ་བྱ་རྣམས་ཀྱིས་དད་གུས་མ་ལོག་པ་དང༌། སྨོན་ལམ་རྣམ་པར་དག་པའི་འཚམས་སྦྱར་ན་ཤམྦྷ་ལར་སྐྱེ་བར་བླ་མའི་ཐུགས་སྨོན་གྱི་དབང་གི་དཀའ་ཚེགས་མེད་གསུངས་སོ།། བརྩམ་ཆོས་ཀྱང་བདེ་མཆོག་རམས་འབྱམས་པོ་ཏི་གཉིས། གསན་ཡིག་ཆེན་པོ་པོ་ཏི་གསུམ། སྙན་འགྲེལ་འདོད་འཇོ། སྙན་ངག་གི་དཔེ་བརྗོད་སུམ་རྟགས། སྡེབ་སྦྱོར་བཅས་པོ་ཏི་གཅིག་རྗེ་གུང་ཐང་བསྟན་པའི་རྒྱ་མཚོའི་རྣམ་པར་ཐར་བ་དང་སྦྱར་བའི་ཕར་ཕྱིན་ཀུན་བཟང་ཞིང་གི་ཉི་མ། དགེ་འདུན་ཉི་ཤུ་ཚུགས་བཅད་མ། བློ་རྟག་བསྒྲགས་མ། གསང་འདུས་འཇམ་པའི་རྡོ་རྗེ་སྒྲུབ་ཐབས་རྒྱས་བསྡུས་གཉིས། དུས་འཁོར་སྡོམ་ཆེན་གྱི་སྒྲུབ་ཐབས་རྒྱས་བསྡུས་གཉིས། ཀུན་རིག་གི་དཀའ་གནས་བཤད་པ། ཐོར་བའི་རིགས་ཀྱི་པོ་ཏི་གཅིག གཞན་ཡང་ད་ལྟ་མཐོང་སྣང་དུ་མེད་པ། སངས་རྒྱས་ཀྱི་བསྟོད་པ་བརྒྱ་དང་བརྒྱད་ཅུ་བ། སྟོན་པ་ཉའི་རྒྱལ་བོར་འཁྲུངས་པའི་རྟོགས་བརྗོད། ཕྱག་ཆེན་སོགས་ཀྱི་གསུང་རྒྱུན་ཟིན་བྲིས། ལྷ་དང་བླ་མའི་བསྟོད་ཚིགས་སོགས་མང་བོ་ཡོད་ཀྱང་ད་ལྟ་འཐོར་ཞིག་ཏུ་སོང༌། དེ་ལྟར་རྗེ་བླ་མ་འདི་ཉིད་ནི་སྐུ་གཞོན་ནུའི་དུས་ནས་ཐུགས་ངེས་འབྱུང་གིས་བསམ་པའི་རྒྱུད་བརླན་ཞིང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང༌། བཤེས་གཉེན་མཁས་བའི་ཚོགས་དུ་མ་ཞིག་ལས། སྒྲ་དང་སྡེབ་སྦྱོར། སྙན་ངག་མངོན་བརྗོད་སུམ་རྟག་རྩིས་རིགས་བཟོ་གནས་སྤྱི་དང༌། དཀྱིལ་འཁོར་བྲི་ཐིག་ཡིག་རིགས་ཐ་ན་ས་དཔྱད་བརྟག་པ་ཚུན་གྱི་རིག་གནས་མཐའ་དག་དང་། ལྷག་པར་ཚད་མ་རིག་པ་དང༌། ནང་དོན་རིག་པ་སྟེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཚིག་དོན་ཕྲ་ཞིབ་མཐའ་དག་ལ་ཞིབ་ཏུ་སྦྱངས་ནས། ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་འདྲེས་པར་ཐུགས་སུ་ཆུད་པར་མཛད་དེ་གནས་ལྔ་རིག་པའི་པཎ་ཊི་ཏ་ཆེན་པོའི་གོ་འཕང་བརྙེས། ཞྭ་སེར་རིང་ལུགས་གཙོ་བོར་གྱུར་བའི་ས་སྐྱ། བཀའ་བརྒྱུད། རྙིང་མ་ཇོ་ནང་སོགས་གྲུབ་མཐའ་རེས་མེད་ཀྱི་དབང་ལུང་རྗེས་གནང༌། ཁྲིད་དང་མན་ངག་སོགས་ཀྱི་རྒྱུན་ཁུངས་དག་པར་བཞུགས་པ་ཐམས་ཅད་འབད་པ་ཆེན་པོས་བཙལ་ནས། གཞན་ལ་ཡང་སྤེལ་གང་ཐུབ་མཛད་པས། དུས་འདིར་རྒྱུད་སྡེ་རབ་འབྱམས་ཀྱི་དབང་སོགས་ཀྱི་གསན་རྒྱ་ཡང་མདོ་དབུས་གཙང་གསུམ་སོགས་ཀྱི་ཡུལ་གྲུ་གང་དུ་བྱིན་ཀྱང་ཐོས་གསན་རྒྱ་ཆེ་བ་འདི་འདྲ་མེད་ཅེས་གཟུར་གནས་དཔྱོད་ལྡན་ཀུན་གྱིས་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཚུལ་མཚུངས་སོ་ཞེས་བསྔགས་བརྗོད་ཀྱི་སིལ་མ་ཕྱོགས་བཅུར་འཐོར། མེ་རྟའི་ལོའི་སྟོན་ཁར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་གུང༌ཐང་ནང་ཆེན་དུ་བཞུགས་ཏེ་རྒྱ་མཚོའི་གླིང་ནས་ནོར་བུ་ལོན་པའི་དེད་དཔོན་རང་ཡུལ་ལ་ཐོན་པ་བཞིན། རྗེ་ཉིད་ཀྱི་གདུལ་བྱ་ཡོངས་སུ་རྫོགས་ཤིང་བཞེད་དགུ་མ་ལུས་གྲུབ་སྟེ་གདུལ་བྱ་རྟགས་འཛིན་ཅན་དུ་མ་ཞིག་སྐྱོ་གདུང་གི་འདུལ་བར་འོས་བའི་ཕན་པར་དགོངས་ཏེ་དགུང་ལོ་ཞེ་དགུ་སྟེ་རབ་བྱུང་༡༤ བའི་མེ་ལུག་སྤྱི་ལོ་༡༨༤༧ ལོའི་བོད་ཟླ་༡ ཚེས་༦ གི་ཐོ་རེངས་སྟག་གི་དུས་སུ་སྟོང་བ་གསུམ་རིམ་གྱིས་བསྡུས་ཏེ་སྟོང་བ་ཆོས་སྐུའི་དོན་དམ་མངོན་དུ་མཛད་དེ་གཟུགས་ཀྱི་བཀོད་པ་བརྗེ་ཚུལ་བསྟན་ཏོ།
སླར་ཡང་བརྩེ་ཆེན་དང་བོའི་སྐྱ་རེངས་ཀྱིས།། ལེགས་དྲངས་སྤྲུལ་བའི་རོལ་གར་ཉིན་མོའི་མགོན།། བསྐལ་བཟང་གདུལ་བྱ་པདྨའི་མཛེས་རྒྱན་དུ།། བསྟན་པའི་མཁའ་ལ་མྱུར་ཏུ་འཆར་བར་མཛོད།། དེ་ཡང་སྐུ་ཕྲེང་བཅོ་ལྔ་བ་མཁས་དབང་བྱེ་བའི་གཙུག་ནོར་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ནི། གངས་ལྗོངས་བོད་ཀྱི་ཡུལ་ལས་མདོ་སྨད་ལྷོ་རྒྱུད་སུམ་རྩེན་དགེ་མཚན་དཔལ་གྱི་དོ་ཟླར་ཤར་བ་ཚ་བ་རོང་གི་སོ་འཚམས་ཛཱ་ཏིའི་དྲི་བསུང་ཡོངས་སུ་འཐུལ་བའི་ཡུལ་གྲུ། བསིལ་བའི་ཚལ་གཉིས་པ་ཞེས་དཔལ་ལྡན་མགོན་པོའི་གནས་མཆོག་དགེ་བཅུའི་མཚན་མ་འབུམ་དང་ལྡན་པ་དེར་འཇམ་མགོན་བླ་མའི་རིང་ལུགས་གསེར་ཞུན་སྣང་བའི་ཡོངས་སུ་ཁྱབ་པའི་གནས་རྙིང་། རྗེ་བླ་མའི་དངོས་སློབ་ཚ་ཁོ་ངག་དབང་གྲགས་པ་དང་རོང་ཆེན་ལྗགས་ནག་པ་ཟུང་གིས་ཕྱག་འདེབས་མཛད་པའི་གསང་ཆེན་རིག་འཛིན་འདུས་པའི་ཆོས་སྡེ་ཆེན་པོ་ཨེ་ཝཾ་བདེ་ལྡན་གླིང་གི་ཉེ་འདབས་སུ། སྔོན་བྱོན་དམ་བ་མང་བོས་བྱིན་གྱིས་རླབས་པའི་གནས་མཆོག་སུ་རིགས་རུས་རྣམ་པར་དག་ཅིང་དཔལ་རྩལ་ཆེ་ཞིང་སྨྲ་བརྗོད་བདེ་བ། རིག་པ་གྲུང་ཞིང་ཆོས་དད་ཆེ་བའི་སྐྱེས་བུ་དམ་པ་ཡབ་བསོད་ནམས་ནོར་བུ་ནི་རྗེ་འདིའི་ཡབ་དང༌། ཡུམ་སྐྱིད་མོ་མཚོ་ཞེས་པ་སེམས་རྒྱུད་བཟང་ཞིང་ཕྱི་ཐག་རིང་བ་བུད་མེད་ཀྱི་སྐྱོན་དང་བྲལ་ཞིང་ཡོན་ཏན་བརྒྱད་དང༌ལྡན་པ། དེ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་སྣ་ཚོགས་དང་བཅས་ཏེ། རབ་བྱུང་བཅུ་བཞི་བའི་བགྲང་བྱ་ཞེ་གསུམ་བ་ས་མོ་བྱ་ཡི་ལོར་སྐུ་བལྟམས། སྤྱི་ལོ་༡༨༤༩ ཀུན་མཁྱེན་སྐུ་ཕྲེང་གསུམ་པ་རྗེ་འཇིགས་མེད་རྒྱ་མཚོས་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུ་འཁྲུལ་མེད་དུ་ཐུགས་ཐག་བཅད། ཁོང་སྐུ་ན་ཕྲ་བའི་དུས་ནས་བྱིས་པ་གཞན་གྱི་སྤྱོད་པ་ལས་རྣམ་པར་ལྡོག་ཅིང་རྒན་ལ་བཀུར་ཞིང་གུས་པ་བྱེད་པ་སེར་སྐྱ་ཕོ་མོ་རྒན་གཞོན་ཀུན་གྱིས་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཡིན། རྒྱུན་པར་འཛུམ་གྱིས་ལྟ་ཞིང་དལ་གྱི་འགྲོ་ལ་ལྷོད་ཀྱི་བཤད་པའི་བྱིས་པའི་སྐྱོན་རྣམས་ཡོངས་སུ་བྲལ་ཏེ་དམ་པའི་རང་རྟགས་གསལ་བར་བསྟན། རིམ་གྱིས་ནར་སོན་ཏེ་གནས་བརྟན་ཆོས་གྲགས་ཀློག་གི་སློབ་དཔོན་དུ་བསྐོས་ཤིང་ཕྲལ་སྦྱོར་གྱི་ཀློག་གཟབ་གཅར་བསླབ་པའི་ལྗགས་ལུང་ཙམ་ནས་འདོན་ཀློག་ཐོག་མེད་དུ་གྱུར་བར་མ་ཟད་སྒྲ་དག་ཅིང་སྨྲ་བརྗོད་བདེ་བའི་ཀུན་ཀྱིས་ཉན་སྤྲོ་བོ་ཞིག་ཏུ་གྱུར་། དགུང་ལོ་བདུན་པ་ཤིང་ཡོས་ལོའི་ལྷ་བབས་དུས་ཆེན་ལ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་མི་འཇིགས་གདུང་ལྔས་བཏེགས་བའི་གསེར་གྱི་ཁྲི་ལ་མངའ་གསོལ་མཛད་དེ་ཡངས་བའི་ས་འདི་མགོན་དང་བཅས་པར་གྱུར། དེ་ནས་ཤར་རྩེའི་མཁན་ཟུར་བློ་བཟང་འབྱུང་གནས་ཀྱི་དྲུང་ནས་རབ་བྱུང་བསྒྲུབས་ཏེ་མཚན་ཡང་བློ་བཟང་མཁྱེན་རབ་རྒྱ་མཚོ་གསོལ། དེ་ནས་བྱ་བྲལ་དགེ་འདུན་ཡར་འཕེལ་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་རྣམ་གཉིས་ཡོངས་འཛིན་དུ་བསྟེན་དེ་རྒྱན་འཇུག་ཆོས་སྤྱོད་སོགས་ལ་གཤིས་ཕྱིན་པར་བསླབ། དགུང་ལོ་བཅུ་གསུམ་པ་ལྕགས་མོ་བྱའི་ལོར་སྐུ་ཞིང་ངག་དབང་ཆོས་འཕེལ་གྱི་དྲུང་ནས་སླར་ཡང་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་རྣམ་དག་བླངས། དགའ་ལྡན་ལྷ་བརྒྱ་མ་དང་ལམ་གཙོའི་ཁྲིད་ཀྱང་གསན། དེ་ནས་བཟུང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་ཚོགས་ཆོས་འགྲིམས་ཏེ་ཕྱག་ལེན་འདོན་རྟ་དབྱངས་སོགས་ངེས་བར་བྱས། དགེ་བཤེས་དཀོན་མཆོག་མཐུ་སྟོབས་སློབ་དཔོན་དུ་བསྟེན་དེ་བསྡུས་གྲྭ་བློ་རྟག་སོགས་ལ་ཐུགས་བརྩོན་རྒྱ་ཆེར་གནང་། འགྲེལ་བ་དོན་གསལ་སོགས་གཞུང་ཆེན་དུ་མ་ཐུགས་འཛིན་གནང་། དགུང་ལོ་བཅུ་བདུན་པ་ཤིང་མོ་གླང་གི་ལོར་དབུས་གཙང་ཆོས་ཀྱི་ཞིང་དུ་དམ་ཆོས་ཀྱི་བགོ་སྐལ་བཞེས་པར་ཕེབས། སེར་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་རྒྱུད་གྲྭ་སྟོད་སྨད་སོགས་ལ་མཇལ་ཞིང་མིང་ཇ་གྲྭ་ཇ་ཚོམ་ཇ་སྐུ་འགྱེད་སོགས་བསྙེན་བཀུར་རྒྱ་ཆེར་མཛད་དེ། བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་ཚད་མེད་གནང་ཞིང་དགའ་ལྡན་སོག་པ་ཁང་ཚན་དང་ཤར་རྩེར་གཞུང་སར་ནས་ཞུགས་ཏེ་རིག་ཆུང་ཚོགས་གླེང་གནང་རྒྱལ་བ་འཕྲིན་ལས་རྒྱ་མཚོ་དང་པཎ་ཆེན་བསྟན་པའི་དབང་ཕྱུག་རྣམ་གཉིས་ལ་མཇལ། ཁྲི་ཆེན་ངག་དབང་ནོར་བུ་ལ་མཇལ་སྐབས་ཕྱག་རིས་ལ་གཟིགས་ནས་སྐུ་ཚེ་རིང་བའི་ལུང་བསྟན་མཛད། དེ་ལྟར་དབུས་ལྗོངས་ཀྱི་རྟེན་གསུམ་མ་ལུས་བར་མཇལ་ནས་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ཇི་སྲིད་ལྷུན་པོའི་ཆུ་གཏེར་རྣམ་བཞིའི་སྐ་རགས་མ་གྲོལ་གྱི་བར་ཏུ་དར་རྒྱས་སུ་འགྲོ་བའི་ཐུགས་སྨོན་ཡང་དག་པར་གནང༌། ཞིང་ཁམས་དེ་ནས་གཞུང་ལུགས་ལ་ཐོས་བསམ་རྒྱུན་རིང་བྱེད་རྒྱུའི་ཐུགས་འདུན་ཆེ་ཡང༌། ཡུལ་མི་རྣམས་ཀྱིས་རང་ཡུལ་དུ་ཕེབས་པར་ཡང་ཡང་བསྐུལ་བའི་མདོ་སྨད་སྨྲ་བའི་སེང་གེའི་གླིང་དུ་ཕྱིར་ཕེབས། ཕྱི་ནས་དགེ་བཤེས་བློ་བཟང་དར་རྒྱས་དང་བློ་བཟང་དབྱངས་སྙན་ཚུལ་ཁྲིམས་གྲགས་པ། སོགས་གཞུང་ལུགས་སྨྲ་བ་དུ་མའི་མཚན་ཉིད་ཞབས་ཞུ་བསྒྲུབས་ཏེ་གཞུང་བཀའ་པོད་ལྔ་ལ་བརྩོན་པ་ལྷོད་མེད་མཛད་པའི་མཁས་པའི་གོ་འཕང་མངོན་དུ་བྱས། དགེ་རྒན་དཀོན་མཆོག་སེང་གེ་ལས་ལས་བཞིའི་ཐབ་ཐིག་དང་དཀྱིལ་འཁོར་སྣ་ཚོགས་ཀྱི་ཐིག་རྩ་ཀུན་རིག་གི་ཕྱག་རྒྱ་ལྟ་གོན་དབང་གི་ཕྱག་ལེན་སོགས་ཕྲ་ཞིང་ཞིབ་པ་སྦྱངས། རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་ལས་མི་ཏྲ་བརྒྱ་རྩ། རྡོ་རྗེ་འཕྲེང་བ། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས། འདུས་བ་ལུགས་གཉིས། ལི་ནག་དྲིལ་གསུམ་གྱི་བདེ་མཆོག་རྔོག་དཀྱིལ་བདུན་དང་སྦྱོང་རྒྱུད་བཅུ་གཉིས། རྒྱུད་སྡེ་རྣམ་བཞིའི་སྤྱི་བཀའ་དང་ཟུར་བཀའ། གསང་སྔགས་སྔ་འགྱུར་གྱི་རྒྱུད་སྡེ་མང་བོ་གསན། གཞན་ཡང་རིན་འབྱུང་བརྒྱ་རྩ། མགོན་ཆེན་བཅུ་གསུམ་རྣམ་སྲས་བཀའ་བཅོ་ལྔ། མགོན་པོ་རྣམ་འགྱུར་བཅུ་བདུན་ཆོས་རྒྱལ་ཕྱི་ནང་གསང་གསུམ་སོགས་སྤྱི་སྒོས་ཀྱི་རྗེས་གནང་བགྲང་ལས་འདས་པ་གནང༌། ། ལམ་རིམ་ཆེ་ཆུང་བདེ་ལམ་མྱུར་ལམ་བློ་སྦྱོང་སྣ་ཚོགས་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས། དབུ་མའི་ལྟ་ཁྲིད། སྐུ་ཞིང་རིན་པོ་ཆེ་ཉིད་ཀྱི་གསུང་འབུམ་ཆ་ཚང་དང་གཞན་གྱི་གསུངས་འབུམ་ཐོར་བུ་སོགས་དབང་རྗེས་གནང་ཁྲིད་ལུང་མཐའ་ཡས་བ་གསན་ཏེ་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་གྱུར། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པ་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར།། དེ་ཕྱིར་གཞན་དག་ཚར་གཅོད་རྗེས་བཟུང་བྱ་ཕྱིར་དང༌། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།། ཞེས་གསུངས་པ་ལྟར། རིག་གནས་རྣམས་ལ་གསན་སྦྱངས་ཞིག་བྱེད་དགོས་དགོངས་ནས་ལོ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས། འཁོན་དཀོན་མཆོག་རྒྱལ་བོ། དཀར་པོ་རྣམ་གསུམ་དང་དམར་པོ་རྣམ་གཉིས་སོགས་ལས་རིམ་པར་བརྒྱུད་པའི་གསང་ཆོས་འཛིན་པ་ཚར་ཆེན་བློ་གསལ་རྒྱ་མཚོ་སོགས་ས་སྐྱའི་ཆོས་རྒྱུན་འཛིན་པ་ལྔ་རིག་སྨྲ་བའི་དབང་པོ་སྟེ། རང་རྣམ་མི་དབང་གཙུག་རྒྱན་ལས། གསལ་སྟོང་འཛིན་མེད་ལྟ་བའི་གདེངས་ཀ་ཅན།། ལྔ་རིག་ནོར་བུའི་མཛོད་ལ་དབང་འབྱོར་བ།། སློབ་བཤད་རྒྱུད་འཛིན་དཀོན་མཆོག་བློ་གྲོས་ཞབས།། ས་ཆེན་པཎྜི་ཏ་དང་འབྱེད་ཆོས་བྲལ།། ཞེས་གསུངས་པ་ལྟར་ས་ཆེན་པཎྜི་ཏ་གཉིས་པ་ས་སྒང་སྤྲུལ་བའི་སྐུ་དཀོན་མཆོག་བློ་གྲོས་ལས་སྒྲ་རིག་པའི་བསྟན་བཅོས་གསན་ཏེ་མཚན་དབྱངས་ཅན་བཞད་པའི་རྡོ་རྗེ་བསྩལ། སྙན་ངག་གི་རྩ་བ་དང་འགྲེལ་བ་མང་བོ་དང་བཅས་ཏེ་ཞིབ་ཁྲིད་མཛད། དཔེར་བརྗོད་ཀྱི་རྩོམ་རྒྱུགས་ཕུལ་བའི་གཟེངས་བསྟོད་མཛད། གཞན་ཡང་སྡེབ་སྦྱོར་དང་རྩིས་དཀར་ནག་སུམ་རྟགས་ལཉྩ་ཝརྟི་ཡིག་དཀར་ནག་སོགས་ཀྱི་ཡིག་རིག་འབྲི་བ་སོགས་ལ་སྦྱང་བརྩོན་མི་དམན་པ་མཛད་པའི་རིག་པའི་དབང་ཕྱུག་ཏུ་གྱུར། གཞན་ཡང་དགེ་བཤེས་བསམ་གཏན་རྒྱ་མཚོ་ལས་སུམ་རྟགས་རྩ་འགྲེལ་སྨན་གཞུང་གསོ་རིགས་སོགས་རྒྱུད་བཞི་དང་མན་ངག་ལྷན་ཐབས། མན་ངག་བཀའ་བརྒྱ་མ། ཤེལ་གོང་ཕྲེང་སོགས་གཞུང་མང་བོར་དཔྱད་གཟིགས་རྣམ་དག་མཛད་ཅིང་ཚིག་ཐང་བསྡུས་ཐང་ཕྱེ་མ་རིལ་བུ་སྔོ་སྦྱོར་སོགས་སྨན་གྱི་སྦྱོར་བ་ཐུགས་ལ་ངེས་པར་བྱས། གཞན་ཡང་རིམ་ལྔ་གསལ་སྒྲོན་སྔགས་རིམ་ཆེན་མོ་བསྐྱེད་རྫོགས་ཕལ་མོ་ཆེ། ཀུན་རིག་ཊཱིཀ་ཆེན་བྱ་རྒྱུད་དོན་གསལ་སོགས་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་གཉིས་པ་ལྕགས་རྟ་ལོའི་ཟླ་དང་བོའི་ཚེས་བཅུ་གཅིག་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གདན་དྲངས་སྟེ་རྟ་མགྲིན་སེང་དབྱུག་ཅན་གྱི་དབང་ཞུས། ལོ་དེར་སྐུ་ཞིང་རྡོ་རྗེ་འཆང་གིས་གཙོས་གྲྭ་མང་ལ་འཇིགས་བྱེད་དཔའ་གཅིག་གི་དབང་གནང་སྟེ་གདུལ་བྱ་མཐའ་དག་ལ་དབང་བསྐུར་རྒྱུའི་དབུ་ཚུགས། རྗེས་ནས་བསྟན་འཛིན་བྱེ་བའི་གཙུག་རྒྱན་ཨ་རིག་རྭ་རྒྱ་དགོན་གྱི་སྐུ་ཕྱོགས་ཤིང་བཟའ་རྡོ་རྗེ་འཆང༌། བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་སྡེ་འདིར་སྤྱན་དྲངས་ཏེ་རྟ་མགྲིན་ཡང་གསང་གི་དབང་བཞི་བསྐུར་ཞིང༌། སྐུ་མདུན་རིན་པོ་ཆེ་དང་བླ་སྤྲུལ་ཉུང་ཤས་ལ་རྡོ་རྗེ་འཇིགས་བྱེད་བསྙེན་ཆེན་གྱི་ཁྲིད་དང་ལུང་གནང༌། བྱ་མེའི་ཨ་སྐྱིད་སོགས་སུ་ཕེབས་དུས་ཕྱག་འཕྲིན་འབྲི་བ་སོགས་ཀྱི་བྱ་བ་བསྒྲུབ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་དང་སྣར་ཐང་བརྒྱ་རྩ། རྣམ་སྲས་བཀའ་བཅོ་ལྔ་དུས་འཁོར་དབང་ཆེན་སོགས་ཀྱི་དབང་གནང་ཞིང་གཞན་ལ་སྤེལ་རྒྱུའི་བཀའ་ཡང་བསྩལ། ཤིང་ཁྱིའི་ལོར་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་སྒྲུབ་སྡེ་དང་བཅས་ལ་རྒྱལ་བ་བསོད་ནམས་རྒྱ་མཚོའི་ལམ་ཁྲིད་གསེར་གྱི་ཡང་ཞུན་གྱི་ཁྲིད་ཉིན་གསུམ་ལ་རྒྱས་པར་གནང༌། དགུང་ལོ་ཉེར་བདུན་པ་ཤིང་ཕག་ལོར་བཀྲ་ཤིས་འཁྱིལ་ནས། སྙན་རྒྱུད་གདམས་པའི་གཏེར་མཛོད་འདུལ་བ་འབུམ་སྡེའི་མངའ་བདག་ རྗེ་ཤེས་རབ་རྒྱ་མཚོས་མཁན་སློབ་སྦྲགས་མ་དང༌། རིག་སྨྲ་བྱེ་བའི་གཙུག་རྒྱན་ཅོ་ནེ་དགེ་འདུན་དཔལ་བཟང་བོས་གསང་སྟོན། དགེ་བའི་བཤེས་གཉེན་ཆེན་པོ་མཛོད་དགེ་འཇམ་དབྱངས་ཀྱིས་དུས་གོ་བ། དགེ་བཤེས་སྦྱིན་པ་དང་བསྟན་འཛིན་གཉིས་ཀྱིས་ལས་ཀྱི་ཁ་བསྐོང་མཛད་དེ། དགེ་སྙེན་ནས་བསྙེན་རྫོགས་བར་ཀྱི་བསླབ་སྡོམ་ཡང་དག་པ་བསྩལ་དེ་མཚན་ཡང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཞེས་གསོལ། ཁོང་གི་སྟོན་པའི་སྐུ་བརྙན་རྒྱུ་མཚན་དང་བཅས་ཏེ་གནང༌། དེ་ལ་རྒྱུ་མཚན་ཞེས་པ་གསང་རྣམ་ཡིན་པའི་འདིར་མ་བྲིས། ཚུལ་ལམ་སང་ཚང་སྨྱུང་གནས་པར་མཇལ་ཏེ་ཕན་ཚུན་ཆོས་འབྲེལ་བཞག་སྨྱུང་གནས་པའི་དབུ་ཞྭ་གནང་ཏེ་ཐུགས་སྨོན་རྣམ་པར་དག་པ་གནང་། དགུང་ལོ་ཉེར་དགུ་བར་མེ་གླང་ལོར་མཁའ་སྤྱོད་རྩེར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་སྦྱོར་དངོས་འཇུག་གསུམ་ཚད་ལྡན་གྲུབ་པར་བྱས་པའི་མཚན་ཕུད་ཀྱི་ཞག་གཅིག་ནང་མཆོད་ཕྱུར་བུར་གཏམ་པའི་ནུས་པ་ཁྱད་པར་ཅན་བྱུང་ཞིང་དཀར་ཆེན་ཆོས་རྒྱལ་ལ་ཤངས་ཁྲག་བྱུང་བ་སོགས་དངོས་གྲུབ་བརྙེས་པའི་རྟགས་མཚན་མང་བོར་བྱུང༌། རྒྱུད་སྡེ་རྣམ་བཞིའི་བསྙེན་སྒྲུབ་ལ་ཡང་བཞུགས་ནས་ངོམས་ཆོས་སླ་ཆོས་སུ་མ་སོང་བར་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཐའ་འཁྱོལ་བར་མཛད་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་མ་ཚང་བ་མེད་པའི་ཐུགས་རྒྱུད་བདུད་རྩིའི་ཡོངས་སུ་གང་བར་མཛད། དེ་དང་བསྟུན་ནས་ལྷག་ལྷ་མང་བོའི་སྙེན་འཚམས་ལ་ཡང་ཡང་བཞུགས་ནས་བསྒྲུབ་པ་མཐའ་འཁྱོལ་པ་བྱས། འཇམ་མགོན་བསྟན་པའི་མངའ་བདག་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་སྐུ་བར་བ་ནས་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་དང༌། མགོན་པོའི་གཏོར་ཆེན་གྱི་ཆོ་གའི་ལུང་དང་མན་ངག་སོགས་ཐོབ། ཐེ་བོ་མཆོག་སྤྲུལ་མཁྱེན་རབ་མཚན་ཅན་ལས་ཚེ་དབང་དང་ཞལ་བཞི་བའི་རྗེས་གནང་སོགས་ཐོབ། གྲོ་ཚང་རྡོ་རྗེ་འཆང་ནས་ཉིད་སོགས་ཉུང་བསྡུས་ལ་གསང་བ་ལས་ཀྱང་ཆེས་གསང་བ་མཁས་གྲུབ་ཐམས་ཅད་མཁྱེན་པའི་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཇིགས་བྱེད་འཕྲུལ་འཁོར་གྱི་གདམས་ངག་འཁྲུལ་བ་མེད་པ་ཡིག་ཆུང་བྲི་བསྒྲུབ་ལུང་དང་བཅས་བ་གསན། ལོ་དེར་གུང་ཐང་བསྟན་པའི་ཉི་མ་གདན་དྲངས་སྟེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཞུས། མཐར་སྐུ་མདུན་རིན་པོ་ཆེའི་མཎྜལ་བཤད་པ་གནང་ཞིང་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་དེ་མཐར་གནས་སེམས་ཅན་ཐམས་ཅན་བརྩེ་བ་ཆེན་པོའི་རྣམ་ཀུན་རྗེས་སུ་འཛིན་དགོས་ཞེས་སྐྱབས་འཇུག་གནད་སྨིན་ཕུལ། དགུང་ལོ་སོ་གསུམ་པ་ལྕགས་སྦྲུལ་ལོར་སྐུ་ཞང་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་སྐུ་སྙུང་ཚུལ་བསྟན་པའི་སྙུང་གཡོག་བརྟན་བཞུགས་ཞབས་རིམ་མང་དུ་བསྒྲུབས་ཀྱང་མ་ཟློག་པར་གཟུགས་སྐུའི་བཀོད་པ་བསྡུ་ཚུལ་མཛད་པའི་གདུང་བཅོས་དང་མཆོག་ཁྲུས་མཆོག་སྲེགས་སོགས་གཞུང་དང་མཐུན་པར་ཟབ་རྒྱས་མཛད། ཤིང་སྤྲེལ་ལོ་ལ་ཤིང་བཟའ་རྡོ་རྗེ་འཆང་གིས་མཆོག་སྤྲུལ་ངོས་འཛིན་གནང་ཏེ་རྒྱུ་ཚེགས་ཀུན་ལ་མ་འཛེམས་པར་གསེར་ཁྲི་ལ་མངའ་གསོལ་མཛད། རྒྱ་ནག་མཁན་པོ་ཡེ་ཤེས་ཆོས་ལྡན་ལས་དུས་འཁོར་སྡོམ་ཆེན་གྱི་དབང་དང་བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་གསན། །ཤིང་རྟའི་ལོ་དེར་རྭ་རྒྱའི་སྤྲུལ་སྐུ་ལས་བདེ་མཆོག་འཇམ་རྡོར་དང་མཁའ་སྤྱོད་མའི་སྤྱི་དཀྱིལ་ལུས་དཀྱིལ་གྱི་བྱིན་རླབས་སོགས་གནང༌། མེ་བྱར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་ལྟར་རྔ་སྟོད་སྒོ་མང་སྒར་གྱི་ཁྲི་བ་བཟུང་སྟེ་ཆོས་སྲིད་གཉིས་ཀྱིས་བསྐྱངས། ཆུ་སྟག་ལོར་ཇོ་ནང་བ་འབྲོག་དགེ་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་སོགས་བླ་སྤྲུལ་མང་བོས་ཞུས་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་རྒྱས་པ་གནང༌། སྐུ་ཞང་མཆོག་སྤྲུལ་ཚང་དང་འདུས་སྡེ་ལ་གསང་བདེ་འཇིགས་གསུམ་ཀུན་རིག་སོགས་དབང་རྗེས་གནང་ལུང་མན་ངག་སོགས་མཐའ་ཀླས་པར་གནང་། བྱང་ཕྱོགས་བསྟན་པའི་མངའ་བདག་རྭ་ཁོའི་ཧུ་ཐོག་ཐུ་དང་གྲྭ་མང་ལ་བདེ་མཆོག་རབ་འབྱམས་དུས་འཁོར་སྡོམ་ཆེན་མཁའ་འགྲོ་སྙན་རྒྱུད་ཕག་མོ་དམར་ཆུང༌། སྟག་ཕུའི་ཆོས་སྐོར་སོགས་དབང་ལུང་མང་བོ་དང་སྐུ་གོང་མ་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ནས་ལུང་མང་བོ། ཟླ་བ་ཁ་ཤེས་རིང་ལ་གནང་། ཡང་ཀུན་མཁྱེན་རིན་པོ་ཆེས་བཀའ་གསུངས་བབས་པར་ལྟར་བུ་རྒྱས་རབ་འབྱམས་པ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་ཕེབས་ནས་སྐུ་མདུན་རིན་པོ་ཆེའི་མདུན་སར་བདེ་མཆོག་རབ་འབྱམས་རྔོག་དཀྱིལ་བདུན་གུར་ཞལ་གྱི་རྗེས་གནང་སོགས་གསན། ཡང་ཞར་ཤུལ་ཚང་སྐུ་འཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱལ་མཚན་འདུས་སྡེ་བཅས་ལ་རྔོག་དཀྱིལ་བདུན་དུས་འཁོར་སྡོམ་ཆེན་ཕག་མོ་སེར་མོ། འཇམ་རྡོར་རྣམས་ཀྱི་དབང་དང་རྗེས་གནང༌། བྱམས་ཁང་སྤྲུལ་སྐུ་དང་གྲྭ་མང་ལ་བདེ་མཆོག་གསང་འདུས་འཇམ་རྡོར་ཕག་མོ་དམར་ཆུང་འཇམ་དཀར་གྱི་རྗེས་གནང༌། མཚན་སྒྲོགས་སྤྲུལ་སྐུ་སོགས་ཁ་ཤེས་ལ་ཁམས་གསུམ་རྣམ་རྒྱལ་གྱི་འཁྲུལ་འཁོར་ལུང་ཁྲིད་ལག་ལེན་དང་བཅས་པ་གནང༌། སྐྱབས་མགོན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ་ལ། མེ་དྲི་བཅུ་གསུམ་དང༌ཡང་གསང་ལྷ་དགུ། འཆི་མེད་དཔལ་སྟེར། འཆི་མེད་རྡོ་རྗེ་སྲོག་ཤིང་གི་ཚེ་དབང་གསང་བ་རྒྱ་ཅན་ལས་བྱུང་བའི་དམག་ཟོར་མ། ལས་བཞིའི་ལྷ་མོའི་རྗེས་གནང་སོགས་ཕུལ། ལྕགས་གླང་ལོར་སྐྱབས་རྗེ་ཉིད་ཀྱི་བཀའ་བཞིན་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་དབང་ལུང་རྗེས་ཁྲིད་སོགས་མང་བོ་སྤེལ། མེ་ལུག་ལོར་ཀུན་མཁྱེན་རིན་པོ་ཆེ་གདན་དྲངས་སྟེ་ཆོས་སྦྱིན་འཛད་མེད་གནང༌། ས་བྱའི་ལོར་ཀུན་མཁྱེན་དབུས་གཙང་དུ་ཕེབས་པར་སྐྱེལ་རྫོངས་མཛད། ལྕགས་ཕག་ལོར་གུང་ཐང་རིན་པོ་ཆེ་གདན་འདྲེན་ཞུས་པས་རྒྱུད་སྡེ་བཞིའི་མཚོན་པའི་དབང་ལུང་མང་བོ་གནང་། ལོ་དེར་དམ་པ་གོང་མའི་ཐུགས་བཞེད་སྐོང་ཕྱིར་དུ་འཇིགས་བྱེད་གྲྭ་ཚང་མཁས་གྲུབ་ནོར་བུའི་གླིང་གསར་དུ་བཙུགས། ཤིང་སྟག་ལོར་སླར་ཡང་བཀྲ་ཤིས་འཁྱིལ་དུ་ཕེབས་དེ་སྐྱབས་རྗེ་རིན་པོ་ཆེ་ལ་དྲིལ་བུ་བའི་ལུགས་ཀྱི་དབང་བཞི་གནང༌། ཀུན་མཁྱེན་རིན་པོ་ཆེའི་བཀའ་ལྟར་གཞན་ལ་སྤེལ་ཐུབ་པའི་སྐྱེས་བུ་ཆེན་པོ་དགེ་བཤེས་བསོད་ནམས་གྲགས་པ་སོགས་བླ་སྤྲུལ་བཅུ་ལྷག་ལ་མེ་དྲི་བཅུ་གསུམ།ཝ་བ་བཅུ་གསུམ། མཁའ་འགྲོ་རྒྱ་མཚོ་སོགས་དབང་རྒྱུན་ཆེས་དཀོན་པ་མང་པོ་སྤེལ། གཞན་ཡང་ཨ་ལགས་བླ་ཁོ་རིན་པོ་ཆེ་སོགས་ལ་བདེ་མཆོག་རབ་འབྱམས་དབང་ཆེན་བཅོ་བརྒྱད་ལས་བརྒྱད་ཙམ་དུས་འཁོར་སྡོམ་ཆེན་རྒྱུ་ལུས་དབང་མོ་ཆེ། མེ་དྲི་བཅུ་གསུམ་བདེ་མཆོག་འཇམ་རྡོར། མཁའ་འགྲོ་རྒྱ་མཚོའི་དབང་གི་དག་སྣང་སྒྲོལ་མའི་བྱིན་རླབས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་སྒྲ་མི་སྙན་གྱི་ཚེ་དབང་སོགས་ཆོས་རྒྱུན་དཀོན་པའི་དབང་རྗེས་གནང་མང་བོ་གནང༌། ཤིང་ཡོས་ལོར་སྐྱབས་རྗེ་རིན་པོ་ཆེ་སླར་ཡང་སྨྲ་སེང་གླིང་དུ་ཕེབས་ཏེ་དབང་ལུང་གི་བདུད་རྩི་མང་བོ་བསྩལ། མེ་འབྲུག་ལོར་ཀུན་མཁྱེན་རིན་པོ་ཆེ་སྐུ་ཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་གི་གདུལ་བྱ་རེ་ཞིག་རྫོགས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན་པ་ན། བཀྲ་ཤིས་འཁྱིལ་གྱི་ལས་སྣ་རྣམས་ཀྱིས་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་མཛད་ནས་འཇིགས་བྱེད་བདག་འཇུག་མཆོག་ཁྲུས་མཆོག་སྲེགས་སོགས་ལ་ལྷུར་ལེན་གདུངས་བའི་བརྩོན་ཏེ། སྲི་ཞི་བླ་མེད་མཛད། འདིའི་སྐབས་བདེ་མཆོག་རབ་འབྱམས་ཁྲོད་ནས་སྔར་མ་སོང་བའི་དབང་བཅུ་ལྷག་ཡོད་པ་ཚང་མ་གནང་དེ་དབང་རྒྱུན་བདུད་རྩིའི་བྲན་པར་བྱས། དགོངས་རྫོགས་སྐབས་གདོང་ཞལ་ཁྱེད་ལ་འཁོར་འདུག་ཞུས་པར་ང་ལ་འཁོར་པ་མིན་ལི་ཐང་ལ་གཟིགས་འདུག་ཅེས་སྤྲུལ་སྐུ་འཁྲུངས་ཡུལ་ལུང་བསྟན། ལྕགས་སྤྲེལ་ལོར་ཀུན་མཁྱེན་ཡང་སྤྲུལ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མི་འཇིགས་ཆོས་ཀྱི་ཁྲི་ལ་མངའ་གསོལ་མཛད་སྐབས་དགའ་སྟོན་རྟེན་འབྲེལ་དུ་བཀྲ་ཤིས་དུང་དཀར་གཡས་འཁྱིལ་གྱི་མཚོན་པའི་དགའ་སྟོན་ཕུལ། ལྕགས་བྱའི་ལོ་ཧོར་ཟླ་གཉིས་པའི་ཚེས་མགོར་སླར་ཡང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུས་པ་ལྟར་ཕྱག་ཕེབས་མཛད་ནས་མཆོག་སྤྲུལ་རིན་པོ་ཆེ་ལ་རྗེ་ཤེས་རབ་རྒྱ་མཚོའི་ཕྱག་བཞེས་བཞིན་དུ་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ། མཁན་ཆེན་ཞི་བ་མཚོའི་སྤྱན་དྲངས་པའི་ལྷ་སའི་ཇོ་བོ་དང་དབྱེར་མ་མཆིས་པ་ད་ལྟའི་འབུམ་སྟོད་ཇོ་བའི་སྐུ་བརྙན་གྱི་དྲུང་དུ། ཉེར་སྤྱོད་ཀྱི་མཆོད་པ་གཡས་གཡོན་དུ་མེ་ལོང་འོད་འབར་བ་གཉིས་བཤམས། སྐུ་མདུན་རིན་པོ་ཆེ་ཉིད་ནས་མཁན་སློབ་སྦྲག་མ་དང་ཚོགས་ཆེན་ཁྲི་བ་མཚོ་ཁ་བ་བསྐལ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་དང་ཡོངས་རྫོགས་བསྟན་པའི་མངའ་བདག་བླ་ཁོའི་བླ་སར་སྤྲུལ་བའི་སྐུ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ། འདུལ་བ་འབུམ་སྡེའི་མངའ་བདག་གུང་ཐང་བློ་གྲོས་པ་དང་ཀུན་མཁྱེན་བླ་མ་ལྔ་བའི་ཡོངས་འཛིན་རིན་པོ་ཆེ་གྲགས་པ་རྒྱ་མཚོ་བཅས་ཀྱི་ལས་གྲལ་མཛད་དེ་དགེ་བསྙེན་རབ་བྱུང༌དཀྱུས་གཅིག་ཏུ་བསྒྲུབ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌རྒྱན་འཇུག་གཉིས། སྨོན་ལམ་ཆོས་སྤྱོད་སོགས་ཀྱི་ལུང་། འཇིགས་བྱེད་དཔའ་གཅིག་གི་དབང་དང་ལྷག་ལྷ་དུ་མའི་རྗེས་གནང༌། ལམ་རིམ་ཆེན་མོའི་དབུ་ནས་བཤད་པ་ཉུང་ཤས་བཅས་གནང༌། ཤིང་གླིང་ལོར་སྨྲ་སེང་གླིང་ནས་གསུང་ཆོས་ལ་སྐྱེས་རབས་སྐྱབས་ཁྲིད་བསྟན་འབར་མའི་བཤད་པ་སོགས་གནང་། ལོ་དེར་བསྒྲུབ་བྱ་ཉིས་སྟོང་ཙམ་ལ་བསྙེན་རྫོགས་དང་དགེ་ཚུལ་དགེ་བསྙེན་ཕ་མ་བསྙེན་གནས་ཐེག་ཆེན་གསོ་སྦྱོང་སོགས་ཀྱི་སྡོམ་རྒྱུན་སྤེལ། དེ་ནས་ལུང་དཀར་དགོན་དང་ཚོ་བདུན་དགོན་ཁ་ཤུལ་སྒར། ཐང་སྐོར་སེར་སྡེ་དམུ་དགེ་དགོན་ས་སྒང་དགོན་མཚན་སྒྲོགས་དགོན་སོགས་དང་མཆོག་རྩེ་ཨ་ཁམས་སོགས་གྲོང་སྡེ་མང་བོར་ཕེབས་བཞུགས་མཛད་ནས་དབང་དང་རྗེས་གནང་མཐའ་ཀླས་པ་བསྩལ། དགུང་ལོ་ང་གཅིག་ནས་བཟུང་ལོར་ལྟར་རྒྱུན་ཆགས་སུ་དགུན་དཔྱིད་ཟླ་དྲུག་ལྷག་ཏུ་བཅད་རྒྱ་དམ་པོ་མཛད་ནས་བཟླས་བརྗོད་སོགས་གསང་སྔགས་ཟབ་མོའི་ཉམས་ལེན་ལ་འབད་ཚུལ་ནི་བརྗོད་པའི་ཡུལ་ལས་འདས་སོ།།
དེ་ལྟར་བྱ་བ་ཐམས་ཅད་བསྟན་དོན་དང་མཛད་པ་ཐམས་ཅད་དོན་ལྡན་བྱས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་སོ་སོར་སྤེལ་ཅིང་སྣོད་ལྡན་གདུལ་བྱ་མང་བོར་དམ་ཆོས་བདུད་རྩིའི་རྒྱུན་གྱིས་སྐུ་བཞིའི་ས་བོན་མངོན་དུ་བསྐྲུན་པར་མཛད། དགུང་ལོ་དོན་བརྒྱད་པ་མེ་སྟག་ལོར་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་སླར་ཡང་སྨྲ་སེང་གླིང་དུ་ཕེབས་ནས་ཆོས་བཀའ་མང་བོ་བསྩལ། སྐུ་མདུན་རིན་པོ་ཆེས་ཀྱང་གྲྭ་ཚང་ལ་ཚེ་དབང་སོགས་བསྩལ། རྣམ་གཉིས་ཀྱིས་ཕན་ཚུན་ཞབས་པད་ཡུན་དུ་བཞུགས་ནས་བསྟན་དང་འགྲོ་བའི་དོན་མཛད་དགོས་ཞེས་རེས་མོས་སུ་གསོལ་བ་ནན་དུ་བཏབ། དགུང་ལོ་དོན་དགུ་བར་མེ་ཡོས་ལ་སྐུ་ཞང་སྤྲུལ་སྐུ་འཇམ་དབྱངས་ཆོས་གྲགས་ཀྱིས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ཕྱག་བཞི་བ་མི་འཁྲིགས་པ་དང་རིགས་ལྡན་དྲག་པོ་སྨན་བླའི་སྐུ་བརྙན་སོགས་ལུས་ཚད་ལས་མི་ཆུང་བ་གསེར་ཟངས་ལས་གྲུབ་པ་བླ་བྲང་བཀྲ་ཤིས་འཁྱིལ་ནས་གདན་དྲངས་སྟེ་སྐུ་མདུན་རིན་པོ་ཆེ་ལ་ཕུལ་ཞིང་རྟེན་ཁང་བཞེངས། དགུང་ལོ་གྱ་གཅིག་བ་ས་སྦྲུལ་ལོར་རྭ་རྒྱའི་ཤིང་བཟའ་བོང་སྟག་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་ཡང་ཆེད་གཉེར་དུ་སྐུ་མདུན་རིན་པོ་ཆེ་ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོར་མཇལ་ཕྱིར་ཕེབས་སྟེ་གྲྭ་ཚང་ལ་དབང་གནང། སྐུ་མདུན་རིན་པོ་ཆེ་ནས་བསེྭ་ཁྲབ་ཅན་དང་ཙེའུ་དམར་གཉིས་ཀྱི་སྲོག་གཏད་དང༌གཟིགས་སྣང་སྒྲོལ་མ་སོགས་ལུང་འགའ་རེ་ཕུལ་ནས་ཆོས་འབྲེལ་བཞག དེའི་སྟོན་དུས་རྨ་ཆུའི་ཚལ་དུ་ཕེབས་ནས་སྐུ་མདུན་རིན་པོ་ཆེའི་གཡས་མདུན་དུ་ལྕང་ལུང་པཎ་ཊི་ཏའི་གསུང་འབུམ་བརྩེགས་ནས་སྐུ་མཆོག་གསེར་གྱི་ལང་ཚོ་སྐུ་པར་ཏུ་བཏབ་པ་ད་ལྟ་ཡང་མཐོང་སྣང་དུ་ཡོད་པ་དེའོ།།
ལོ་དེར་ཁྲི་སྙིང་སྤྲུལ་བའི་སྐུ་ཚུལ་ཁྲིམས་ཡར་འཕེལ་སོགས་བསྒྲུབ་བྱ་བརྒྱ་ལྷག་ལ་དགེ་བསྙེན་ནས་བསྙེན་རྫོགས་བར་གྱི་བསླབ་གཞི་ཡོངས་རྫོགས་གནང༌། དགུང་ལོ་གྱ་གཉིས་པ་ལྕགས་རྟའི་ལོར་སང་ཚང་སྤྲུལ་བའི་སྐུ་འཇམ་དབྱངས་ཚོགས་གཉིས་རྒྱ་མཚོ་སོགས་བླ་སྤྲུལ་དཔོན་འབངས་བགྲང་ལས་འདས་བར་ཐུགས་རྗེ་ཆེན་པོའི་དབང་དང་ཚེ་དབང་སོགས་བསྩལ། ལོ་དེར་མགོ་ལོག་ཕྱོགས་སུ་ཕེབས་བཞུགས་མཛད་སྐབས་ཀུན་མཁྱེན་རིན་པོ་ཆེ་ཡང་དེར་ཕེབས་ནས་མཇལ་དར་རྩེ་སྤྲོད་བྱས། སྐུ་མདུན་རིན་པོ་ཆེ་ནས་ཀུན་མཁྱེན་མཆོག་དང་ཡོངས་འཛིན་རིན་པོ་ཆེ་དང་སོ་མང་མཆོག་སྤྲུལ་བཅས་ཉུང་བསྡུས་ལ་བཀའ་རྒྱ་དམ་པོར་གནང་སྟེ། ཉེ་འཁོར་གྱི་ཕྱོགས་འཚམས་ཀུན་དུ་ཐོ་དང་སྲུང་མ་བཞག་ནས་རྟག་ལུང་ནས་ཁམས་གསུམ་རྣམ་པར་རྒྱལ་པའི་སྟེང་ནས་འཇིགས་བྱེད་འཁྲུལ་འཁོར་ཟབ་ཁྲིད་དཀྱིལ་འཁོར་བྲི་བསྒྲུབ་དབྱངས་གསལ་བཀོད་ཐབས་ལིངྒ་བྲི་བ་དང་བསད་བསྐྲད་རེངས་རྨོངས་སོགས་ཀྱི་དམིགས་བསྐྱེད་ལག་ལེན་གྱི་ལུང་དང་མན་ངག་ཐམས་ཅད་མ་ལུས་བར་གནང་སྟེ་བསྟན་དགྲའི་གཤེད་མ་རིང་གྲོལ་དུ་གྱུར་བར་མཛད། རྗེས་ནས་ཀུན་མཁྱེན་རིན་པོ་ཆེ་སྨྲ་སེང་གླིང་དུ་ཕེབས་ནས་གྲྭ་མང་ལ་ཚེ་དབང་གི་གདམས་པ་གནང་སྟེ་ཆོས་ལྡན་གྱི་བྱ་བར་ཞུགས་པའི་སྣོད་ལྡན་མང་བོའི་སྲོག་ལ་དབང་འབྱོར་བ་མཛད། དགུང་ལོ་གྱ་གསུམ་པ་ལྕགས་ལུག་ལོར་སེ་འབྲས་དགེ་གསུམ་ལ་རྒྱ་དངུལ་རྡོ་ཚད་བགྲང་ལས་འདས་པའི་སྙེད་བཀུར་བྱས་ནས་འབྲེལ་ཚད་དོན་ལྡན་བྱས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་བའི་ཕྱིར་ཏུ་ཆོས་སྲིད་ཀྱི་འབད་པ་ཚད་ལས་གཞོལ་བ་བྱས། ལོ་དེར་མཚེ་སྤྲུལ་བའི་སྐུ་སོགས་བསྒྲུབ་བྱ་བརྒྱ་ལྷག་ལ་བསྙེན་རྫོགས་བསྒྲུབ་ནས་བསླབ་གཞི་རྣམ་དག་ལ་བཀོད། དགུང་ལོ་གྱ་བཞི་བ་ཆུ་སྤྲེལ་ལོར་ཁོང་གི་ཐུགས་ལ་མདོ་སྔགས་ཟུང་འབྲེལ་བྱེད་པ་སྔགས་ཀྱི་འཆད་ཉན་ལ་རགས་ལས་ཡོད་དགོངས་ནས་གཞུང་ལུགས་རབ་འབྱམས་སྨྲ་བ་ཥ་ཚང་སྤྲུལ་བའི་སྐུ་དཀོན་མཆོག་རྒྱ་མཚོ་ལ་བཀའ་ཕབས་ཏེ་སྔགས་ཀྱི་དམ་བཅའི་འཇིགས་པར་ཐོག་མར་རྟེན་འབྲེལ་ཏུ་ཁྱེད་རང་དམ་བཅའ་ལ་བཞུགས་དགོས་གསུངས་པ་བཞིན་དམ་བཅའ་ལ་བཞུགས་པའི་སྔགས་ཀྱིས་རྩོད་པ་ནམ་ཕྱེད་བར་དུ་གནང་ཞིང་ལན་ཐོག་མེད་དུ་གནང་བའི་སྐུ་མདུན་རིན་པོ་ཆེའི་ཐུགས་ཟིན་ངེས་ཀྱི་དགྱེས་ཉམས་ཆེན་པོ་མཛད། དམ་བཅའི་ཉིན་ཐོག་མ་དགེ་བཤེས་བསྟན་དར་དམ་བཅའ་ལ་ཕེབས་སྐབས་ལམ་ནས་གསང་སྔགས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག་ཅེས་པའི་ཡེ་གེ་ཞིག་ཕྱག་ཏུ་རྙེད་པའི་སྐུ་མདུན་དུ་ཕུལ་བའི་རྟག་དང་རྟེན་འབྲེལ་གྱི་མཛད་སྒོ་ཕུན་སུམ་ཚོགས་པར་གྱུར། ལོ་དེར་ཀུན་མཁྱེན་རིན་པོ་ཆེའི་ཐུགས་བཀོད་ལྟར་བསངས་ཁོག་འཇིགས་མེད་རྒྱ་མཚོ་ལ་ཀུན་མཁྱེན་འཇིགས་མེད་དབང་བོའི་མི་ཏྲ་རྡོར་འཕྲེང་སོགས་ཀྱི་དཀྱིལ་འཁོར་རུས་བརྒྱན་སོགས་ཡོ་བྱད་མ་ཚང་བ་མེད་པ་དང་བཅས་སྨྲ་སེང་གླིང་དུ་མངགས་ནས་གྲྭ་ཚང་ལ་མི་ཏྲ་རྡོར་འཕྲེང༌། མགོན་ཆེན་བཅུ་གསུམ། སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར། སྦས་དོན་ཀུན་གསལ་གྱི་ལུང༌། སྔགས་སྤྱིའི་དཔེ་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། འཇིགས་བྱེད་དཔའ་ཅིག་གི་བསྐྱེད་རིམ་ཡོངས་རྫོགས་ཀྱི་ཁྲིད། སླར་ཡང་མི་ཏྲའི་དབང་དྲུག་ཅུ་རྩ་བཞི་སོགས་ཆ་ཚང་གནང་ཏེ་མཐར་བླ་མ་མཆོད་པའི་ཚོགས་མཆོད་ཀྱང་མཛད། སྐུ་མདུན་རིན་པོ་ཆེ་ནས་དགེ་བཤེས་ཚང་ལ་གཤེན་རྗེ་རབ་འབྱམས་ནང་ནས་ཁྲོ་མོ་བརྒྱད་བསྐོར་གྱི་དབང་བསྩལ། དགེ་བཤེས་ཚང་ཕེབས་ཁར་སྐུ་མདུན་རིན་པོ་ཆེས་རྗེས་སོར་ཡང་གླིང་འདིར་ཞབས་ཀྱི་བཅག་ཏེ་རིན་འབྱུང་བརྒྱ་རྩ་སོགས་དང་སྤྱི་བཀའ་ཟུར་བཀའི་དབང་སོགས་གནང་དགོས་ཞེས་བསྐུལ་ཚེ་དགྱེས་བཞིན་ཞལ་བཞེས་མཛད་ལོ་དེར་ལུང་རིག་སྨྲ་བའི་དབང་བོ་གཞུ་ཤུབས་སྤྲུལ་བའི་སྐུ་འཇམ་དབྱངས་བསྟན་པའི་རྒྱ་མཚོ་སོགས་བསྒྲུབ་བྱ་བརྒྱ་ལྷག་ལ་དགེ་བསྙེན་ནས་བསྙེན་རྫོགས་བར་གྱི་བསླབ་གཞི་གཞུང་དང་མཐུན་པར་གནང༌། དགེ་སློང་བློ་བཟང་བཟོད་པ་སོགས་འགའ་ཞིག་ལ་བདེ་མཆོག་བསྙེན་ཆེན་གྱི་སྐོར་སོགས་ཆ་ཚང་གནང༌། ད་ཚང་མཆོག་རྩེ་སོགས་སུ་ཕེབས་ཏེ་ཆོས་བཀའ་མང་དུ་བསྩལ། མགོ་ལོག་ཁང་གསར་རྙིང་གི་དགོན་སོགས་སུ་ཕེབས་ནས་དབང་ལུང་གི་བདུད་རྩི་མཐའ་ཀླས་བ་བསྩལ། དགུང་ལོ་གྱ་ལྔ་བ་ཆུ་བྱའི་ལོ་བསྒྲུབ་བྱ་ལྔ་བཅུ་ཙམ་ལ་བསྙེན་པར་རྫོགས་ཏེ་བསླབ་གཞི་ཡོངས་རྫོགས་ལ་བཀོད། དགུང་ལོ་གྱ་དྲུག་པ་ཤིང་ཁྱིའི་ལོར་གཙུག་ལག་ཁང་ཡང་བསྐྱར་རྒྱ་བསྐྱེད་ཀྱི་ཐུགས་ཁུར་བཞེས་ནས་ལེགས་གྲུབ་བྱུང༌། དགུང་ལོ་གྱ་བདུན་པ་ཤིང་ཕག་ལོར་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོའི་ཞུས་པ་ལྟར་གཤིན་རྗེ་རབ་འབྱམས་ཀྱི་ནང་ཚན་ཁྲོ་མོ་བརྒྱད་བསྐོར་གྱི་དབང་གནང༌། གུང་ཐང་རིན་པོ་ཆེ་ཚང་ནས་གྲྭ་ཚང་ལ་ཚེ་དབང་སོགས་བསྩལ། རྣམ་གཉིས་ཀྱིས་ཕན་ཚུན་ཞབས་པད་བརྟན་དགོས་ཞེས་གསུང་མོལ་གནང་། འདིའི་ལོར་རྒྱ་དམག་འོངས་ཏེ་རྨ་ཆུའི་འགྲམ་དུ་བཞུགས་དགོས་པ་བྱུང༌། དེའི་སྐབས་སུ་སྐུ་མདུན་རིན་པོ་ཆེས་བུ་སློབ་འགའ་ལ། སྐྱིད་ཀྱང་མི་འཁེངས་དཀོན་མཆོག་དྲིན་དུ་བལྟ།། སྡུག་ཀྱང་མི་ཞུམ་སྔོན་གྱི་ལས་སུ་བལྟ།། ཞེས་སོགས་ལས་འབྲས་ལ་ཡིད་ཆེས་ཀྱི་ཕྱིར་ཏུ་གསུང་ཟབ་མོ་བྱུང༌། གུང་ཐང་རིན་པོ་ཆེ་ཚང་ནས་སྒྲོལ་དཀར་གྱི་གསེར་སྐུ་མི་ཚད་ལས་མཐོ་བ་ཞིག་དང་བཙུར་མགོ་ཟུང་ཞིག་ཕུལ། དགུན་ཆོས་ལ་སྔར་རྒྱུན་ལྟར་འཚོགས་ཐུབ་པ་བྱུང༌། སང་ཚང་དང་ཁོང་རྣམ་གཉིས་རྨ་ཆུའི་ཚལ་དུ་དགུན་བཞུགས་གནང་། ཕྱི་ལོར་དགོན་དུ་ཕེབས་ནས་གྲྭ་ཚང་གིས་གསེར་ཞལ་ལ་མཇལ་བའི་དགའ་དད་སྤྲོ་གསུམ་གྱི་ཁེངས་བར་གྱུར། དགུང་ལོ་གྱ་བརྒྱད་པ་མེ་བྱི་ལོར། སླར་ཡང་རྒྱ་དམག་འོངས་ནས་འབྲོས་དགོས་བྱུང་ཀྱང་མཆོག་གསུམ་ཐུགས་རྗེའི་མཐུ་ལས་མྱུར་ཏུ་ལྷན་འཛོམས་བྱུང༌། འདིའི་ལོར་བྱམས་མེའི་སང་ཚང་སྤྲུལ་བའི་སྐུ་རིན་པོ་ཆེའི་གདུལ་བྱ་རྫོགས་ནས་གཟུགས་སྐུའི་བཀོད་པ་རྗེ་ཚུལ་མཛད་པར། སྐུ་མདུན་རིན་པོ་ཆེ་གདན་དྲངས། དེ་ནས་བྱམས་མེ་བླ་དཔོན་སོགས་ཀྱི་ཇ་ཞུས་ལ་ཕེབས་ཏེ་གསུང་ཆོས་བཀའ་ལུང་མང་དུ་བསྩལ། དེ་ནས་སོག་ཚང་དགོན་དུ་ཕེབས་ནས་འཇིགས་བྱེད་ཞི་བའི་སྦྱིན་སྲེག་དང་དྲུག་ཅུ་མ་ཞིག་བསྔོས། ཤ་ཟ་ཧོར་མོའི་སྲོག་གཏད་དང་ཤམ་བྷ་ལའི་སྨོན་ལམ་སོགས་ཀྱི་ལུང་གནང༌། འདིའི་དུས་སུ་སྟག་ཚ་སྤྲུལ་བའི་སྐུ་ལ་དགེ་ཚུལ་བསྒྲུབས་ཏེ་བསྟན་པ་འཛིན་པའི་སྐྱེས་མཆོག་ཏུ་དབང་བར་བྱས། །དགུང་ལོ་གྱ་དགུ་བ་མེ་གླང་ལོར། རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་གཉིས་བླུས་ཏེ་རབ་གནས་སོགས་གནང་། ལོ་དེར་མཁན་སློབ་དགེ་འདུན་གྲངས་ཚང་དང་བཅས་ཏེ་ཕ་མཐའ་སྤྲུལ་བའི་སྐུ་རིན་པོ་ཆེ་སོགས་བསྒྲུབ་བྱ་བརྒྱ་ལྷག་བསྙེན་པར་རྫོགས་ནས་བསླབ་གཞི་ཡོངས་རྫོགས་ལ་བཀོད། དེ་ནས་མཆོག་རྩེའི་ཕྱོགས་དང་ཚོ་བདུན་དགོན་དང་ཉིད་ཀྱི་སྐུ་ཡུལ་ཀིརྟིའི་རོང་དགོན་དང་གཞན་ཨ་ཁམས་ཕྱོགས་སུ་ཕེབས་བཞུགས་མཛད་ནས་འདོད་ཆོས་ལྟར་ཆོས་བཀའ་མང་བོ་གནང༌། དེའི་སྐབས་ཨ་ཁམས་ཡུལ་གྱི་སྐྱེས་ལྷ་གཉེན་ཆེན་དགྲ་ལྷའི་རྒྱལ་བོ་གསར་དུ་བཞུགས་གསོལ་བྱས་ནས་བསང་མཆོད་ཀྱང་གསར་རྩོམ་མཛད། ཟླ་བ་དྲུག་པའི་ནང་སླར་ཡང་བསང་ཁོག་དགེ་བཤེས་འཇིགས་མེད་རྒྱ་མཚོ་རིན་པོ་ཆེ་སྨྲ་སེང་གླིང་དུ་ཕེབས་ནས་བསྡུས་གྲྭ་དང་དབུ་མ་འདུལ་བའི་དཔེ་ཁྲིད་གནང་ཞིང་རིན་འབྱུང་བརྒྱ་ཆུ་དང་གཤིན་རྗེ་རབ་འབྱམས། སྒྲུབ་ཐབ་རྒྱ་མཚོ། འགྲེལ་བ་བཞི་བསྒྲགས་སོགས་དབང་ལུང་རྗེས་ཁྲིད་ཀྱི་བཀའ་དྲིན་བསྩལ། སྐུ་མདུན་རིན་པོ་ཆེ་ནས་དགེ་བཤེས་ཚང་ལ་གཟའ་ཉི་མ་འདོམས་གང་གི་དབང་གནང་། དགུང་ལོ་དགུ་བཅུ་བ་ས་སྟག་ལོར་འཇམ་མགོན་མི་ཡི་གར་མཛད་རྗེ་གུང་ཐང་བ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་འཇམ་དབྱངས་སྨྲ་སེང་གླིང་དུ་ཕེབས་ནས་གྲྭ་མང་འདུས་ཚོགས་བཅས་ལ་ཚེ་དབང་གནང་། ས་ཡོས་ལོར་འདུ་ཁང་གི་གསེར་མཚོན་ལེགས་གྲུབ་བྱུང་ཞིང་སྐུ་མདུན་རིན་པོ་ཆེས་གཙོས་བླ་སྤྲུལ་སོ་གསུམ་གྱིས་རབ་གནས་ཀྱི་ཆོ་ག་དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་ཉིན་གསུམ་ལ་སྤྱན་དབྱེས་ཆོ་ག་རྒྱས་པ་མཛད། སྟག་རྩེའི་ཤིང་བཟའ་སྤྲུལ་བའི་སྐུ་བློ་བཟང་དར་རྒྱས་ནས་རྒྱུ་གསེར་ཟང་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྟོང་སྐུ་ཕུལ་བ་གསེར་ཁང་དུ་བཞུགས་གསོལ་མཛད། དགུང་ལོ་གོ་གཉིས་པ་ལྕགས་འབྲུག་ལོར་ཀུན་མཁྱེན་རིན་པོ་ཆེ་དབུས་ནས་རང་ཡུལ་དུ་བྱོན་པར་བཀྲ་ཤིས་གསེར་ལག་ཐང་ནས་དབུས་བསུར་མཛད་དེ་ཡབ་སྲས་ཞལ་འཛོམས་བྱུང་ཞིང་ཕན་ཚུན་མཇལ་དར་རྩེ་སྤྲོད་བྱས། ཀུན་མཁྱེན་རིན་པོ་ཆེ་ནས་རྗེ་དགེ་ལེགས་མ་དང་རྗེས་ཕྱག་ཚ་ཚོགས་བདག་གླང་སྣ་གཉིས་ཀྱི་སྐུ་བརྙན་ཁྱད་འཕགས་ཀྱིས་མཚོན་པའི་རྟེན་སྣ་མང་བོ་སྐུ་མདུན་རིན་པོ་ཆེར་རྟེན་བསྐལ་དུ་ཕུལ། དགུང་ལོ་གོ་གསུམ་པ་ལྕགས་སྦྲུལ་ལ། དམ་པ་ཉིད་ཀྱི་ཐུགས་དགོང་ལ་དད་གཤིན་གྱི་དཀོར་རྣམས་ཆུད་ཟོས་བྱ་བར་མི་རིགས་སྙམ་ནས་མཆོག་གསུམ་གྱི་ཞིང་ས་སེར་འབྲས་དགེ་གསུམ་སོགས་སུ་རྒྱ་དངུལ་རྡོ་ཚད་བརྒྱ་ལྷག་ཕུལ་བས་འབྱོར་ལན་དང་བསྔོ་སྨོན་གང་རྒྱས་མཛད་ནས་འབྲེལ་ལྡན་འགྲོ་བ་ཀུན་གྱི་ལས་ངན་མཐའ་ནས་དག་པར་བྱས། ལོ་དེར་ཁོང་གིས་མཁན་པོ་དང་ཁྲི་ཟུར་ཤེས་རབ་བསྟན་འཕེལ་གྱི་ལས་སློབ་མཛད་དེ་འདུལ་བ་འཛིན་པ་ལྔ་ཚོགས་ཀྱི་དཀྱིལ་དུ་རིགས་རུས་ཕུན་སུམ་ཚོགས་པ་ལུང་རིག་བྱེ་བའི་གཏེར་མཛོད་མཆོག་རྩེའི་སྤྲུལ་སྐུ་བསྟན་པ་རྒྱ་མཚོ་དང་ལྔ་རིག་སྨྲ་བའི་དབང་བོ་གསའ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ། ཉི་མགོའམ་མི་མགོན་སྤྲུལ་སྐུ་བསྟན་པ་དར་རྒྱས། སྨན་པ་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་ཉི་མ། ཕྱུག་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་རྒྱལ་མཚན། སོག་ཚང་སྤྲུལ་བའི་སྐུ་བློ་བཟང་སྦྱིན་པ་རྒྱ་མཚོ། མི་རས་སྤྲུལ་སྐུ་བསྐལ་བཟང་བསྟན་པ་རྒྱ་མཚོ། འབྲོག་དགེ་ཚ་སྤྲུལ། ཐང་སྐོར་མགོ་དཔལ་གྱི་སྤུན་མགོ་དཔལ་བླ་མ། སེར་སྐྱེའི་སྤྲུལ་མིང་འཛིན་པ་བདག་སོགས་བསྒྲུབ་བྱ་སུམ་བརྒྱ་བཅོ་བརྒྱད་ཙམ་ལ་དགེ་བསྙེན་ནས་བཟུང་དགེ་སློང་གི་སྡོམ་པའི་བར་གྱི་བསླབ་གཞི་ཡོངས་སུ་རྫོགས་པའི་གནས་ལ་བཀོད། མཇུག་ཏུ་བསླབ་བྱ་དང་ལེགས་བཤད་ཀྱི་གདམས་ངག་མང་དུ་འཆད། མི་ཏྲ་རྡོར་ཕྲེང་སོགས་དཀྱིལ་འཁོར་ཉིས་བརྒྱ་ལས་ལྷག་བླ་མ་ཀླུ་སྒྲུབ་སང་གི་ཐུགས་བཀོད་ལྟར་གཞུ་ཤུབས་ལྷ་རིས་བ་ངག་དབང་བློ་ལྡན་གྱི་གསར་བཞེངས་མཛད། ས་དགེ་རྙིང་གསུམ་གྱི་དབང་དང་རྗེས་གནང་གི་དཔེ་མཐའ་ཡས་པ་བསྐྲུན། སྔོན་རྒྱ་དམག་འོངས་ནས་རྟེན་གསུམ་ཆགས་ཞུགས་སུ་སོང་བ་རྣམས་ཞུགས་གསོ་མཛད་དེ་སྔར་ལས་གཟི་དཔལ་གྱི་བྱིན་འོད་འབར་བར་གྱུར། དགུང་ལོ་གོ་བཞི་བར་ལྷ་སྡེའི་ཕྱོགས་སོ་སོར་ཕེབས་ཏེ་འགྲོ་དོན་མཐའ་མེད་བསྐྱངས། བྱམས་མེའི་ཕྱོགས་སུ་གདན་དྲངས་ཏེ་སང་ཚང་མཆོག་སྤྲུལ་སོགས་བསྒྲུབ་བྱ་བརྒྱ་ལྷག་ལ་དགེ་ཚུལ་སློང་སྒྲུབ། རང་དགོན་དུ་ཕེབས་ནས་གྲྭ་ཚང་སོ་སོའི་སྒྲུབ་མཆོད་ལ་ཕེབས་ནས་ཐུགས་སྨོན་རྒྱ་ཆེ་བ་གནང་། དགུང་ལོ་གོ་ལྔ་བ་ཆུ་ལུག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་དང་བཅུ་བཞི་བཅུ་ལྔ་རྣམས་ལ་ཐུགས་རྗེ་ཆེན་པོའི་ལྷ་ཁང་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་ཕྱག་བཞི་བ། སྨན་བླའི་སྐུ་བརྙན་གསུམ་འཕར་ཞིང་འགུལ་སྐྱོད་ཆད་མེད་བྱས་པ་མཇལ་མི་རྣམས་ཀྱི་མངོན་སུམ་མཐོང་བའི་དགའ་དད་དཔག་མེད་སྐྱེས་དེ་རིན་པོ་ཆེ་ལ་སྙན་ཞུ་ཕུལ་བའི་དགྱེས་ཚོར་ཆེན་པོའི་ཕྱག་དབང་སོགས་བསྩལ་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་སྐུ་ཞིང་རྡོ་རྗེ་འཆང་བསམ་སྤྱོར་རྣམ་པར་དག་པའི་བསྟེན་ཚུལ་མ་ལོག་པ་བྱུང་བ་འདིས་མཐུ་ཡིན་པའི་འདི་ནི་ངའི་གསང་རྣམ་གྱི་གཙོ་བོ་ཡིན་ཞེས་གསུངས། འདི་ལྟར་རྟེན་རྣམས་གཡོ་འགུལ་མཛད་པ་འདི་ཡེ་ཤེས་མངོན་སུམ་ཞུགས་པའི་རྟགས་སུ་གོར་མ་ཆགས་དེ་ནས་ཁྲོ་བཅུའི་མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་ཡབ་རྡོ་རྗེ་དཔལ་བཟང་དང་ཡུམ་དོན་འགྲུབ་སྒྲོལ་མ་སྲས་ཆེ་བ་རྫོང་འགག་རྒྱལ་བོ་མགོན་པོ་རྡོ་རྗེ། སྲས་ཆུང་བ་བསྟན་འཛིན་རྣམ་རྒྱལ་རྡོ་རྗེ། མཆོག་རྩེའི་མཆོག་སྤྲུལ་བསྟན་པ་རྒྱ་མཚོ། ཡབ་མགོན་པོ་བསོད་ནམས་ཚེ་རིང༌། སྲས་ཚེ་དབང་ཕུན་ཚོགས།བདག་མོ་བཀྲ་ཤིས་ནོར་མཚོ་སོགས་འཁོར་འབངས་འགའ་ཞིག་ལ་ཚེ་དབང་གནང་དེ་མཇུག་ཏུ་རྒྱལ་སྲིད་ཆོས་བཞིན་བསྐྱངས་དགོས་ཚུལ་གྱི་བསླབ་སྟོན་རྒྱ་ཆེ་བར་གནང་། ཟླ་བ་དང་བོའི་ཚེས་བཞིའི་ཉིན་བདག་ལ་བསྟུད་མར་ཐེངས་བདུན་ཙམ་ལ་མདུན་དུ་ཤོག་གསུང་སྟེ་སྨྲ་སེང་གླིང་གི་སྒྲུབ་སྡེ་དང་བཅས་པའི་ཆོས་སྲིད་གཉིས་ལ་ཐུགས་ཁུར་ལྷོད་མེད་གནང་དགོས་ཞེས་ཡང་ཡང་བཀས་བསྐུལ་ཏེ་བསླབ་བྱ་དང་ལུང་བསྟན་མང་བོ་གནང༌། ནག་ཟླའི་བཅུ་གསུམ་ལ་ལྷ་ཁང་སོ་སོར་ཕེབས་ནས་སྤྱན་འདྲེན་ཁྲུས་གསོལ་བྱས་ནས་བསྙན་དར་བསྒྲོན་ཅིང་ཐུགས་སྨོན་རྒྱ་ཆེན་པོ་གནང༌། གླང་ཟླའི་བཞི་རྒྱལ་ལ་ཨ་མཆོག་ཚོ་བ་བདུན་གྱིས་ཆིབས་བསུ་དང༌བཅས་བཀྲ་ཤིས་གཡང་གི་ལྷ་ཆེན་ལེགས་པར་བསྟོད་དེ་རྒོད་ཐང་དུ་བཞུགས་སྒར་བཏབས། གཟིམས་གུར་གྱི་ཉེ་འགྲམ་ཀུན་ཏུ་མེ་ཏོག་སེར་ཆེན་འདབ་མ་སྟོང་ལྡན་ཚིག་གསུམ་དང་ཚིག་བདུན་སོགས་འཁྲུངས་པའི་དེར་འདུས་སྐྱེ་བོ་ཐམས་ཅད་སྤྲོ་དགའི་མྱོས་པར་གྱུར། རང་དགོན་དུ་ཕེབས་ནས་དཀར་ཆེན་སང་ཚང་སྤྲུལ་སྐུ་སོགས་བསྒྲུབ་བྱ་དྲུག་ཅུ་ལྷག་བསླབ་གཞི་རྣམ་དག་ལ་བཀོད། ཡང་ཉིད་ཀྱི་ཐུགས་དགོངས་ལ་སྦྱོངས་རྒྱུད་ཀྱི་སྐོར་སྔར་མེད་པའི་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་ཞིག་འཛུགས་དགོས་དགོངས་ནས་ཁྲི་ཟུར་གཞུ་ཤུབས་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་རྒྱ་མཚོ་ལ་བཀའ་ཕབས་པ་ལྟར། དགེ་བཤེས་ཟླ་གྲགས་དང་འཇམ་དབྱངས་རྡོ་རྗེ་སོགས་ཀྱི་འདོན་ལྟ་དབྱངས་ཐིག་རྡུལ་མཚོན་དང་བཅས་ཚང་མ་བཀྲ་ཤིས་འཁྱིལ་ནས་བསླབ་ཏེ་དབང་ལུང་སོགས་རྒྱ་ནག་མཁན་སྤྲུལ་བསྐལ་བཟང་བསྟན་པ་རྒྱ་མཚོའི་གནང་ནས་སྒྲུབ་མཆོད་བཙུགས། གཞུ་ཤུབས་ཚང་ནས་སྤྱི་རྒྱུ་ཕོན་ཆེ་བར་བཞག ལོ་དེར་ཀུན་མཁྱེན་རིན་པོ་ཆེའི་ཆིབས་ཁ་སྨྲ་སེང་གླིང་དུ་བསྒྱུར་ནས་གྲྭ་མང་ལ་ཚེ་དབང་དང་ལུང་མང་བོ་བསྩལ། མཇུག་ཏུ་གྲྭ་ཚང་ལ་བསླབ་སྟོན་ཞིབ་རྒྱས་མཛད། རིན་པོ་ཆེ་རྣམ་གཉིས་ཀྱིས་ཕན་ཚུན་བརྟན་བཞུགས་ནན་ཞུས་བྱས། ཉིན་ཞིག་སྨྲ་སེང་གླིང་གི་མདུན་རི་ཚང་ཚིང་འཁྲིགས་པའི་རྩེར་ཁམས་སང་ལ་བྱོན་ཏེ་ཉིན་གུང་བར་བཞུགས་ནས་སྨྲ་སེང་གླིང་གི་གདན་ས་གཡོ་མེད་ཡར་རྒྱས་སུ་འགྲོ་བའི་ཐུགས་སྨོན་རྣམ་པར་དག་པར་གནང། ཚུལ་ལམ་སྲ་བརྟན་རྡོ་རྗེའི་རང་བཞིན་གྱི་རྡོ་བ་ཞིག་ལ་རྣམ་གསལ་ཞབས་རྗེས་ཀྱི་རི་མོ་རྣམ་པར་བཀྲ་བ་བཞགས། དེང་སྐབས་བཀྲ་ཤིས་འཁྱིལ་གྱི་རྒྱུད་སྟོད་གྲྭ་ཚང་ན་བཞུགས། དེ་ནས་ཀུན་མཁྱེན་རིན་པོ་ཆེ་སྒོ་མང་སྒར་དུ་ཕེབས་ཁར་འབྲལ་བར་མི་བཟོད་པའི་རྣམ་འགྱུར་མང་དུ་མཛད། དར་འབོད་བྱས་བའི་ཆིབས་ཁ་ལན་གསུམ་བསྒྱུར་བའི་ཐ་མར་ཡང་སྐུ་མདུན་རིན་པོ་ཆེའི་མདུན་དུ་ཕེབས། སྐུ་མདུན་ནས་ཀྱང་ཐུགས་སྨོན་གང་རྒྱས་གནང་ནས་གནོད་བཞིན་ཙེའུ་དམར་གྱི་བརྩན་ཐང་ཤིང་ཁྲག་ལས་གྲུབ་པ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཞིག་ལྷ་རྫས་དང་བཅས་ཀུན་མཁྱེན་ལ་ཕུལ། དེ་ནས་ཀུན་མཁྱེན་ཨ་ཁམས་དུ་ཕེབས་ནས་ཟླ་བཅུ་བའི་ཚེས་བཅུ་སྟེ་བཅུ་ནག་གི་སྲོད་དུས་གཉན་གྱི་ལྷ་ཐོ་བཞུགས་གསོལ་བྱས་ནས་མདོ་སྨད་བསྟན་པའི་སྲུང་མར་མངའ་གསོལ་མཛད། སྒོ་མང་དུ་བྱོན་ནས་དགུན་བཞུགས་གནང༌། དགུང་ལོ་གོ་དྲུག་པའི་རབ་རྒྱལ་བགྲང་བྱ་བཅོ་བརྒྱད་པ་ཤིང་སྤྲེལ་སྤྱི་ལོ་༡༩༤༤) ལོ་གསར་ལ་བླ་མ་ལས་སྣ་ཚང་མ་དང་གྲྭ་བ་རང་རང་གི་ལོ་གསར་གྱི་རྟེན་རྫས་ཕུལ་ཏེ་བརྟན་བཞུགས་ཞིབ་རྒྱས་གསའ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོས་ཕུལ། ཟླ་དང་བོའི་ཚེས་བཅུའི་ཉིན་སོག་པོ་ཆང་ཝང་རྒྱལ་བོ་ཨ་མགོན་བྱོན་ནས་ཁོང་ལ་མཇལ་ཁ་ཞུས་ཤིང་བརྟན་བཞུགས་ཕུལ། འདིའི་ཉིན་ནས་སྲུང་ཚུལ་བཞེས་པའི་ཀུན་མཁྱེན་རིན་པོ་ཆེ་དང་བླ་གྲྭ་དགོན་གྲོང་མང་བོས་བརྟན་པར་བཞུགས་གསོལ་གྱི་གསོལ་བ་ཤུགས་དྲག་བཏབ་ཀྱང་སྐུ་སྙིང་ཇེ་ལྷོད་ཀྱི་མཛད་པ་བསྟན། བླ་སྤྲུལ་ལས་སྣ་ཚང་མས་བརྟན་བཞུགས་ནན་གྱིས་ཞུས་འཕྲལ་ཉིད་ཀྱི་ཞལ་ལས་མི་འཆི་བའི་རང་དབང་དབེན་ཅིང་སྤྲུལ་སྐུ་ཁྱད་དུ་འཕགས་པ་ཞིག་ཡོད་ཅེས་ལུང་བསྟན་མཛད། ཀུན་མཁྱེན་ལ་ལུང་བསྟན་ཞུས་པའི་བཀའ་འགྱུར་ཚར་གཉིས་ཚེ་ལྷ་རྣམ་གསུམ་གྱི་གཟུངས། གདུགས་དཀར་ཅི་མང་དགོས་གསུང་བའི་ཨ་མཆོག་བླ་བྲང་ནས་བཀའ་འགྱུར་དག་ཚར་གཉིས་གསང་འདུས་སྟོང༌། ཚེ་ལྷ་རྣམ་གསུམ་གྱི་སྟོང་མཆོད་དང་གདུགས་དཀར་སོགས་ཀྱི་ཞབས་བརྟན་མང་བོ་བསྒྲུབས། སྒྲུབ་སྡེ་གཞན་རྣམས་ཀྱི་རང་རང་གི་དགོན་ནས་ཞབས་བརྟན་རིམ་གྲོ་ལ་བརྩོན། འདིའི་སྐབས་ལྷར་བཅས་འགྲོ་བ་ཡོངས་ཀྱི་མགོན་པོ་གང་གི་འདུལ་བྱ་མཆོག་དམན་ཀུན་གྱིས་གདུང་ཤུགས་དྲག་པོའི་ཞབས་པད་བརྟན་པའི་རྟེན་འབྲེལ་གྱི་སྒྲིག་སྒོ་དང་རིམ་འགྲོ་སྣ་ཚོགས་ལ་འབད། ཉི་ཤུ་བཞིའི་སྔ་དྲོ་ཡར་བཞེངས་ཏེ་ན་བཟའ་གསོལ་ནས་ཇ་ཐང་ཞིག་བཞེས་ཏེ་ཞལ་འདོན་སོགས་གནང༌། ཉི་དྲོས་སྦྲུལ་གྱི་སྔ་ཆ་ནས་གསུང་ཅི་ཡང་མི་གནང་བར་གཡས་ཕྱོགས་སུ་ཅུང་ཡོ་བའི་ཚུལ་གྱིས་བཞུགས། དགོང་མོ་རྒྱུ་སྐར་རྫོགས་པར་ཤར་འཚམས་སྔར་ལས་སྐུ་དྲང་བོར་བཞུགས་ཏེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུ་རགས་པའི་ཟ་མ་ཏོག་ཟག་མེད་ཆོས་ཀྱི་དབྱིངས་སུ་བསྡུས་ཏེ་སྟོང་བ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་དབྱིངས་སུ་གཞོལ་བར་མཛད་དོ།། །།
དེ་ནས་ཀུན་མཁྱེན་རིན་པོ་ཆེ་ལ་སྙན་གསན་ཞུ་བར་གུང་ཐང་སྐུ་འཚབ་ངག་དབང་ལྷུན་འགྲུབ་དང་ཆོས་ལྡན་གཉིས་ཕེབས། ཚེས་ཉེར་བདུན་ཉིན་སྐྱབས་མགོན་རིན་པོ་ཆེ་སྨྲ་སེང་གླིང་དུ་འབྱོར་ཞིང་ཚེས་ཉེར་བརྒྱད་ནས་ཉིན་གསུམ་ལ་དུས་འཁོར་གྱི་བདག་འཇུག་གསུངས་ཤིང༌། གདུང་མདུན་དུ་ཀུན་མཁྱེན་རིན་པོ་ཆེའི་ཐུགས་བཀོད་ལྟར་མཆོད་པ་རྒྱ་ཆེན་པོ་བཤམས། ཉིན་ཐ་མའི་ཉིན་ཀུན་མཁྱེན་དང་རྒྱ་ཞབས་དྲུང་བ་སོགས་བླ་སྤྲུལ་མང་བོའི་དུས་འཁོར་གྱི་མཆོད་ཕྲེང་ཞུ་བ་གླུ་ཡིས་བསྐུལ་དེ་ཐུགས་དམ་ལས་གྲོལ་བར་སྙན་གསན་ཕུལ་བའི་གློ་བུར་དུ་དྲི་བཟང་ཞིག་གིས་ཕྱི་ནང་ཀུན་ལ་ཁྱབ་པར་གྱུར་བ་དང་མཉམ་དུ་ཤངས་ཕུགས་གཡས་གཡོན་ནས་ཁམས་དཀར་དམར་མ་འདྲེས་པར་གསལ་བར་བབས་པས་ཐུགས་དམ་ལས་གྲོལ། ཚུལ་འདི་ནི་འོད་གསལ་མ་བུ་འཕྲོད་པ་ཞེས་རྫོགས་རིམ་གྱི་རྟོགས་པ་ཡར་ཟད་ལ་ཕེབས་པའི་འདས་རྟག་ཁྱད་པར་ཅན་བྱུང་བ་པཎ་ཆེན་ག་ཡ་དྷ་ར་དང་ཆ་འདྲ་བར་ངེས་སོ།། ཟླ་བ་གཉིས་པའི་ཚེས་གཅིག་གི་ཉིན་ཀུན་མཁྱེན་གྱི་ཐུགས་བཀོད་ལྟར་གདུང་མདུན་པ་རྣམས་ཀྱིས་ཁྲུས་དང་གཙང་སྦྲ་ལེགས་པར་གནང་སྟེ་དྲི་བཟང་སོགས་བྱུག གནས་ཡིག་ལཉྩའི་བྲིས་ཏེ་གཏགས་པས་ཁྲ་ཆོས་སླ་ཆོས་སུ་མ་སོང་བར་གདུང་བཅོས་ཚད་ལྡན་བྱས། དེ་ནས་ཀུན་མཁྱེན་རིན་པོ་ཆེས་དར་སྣ་དྲངས་ཏེ་མཆོད་རྫས་མཆོད་རྡུང་སྤོས་སྣ་དང་བཅས་དེ་བདེ་ཡང་ནང་དུ་གདན་དྲངས་ནས་ཁྲི་སྟེང་དུ་བཞུགས་གསོལ་མཛད། གདུང་མདུན་དུ་ཀུན་མཁྱེན་ནས་ཞལ་ཟས་སྟོང་ཕྲག་དུ་མ་དང་སྣང་གསལ་མར་མེའི་མཆོད་པ་གྲངས་མེད་བཤམས་ནས་མཇལ་དར་ཕུལ་ཞིང་གདུང་མཇལ་མཛད། ཉེ་འཁོར་གྱི་ཕྱོགས་འཚམས་ཀུན་དུ་གདུགས་དང་རྒྱལ་མཚན། ཕན་བླ་བྲེ། མེ་ཏོག་གི་ཕྲེང་བ་སོགས་ཀྱིས་བརྒྱན། ཀུན་མཁྱེན་ཕྱོགས་གང་དུ་ཕེབས་ན་སྐུ་གདུང་གི་དབུ་དེ་ལ་འཁོར་ནས་བཞུགས་པ་སོགས་དྲུང་འཁོར་ཀུན་གྱི་མཐུན་སྣང་དུ་གྲུབ། དེའི་ཚེ་འཁོར་གྱི་གདུལ་བྱ་རྣམས་ནི། བསྟན་པ་གསལ་བྱེད་ཀྱི་ཉི་མ་ལ་སྒྲ་གཅན་གདོང་གིས་རེག་པ་ལྟ་བུ་དང༌། སྐྱེ་འགྲོའི་བདེ་སྐྱིད་ཀྱི་སྣང་བ་ནི་མེ་ཏོག་གི་ལང་ཚོ་ལ་སྟོན་འཇུག་སད་ཀྱིས་བཅོམས་པ་ལྟ་བུ། ཕྱོགས་མཐུན་མཁས་པའི་ཚོགས་རྣམས་ནི་བྱ་ཁྱུང་གི་གཤོག་ཡ་ཆད་པ་ལྟ་བུ། གསུང་དབྱངས་བདུད་རྩི་ལ་རོལ་བའི་བསྐལ་བཟང་དག་ནི་ཉ་མོ་ཆུ་དང་བྲལ་བ་ལྟ་བུ། ཕྱོགས་བཅུའི་དོན་གཉེར་ཅན་གྱི་གདུལ་བྱ་མཐའ་དག་ནི་དབྱར་སྐྱེས་ལོ་ལེགས་ལ་སད་སེར་གྱིས་རེག་པ་ལྟ་བུར་གྱུར་ཏེ་ཡིད་ཁུང་དུ་ཆུད་ནས་གདུང་ཤུགས་དྲག་ཏུ་འབར། དཔལ་ལྡན་བླ་མའི་འོད་གསལ་མངོན་དུ་མཛད་པའི་ཕྱི་རྟགས་སུ། རེས་འགའ་མཁའ་དབྱིངས་དྭངས་ཤིང་གཙང་བ་ཆུ་འཛིན་གྱི་རི་མོ་ཙམ་ཡང་དབེན་པས་འགྲོ་བ་ཀུན་ལ་ཐུགས་ཀྱི་དེ་ཉིད་མཚོན་པ་ལྟ་བུ། རེས་འགའ་རྒྱུ་སྐར་ཚོགས་ཀྱི་ཟེར་དང་འཇའ་སྤྲིན་ན་བུན་ཕན་ཚུན་འཁྱུད་པའི་བདེ་སྟོང་མཉམ་དུ་བཞག་པ་ལྟ་བུ། རེས་འགའ་ཆུ་འཛིན་དཀར་པོའི་ཀླུང་ནས་རབ་དཀར་ཁ་བ་བབས་པས་བྱིན་རླབས་ཀྱི་དངོས་གྲུབ་སྟེར་བ་ལྟ་བུ། སྐབས་འགར་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱང་སྟེང་ཕྱོགས་ནམ་མཁར་བྱོན་ཏེ་མཆོད་པའི་རྫས་རྣམས་འཇའ་སྤྲིན་གྱི་རི་མོར་ཤར་བ་སོགས་དགེ་མཚན་གྱི་ཁྱབ་པར་གྱུར། ཕྱོགས་སོ་སོའི་སྒྲུབ་སྡེ་རྣམས་ཀྱིས་གདུང་ཤུགས་དྲག་པོའི་ངང་དུ་རྒྱུད་སྡེ་སོ་སོའི་བདག་འཇུག་དང་ཆོས་སྤྱོད། སྨོན་ལམ་ཆ་ལྔ། རྒྱན་འཇུག་འཇམ་དཔལ་མཚན་བརྗོད་སོགས་ཉིན་མཚན་བར་མ་ཆད་པར་གསུང་བའི་དབྱངས་སྙན་ནི་དབྱར་རྔ་དལ་གྱི་རྒོད་པ་ལྟ་བུ། ཉེར་སྤྱོད་མཆོད་སྤྲིན་ཁྲོད་ནས་སྣང་གསལ་མར་མེའི་འོད་ཀྱིས་སྐུ་མདུན་ནས་ཉིན་མཚན་ངོ་མི་ཤིས་པ་ལྟ་བུ་སོགས་མཆོད་པའི་བྱེ་བྲག་བསམ་གྱི་མི་ཁྱབ་པ་མཛད། གྲྭ་མང་ནས་གདུང་མདུན་དུ་རྒྱན་འཇུག་ཆོས་སྤྱོད་སྨོན་ལམ་སོགས་གསུངས། གྲྭ་ཚང་སོ་སོའི་རང་རང་གི་སྒྲུབ་མཆོད་ལྟར་དུ་བདག་འཇུག་དང་མཆོག་ཁྲུས་མཛད། འཛིན་གྲྭ་སོ་སོས་རྩོད་པ་དང་བླ་མཆོད་ཚོགས་རྒྱན་འཇུག་མཚན་བརྗོད་སྨོན་ལམ་ཆ་ལྔ་སོགས་ཀྱི་མཚན་ཕུད་བྱས། དགེ་བཤེས་རྣམས་ཀྱི་གཞུང་བཀའ་པོད་ལྔའི་རྩ་བ་ལེགས་བཤད་སྙིང་བོ་འགྲེལ་བ་དོན་གསལ་སྤྱོད་འཇུག་ཆེན་མོ། བྱམས་ཆོས་སྡེ་ལྔ་སོགས་ཀྱི་མཚན་ཕུད་མཛད་དེ་ཚོགས་རླབས་བོ་ཆེ་བསགས། ཀུན་མཁྱེན་མཆོག་གིས་ཐུགས་བཀོད་ལྟར་མཆོག་སྲེག་ལ། དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་དཔལ་ལྡན་བླ་མ་དམ་པ་ཉིད་གཟུགས་སྐུའི་བཀོད་པ་ལོངས་སྤྱོད་རྫོགས་སྐུར་བསྡུ་བའི་ཚུལ་མཛད་པ་ལ། ཐུགས་དགོངས་རྫོགས་པར་གདུང་མཆོད་དུ་གྲྭ་མང་ནས། རྡོ་རྗེ་འཆང་དེ་ཉིད་ཀྱི་ཐུགས་དམ་གྱི་ལྷ་གཙོ་བོ་གང་ལ་མཛད་པ་དང་གྲྭ་ཚང་སོ་སོ་ནས་མཉམ་བཞེས་སུ་ཚུགས་ཡོད་པའི་རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་དུ་མོས་ནས་བདག་འཇུག་ལེན་པ་དང་པོ་ཏི་ལྔའི་རྩ་བ་སོགས་དང་བསྐྱེད་རྫོགས་གསུང་རབ་ཀློག་འདོན་དང་བླ་མ་མཆོད་པ་སོགས་ཀྱིས་མཆོད་པ་རྒྱ་གང་ཆེ་འབུལ་དགོས། ཞེས་བཀའ་དང་མཆོག་སྤྲུལ་མྱུར་བྱོན་གྱི་གསོལ་འདེབས་གསར་རྩོམ་མཛད་དོ།།
གཞན་དགོངས་རྫོགས་དང་མཆོག་སྲེགས་སོགས་རྒྱས་བ་ཕུལ་ཚུལ་ཁོང་གི་རྣམ་ཐར་ཕྱི་མ་རིན་ཆེན་འདྲེན་པའི་ཤིང་རྟ་ལ་གསལ་བའི་འདིར་མ་བྲིས། ན་ཚོད་སྨིན་པའི་ཉ་རྒྱས་རི་བོང་འཛིན།། ཆོས་དབྱིངས་ནུབ་རིལ་མནལ་བའི་ཚུལ་བསྟན་ཀྱང༌།། སྡེ་འདིའི་ཆོས་སྲིད་ཟླ་ཡུམ་སྤེལ་བའི་ཕྱིར།། ཡང་སྤྲུལ་ཟླ་གཞོན་འཆར་ལ་བྲེལ་བར་གྱུར།། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། དེ་ལྟར་དམ་པ་འདི་ཉིད་ཀྱི་མཛད་པས་བཀའ་དྲིན་ལ་བརྟེན་ནས་ཆོས་སྡེ་ཆེན་པོ་སྨྲ་སེང་གླིང་འདིར་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་དགེ་འདུན་གྱི་འདུས་སྡེ་ཆེན་པོ་འདིའི་ཕྱི་སོ་ཐར་གྱི་ཚུལ་ཁྲིམས་ལ་གཞི་བྱས་ཏེ་འདུལ་བའི་གཞུང་ལྟར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཐམས་ཅད་སྤང་བླང་ཞིབ་མོ་གནང་བ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་བརླན་ཏེ་མདོ་སྔགས་ཟབ་མོའི་ཉམས་ལེན་ལ་འབད་པར་བྱས། དེ་ལྟར་ལམ་སླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་སོགས་འཁོར་ལོ་གསུམ་དང་ཆོས་སྤྱོད་བཅུའི་ལས་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་སྤྱོད་ཅིང་བཤད་སྒྲུབ་ཟུང་འཇུག་གི་བསྟན་པ་རིན་པོ་ཆེ་ཆེས་ཆེར་སྤེལ་ལོ། ། དེ་ལྟར་རྒྱལ་བ་ཀུན་གྱི་ཐུགས་སྲས་གཅིག་བུ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱི་རྨད་བྱུང་མཁས་བའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་ཕན་བདེའི་རྩ་ལག་རྒྱལ་བསྟན་རིན་པོ་ཆེ་སྤེལ་ཞིང་བསྟན་འགྲོའི་གདུལ་བྱ་རིས་སུ་མ་ཆད་པ་བསྐྱངས་ཚུལ་སོགས་མཛད་རྣམ་གྱི་གཙོ་བོ་ཡིན་ཀྱང་རང་གི་བློ་གྲོས་བྱེའུ་ཆུང་གཤོག་བྲལ་ལྟ་བུའི་ཁམས་གསུམ་གཞལ་འོས་མིན་ཡང་དཔལ་ལྡན་བླ་མ་དམ་པ་མང་བོའི་ཞལ་གསུངས་དང་སྔོན་བཞུགས་རྣམ་ཐར་སོ་སོ་དང་འབྲེལ་དེ་རང་གི་དད་སྨོན་གྱི་འཚམས་སྦྱར་ནས་བླ་མའི་བཀའ་བཞིན་འབྲི་ཁུལ་བྱས་པའོ།།
དང་བོ་རྒྱ་ཆེན་ཐོས་བའི་ཕ་རོལ་སོན།། བར་དུ་སྒྲུབ་པའི་ཉམས་ལེན་འཛད་མེད་བྱས།། ཐ་མར་གྲུབ་དོན་གདུལ་བྱའི་བསྐལ་དུ་བསྩལ།། རྨད་བྱུང་རྣམ་ཐར་འཛིན་བའི་མགོན་ཁྱོད་རྒྱལ།། གང་གི་རྣམ་ཐར་མི་དབང་གཙུག་རྒྱན་སོགས།། དམ་པ་མང་བོའི་མཛད་པ་ཡོད་བཞིན་དུ།། ཉིན་མོར་བྱེད་པའི་རྗེ་སུ་མེ་ཁྱེར་བཞིན།། སླར་ཡང་བདག་གི་དཀྲོལ་འོས་མ་ལགས་ཀྱང༌།། རྒྱལ་བའི་བསྟན་པ་རིང་དུ་གནས་པ་ཡང༌།། བླ་མའི་རྣམ་ཐར་སྐྱོང་ལ་རག་ལས་ཤིང༌།། གང་གི་བཀའ་དྲིན་ཆ་ཙམ་གསབ་པ་ལ།། སྔོན་བཞུགས་རྣམ་ཐར་དག་ལས་བཤུས་པ་དགེ། དག་དང་མ་དག་གདུལ་བྱ་མཐའ་ཀླས་པ།། སྐལ་བར་འཚམས་པའི་ལས་སྣང་མཛད་པའི་འཕྲིན།། ངོ་མཚར་སྒྱུ་མའི་རྣམ་འཕྲུལ་སྣ་ཚོགས་པ།། ཡི་གེར་འབྲི་བའི་ནུས་སྤོབས་བདག་ལ་དབེན།། ལས་བསོད་རྣམ་པར་དག་པའི་འབྲས་བུ་ལ།། བླ་མའི་བཀའ་ལུང་སྤྱི་བོའི་བརྒྱན་བྱས་ཏེ།། རང་ཡིད་དུག་གིས་མ་ལྷད་བཀའ་བཞིན་དུ།། ལྷག་བསམ་དག་པའི་ཚུལ་འདིར་འབད་ཁུལ་བྱས།། དེ་ལྟར་བླ་མའི་རྣམ་ཐར་རྒྱ་མཚོ་ལས།། སྐབས་དོན་འཚམས་ཞིང་ཉེར་མཁོའི་ཆུ་ཐིག་ཞིག། བྲིས་བ་འདི་ཡང་རྣམ་དག་ལོ་རྒྱུས་ལ།། སྣོན་ཕྲིས་མི་སྦགས་དྭངས་གསལ་ཉིད་དུ་རིག། །དགེ་བ་འདི་ཡིས་སྐྱེ་བ་ཀུན་ཏུ་བདག།།ཡོངས་འཛིན་དགེ་བའི་བཤེས་དང་མི་འབྲལ་ཞིང༌།། དད་མོས་ལྷག་བསམ་དག་པའི་འབྱོར་ཚོགས་ཀྱིས།། ཐབས་ཤེས་ཟུང་འཇུག་ལམ་ལ་འགོད་པར་ཤོག། །ཐུགས་བསྐྱེད་ས་བོན་ཚོགས་གཉིས་ཆུ་གཏེར་གྱིས།། སྨིན་པའི་བླ་མེད་ཡེ་ཤེས་འཛམ་བུའི་ལྗོན། འཕྲིན་ལས་སྙེ་མ་གདུལ་དཀའི་འགྲོ་བའི་མཚོར།། ཕན་བདེའི་གསེར་བསྒྱུར་བླ་མ་མཆོག་དེར་བསྔགས།། བློ་བཟང་རྒྱལ་ཀུན་ཆོས་སྐུའི་མཁའ་དབྱིངས་ལས།། ནམ་ཡང་གཡོ་མེད་ཐུབ་བསྟན་པདྨོའི་གཉེན།། ཤེས་བྱའི་དཀྱིལ་འཁོར་མཁྱེན་རབ་འོད་སྟོང་གིས།། གསལ་མཛད་གདུལ་བྱ་རྒྱ་མཚོའི་མགོན་དེས་སྐྱོངས།། གངས་ལྗོངས་བསོད་ནམས་མཁའ་དབྱིངས་དག་པ་ལ།། རྟག་རྟེན་རྒྱུ་སྐར་ཚོགས་ཀྱི་མདངས་ངོམས་ནས།། གདུལ་བྱའི་ཀུ་མུད་སྐྱོང་བའི་དཀྱིལ་འཁོར་གཟུགས།། མཚན་དཔེའི་བསིལ་འོད་རྒྱས་པའི་ཀུན་ཕན་རྒྱལ།། བློ་བཟང་ཐུབ་དབང་གཉིས་བའི་མཛད་བཟང་བསྟན།། མཁྱེན་རབ་འཕྲིན་ལས་རླབས་འཕྲེང་སྤེལ་མཛད་པ།། ཡེ་ཤེས་གཏིང་མཐའ་གཞལ་མེད་ཆོས་ཕུང་མཛོད།། ལུང་རྟོགས་རྒྱ་མཚོའི་མངའ་བདག་དུས་ཀུན་རྒྱལ།། མགོན་དེའི་ཐུགས་བསྐྱེད་སྨོན་ལམ་རླབས་པོ་ཆེ།། གསང་གསུམ་ཡོན་ཏན་གྲུབ་པ་བརྙེས་པའི་ཚུལ།། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཡིན་ལ།། ཅོལ་ཆུང་བདག་འདྲའི་འབྲི་འོས་མ་མཆིས་མོད།། འོན་ཀྱང་དགུང་ལོ་མེ་གཟུགས་བྱུང་རབས་ཞིག། །རྙེད་པ་གཙོར་བྱས་རང་གི་གོ་ཐོས་ཙམ།། སྒྲོ་འདོག་བྲལ་བའི་ཐུན་མོང་ལོ་རྒྱུས་ཀྱི། ཆ་ཙམ་མཚོན་ཕྱིར་སྤེལ་ལ་དགའ་བའི་རོལ།། གདུལ་དཀའི་འགྲོ་རྣམས་བརྩེ་བའི་མ་དོར་བར།། ཡེ་ཤེས་མཆོག་ཉིད་གང་འདིར་ཆུ་ཟླ་བཞིན།། དུ་མར་རྩེར་འཇོ་རོལ་བའི་ངོ་མཚར་ལས།། དམ་པའི་རང་རྟགས་སྣང་ཚུལ་འདི་ན་འགོད།།
དེ་ཡང་ཁམས་གསུམ་འགྲོ་བའི་དེད་དཔོན་ཆེན་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེས་འོད་དཀར་ལས་འཁྲུངས་བའི་མཆོག་སྤྲུལ་སྲིད་ཞིར་འགྲན་བྲལ་རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་དངོས༸བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོའི་ཞབས་རྡུལ་དྲི་མ་མེད་པ་ལ་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ཞིང་རྗེས་སུ་གཟུང་དུ་གསོལ།། དེ་ཡང་རྒྱལ་བ་ཀུན་གྱི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་རང་མདངས་མ་འགགས་པ་ཤར་བ་སྙིགས་མའི་དུས་འདིར་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོངས་སྤེལ་བའི་བྱེད་པོར་བསམ་བཞིན་ཏུ་སྣང་ཆ་སྤྲུལ་སྐུའི་ཚུལ་ཏུ་སྐུ་འཁྲུངས་ནས་ད་བར་ཏུ་གདུལ་བྱ་རྣམས་ཀྱི་དབང་བོར་འཚམ་པའི་འཆད་རྩོད་སོགས་ཀྱི་མཛད་བཟང་གི་རྣམ་རོལ་ཐུན་མོང་དང་ཐུན་མིན་གྱི་རྣམ་པར་ཐར་བ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལས་བློ་གྲོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་ཀྱང་བརྗོད་དུ་མེད་ན། སྐྱེས་སྦྱངས་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་དབེན་པའི་བླུན་རྨོངས་བདག་ལྟ་བུས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། འོན་ཀྱང་རེ་ཞིག་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་བསྟན་པའི་མཛད་ཕྲིན་ཞིག་འབྲི་བ་ལ། ཁྲི་ཆེན་གུང་ཐང་བ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་རྣམ་རྒྱལ་དཔལ་བཟང་བོ་དང་ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་སྐུ་དངོས་བཞུགས་སྐབས་ཀྱི་དངོས་སློབ་ལུགས་གཉིས་ཀྱི་མཁྱེན་རྒྱ་ནམ་མཁའ་ལས་ཡངས་བའི་སྐྱེས་སྤྲུལ་མང་བོའི་ཞལ་གསུང་ཡང་ཡང་བྱུང་བའི་རང་གི་ལག་སོར་སྤྱི་བོར་སྦྱར་ཏེ་རང་སྟོད་དང་གཡོ་སྒྱུའི་ཟོལ་གྱི་དྲི་མ་རིང་དུ་སྤངས་ནས་འབྲི་བར་བྱའོ།། དེ་ལ་སྐྱབས་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་སྟེ་ཉིན་བྱེད་དབང་བོའི་རྣམ་དཀར་མཛད་འཕྲིན་གྱི་འོད་ཟེར་ཕྱོགས་བརྒྱར་སྤྲོས་བའི། ལོག་སྨྲའི་མུན་པ་མཐའ་གཅིག་ཏུ་གཞོམ་ཅིང༌། གདུལ་བྱ་འཛིན་མའི་རྒྱུད་ལ་དགེ་ལེགས་ཀྱི་སྐྱེ་དངོས་དང༌། བསྟན་པའི་པད་ཚལ་རབ་ཏུ་རྒྱས་པར་མཛད་པའི་སྙན་པའི་གྲགས་པ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཁྱབ་པ་དེ་ཉིད་ཀྱི་མཆོག་སྤྲུལ་ཨ་མཆོག་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་རང་མདངས་མངོན་པར་ཤར་བ་ཉིད། སྙིགས་མའི་དུས་འདིར་བསྟན་པ་རིན་པོ་ཆེའི་དོན་དུ་ཆེད་གཉེར་ཕེབས་པ་ཡིན་ལ། དེ་ཡང་རིགས་ནི་སྤྲ་རིགས་སྟེ་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་རིགས་དང་། གནས་ནི་མདོ་སྨད་རོང་ཆེན་བཞིར་གྲགས་པའི་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་སྟེ། འབར་ཁམས་ཞེས་པ་ས་བཅུད་མཆོག་ཏུ་རྒྱས་པ་རྩི་ཤིང་ནགས་ཚལ་ལ་རྩི་བཅུད་ལོ་འབྲས་སོགས་རིགས་མང་བོ་འཁྲུངས་ཤིང་ལེགས་ཚོགས་ས་དཔྱད་འབུམ་གྱི་མངོན་པར་མཛེས་པ། དལ་འབབས་ཆུ་ཀླུང་ཀུན་དུ་ཆུ་གནས་ཉ་སྲམ་སོགས་བག་ཕེབས་སུ་རྒྱུ་བ། དཀར་དམར་སེར་གསུམ་གྱི་མེ་ཏོག་རྣམ་པར་བཀྲ་བའི་འཆི་མེད་ཡུལ་གྲུ་གཉིས་པ་དེར། ཆོས་སྲིད་ཀུན་ལ་མཁས་ཤིང་དཔའ་རྩལ་བརྟུལ་ཕོད་སོགས་ཀྱི་འགྲན་ཟླ་བྲལ་བ། སྐྱེ་བོ་ཕལ་བའི་སྨོན་གནས་སུ་གྱུར་པའི་ཡབ་ཁྲོ་བོ་དང་། ཡུམ་ནི་བུད་མེད་ཀྱི་སྐྱོན་ཀུན་རིང་དུ་བྲལ་བ་དཀོན་མཆོག་ལ་དད་ཅིང་ཞེ་ས་དང་བཀུར་སྟི་ཆེ་བ་ཡ་རབས་སྤྱོད་པས་མཛེས་པ་སྒྲོལ་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་བྱུང་བ་ཡིན་ལ། ཐོགས་མར་ལྷུམས་སུ་ཞུགས་སྐབས་ཡུམ་གྱི་རྨི་ལམ་དུ། ཤིང་འབྲས་སྣ་ཚོགས་རྒྱས་པའི་སྐྱེད་ཚལ་དུ།། མདོག་དབྱིབས་སྣ་ཚོགས་སྤྲུལ་མང་རྩེ་བ་དང༌།། མདའ་མདུང་སྣ་ཚོགས་སྤུངས་བའི་ལྷ་ཐོའི་འགྲམ།། ཆུ་སྐྱེས་སྣ་ཚོགས་འཐུ་བའི་ལས་རྣམས་རྨིས།། ཡང་ནུབ་གཅིག་ལ།༢ ལྗང་མདོག་རབ་མཛེས་གཤོག་ལྡན་གཉིས་སྐྱེས་གཉིས།། མདུན་ནས་བྱང་དུ་ཕྱོགས་ཤིང་འདི་ལྟར་བསླབ།། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།། ཞེས་པ་བློ་རུ་ངེས་པར་བསླབ་པ་དང༌།། རྗེས་སོར་བྱ་གཉིས་འོད་དུ་ཞུ་བ་ལས། །མཚན་ལྡན་བླ་མ་ཞིག་ཏུ་གྱུར་བ་དེ།། དབུ་ལ་ཉི་ཞྭ་བསྐལ་བཟང་བསིལ་ཡབ་བཞེས།། ཕྱག་ཟུང་རྡོ་དྲིལ་བསྣམས་པའི་སྐུ་མདུན་ནས།། གོས་དར་སྣ་ཚོགས་གདོང་ལ་བཀབ་པ་དང༌།། གོས་སྔོན་གྱོན་པའི་མི་ཞིག་ཡར་འོང་སྟེ།། བླ་མ་འདི་རུ་ཡོད་པ་བཤད་མི་ཆོག །ཅེས་ཟེར་བ་སོགས་རྟགས་བྱའི་རྨི་ལམ་མང་བོ་ཡ་མཚན་པ་ཤ་སྟག་བྱུང་ངོ༌། སྤྲེལ་ལོའི་ཟླ་བཅུ་གཉིས་བའི་གནམ་སྟོང་ལ་ཉི་ཟླའི་འོད་ལ་འགྲན་བཟོད་ཀྱི་འོད་ཟླུམ་ཞིག་ཁང་ཁྱིམ་དུ་ངོས་སུ་བྱུང༌། (སྤྱི་ལོ༡༩༤༥) རབ་རྒྱལ་བགྲང་བྱ་༡༩ བ་ཤིང་བྱ་ལོའི་ཟླ་དང་བོའི་ཚེས་བརྒྱད་ཀྱི་ནུབ་མོ་སྟག་གི་དུས་སུ་དཀར་ཁུང་ནས་འཇའ་ཆེན་འདྲ་བ་ཞིག་ཤར་ཏེ་འཇའ་ཚོན་གྱི་རྩ་བ་མར་མེ་འདྲ་བའི་འོད་ཟེར་བདུན་བྱུང་བ་དང་བསྟུན་ནས་ངོ་མཚར་བའི་ལྟས་མང་བོ་དང་བཅས་ཏེ་ཉིད་ཀྱི་སྐུ་འཁྲུངས་སོ།། མཚན་ཚེ་རིང་དོན་འགྲུབ་ཏུ་གསོལ། དེའི་ཚེ་མདུན་རིའི་ངོས་སུ་ཨ་ཡིག་རྡོ་དཀར་ལས་གྲུབ་པའི་རང་བྱོན་གཟུགས་རས་འབུར་ཏུ་ཐོན་པ་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་རྟག་རྟེན་མང་བོ་བྱོན་པ་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་ནི་འཇམ་དཔལ་མཚན་བརྗོད་སོགས་ལུང་བསྟན་མང་བོའི་སྒྲུབ་བྱེད་ཁོ་ན་ལགས་སོ།། ཚེས་བཅོ་ལྔའི་མཚན་གུང་ལ་ཁང་ཁྱིམ་ནང་དུ་ཆུ་འཛིན་དཀར་བོ་ཞིག་དལ་བུའི་རྒྱུ་ཞིང་དབུས་སུ་མཆོད་མེ་ལྟ་བུའི་འོད་གཅིག་བྱུང༌། དེའི་མཚན་མོར་ཡང་ཡབ་ཀྱི་རྨི་ལམ་དུ། ༡ ཤར་ཕྱོགས་རབ་བརྗོད་ལྷུན་པོ་ཡི་རྩེ་ན།། དགེ་འདུན་མང་བོ་འདུས་བའི་གྲལ་དབུས་ཀྱི་སྟེགས་སུ།། དུང་གི་ཤོ་རྡེལ་ལན་གསུམ་རིམ་བཞིན་དུ་གཏོར་བ།། སྔ་ཕྱི་བར་གསུམ་ཀུན་ལ་དྲུག་དྲུག་རང་བབས་སོང༌། །དེ་ལྟར་རྨི་ལམ་ཡ་མཚན་ཅན་འདི་ནི་བྱང་རྩེའི་མཁན་ཟུར་རིན་པོ་ཆེ་བློ་བཟང་སྦྱིན་པ་ལ་སྒང་བ་སྤྲུལ་སྐུ་བསྐལ་བཟང་བསྟན་པ་རྒྱ་མཚོས་ཞུས་པ་ལྟར་ཁོང་གིས་དཀྲོལ་བ་ནི། ཉི་མ་སྔ་ཕྱི་གསུམ་ཤར་བ་འདི་ནི་སྐུ་སྔ་ཕྱི་གསུམ་གྱི་མཛད་པ་ཉིན་བྱེད་ལྟར་རྒྱས་བའི་རྟགས་དང་མེ་ཏོག་དཀར་བོ་མང་བོ་འཁྲུངས་བ་འདི་ནི་འཕྲིན་ལས་ཀྱི་གདུལ་བྱ་རྒྱས་བའི་རྟགས། དགེ་འདུན་གྱི་གྲལ་དབུས་སུ་ཤོ་རྡེལ་ལན་གསུམ་འཕང་བ་འདི་ཡང་སྐུ་ཕྲེང་གསུམ་དང༌། ཀུན་ལ་ཤོག་མིག་དྲུག་བབས་པ་འདི་ནི་དྲུག་པ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མེད་ཡིན་པའི་མཚོན་བྱ་ཡིན་གསུངས་སོ།། ༢ ཡང་ཡབ་གཞིས་སུ་ཟླ་བ་དགུ་བའི་ནང་དུ་སྔར་མཐོང་མ་མྱོང་བའི་མེ་ཏོག་སྣ་ཚོགས་བཞད་པ་དང་འབྲས་བུའི་བཅུད་བཟང་མངོན་པར་རྒྱས་པ་སོགས་འཁྲུངས་རྟགས་ཆེའི་མང་བ་བྱུང་བའི་ཡུལ་དེའི་རྒན་གཞོན་ཕོ་མོ་ཀུན་གྱིས་བཀྲ་ཤིས་བའི་གཏམ་སྣ་ཚོགས་གླེང་ངོ༌། །ཡང་ལན་གཅིག་ཡབ་ཀྱི་མཚན་ལམ་ན་ཐང་ཤིན་ཏུ་ཆེ་བ་ཞིག་གི་དབུས་སུ་ཕྱིང་བུ་དཀར་བོ་མང་བོ་བརྩེགས་པའི་ཁྲི་མཐོན་པོ་ཞིག་གི་སྟེང་དུ་སྲས་ཚེ་རིང་དོན་འགྲུབ་བཞུགས། མདུན་ཅོག་སྟེང་དུ་དར་སྣ་ཚོགས་བཏགས་པའི་མདའ་དར་ཞིག་བཤམས། མདུན་དུ་རབ་དཀར་དུང་གི་འོད་མདངས་འཚེར་བའི་བསང་དུད་དགུང་ལ་སྙེགས་བའི་རྩེ་མོར། གངས་དཀར་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བའི་སྐུ་མདོག་དཀར་བོ་ཞལ་གཅིག་ཕྱག་གཉིས་བྱམས་བཞུགས་གནང་བ་ཞིག་བདག་ལ་ཞལ་གཟིགས་པའི་གཟི་བརྗིད་ལ་བལྟ་བར་བཟོད་པ་ཞིག་རྨིས། ཡང་དུས་གཞན་ཞིག་ན། རྩ་བ་སྤང་རི་རྩེ་མོ་བྲག་རི་ཤིན་ཏུ་བརྟན་ཅིང་མཐོ་ལ་གཟར་བའི་རྩེ་མོར་སྲས་ཚེ་རིང་དོན་འགྲུབ་གོས་ཐག་སེར་བོ་ཞིག་གིས་ཁུར་ཏེ་བྱིན། རི་རྩེ་ནས་མར་རི་རྩར་བབས་པ་ན་ཧལ་ཁྱིམ་གསུམ་གྱིས་དགའ་ཉམས་སྣ་ཚོགས་བསྟན། གྲྭ་བ་གཉིས་འོངས་ནས་ཁྱོད་ཀྱིས་བླ་མ་ཚོལ་ཞེས་གསུངས། དེ་བཞིན་མདུན་ཕྱོགས་སུ་སྤང་ཐང་རྒྱ་ཆེ་བ་ངོས་ཅུང་གཟར་བ་ཞིག་གི་ཡར་སྣེ་ན་དགོན་པ་ཞིག་འདུག་པའི་ཁང་བ་ཐོག་བརྩེགས་གསུམ་ཁྱམས་དང་བཅས་པ། ཁ་དོག་དང་དབྱིབས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཞིག་གི་སྒོ་ཆེན་ནས་གཡས་ཕྱོགས་སུ་སོང་བ་ན། བླ་མ་ཞིག་གིས་འགྲོ་ཕྱོགས་བསྟན་པ་བཞིན་ཐོག་ཁང་ནས་གཡོན་རྐས་སུ་མར་བབས་པ་ན་ལྷ་ཁང་ཞིག་གི་ནང་ལ་སླེབས། སྔར་གྱི་ཧལ་ཁྱི་གསུམ་པོ་ཡང་དེ་ན་ཡོད་ལ་སྔར་ལྟར་དགའ་ཉམས་བསྟན། ལྷ་ཁང་གི་དབུས་སུ་ཁྲི་མཐོ་ཞིང་ཡངས་པའི་ཁར་བླ་མ་བགྲེས་པ་ཞིག་ཡོད་པ་ལ་ངས། བླ་མ་ལ་སྐྱབས་སུ་རྨཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། བོན་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། ཞེས་ཕྱག་གསུམ་ཕུལ་བས། བླ་མ་ཀྱང་བླ་མས་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། ཞེས་གསུངས་བའི་ཁོའི་བོན་ལ་སྐྱབས་སུ་མཆིའོ།། ཞེས་པ་མ་འགྲིགས་སྙམས་ནས་ངོ་གནོང་དགོས་པ་ཞིག་བྱུང་། དེས་སྲས་ཆུང་སར་ཕབས་པ་ན་བླ་མའི་གཡས་ཕྱོགས་ནས་ཁྲི་གཅིག་ལ་ལྷན་བཞུགས་མཛད་པ་སོགས་རྨིས། ཡང་ཡབ་གཞིས་ན་ཡོད་པའི་ཨ་མོན་ཟེར་བའི་བུ་མེད་ཞིག་གིས་བྱ་རྒོད་གཉིས་འཕུར་ཡོང་བ་གཤོག་པའི་སྟེང་དུ་དུང་དཀར་ཡོད་པ་ཞིག་ཁང་ཐོག་ཏུ་བབས་པ་ན་བླ་མ་གཉིས་སུ་གྱུར་ཏེ་ཕྱག་ན་དུང་དཀར་རེ་བཟུང་ནས་ཁྱིམ་དུ་ཕེབས་པ་ཞིག་རྨིས། གཞན་མེ་ཕག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་ལྔའི་ནམ་ལངས་ཡོལ་བུའི་དུས་སུ་མཁས་བའི་དབང་བོ་བྱང་རྩེའི་རྒྱ་རུང་མཁན་ཟུར་བློ་བཟང་སྦྱིན་པ་རིན་པོ་ཆེའི་གཟིམས་ལམ་ན། སེར་སྐྱ་སྟོང་ཕྲག་དུ་མའི་ཚོགས་འདུ་ལས།། རང་རེས་བླ་མ་བོར་ཞེས་སྙད་པ་ཐོས།། ང་ཡི་མདུན་ཕྱོགས་སྒོ་འབྱོར་ཡངས་པ་ལ།། སྐུ་གཟུགས་མཐོ་ཞིང་རྒས་པའི་རྒན་པོ་ཞིག། མཐོང་འཕྲལ་བླ་མའི་སྤྲུལ་བ་འདི་ཡིན་སྙམ། དེ་མ་ཐག་ཏུ་ང་ལ་གཟིགས་ཏེ་བྱུང༌།། སུ་ཡིན་དྲིས་བའི་ཨོ་ཞེས་གསུང་བ་དང་།། གར་ཕེབས་དྲིས་པ་ནུབ་ཏུ་ནུབ་ཏུ་གསུངས།། སུ་ཚང་དྲིས་བའི་སྒྲོལ་དང་སྒྲོལ་མ་གསུངས།། ཚེ་སྒྲུབ་གནད་སྨིན་བསྒྲུབ་ཞེས་བཀའ་ལུང་གནང་།། དེ་ལྟར་རྨི་ལམ་དག་པའི་རོལ་བ་ལས་བླ་མ་ལ་མཇལ་ཞིང་ཨོ་ཞེས་སྐུ་གསུང་ཐུགས་གསུམ་དབྱེར་མེད་ཡིན་པ་བསྟན་ཅིང་། ནུབ་ཏུ་ནུབ་ཏུ་ཞེས་ནུབ་ཕྱོགས་སྟེ་འབར་ཁམས་ཁྲོ་སྐྱབས་ཉ་ཚང་གི་ཕྱོགས་བསྟན་པ་དང་སྒྲོལ་སྒྲོལ་མ་ཞེས་ཡུམ་གྱི་མཚན་སོགས་གསལ་བར་བསྟན་ཏོ།། དེ་ལྟར་ཡབ་ཡུམ་གཉིས་ཀྱིས་ཀྱང་རྨི་ལམ་གྱི་རོལ་གར་སྣ་ཚོགས་རྟགས་དང་རྟེན་འབྲེལ་མང་བོ་བྱུང་ཡོད་ཀྱང་རེ་ཞིག་དེ་ཙམ་བྱས་སོ།།
དེ་ཡང་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ་གྱི་ལོའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ལ་ལྷུམས་ཞུགས་ནས་ཟླ་བཅུ་དང་ཞག་བཅོ་ལྔ་ལོན་པའི་རབ་རྒྱལ་ས་སྐྱོང་ཞེས་པ་ཤིང་མོ་བྱ་ཡི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཐོ་རེངས་སྟག་གི་སྔ་ཆ་གཟའ་ལྷག་པ་རྒྱུ་སྐར་སྣར་མ་སྟེ་ས་ཆུ་འཕྲོད་པ་དང་སྨེ་བ་གཅིག་དཀར་བབས་པའི་དུས་སུ་ངོ་མཚར་བའི་ལྟས་མང་བོ་དང་བཅས་ཏེ་སྐུ་འཁྲུངས་སོ།། འདིར་སྨྲས་པ། རྨི་ལམ་སྣོད་བཅུད་སྣ་ཚོགས་སྣང་ཙམ་གྱིས།། བདེ་སྡུག་བསྐྱེད་བཞིན་ད་ལྟའི་སྣང་བ་ཀུན།། བདེན་པར་མེད་པའི་ཐ་སྙད་མི་བསླུ་བར།། ཡིད་ཆེས་ཕྱིར་ཏུ་རྨི་ལམ་དཔེ་འདི་བཀོད།། གཞན་དག་རྨི་ལམ་རྫུན་ཕྱིན་ཡིད་བརྟན་མེད།། སྨྲ་བ་རྫུན་པར་གྲུབ་དང་རྫུན་པ་དང༌།། རྫུན་གསུམ་གང་བྱས་མཁས་བས་བརྒལ་བརྟག་ཚེ།། ཕྱེ་མའི་འཆང་བུ་ཇི་བཞིན་ཡིད་རྟོན་མེད།། གཞན་ཡང་བདེན་པ་གྲུབ་དང་བདེན་པ་དང༌།། བདེན་གསུམ་སྤུ་རིས་ཕྲ་ཞིབ་དཀའ་གནད་སོགས།། ཇི་བཞིན་འབྱེད་པའི་ཀླུ་སྒྲུབ་ཡབ་སྲས་དང་།། གཉིས་མེད་སྨྲ་བའི་དབང་བོ་ཉིད་དུ་མཛོད།། ཅེས་པ་འང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། གཞན་ཡང་དཔལ་ལྡན་སྨྲ་སེང་གླིང་གི་དཀར་རྩིས་པ་རྣམས་ཀྱི་རི་མོའི་བརྟག་པ་ནི། དབྱངས་འཆར་གྱི་ལམ་ནས། ཤིང་ཙན་ཏན་དཀར་བོའི་གདན་ཁྲི་ལ།། བན་སྡེ་སྔགས་ལྡན་ཕུར་བུ་བསྒྲིལ།། ཆོས་ཀྱི་བསྟན་པ་དར་བ་ཡིན།། བྱ་ལོ་བ་ཡི་ལུས་སྲོག་རྒྱས།། ཞེས་བྱུང་བའི། སྐྱབས་རྗེ་མཆོག་གི་དགུང་སྙིང་བྱ་དང་། འབྱུང་བ་ཤིང་སྨེ་བ་གཅིག་དཀར་སྲོག་གཟའ་ཕུར་བུ་སོགས་ཚིག་ཟིན་ལ་གསལ་ལོ།། དུས་སྦྱོར་གྱི་རི་མོ་ལས། དམའ་སྤང་རིའི་ངོས་ལ་ཉི་མ་ཤར།། ལྷ་བྱ་གཅིག་གི་ཡར་ཤོག་ཟེར།། གྲོགས་ཀྱི་རྫིང་བུ་མ་སྟོང་བཟང་།། ཞེས་དང༌། འབྱུང་བ་ཤིང་གི་བར་ཁང་ལ།། ཕུ་མི་ཤིང་གི་ལོ་འབྲས་རྒྱས།། གཙོ་བོ་གྲོགས་ཀྱི་རྒྱ་མཚོ་ཁེངས།། གྲོགས་ཀྱི་རྫིང་བུ་མ་སྟོང་བཟང་།། ཞེས་བྱུང་བ་སོགས་རྩིས་ཀྱི་རི་མོ་ལས་ཀྱང་གསལ་བྱས་སོ།། སྨྲས་པ། རྒྱ་བོད་རྩིས་གཞུང་རིན་ཆེན་མེ་ལོང་ངོར།། དུས་གསུམ་ལས་འབྲས་གཟུགས་སྙན་རི་མོ་ལ།། རྣམ་དཔྱོད་འཛུབ་མོའི་ངོ་སྦྱོར་རྣམ་དག་པས།། རྒྱ་མཚོ་རྣམ་གསུམ་གླིང་འདིར་བྱོན་ནམ་སྙམ།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ཁོང་ཉིད་མཚན་དཔེའི་གཟུགས་སྐུ་མངོན་པར་ཤར་བ་ནས་མཁའ་ལ་འཇའ་ཚོན་སྣ་ཚོགས་ཤར་བའི་ལྷ་ཡི་དབང་བོ་ཚངས་བ་དང་བརྒྱ་བྱིན་སོགས་ཀྱིས་འཇའ་སྤྲིན་གྱི་གཟུགས་སུ་བྱས་ཏེ་མེ་ཏོག་དཀར་བོའི་ཆར་ཕབས། མི་མངོན་དབྱིངས་ནས་དཀར་ཕྱོགས་ལྷ་ཀླུ་རྣམས་ཀྱི་དུས་གསུམ་གར་བསྲུང་ཞིང་སྐྱོབས་པར་ངེས་སོ། མཚན་ཚེ་རིང་དོན་འགྲུབ་ཞེས་གསོལ་ཞིང་གཞོན་དུས་ནས་བྱིས་པ་ཕལ་བའི་ངང་ཚུལ་ལས་རྣམ་པར་ལྡོག་ཅིང་ཁམས་ཉོགས་ཀྱང་དུ་བ་སོགས་གནས་ངན་ལེན་གྱི་སྤྱོད་པ་ཡེ་ནས་བྲལ་བ། ཀུན་གྱི་ཡིད་དབང་འཕྲོག་པའི་བྱིས་པ་ཁྱད་འཕགས་ཞིག་གོ་ཞེས་གཟེངས་བསྟོད་བྱེད་པར་བརྩོན་ནོ། རིམ་བཞིན་ཡབ་ཡུམ་གཉིས་ཀྱིས་བསྐྱེད་བསྲིངས་དང༌། ཀུ་དོ་བླ་མ་ངག་དབང་མཐར་ཕྱིན་གྱིས་ཁྲུས་དང་གཙང་སྦྲ་ཡང་ཡང་གནང༌། དཔལ་ལྡན་བླ་མ་ཐུབ་བསྟན་མཐའ་ཡས་ཀྱིས་ཚེ་བསྒྲུབ་ཕུལ་བ་སོགས་ཀྱི་སྒོ་ནས་དགུང་ལོ་གསུམ་པ་མེ་ཕག་ལོའི་བར་ཏུ་དགྱེས་འཛུམ་ཞལ་ལས་གཡོ་བ་མེད་ཅེས་མཐུན་སྣང་དུ་གྲུབ་པོ།། མེ་ཕག་ལོའི་དགུན་ཆོས་ལ། རུ་བའི་གཉེར་བ་ཤེས་རབ་དཔལ་ལྡན། གསང་འདུས་དགེ་རྒན་ཚུལ་ཆོས་སོགས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་རྗེ་བཙུན་འཇམ་དབྱངས་ཡེ་ཤེས་འཇིགས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་དྲུང་དུ། མཆོག་སྤྲུལ་ངོས་འཛིན་ཞུས་ཚེ། འོ་ལེགས་སོ། མཆོག་སྤྲུལ་རིན་པོ་ཆེ་ཨ་མཆོག་དགོན་ནས་ཞག་གསུམ་ཙམ་གྱིས་ལམ་དུ་འཁྲུངས་ཡོད། ཁྱེད་རྣམས་ལས་ཀྱང་བདག་ལ་ཁ་མཁོ་དང་བྲེལ་བ་ཤིན་ཏུ་ཆེ་མོད་ཀྱང་ད་ལྟ་སྐུ་ན་ཕྲ་བའི་ཞབས་ཞུ་བསྒྲུབས་པ་དཀའ། དེ་ལས་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་དུ་མར་མེ་འབུམ་བཀའ་འགྱུར་དག་ཚར་བསྒྲུབ་དགོས་ཞེས་བཀའ་གནང༌། དེ་ནས་ཆེར་མ་འགྱང་བ་ཀུན་མཁྱེན་རིན་པོ་ཆེས་གཟུགས་ཀྱི་བཀོད་པ་བརྗེ་ཚུལ་བསྟན་ཏོ།། ( ཁོང་གི་བཀའ་ལ་ཁྱེད་རྣམ་ལས་ཁ་མཁོ་དང་བྲེལ་བ་བདག་ལ་ཆེ་ཞེས་བ་སོགས་ཉིད་ཀྱི་གདུལ་བྱ་རྫོགས་པའི་དུས་སུ་སླེབས་པ་འདི་གསུངས་བ་གདོན་མི་ཟའོ།།) ཀུན་མཁྱེན་གྱི་གདུང་རྫོགས་སྐབས་སུ་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་པཎ་ཆེན་ཡོངས་འཛིན་རྣམ་གཉིས་ལ་གུང་ཐང་ཚང་གིས་མཆོག་སྤྲུལ་ངོས་འཛིན་གྱི་ཐུགས་དོན་ཡར་ཞུ་གནང་། ཀུན་འཛིན་ཅེས་པ་ས་ཕོ་བྱི་བའི་ལོའི་ལོ་གསར་གྱི་ཡར་ཚེས་ལ་སྤྱི་གཉེར་སྦྱིན་པ་དང་ཀུན་རིག་དགེ་རྒན་ཤེས་རབ་དང་འཇིགས་བྱེད་དགེ་རྒན་བསྟན་པ་དར་རྒྱས་སོགས་བཀྲ་ཤིས་འཁྱིལ་དུ་ཕེབས་པའི་ལམ་ནས་གཉེར་བ་སྦྱིན་པའི་ཕྱག་ཏུ་དུང་དཀར་གཡས་འཁྱིལ་ཞིག་རྙེད་པའི་རྟེན་འབྲེལ་གྱི་རང་མཚན་གསལ་བར་ཤར། དེ་ནས་ཨ་ལགས་བླ་ཁོ་རིན་པོ་ཆེ་ལ་མཆོག་སྤྲུལ་གྱི་མཚན་བྱང་གང་ནས་བསྡུ་ཕྱིས་སུ་ཁྱེད་ཀྱི་ངོས་འཛིན་བྱེད་དགོས་ཞེས་ཞུས་བར། དགྱེས་བཞིན་དུ་རྟེན་འབྲེལ་བཟང་། རྟེན་ཁང་གི་མགོན་པོའི་ཕྱག་གི་ཌ་མ་རི་ད་བར་དུ་བོར་ཏེ་དེ་རིང་རྙེད་ནས་གཡོག་དང་འཕན་རྡོ་སོགས་གསར་དུ་གྲུབ་ཏེ་མགོན་པོའི་ཕྱག་ཏུ་འབུལ་ཞེས་གཏམ་གླེང་སྐབས་ཡིན་པའི་མཆོག་སྤྲུལ་གྱི་ཕྱི་སྐུའི་བཀོད་པ་ཙམ་བརྗེས་བ་ལས་མཛད་པ་དང་འཕྲིན་ལས་སྔོན་ལས་མ་བརྗེས་བར་འཁྲུལ་མེད་ཅིག་ཕེབས་ཡོད་པ་ཐག་ཆོད་རེད་གསུང་། མཚན་བྱང་ནི། དགུང་སྙིང་བྱ་ཡིན་པའི་ཡུལ་མཆོག་རྩེ་དང་རྔ་བ་ཁྲོ་ཁོ་མཛོ་དགེ་སོགས་སུ་བཙལ་དགོས་ཞེས་གསུངས། ཕྱི་ནས་ངོས་འཛིན་ཀྱང་ཁྱེད་ཀྱི་མཛད་དགོས་ཞེས་ནན་ཞུས་བྱས་ཚེ། ལེགས་སོ་རྟེན་བྱིན་ཅན་འབུམ་སྟོད་ཇོ་བོ་དང་ཁོང་གི་སྐུ་གདུང་ཅི་རིགས་ཀྱི་མདུན་དུ་ཟན་བསྒྲིལ་བྱས་ན་མཆོག་སྤྲུལ་འཁྲུལ་མེད་འོང༌། རྟེན་འབྲེལ་གྱི་ཞལ་བཞེས་གནང་ངོ༌། འོན་ཀྱང་ད་ལོ་ནད་དང་རྐྱེན་གང་གི་དབང་དུ་བྱས་ཀྱང་དེ་དུས་ང་ཨེ་ཡོད་མི་ཤེས་གསུངས།( དེ་ལྟར་ཉིད་ཀྱི་བཀའ་ལུང་ལྟར་ཨ་ལགས་བླ་ཁོ་རིན་པོ་ཆེ་ཡང་ཆེར་མ་འགོར་བར་སྟོང་བ་གསུམ་རིམ་གྱིས་བསྡུས་ཏེ་སྟོང་བ་ཆོས་སྐུའི་དོན་དམ་མངོན་དུ་མཛད་དོ། )
དེ་ནས་ཡང་ཕྱག་མཛོད་ཆོས་འཕེལ་སོགས་ཀྱིས་གུང་ཐང་བསྟན་པའི་དབང་ཕྱུག་ལ་ཡང་མཆོག་སྤྲུལ་ངོས་འཛིན་ཁྱེད་ཀྱིས་གནང་དགོས་ཞེས་ཡར་ཞུ་ཕུལ་སྐབས། རྒྱལ་དབང་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གང་རུང་ཞིག་གི་མདུན་དུ་འགྲོ་ཞེས་གསུང་བཀྲོལ། རྗེས་ནས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་མདུན་དུ་འགྲོ་ཞེས་ཞལ་བཀོད་ལྟར། མཚན་བྱང་བསྡུ་བར་མཆོག་རྩེའི་ཕྱོགས་སུ་སྟག་རྩེའི་ཤིང་བཟའ། ཁྲོ་ཁོའི་ཕྱོགས་སུ་ཁྲི་ཟུར་བྲ་ཁྱོམ་ཤེས་རབ་བསྟན་འཕེལ། མཛོད་དགེའི་ཕྱོགས་སུ་ཁྲི་ཟུར་གཞུ་ཤུབས་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་རྒྱ་མཚོ་རྣམས་ཀྱིས་མཚན་བྱང་སུམ་བརྒྱ་ལྷག་བསྡུས་ཏེ། ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ཨ་མཆོག་ཕྱག་མཛོད་ཆོས་འཕེལ་དང༌། ཁྲི་ལས་ཐོག་པ་གསའ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ། ཁྲི་ཟུར་བྲ་ཁྱོམ་སྤྲུལ་སྐུ་ཤེས་རབ་བསྟན་འཕེལ། ཁྲི་ཟུར་གཞུ་ཤུབས་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་རྒྱ་མཚོ་སྨན་པ་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་ཉི་མ། ལོང་ཟའི་དགའ་ལྡན་པ། སེར་སྐྱེའི་སྤྲུལ་མིང་འཛིན་པ་བདག་དང༌། ཉི་མགོའམ་མི་མགོན་སྤྲུལ་སྐུ་བསྟན་པ་དར་རྒྱས། བདེ་མཆོག་དགེ་རྒན་ལི་ས། ཁྲི་བཅུའི་བ་བཟོད་པ། མཆོག་རྩེའི་སྐུ་ཚབ་བློ་བཟང་ཟླ་བ། རྫོང་ཁག་བློན་པོ་ནོར་བུ། བྱམས་མེའི་དཔོན་པོ་ཨ་འཇིགས། ཐང་སྐོར་དཔོན་ཚབ། ཨ་སྐྱིད་དཔོན་པོ་མགོ་མགོན། སྟོད་མའི་མགོ་རྡོར། སོགས་སྐྱ་མི་ཉིས་བརྒྱ་ལྷག་གི་མཚན་བྱང་ཁྱེར་ཏེ་ལམ་ལ་ཆས། ཞག་བརྒྱད་ནས་སོག་ཡུལ་འཆང་བང་རྒྱལ་བོའི་ཆོས་སྒར་དུ་གུང་ཐང་རིན་པོ་ཆེ་དང་ཀུན་མཁྱེན་སྐུ་ཕྲེང་བཞི་བའི་སྐུ་ཚ་མ་ལ་མཇལ། འདུག་ཆས་སོགས་ཕོན་ཆེ་བ་གནང༌། སྐྱ་མི་བཅུ་དྲུག་བཅས་ལ་ཕྱག་ཡིག་དང་གསུང་བསྐུར་གནང་སྟེ་ཟི་ལིང་ཀྲུའུ་ཞིའི་མདུན་དུ་ལམ་ཕྱེ་བར་མངགས། དེ་ནས་རིམ་བཞིན་གུང་ཐང་རིན་པོ་ཆེ་དང་བཅས་ཏེ་ཟི་ལིང་དུ་ཕེབས་པས་ཟི་ལིང་ཀྲུའུ་ཞིའི་ཀྱང་འདུག་ཆས་སོགས་མང་བོ་གནང་ནས་མཆོག་སྤྲུལ་ངོས་འཛིན་གྱི་སྐོར་ལ་རོགས་རམ་མང་བོ་བྱས། དེ་ནས་ཟླ་དགུ་བའི་ཚེས་བཞིའི་ཉིན་སྐུ་འབུམ་བྱམས་པ་གླིང་དུ་འབྱོར། བཅོ་ལྔའི་ཉིན་སྐུ་འབུམ་བྱམས་པ་གླིང་གི་བླ་བྲང་རྩེར་གསོལ་སྟོན་དྲངས། པཎ་ཆེན་ཁོང་ཉིད་ཀྱང་གྲལ་མགོར་ཁྲི་ལ་བཞུགས་ཤིང་ཐུགས་དགྱེས་པའི་གསུང་གླེང་མང་དུ་གནང༌། ཨ་མཆོག་དབོན་པོ་ཆོས་འཕེལ་གྱིས་མཚན་བྱང་སུམ་བརྒྱ་ལྷག་ཁོང་གི་ཕྱག་དུ་ཕུལ་སྐབས་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་ཡོངས་འཛིན་རྗེ་འཇིགས་མེད་རྒྱ་མཚོས་འདི་ལྟར་ཡར་ཞུ་གནང་། ཨ་མཆོག་སྐུ་གོང་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་ཡང་སྤྲུལ་ངོས་འཛིན་བྱེད་རྒྱུ་འདི། སྔོན་ཀུན་མཁྱེན་རིན་པོ་ཆེ་བློ་བཟང་འཇམ་དབྱངས་ཡེ་ཤེས་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་ཐུགས་ཁུར་བཞེས་ཤིང་དུས་དབང་གི་ངོས་འཛིན་བྱེད་མ་ཐུབ། དེས་རྗེས་ཨ་ལགས་བླ་ཁོ་རིན་པོ་ཆེས་གྲོགས་བྱེད་ཅེས་ཞལ་གསུང་བྱུང་ཞིང་ཡང་དག་ཞིང་གཟིགས་བའི་རྐྱེན་གྱི་ངོས་འཛིན་བྱེད་མ་ཐུབ་པར། ད་ལྟ་གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག་དང་ཨ་མཆོག་ཕྱག་མཛོད་ཆོས་འཕེལ་སོགས་བླ་སྤྲུལ་དང་སེར་སྐྱ་བཅུ་ཕྲག་ཉི་ཤུ་ལྷག་རྒྱུ་ཚེགས་ཀུན་ལ་མ་འཛེམས་པར་སྣང་བ་མཐའ་ཡས་ཁྱེད་གྱི་སྐུ་དྲུང་དུ་ཐུགས་བརྟགས་གཅོད་པར་འོང་བ་ཡིན་པའི། ཨ་ལགས་བླ་ཁོ་རིན་པོ་ཆེ་དང་ངེད་གཉིས་ལ་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཆེས་དཀོན་པ་རྣམས་ཨ་མཆོག་རིན་པོ་ཆེ་ནས་གནང་བ་ཡིན་པའི་ཁྱེད་ཀྱི་དངོས་ཀྱི་བླ་མ་མིན་ཡང་བརྒྱུད་པའི་བླ་མ་ཡིན། ཡང་སྤྲུལ་འཁྲུལ་མེད་གཅིག་ངོས་འཛིན་བྱེད་རྒྱུའི་ཁེག་ཁྱེད་ལ་བབས་ཡོད་པའི་མཆོག་སྤྱིན་ཐུགས་རྗེས་ངང་དུ་ངོས་འཛིན་བྱེད་རྒྱུ་བཀའ་དྲིན་ཆེ་ཞུས་ཏེ་མཚན་བྱང་དང་དངོས་འབུལ་སོགས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ཏུ་ཕུལ། ཁོང་གིས་ཀྱང་ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས། དེ་ནས་རྗེའི་གསེར་གདུང་གི་བུམ་པའི་ནང་དུ་མཚན་བྱང་ཉུང་བསྡུས་བྱས་ནས་བཞུགས་གསོལ་མཛད། འདིའི་སྐབས་སྣང་བ་མཐའ་ཡས་ཀྱི་གུང་ཐང་རིན་པོ་ཆེ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོ་ལ་རྡོ་ཞིག་ཕྱག་ཏུ་བསྡམས་པའི་ཕྱག་རྗེས་ལྷང་གསར་དུ་ཡོད་པ་ཞིག་སྟེར། འདི་ནི་བསྟན་པ་ཡང་དར་སྐབས་ཕན་ཚུན་གཅིག་འདྲེས་ཀྱི་དཔེ་མཚོན་དང་མ་འོང་བར་ཕྱག་སོར་ལྔ་བཅིངས་ཁུ་ཚུལ་གྱི་བསྟན་དོན་སྤེལ་ཞེས་བའི་ལུང་བསྟན་ཡིན་པ་གདོན་མི་ཟའོ། པཎ་ཆེན་ཕོ་བྲང་ནས་འདུག་ཆས་སོགས་མང་བོ་གནང༌། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་པཎ་ཆེན་རིན་པོ་ཆེ་བློ་བཟང་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་སླར་ཡང་ཕོ་བྲང་བདེ་ཡངས་སུ་ཁྲིར་འཁོད་ནས་སྔར་བཞིན་གསོལ་སྟོན་དྲངས། ཡོངས་འཛིན་ཆེ་བ་རྗེ་འཇིགས་མེད་རྒྱ་མཚོས་ཡང་སྤྲུལ་གྱི་མཚན་བྱང་ཕྱག་ཏུ་བཞེས་ནས་སྣང་མཐའི་སྒྱུ་འཕྲུལ་པཎ་ཆེན་རིན་པོ་ཆེ་ནས་ངོས་འཛིན་བྱས་པའི་མཚན་བྱང་། སྙིགས་དུས་བསྟན་པའི་སྒྲོན་མེ་རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི་མཆོག་སྤྲུལ་གྱི་མཚན་བྱང་རྣམས་ལས། ཞིབས་པར་བརྟག་ཏེ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་བ་བཏབས། བདེན་པ་བདར་ནས་བརྟགས་པ་ནན་ཏན་བགྱིས་པའི་སྙིང་བོ་ནི། འབར་ཁམས་ཁྲོ་སྐྱབས་ཉ་ཚང་གི་ཡབ་ཁྲོ་བོ་དང་ཡུམ་སྒྲོལ་མ་གཉིས་ཀྱི་ཁྱེའུ་བྱ་ལོ་བ་ཚེ་རིང་དོན་འགྲུབ་འདི་ཉིད་དམ་པ་གང་གི་ཡང་སྤྲུལ་འཁྲུལ་བྲལ་དུ་བབས། མཚན་བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོ་ཞེས་གསོལ་བ་ཡིན། ངོས་འཛིན་དང་རྟེན་འབྲེལ་ལ་འཆིགས་པ་མེད་ཐོག་སྐུ་གེགས་ཞུ་ཞིང་འཕྲིན་ལས་རྒྱས་ཞབས་རིམས་ལ་ཁྲུས་དང་གཙང་སྦྲ་གལ་ཆེ། བླ་མ་བསྟེན་ཚུལ་མ་ལོག་པ་བྱེད་དགོས། དེ་ལྟར་བྱས་ན་སྐུ་གོང་མ་བཞིན་དུ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས། ཞེས་གསུང་བ་ལྟར་སེར་སྐྱ་ཀུན་གྱིས་བླ་མ་བསྟེན་ཚུལ་ལ་འབད་པ་གལ་ཆེ་གསུངས་ཏེ་མཚན་བྱང་སླར་ཡང་སྣང་བ་མཐའ་ཡས་ཀྱི་ཕྱག་ཏུ་ཕུལ། རྗེ་ཉིད་ཀྱིས་མཚན་བྱང་བརྟེན་སྔགས་ཕྱག་མདུད་དང་བཅས་བ་ཨ་མཆོག་ཕྱག་མཛོད་ཆོས་འཕེལ་ལ་གནང་། མཚན་བྱང་ཞལ་ཕྱེ་སྐབས་ཚོགས་བརྡལ་གཎྜི་དལ་བུས་བརྡུང་བ་དང༌དུས་མཉམ་བྱུང༌བའི་རྟེན་འབྲེལ་ལེགས་གསུངས། ཕྱག་མཛོད་ནས་གསོལ་འདེབས་ཞིག་ཞུས་བའི། རྗེ་ཉིད་ཀྱི་ཞལ་ནས། བློ་བཟང་ཐུབ་དབང་གཉིས་བའི་བསྟན་གནད།། མཁྱེན་རབ་ཡེ་ཤེས་མཆོག་གི་གཟུགས་པ་གང༌།། རེས་མེད་གདུལ་བྱ་རྒྱ་མཚོར་འདོམས་མཛད་པ།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཞེས་མཛད་འཕྲིན་གསོལ་འདེབས་འདི་གསུངས་སོ།
ལུང་ཡང་ཡོངས་འཛིན་ཆེ་བའི་གསུངས།། དེ་ནས་མཚན་བྱང་གནང་རྟེན་དངོས་འབུལ་ལ་དངུལ་རྡོ་ཚད་བཞི་བཅུ་རྩ་གསུམ་ལྷ་རྫས་བཅས་ཕུལ།། དེ་ནས་བླ་སེར་ཀུན་ནས་སྤོས་ཐོག་ཏེ་དམིགས་བརྩེ་མ་འཐེན་ནས་སེར་འཕྲེང་གིས་བསུས་ཏེ་སྐུ་འབུམ་གསེར་ཁྲི་སྒར་བའི་ཁྲིར་གདན་དྲངས། མཚན་བྱང་གསེར་ཁྲིར་བཀོད་ནས་གསོལ་སྟོན་དྲངས། འདིའི་སྐབས་དགེ་ལྡན་བསྟན་འབར་མ་གསུང་བའི་བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག་ཅེས་པའི་གསུངས་དབྱངས་དང་དུས་མཐུན་དུ་འཇམ་པའི་དབྱངས་དང་ཡོངས་འཛིན་ཆེ་བ་རྣམ་གཉིས་ཀྱི་དར་ཁ་སྲིད་དུ་རིང་བ་རེ་ཕྱག་ཏུ་བསྣམས་ནས་མཇལ་བར་ཡོང་བ་དང་འཁེལ་བའི་རྟེན་འབྲེལ་རྨད་དུ་བྱུང་བ་འགྲིགས། སྣང་བ་མཐའ་ཡས་ཀྱི་མཇལ་དར་ཡོངས་འཛིན་གྱིས་མཚན་བྱང་ལ་ཕུལ་ནས་རིམ་བཞིན་གུང་ཐང་ཚང་དང་བླ་སྤྲུལ་སེར་སྐྱ་ཚང་མ་མཇལ། ཡོང་ཁར་ཚོགས་ཆེན་ལ་ཨ་མཆོག་སྒར་བ་ནས་མང་ཇ་སྐུ་འགྱེད་ལ་གྲྭ་བ་བཞིའི་བར་དངུལ་ཌཾ་རེ་དང་རྗེའི་གསེར་གདུང་མདུན་དུ་སྟོང་མཆོད་རྒྱས་པ་ཕུལ། དེ་ནས་བཀྲ་ཤིས་འཁྱིལ་ལ་ཕྱིར་ཕེབས་སྟེ་གུང་ཐང་བདེ་ཡངས་ནས་མཚན་བྱང་ཁྲིར་བཀོད། བླ་བྲང་དང་སོག་པོ་ཆང་ཝང་ཚང་དང་གུང་ཐང་ཚང་ཀྱེ་རྡོར་གྲྭ་ཚང་སོགས་ཀྱིས་གསོལ་སྟོན་ཕུལ། དེའི་སྔར་ནུབ་ཀུན་མཁྱེན་ལྔ་བའི་ཡབ་རྒྱལ་བོའི་མཚན་ལམ་ལ་པཎ་ཆེན་རིན་པོ་ཆེས་ཐུགས་རྗེ་ཆེན་པོའི་སྐུ་བརྙན་ཁྲི་གང་ཙམ་ཞིག་གནང་བ་དེའི་འོད་ཀྱིས་གླིང་བར་ཐམས་ཅད་ཉི་འོད་ལྟར་ཁྱབ་པ་ཞིག་རྨིས་བའི་བླ་བྲང་ཨ་བློའམ་བློ་བཟང་ཚེ་རིང་ལ་ཀུན་མཁྱེན་ཡང་སྤྲུལ་གྱི་གཏམ་སྙན་ཞིག་ཐོས་རྒྱུ་ཨེ་ཡིན་ཞུས་ཚེ། ཟི་ལེན་ཨ་བློ་བློ་བཟང་ཚེ་རིང་གི་མིན། དེ་རིང་ཀུན་མཁྱེན་གྱི་བླ་མ་ཨ་མཆོག་གི་ཡང་སྤྲུལ་ཐུགས་ཐག་བཅད་ནས་གླིང་འདིར་ཕེབས་རྒྱུ་ཡིན་གསུངས། དེ་ལྟར་རྟག་རྟེན་ཁྱད་པར་བ་དང་བཅས་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཉིན་ཁ་ཤེས་ལ་ངལ་གསོ་མཛད་ཀྱཻ་རྡོ་གྲྭ་ཚང་གིས་སེར་བསྒྲེངས་དང་བཅས་མཚན་བྱང་གདན་འདྲེན་བྱས། སྨན་པ་གྲྭ་ཚང་གིས་ཀྱང་གདན་འདྲེན་གྱི་སྣེ་ལེན་མཛད། ཟླ་བ་༡༠ ཚེས་༡༡ ཉིན་ལམ་ལ་ཆས་ཏེ་རྔ་བའི་ཕྱོགས་སུ་བསྐྱོད། དེ་ནས་ཟླ་བ་བཅུ་བའི་ཚེས་ཉེར་གསུམ་ལ་རང་དགོན་འཇམ་དབྱངས་སྨྲ་བའི་སེང་གེའི་གླིང་དུ་འབྱོར། དགོན་མ་ལག་སྒྲུབ་སྡེ་ཀུན་གྱིས་ཆུབས་བསུ་དང་སེར་འཕྲེང་གིས་བསུས་ནས་ཨ་མཆོག་བདེ་ཡང་གི་ཁྲི་ལ་མཚན་བྱང་བཞུགས་སུ་གསོལ་ཏེ་མཆོག་སྤྲུལ་ངོས་འཛིན་གྱི་ལོ་རྒྱུས་སྙན་ཞུ་ཕུལ། བསྟན་འབར་མ་གསུང་བཞིན་དགོན་སྡེ་ཀུན་མཚན་བྱང་ལ་མཇལ་ཏེ་ཀུན་གྱིས་བསྐལ་བ་བཟང་སོང་ཞེས་གཏམ་སྙན་ནོར་འཛིན་ཁོངས་སུ་གྲགས་པ་བྱས་སོ།། སྨྲས་པ།
རིགས་བརྒྱའི་ཁྱབ་བདག་སྣང་མཐའི་སྒྱུ་འཕྲུལ་གྱིས།། མཆོག་སྤྲུལ་རིན་ཆེན་དད་གུས་རྒྱལ་མཚན་རྩེར།། བཀོད་དེ་གདུལ་བྱ་སྐལ་ལྡན་མཐའ་དག་ལ།། འདོད་དགུའི་དངོས་གྲུབ་ནམ་ཡང་ཆད་མེད་མཛོད།། རིགས་གཟུགས་ཡོན་ཏན་མཐོང་ཐོས་དྲན་པའི་ཚེ།། ཕ་རོལ་སེམས་ཀྱི་ཟུག་རྔུ་ཟིལ་མནན་ནས།། དད་པའི་ཡིད་གཡོ་ལག་པའི་པད་མོ་ཟུམ།མཉམ་མེད་སྤྲུལ་བའི་སྐུ་ཁྱོད་སྲིད་ན་རྒྱལ།། ཞེས་པའང་བར་སྐབས་ཀྱི་ཚིགས་བཅད་པའོ།།
དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དྲུག་ལ་མཆོག་སྤྲུལ་རིན་པོ་ཆེའི་མདུན་དུ་ན་བཟའ་གསོལ་བ་ལ།སྒང་བ་སྤྲུལ་སྐུ་བསྐལ་བཟང་བསྟན་པ་རྒྱ་མཚོ་དང་གུང་ཐང་སྐུ་ཚབ་ཝ་བློ་བཟང་དར་རྒྱས། གསོལ་དཔོན་བློ་བཟང་སྐལ་ལྡན། མཆོག་རྩེའི་སྐུ་ཚབ་བསྟན་འཛིན་སོགས་འབར་ཁམས་སུ་ཕེབས། ཟླ་བ་བཅུ་གཉིས་བའི་ཚེས་བཞི་ལ་སྙན་ཞུ་ཕུལ། དེས་ནུབ་མོ་ཡོངས་འཛིན་སྦྱིན་པ་རྒྱ་མཚོའི་མཚན་ལམ་དུ། ལྷ་ལམ་དབྱིངས་སུ་རབ་དཀར་ཆུ་འཛིན་གྱི་ཚོགས་མང་བོ་འདུས་པའི་དབུས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་དཔལ་ཕྱག་ན་རྡོ་རྗེ་ལ་ཐུམ་པ་དང་དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ལ་ཐུམ་པ་རྨིས། དེ་ལྟར་རིགས་གསུམ་མགོན་པོ་འཁྲུལ་མེད་ཀྱི་རྟགས་མཚན་འཆར། ཕྱིར་ཉིན་ཉི་དྲོས་སྤྲུལ་གྱི་སྔ་ཆ་ལ་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་ཡང་སྤྲུལ་གྱི་སྐུ་ལུས་ཁྲུས་གཞུང་དུ་བཞུགས་ཏེ་ཁྲུས་ཕུལ་བ་སྔགས་རིམས་ལྟར་དམ་པའི་ཕྱག་བཞེས་མ་ནོར་བ་མཛད། དེ་དག་སྐུ་ལ་མཚུངས་མེད་པའི་སྐུ་ཞེས་པའི་སྐབས་སྐུའི་བརླན་ཕྱིས། དེ་ནས་དེ་ལ་ཞེས་པའི་སྐབས་ན་བཟའ་ཕུལ་བདག་དང་འགྲོ་ལ་སོགས་ཀྱི་ཁྲིར་བཀོད་དེ་པཎ་ཆེན་རིན་པོ་ཆེས་གནང་བའི་ཕྱག་མདུད་སོགས་ཕུལ། ཕྱག་དབང་དང་བཅས་པའི་མཇལ་ཁ་གནང༌། ཉེར་ལྔའི་ཉིན་མཆོག་རྩེའི་རྒྱལ་སར་ཕེབས་ཏེ་ཕྱག་དབང་སོགས་བསྩལ་ས་གླང་ལོ་སྟེ་དགུང་ལོ་ལྔའི་ཐོག་གི་ལོ་གསར་དགའ་སྟོན་མཆོག་རྩེའི་གསེར་ཁང་ནས་བྱས། རྒྱལ་སྲས་ཚེ་དབང་ལ་འཛམ་སེར་གྱི་སྐུ་བརྙན་ས་མིན་རྡོ་མིན་གྱི་རང་བྱོན་ཁྱད་མཚར་ཞིག་གནང་། ཨ་མཆོག་སྒར་བ་དང་འཚོགས་ཆེན། གྲྭ་ཚང་སོ་སོ་སྒྲུབ་སྡེ་བདུན་དང་ཚོ་བ་བདུན་སོགས་ཀྱི་རང་རང་གིས་ལོ་གསར་ཕུལ། ཚེས་དགུའི་ཉིན་འབར་ཁམས་དགོན་ནས་སྐུ་འཚམས་ཞིག་ལ་བཞུགས། ཟླ་གཉིས་པའི་ཚེས་བཅུའི་ཉིན་དར་འཐེན་རྣམས་འབྱོར། ཧོར་ཟླ་གཉིས་པའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་སྔ་དྲོ་སྒང་བ་རྒྱ་ནག་མཁན་སྤྲུལ་བསྐལ་བཟང་བསྟན་པ་མཚོ་དཔལ་བཟང་བོ་ནས་མཆོག་སྤྲུལ་རིན་པོ་ཆེ་ལ་དགེ་བསྙེན་གྱི་སྡོམ་རྒྱུན་གནང་ནས་བསྟན་པའི་སྒོར་བཅུག་སྟེ་དགའ་ལྡན་ལྷ་བརྒྱ་མ་དང་རིགས་གསུམ་མགོན་པོའི་བཟླས་ལུང་། ལམ་མཆོག་སྒོ་འབྱེད་སོགས་ཀྱི་ལུང་བསྩལ་བའི་ཚིག་དོན་འགྲེལ་བ་དང་བཅས་པ་ལེགས་པར་གསན་ཏེ་འཇིག་རྟེན་གྱི་བྱ་བ་ལ་བློ་རང་ལོག་ཏུ་གྱུར། སྐྱེས་ཐོབ་ཀྱི་ཤིང་ལ་སྦྱང་སྟོབས་ཀྱི་མེ་དཔུང་འབར་ཞིང༌། གུས་པ་དང་རྟག་པར་སྦྱོང་བའི་བརྩོན་འགྲུས་ཀྱི་རླུང་ཤུགས་ཆེས་ཆེར་གསོས་ཏེ་ཤེས་རབ་ཀྱི་དཔལ་ཀུན་ཏུ་རྒྱས་སོ། །དེ་དུས་ཕྱག་དབང་ཚེ་མདུད་སོགས་བླ་གྲྭ་རྒྱལ་བློན་ཀུན་དང་དར་འཐེན་ཀུན་ལ་གནང་ནས་མགུ་བར་མཛད། སྨྲ་སེང་གླིང་གི་གཞུང་ལས་པ་དགེ་བཤེས་བསྟན་འཛིན་ནམ་མཚན་གཞན་རྟ་ཐུལ་སོགས་སྣོད་ལྡན་མང་བོར་གསུང་ཆོས་ཐོག་མ་དགའ་ལྡན་བརྒྱ་མའི་ལྗགས་ལུང་བརྩལ་སྟོན་མཆོག་ཐུབ་པའི་དབང་བོས་ཀྱང་ཆོས་འཁོར་ཐོག་མ་རྟ་ཐུལ་སོགས་འཁོར་ལྔ་སྡེ་དང་ལྷ་བརྒྱད་ཁྲི་ལ་བསྐོར་བ་ལྟར། དེ་དང་སྒོ་བསྟུན་ནས་དམ་པའི་མཛད་འཕྲིན་རྒྱལ་བ་རང་དང་མཉམ་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་སོ།།
ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་བྱང་རྩེའི་མཁན་ཟུར་རིན་པོ་ཆེ་བློ་བཟང་སྦྱིན་པས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཟླ་དགུ་བའི་ཚེས་ལྔའི་ཉིན་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གི་སྟ་གོན་གྱི་སྐབས་སུ། སོ་ཤིང་དོར་བའི་རྒྱས་པའི་ལས་འགྲུབ་ཅེས་གསུང་། ཕྱི་ཉིན་དཀྱིལ་འཁོར་བའི་ལྷ་ལ་མེ་ཏོག་གཏོར་བའི་དོན་ཡོད་རྡོ་རྗེ་ཞེས་གསང་མཚན་གསོལ་ཏེ་དབང་ལུང་ཡོངས་རྫོགས་གནང་། དེའི་ཕྱི་ཉིན་ཁྲིད་རྒྱས་པ་དང་འཇམ་དཔལ་མཚན་བརྗོད་ཀྱི་ལུང་གནང་སྟེ་ཐུགས་རྒྱུད་གསེར་གྱི་བུམ་བཟང་ལ་དབང་ལུང་བདུད་རྩིའི་གཏམས་པར་བྱས་སོ།། སྨྲས་པ། བློ་གྲོས་མཁའ་ལྟར་ཡངས་པའི་ལ་ལི་ཏའི།། མཛད་བཟང་བདུད་རྩི་བུམ་པ་གང་བྱོས་ཚུལ།། ཆོས་སྦྱིན་གནང་སྐབས་དང་བོ་ཐོས་པ་ན།། གསང་སྔགས་མཛོད་ལ་དབང་བསྒྱུར་རྒྱལ་མཚན་བསྒྲེངས།། སྔོན་བྱས་བསོད་ནམས་ཟ་འོག་ཐགས་སུ་བསྐྲུན།། ལེགས་བྱས་དགེ་མཚན་རི་མོ་རྣམ་པར་བཀྲ།། བློ་གྲོས་མིག་ལྡན་དགའ་བའི་རོལ་རྩེད་ཀྱི།། གྲགས་སྙན་གླུ་དབྱངས་ཁ་ནས་དབང་མེད་ཤོར།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
ཡང་ཟླ་དགུ་བའི་ཚེས་དགུའི་ཉིན་གསང་འདུས་དགེ་རྒན་ཚུལ་ཆོས་མཆོག་རྩེའི་རྒྱལ་ཚབ་བསྟན་འཛིན་སོགས་རྒྱལ་སར་འབྱོར། ཚེས་བཅུའི་ཉིན་གསོལ་དཔོན་སྐུ་འཁོར་དང༌ཆིབས་བསུ་བ་རྣམས་སླེབས། ཚེས་བཅོ་ལྔའི་ཉིན་ད་ཚང་དགོན་པའི་ཆིབས་བསུ་སེར་འཕྲེང་དང་བཅས་དེ་གདན་དྲངས། བཅུ་དྲུག་ཉིན་དགའ་ལྡན་ལྷ་བརྒྱ་མའི་ལུང་གནང༌། བཅུ་བདུན་ཉིན་ཀུན་ཆེན་ཞེས་པའི་ས་མིག་ལེགས་པ་ནས་མཆོག་རྩེའི་འབྲོག་ཕྱོགས་ཚོ་བ་རྣམས་ཀྱིས་ཆིབས་བསུ་ཇ་ཐབས་མཇལ་ཁ་སོགས་བླངས། འདིའི་སྐབས་མཆོག་རྩེ་རྒྱལ་བོས་སྔོན་རྒྱལ་ཁག་གསུམ་ནི་ཨ་མཆོག་གི་སྐུ་བདག་ཡིན་པ་དང་ད་ལྟ་ལྷག་པར་དུ་མཆོག་རྩེ་འཁྲུངས་ཡུལ་ཡིན་པས་སྔོན་ཆད་ཨ་མཆོག་དང་རྒྱལ་ཁག་གསུམ་བར་དུ་འབྲེལ་བ་ཆེ་ཚུལ་དང་ལྷག་པར་དུ་མཆོག་རྩེའི་བར་གྱི་འབྲེལ་བ་ཟབ་ཚུལ་གྱི་ལོ་རྒྱུས་ཚང་མ་བློན་ཚབ་ལྷ་སྦྱིན་ལ་སྙན་ཞུ་ཕུལ་དུ་བཅུག ཆུ་གཉིས་ནས་ཕྱག་མཛོད་ཆོས་འཕེལ་སྐུ་འཁོར་སོགས་ཀྱིས་ཆིབས་བསུ་མཛད། གུང་ཐང་རིན་པོ་ཆེ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཁོང་གིས་ཀྱང་ཆིབས་བསུ་ཇ་ཐབ་སོགས་རྒྱས་པ་གནང་ནས་གདན་དྲངས་ཏེ་ཕན་ཚུན་ཐུགས་དགྱེས་པའི་ཉམས་ཀྱིས་གསུང་མོལ་མང་དུ་མཛད། ཕྱིར་ཉིན་ཨ་མཆོག་ཚོ་བ་བདུན་གྱི་ཆིབས་བསུ་ཇ་ཐབ་ཏུ་ཕེབས། དེ་ནས་ཙ་ན་སྤྲུལ་སྐུ་དང་སྨྲ་སེང་གླིང་གི་བླ་སྤྱི་གཞུང་གསུམ། ཐང་སྐོར་མགོ་དཔལ་སྡེ་འབངས་སོགས་ཀྱི་ཆིབས་བསུ་བྱས་ཏེ་རྒོད་ཐང་དུ་བཞུགས། ཕྱི་ཉིན་དྲིས་ཁོག་ནས་ཕྱི་སྒྲུབ་སྡེ་སེ་དགོན་པ་དང་ཨ་འདུས་དགོན་གྲོང་གྱི་ཨ་ལགས་མཚེ་སྤྲུལ་བའི་སྐུ་དང་དགའ་ལྡན་པ་སོགས་ཀྱིས་ཆིབས་བསུ་བྱས་ཏེ་ཨ་མཆོག་བླ་བྲང་གི་ཇ་ཐབ་ཏུ་ཕེབས། དེ་ནས་སྒྲུབ་སྡེའི་ཇ་ཐབ་ཏུ་ཕེབས། དེའི་ཕྱི་ཉིན་བཀྲ་ཤིས་འཁྱིལ་གྱི་སྐུ་དྲག་དང་དམེ་སྐོར་ཚང་དམེ་སང༌། གཅའ་སང༌། ཕེ་ཥེ་སང༌། ཨ་ཁམས་སོགས་ཀྱི་གྲོང་སྡེ་མང་བོ་དང་ནང་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་ཆིབས་བསུ་བྱས་ནས་གྲོང་ཁྲལ་གསེར་ཐང་དུ་གྲྭ་ཚང་གི་ཇ་ཐབ་སྟེང་ཕེབས་ནས་གསོལ་སྟོན་དྲངས། དེ་ནས་སེར་འཕྲེང་གིས་གདན་དྲངས་ཏེ་ཨ་མཆོག་བདེ་ཡངས་ནས་ཁྲི་སྟོན་མཛད། དེ་ནས་གུང་ཐང་ཚང་དང་ཉིད་ཀྱི་ཡོངས་འཛིན་ཕྱག་མཛོད་ཆོས་འཕེལ་སོགས་ཀྱི་ཞབས་ཕྱི་མཛད་ནས་འཚོགས་ཆེན་འདུ་ཁང་དུ་ཕེབས་གནང་མཛད། དེ་ནས་ཡབ་རྗེ་མཆོག་གི་མི་འཇིགས་གདོང་ལྔའི་ཁྲི་ལ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོ་བཞུགས་སུ་གསོལ་ནས་ཡབ་རྗེའི་ཆོས་སྲིད་ལ་དབང་བསྐུར་ཞིང་མངའ་གསོལ་མཛད། སྔོན་གྱི་ལོ་རྒྱུས་ལྟར་སྐུ་ཡོན་ལ་རྡོ་ཚད་བརྒྱ་ཕུལ་བའི་ཕྱེད་ཡབ་གཞིས་དང༌། ཕྱེད་རྒྱལ་ས་ཁག་གསུམ་ལ་ཕུལ། དེ་ནས་རིམ་བཞིན་གྲྭ་ཚང་སོ་སོའི་ཁྲི་ཁར་ཕེབས་ཏེ་རྒྱལ་བའི་རྣམ་སྤྲུལ་ཡིན་པའི་ངང་ཚུལ་གསལ་བ་བསྟན་ཏོ།། སྨྲས་བ།
ཡབ་རྗེའི་ཁྲི་ལ་ཞབས་པད་བཀོད་པའི་སྐབས།། ཕྱི་ནང་གསང་གསུམ་ཟུང་འཇུག་ལས་གྲུབ་པའི།། རི་གླིང་ལྕགས་རི་ཉི་ཟླའི་བརྒྱན་པ་སོགས། ། རྨད་བྱུང་རྟེན་འབྲེལ་མཛད་སྒོ་རྒྱ་ཆེར་སྤེལ།། དགེ་ལེགས་བསོད་ནམས་བྱེ་བའི་མཐུ་སྟོབས་ལས།། དགེ་འབྲས་མེ་ཏོག་བཅུད་ཀྱི་ཉེར་ཕྱུགས་པའི།། དགེ་ལྡན་བསྟན་པའི་འབྱུང་གནས་སྨྲ་སེང་གླིང༌།། དགེ་བཅུའི་ལང་ཚོའི་དཔལ་དེ་སྐྱེ་འགྲོའི་བརྒྱན།། གང་ཁྱོད་བཞུགས་པའི་རྒྱལ་བསྟན་དགའ་ཚལ་དུ།། རྫོགས་ལྡན་གསར་བར་བསྒྱུར་མཁས་མཚན་དཔེའི་སྐུ།། འགྱུར་མེད་རྡོ་རྗེའི་ཁྲི་ལ་མངའ་གསོལ་བས།། ལྷ་དང་བཅས་པ་མགོན་དང་ལྡན་པར་གྱུར།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
དགུང་ལོ་ལྔ་བར་བློ་སྦྱོང་དོན་བདུན་མ། ཀུན་མཁྱེན་སྐུ་ཕྲེང་བར་བའི་འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་བསྡུས་པ་སོགས་ཀྱི་ཚིགས་དོན་མཐའ་དག་ལེགས་པར་ཐུགས་སུ་ཆུད་པར་བྱས་ཏེ་ལས་རུང་ཁ་སྐོང་སྦྱིན་སྲེག་དང་བཅས་པ་གནང༌། མཁན་པོ་བསྐལ་བཟང་བསྟན་པ་རྒྱ་མཚོ་ལས། ཆོས་སྤྱོད་རབ་གསལ་སྔགས་ཕྱོགས་པོ་ཏའི་ལུང་དང་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རིམ་དང་བཤད་ལུང༌། འཇམ་དབྱངས་དཀར་སེར་གཉིས་ཀྱི་རྗེས་གནང། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཆོས་སྐྱོང་དུ་མའི་བསྐང་བཤགས་སོགས་ཀྱི་ལུང་དང༌། ཡི་གེ་འབྲི་ཀློག་སོགས་བསླབ་པའི་གསན་པ་ཙམ་གྱི་ཐུགས་ལ་ངེས་པ་བྱུང་བའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཁོང་གི་རྒྱུད་ལ་ཤེས་བརྩོན་ཟུང་གི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཡོད་ཅེས་སྨྲ་པར་བྱེད་དོ།།
ཁོང་རིན་པོ་ཆེས་སྨོན་ལམ་སྡེ་ལྔ་བླ་མཆོད་སྨན་བླ། གདུགས་ཤེར་སྒྲོལ་གསུམ་སོགས་ཐུགས་འཛིན་གནང་ཞིང་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་ལས་རུང་ཁ་བསྐོང་སྦྱིན་སྲེག་དང་བཅས་པ་བཏང༌། དགུང་ལོ་བདུན་པ་ཡོལ་བུའི་ལོ་ལ་བཀའ་དྲིན་མཚུངས་མེད་རྗེ་བསྐལ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་མདུན་ནས་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་ཁོང་རིན་པོ་ཆེ་དང་ཞིང་ངེ་བསྐལ་བཟང་ལུང་རྟོགས་རྒྱ་མཚོ་དང་དགེ་འདུ་ཚང་བསྐལ་བཟང་བསྟན་པའི་ཉི་མ། མཁན་སྙིང་ཚང་བསྐལ་བཟང་འཇམ་དཔལ་རྒྱ་མཚོ་སོགས་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་རྒྱུན་ཡང་དག་པ་བཞེས་ནས་ཆོས་བརྒྱད་སྤངས་ཤིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྲུང་བྱའི་དམ་ཚིག་ཡལ་བར་འདོར་མི་རུང་སྙམས་ནས་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་ཆོ་ག་ཕྱག་ལེན་ལྟར་མཛད་ནས་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དོན་དུ་གཉེར་པས་བརྩོན་པ་རྒྱ་ཆེར་བགྱིས་སོ།།
མཁན་རིན་པོ་ཆེ་བསྐལ་བཟང་བསྟན་པ་རྒྱ་མཚོས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་དང་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་དཔའ་གཅིག་རྟ་མགྲིན་གསང་སྒྲུབ། གསང་འདུས། བྱ་རྒྱུད་རིག་གསུམ། ཀུན་རིག་ཕྱག་རྡོར་འཁོར་ཆེན། མི་འཁྲིགས་པ། བཀའ་གདམ་ཐིག་ལེ་བཅུ་དྲུག་ཐུགས་རྗེ་ཆེན་པོ། རྣམ་སྣང་མངོན་བྱང༌། བདེ་མཆོག་དུས་འཁོར་སྡོམ་ཆེན་ཐུན་མོང་དང་ཐུན་མིན། རྣམ་རྒྱལ་ལྷ་དགུ་སོགས་ཀྱི་དབང་ཡོངས་རྫོགས། མགོན་པོ། ལྷ་མོ། རྣམ་སྲས་སོགས་ཀྱི་རྗེས་གནང་བསྟན་སྲུང་སྤྱིའི་གཏོར་འབུལ། རྗེ་ཨ་ཁུ་ཤེས་རབ་རྒྱ་མཚོའི་ཐུན་དྲུག་བླ་མའི་རྣམ་འབྱོར་སོགས་མང་དུ་གསན་བཞེས་མཛད་ནས་ཐུགས་རྒྱུད་གསེར་གྱི་བུམ་པ་ལ་དམ་ཆོས་བདུད་རྩིའི་རབ་ཏུ་གང་བར་བྱས་སོ།།
དེ་ནས་བསྟན་པའི་བདག་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོ་ཞེས་མཚན་སྙན་དབྱར་གྱི་རྔ་གསང་མདོ་དབུས་ཀུན་ལ་གྲགས་པ་གྱུར། ལོ་དེའི་ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་ཡབ་རྗེ་མཆོག་གི་ཁྲི་ལ་གདན་དྲངས་ནས། གྲྭ་མང་ལ་དགའ་ལྡན་ལྷ་བརྒྱ་མ་དམིགས་བརྩེ་མ་སོགས་ཀྱི་ལུང་དང༌། མཇུག་ཏུ་ཚེ་འགུགས་དང་བཀྲ་ཤིས་སྔོ་སྨོན་རྣམ་པར་དག་པ་གནང༌། དངོས་འབུལ་ལ་རྟ་བརྒྱ་དང་དོན་བཞི། དྲེལ་གསུམ། གཡག་ཞེ་གཉིས། འབྲུ་བཅུ་དྲུག་མཛོ་མོ་བཅུ་དྲུག་ཇ་ཆེན་བརྒྱ་དང་བདུན། དངུལ་སྒོར་སྟོང་ཕྲག་གཅིག་དང་སུམ་བརྒྱ།ཕྲུག་བུབ་སུམ་བརྒྱ། རྡོ་ཚད་དགུ་དང་སྲང་སོ་གསུམ། སྡོམ་རྡོ་ཚད་ཉིས་བརྒྱ་དང་ཇ་ཆེན་སུམ་བརྒྱ་སོགས་ཕུལ། དེ་དུས་བདག་གི་ཁྲི་བའི་མཚན་བཟུང་ཡོད་པའི་མཎྜལ་བཤད་པ་མཛད་ཁུལ་བྱས་ཏེ་ཁོང་རིན་པོ་ཆེས་དང༌བོ་ཐུགས་བསྐྱེད་ཚུལ། བར་ཏུ་ཚོགས་བསགས་ཚུལ།། མཐར་སངས་རྒྱས་ཚུལ་དང་རྒྱས་ནས་ཆོས་འཁོར་བསྐོར་ཚུལ་སོགས་ཀྱི་མཛད་པ་རྣམས་མ་ནོར་གསལ་བར་བཀྲལ་ཏེ་སྐུ་དྲིན་ཆེ་ཚུལ་དང་ཞབས་པད་རིང༌ཏུ་བརྟན་ནས་འགྲོ་བ་ཡོངས་ལ་འདི་ཕྱིའི་སྐྱབས་འཇུག་ནན་ཞུ་ཕུལ། རྗེ་ཉིད་ནས་ཀྱང་ཐུགས་དགྱེས་པ་ཆེན་པོའི་ཡ་ཞེས་གསུང་ནས་ཞལ་གྱིས་བཞེས་སོ།།
དེ་ནས་མཁར་དགུའི་དཔོན་པོ་བསོད་ནམས་བསྟན་འཛིན་གྱི་གདུང་རྫོགས་སུ་གདན་དྲངས། ཀུན་རིག་སློབ་དབང་འཕོ་ལུང་སྦྱང་ཆོག་སོགས་རྒྱས་པ་གནང། ཚེ་ལྡན་ཀུན་ལ་གདུགས་དཀར་བཟློག་ཆེན། གཡང་འགུགས། དཔོན་སྡེ་ཀུན་ལ་བསང་རླུང་རྟ་དགྲ་ལྷ་དཔང་བསྟོད་དང་དམག་རྣམས་ལ་ཕྱག་ནས་སོགས་མཐོར་ནས་ལྷ་སྡེའི་དཔོན་འབངས་རྣམས་མགུ་བར་བྱས། དེ་ནས་ཚ་རུ་མ་དང་ཝ་ཤུལ་གཅའ་ཚང་དང་ཧུ་ར་མ་སོགས་ལ་ཁྱིམ་ཕེབས་གནང་ནས་གང་ཆོས་ཀྱི་སྦྱིན་པ་ཇི་འདོད་བསྩལ། སྨྲས་པ། མགོན་ཁྱོད་ཞབས་པད་དྲེགས་ལྡན་ཟུར་ཕུད་རྩེར།། དབང་བསྒྱུར་མདོ་སྔགས་དམ་ཆོས་བདུད་རྩི་ཡིས།། ལོགས་པར་སྨྲ་བའི་དཔུང་བཅོམ་བསྐལ་ལྡན་ལ།། རྣམ་གྲོལ་ཐར་བ་མཆོག་གི་དགའ་བ་སྟེར།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
དགུང་ལོ་བརྒྱད་པ་ཆུ་འབྲུག་གི་ལོར། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་མི་འཁྲུགས་པ་ཐུབ་པ་དམ་ཚིག་གསུམ་བཀོད་སོགས་ཀྱི་ལས་རུང་ཁ་སྐོང་སྦྱིན་སྲེགས་སོགས་བསྒྲུབ། ཁང་དམར་དགོན་ཨ་ལགས་ཙ་ན་སང་གི་གདུང་རྫོགས་ལ་གདན་དྲངས་ཏེ་ཀུན་རིག་སློབ་དབང་དང་འཇིགས་བྱེད་ཀྱི་སྒོ་ནས་མཆོག་ཁྲུས་སོགས་ཚད་ལྡན་མཛད། རྗེས་ནས་དཀར་ཆེན་དགོན་ཏུ་ཕེབས་ཏེ་རྟེན་ཁང་ནས་ཆོས་རྒྱལ་རང་བྱོན་འདུ་ཁང་དུ་སྤྱན་འདྲེན་གནང༌། དེའི་སྐབས་སེམས་བསྐྱེད་སྒང་ནས་མཆོག་སྤྲུལ་རིན་པོ་ཆེ་ནས་དཔལ་ལྡན་ལྷ་མོའི་ཐུགས་རྟེན་བྷྱོཿཡིག་རང་བྱོན་ཞིག་གཏེར་ནས་བཏོན་པ་ད་སྐབས་ཆོས་རྒྱལ་རྟེན་ཁང་དུ་བཞུགས། རྗེ་བསྐལ་བཟང་བསྟན་པ་རྒྱ་མཚོ་དབྱར་གནས་ལ་བཞུགས་སྐབས་སུ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ཀུན་འཁྱེན་འཇིགས་མེད་དབང་བོའི་གསུང་འབུམ། དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་འབུམ། གྲུབ་མཐའི་རྩ་བ།འཇམ་དཔལ་མཚན་བརྗོད། ཤེས་བྱའི་མཁའ་དབྱངས་མ། དབུ་མ་རྩ་ཤེས། སྲིད་ཞིའི་མཛེས་སྡུག་མ། བྱམས་ཆོས་སྡེ་ལྔ། མཛོད་རྩ་བ། རྣམ་འགྲེལ་རྩ་བ་སྤྱོད་འཇུག་རྩ་བ། འགྲེལ་བ་དོན་གསལ། ལམ་སྒྲོན། ལྟུང་བཤགས་སྤྱི་བཤགས། སྨན་བླ། བླ་མཆོད། གཞི་གསུམ་ཆོ་ག་རྣམས་ཀྱི་ལུང་དང་རིག་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང༌། གདུགས་དཀར་བྱད་གྲོལ། ལེགས་ལྡན་མཆེད་གསུམ། ཆོས་རྒྱལ་ཕྱི་སྒྲུབ། ཞལ་བཞི་བ་རྣམས་ཀྱི་རྗེས་གནང་།བསྲེ་ཁྲབ་ཅན་གྱི་སྲོག་གཏད་དང་བག་རྩེའི་སྲོག་གཏད་སྨན་མདོ་བརྒྱད་བརྒྱ་བའི་ལུང་སོགས་ཀྱི་གདམས་པ་མང་པོ་བླངས། རྗེས་སུ་ཨ་འབུས་ཚོ་བ། རྭ་རུ་བ། ནག་ཚང་མ།དམེ་རུ་མ། ཧུ་ར་མ། མཐའ་བ་རྭ་མདོ་སོགས་སུ་ཆིབས་བསྒྱུར་མཛད་ཅིང་དགོས་ཆོས་རང་རང་གི་འདོད་མོས་ལྟར་གསུང༌། དགུང་ལོ་དགུ་བར་ཨ་སྐྱིད་དཔོན་པོའི་ཞུས་པ་ལྟར་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཀུན་རིག་སློབ་དབང༌། བསྔོ་སྨོན་བསྒྲུབ་ཏེ་ཕྱག་དབང་དང་ཚེ་མདུད་སོགས་གནང་། ཡབ་རྗེ་བསྐལ་བཟང་བསྟན་པ་རྒྱ་མཚོ་ལས་མི་ལའི་མགུར་འབུམ་དང་མགུར་དྲུག་རྣམ་ཐར། སྨན་རམས་པའི་མན་ངག་བཀའ་བརྒྱ་མའི་རྒྱུད་ཕྱི་མ། བཻཌུརྱ་དཀར་སྔོན། དར་མོ་སྨན་རམས་པའི་མན་ངག་བཀའ་རྒྱ་མ། དེས་དམར་གྱི་ཤེར་གུང་ཕྲེང་། བཀའ་གདམས་ཕ་ཆོས་དང་བུ་ཆོས། བསྐལ་བཟང་། བརྒྱ་སྟོང་བ། མདོ་ཏིང་ངེ་འཛིན་རྒྱལ་བོ། ཐར་མདོ། གཅོད་པ། སྡུད་པ། ས་བཅུ་མ། གསེར་འོད་གཡང་སྐྱབས། མཛངས་བླུན། རྣམ་སྣང་མངོན་བྱང༌། བདག་མདུན་བུམ་པ་སྦྱིན་སྲེག་ཀླུ་ཆོག་བསྙེན་ཡིག་དབང་བསྐུར་ཡིག་ཆུང༌། ཚེ་གཅིག་ཉམས་ལེན། སྐྱབས་མགོན་གོང་མའི་འཇམ་དབྱངས་དཀར་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ལུང༌། ཐེག་ཆེན་གསོ་སྦྱོང་། ལྷོ་བྲགས་བཀའ་འབུམ་གྱི་བཀའ་བརྒྱའི་སྐོར་ལ་ཀུན་རྫོབས་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད། ཕྱག་རྡོར་སྐུ་ལྔ་ཕྱག་རྡོར་གཅེས་འཕྲེང་ཅན་གཏུམ་པོ་རྣམས་དང༌། རིག་བྱེད་མ་ཕྱི་སྒྲུབ། སྒྲོལ་མ་ཉེར་གཅིག་གི་ལས་ཀྱི་ལྷ་མོ་སོ་སོ། གཟའ་ཉི་མ་མདུང་གང་སོགས་ཀྱི་རྗེས་གནང་རྣམས་གསན་དེ་ནས་སྔར་ལྟར་བཀྲ་ཤིས་གཡང་གི་ལྷ་ཆེན་དུ་ཁོང་སེར་སྐྱ་མང་བོའི་བསང་མཆོད་རྒྱས་པ་གནང་བ་དང་བུམ་གཏེར་སྨྲས་པ་དགྲ་ལྷ་དཔང་བསྟོད་སོགས་གནང་། ལོང་ཟིའི་དགའ་ལྡན་སོགས་ལ་ཕེབས་སྐབས་དམར་རྩ་ཚང་ལ་ཕེབས་ཏེ་གཉེར་བ་སྦྱིན་པ་ནས་སྔར་བཀྲ་ཤིས་འཁྱིལ་ནས་རྙེད་པའི་དུང་དཀར་གཡས་འཁྱིལ་རྒྱུ་མཚན་དང་བཅས་ཏེ་ཕུལ། དགའ་ལྡན་པ་སོགས་ལ་དགོས་ཆོས་རང་རང་གི་འདོད་མོས་ལྟར་གསུང་། དེ་ནས་རིམ་བཞིན་སྟོད་མ། ཧུ་ར་མ། ཝ་འབའ། སེ་འཛོ། བྲག་དཀར་དགོན་མདོ་བ། མཐའ་བ། ཨ་ཁམས། སྟག་དགའ། ས་བར། སྐྱ་བ། མཁར་མདའ་དགོན་སོགས་སུ་ཆིབས་བསྒྱུར་གནང་སྟེ་གང་ལ་གང་འདོད་ཀྱི་ཆོས་སྦྱིན་མཛད་མེད་གནང་ནས་སྐྱེ་འགྲོའི་གདུལ་བྱ་མཐའ་དག་འཁོར་བ་མཐའ་ཅན་དུ་བྱས། ཡང་ཨ་ཁམས་ཕྱོགས་སུ་ཕེབས་ནས་ཀུན་རིག་སློབ་དབང་དང་ཚེ་དབང་འཇིགས་བྱེད་ཞི་བའི་སྦྱིན་སྲེག་བསང་མཆོད་དགྲ་ལྷ་དཔང་བསྟོད་གཡུང་དྲུང་ལྕག་རྩེའི་སྐུ་རྟེན་དང་ཚོ་མི་ཀུན་ལ་ཕྱག་ནས་འཐོར། དེ་དུས་ཡང་བདག་གིས་མཎྜལ་བཤད་པ་བྱས་སྟེ་སྐྱབས་འཇུག་ནན་ཞུས་བྱས། དེ་ནས་གཞུ་ཤུབས་དགོན་དུ་ཕེབས་ནས་ཆིབས་བསུ་སེར་ཕྲེང་དང་བཅས་ཏེ་གདན་དྲངས། དབང་ལུང་མན་ངག་བསླབ་བྱ་སོགས་མང་བོ་གནང༌། དེ་ནས་ཚ་རུ་མ་དང་སྐྱ་མགོ་དགོན་སྡེ་སོགས་ལ་ཕེབས་ཏེ་དགོས་ཆོས་གདུལ་བྱ་རང་རང་གི་འདོད་མོས་ལྟར་བསྩལ་ནས་ཐམས་ཅད་མགུ་བར་བྱས། མཁར་དགུའི་ང་ཞེས་ལྷ་དབང་སྒྲོན་འཆི་ཁར་སྐུ་ངལ་ལ་མ་འཛེམ་པ་ཕེབས་ཏེ་ཉིན་དང་བོར་གསོན་དབང་འཕོ་བ་སོགས་གནང༌། ཉིན་གཉིས་བར་གདུགས་དཀར་བཟློག་ཆེན། ཉིན་གསུམ་པ་གཡང་འགུགས་སོགས་བསྒྲུབས་པས་སྡེ་འབངས་དང་བཅས་པ་དགའ་མགུའི་ཚིམ་པར་མཛད། མཁར་དགུ་ཚང་ནས་གཞིར་ཁ་གཅིག་དང་ཙོང་ཁ་བརྒྱ་ཅུའི་ཐང་ག་གཟུགས་དབྱིབས་རྣམས་པར་བཀྲ་བའི་ཐོག་དྲངས་ཏེ་དངུལ་ཊ་སུམ་སྟོང་ལྷག་སོགས་དངོས་རྫས་ཅི་རིགས་ཀྱི་མཆོད། ཚུལ་ལམ་མཐའ་བ་རྭ་མདོ་སོགས་སུ་ཕེབས་ཏེ་ཆོས་སྦྱིན་མཐའ་ཀླས་པ་གནང་། དགུང་ལོ་བཅུ་གཅིག་པའི་ཆོ་འཕྲུལ་དུས་ཡར་ཚེས་རྫོགས་པ་གསུམ་པའི་ཉིན་ཚོགས་དབུས་སུ་བཀའ་ཆོས་གསུང་ཐུན་དང་བོའི་གསུང་ཆོས་ལ་བློ་སྦྱོང་དོན་བདུན་མ་དང་། ཆོས་ཐུན་གཉིས་པ་སངས་རྒྱས་ཀྱི་མཛད་བཅུ་དོན་འགྲེལ་དང་བཅས་པ། ཆོས་ཐུན་གསུམ་པ་ལ་མངོན་རྟོགས་རྒྱན་སྐྱབས་འཇུག་འཚོགས་གཏམ་དང་བཅས་ཏེ་གསུང་ཆོས་རྒྱ་ཆེ་བ་གནང་དེ་སྐལ་ལྡན་གདུལ་བྱ་སོ་སོ་སྨིན་གྲོལ་གྱི་ལམ་ལ་འགོད་པར་བྱས་སོ།།
དབྱར་གནས་ནང་དུ་མཁན་རིན་པོ་ཆེ་རྗེ་བསྐལ་བཟང་བསྟན་པ་རྒྱ་མཚོས་ཞལ་ནས་དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞི་གྱུར་མ། སྐྱབས་འགྲོ། རྡོར་སེམས་སྒོམ་བཟླས་བླ་མཆོད་ཁྲིད་རྒྱས་པ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་འབུམ། ལྷ་མོའི་འཕྲིན་བཅོལ། རྣམ་སྣང་མངོན་བྱང་གི་སྦྱིན་སྲེག་སྨན་མདོ་བརྒྱད་རྒྱ་བ། མགོན་བཀའ་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔ། སྣར་ཐང་བརྒྱ་རྩ། སྒྲུབ་ཐབ་རྒྱ་མཚོ། གསང་འདུས་འགྲེལ་བ་བཞི་བསྒྲགས་ཀྱི་བཤད་ལུང་། གསང་འདུས་ཡོངས་རྫོགས་ཀྱི་ལུང་སོགས་མང་བོ་གསན་བཞེས་མཛད། དེ་ལྟར་ལན་གཅིག་མ་ཡིན་པར་མདོ་སྔགས་ཀྱི་གཞུང་ལ་ཐོས་བ་རྒྱ་མཚོའི་ཕ་རོལ་འི་ཕ་རོལ་ཏུ་ཕྱིན་པ་མ་ཟད། བསྒོམ་སྒྲུབ་ཚད་དུ་འཁྱོལ་བ་གནང་བའི་ཉམས་རྟོགས་ཀྱི་ཡོན་ཏན་བླ་ན་མེད་པར་འཕེལ་བ་གྱུར་ཏོ།། དགུང་ལོ་བཅུ་གཉིས་པ་མདོག་ངན་ཞེས་པ་མེ་ཕོ་སྤྲེལ་གྱི་ལོ་ལ་ས་བདག་ལྟོ་འཕྱེའི་ཐིག་རྩ་དང་དཀར་པོ་འཁྲུལ་བྲལ་གྱི་གཞུང་སོགས་ལ་བརྩོན་པའི་སྦྱང་བ་མཐར་ཕྱིན་པ་གནང་། ཟླ་བཞི་པའི་ཚེས་ཉེར་བཞི་ནས་སྐུ་གོང་མའི་མཛད་རྣམས་རིགས་ཕུན་སུམ་ཚོགས་པ་ལ་སྐྱེས་པ་བཞེས་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་བསྒྲུབ་ཚུལ་གྱི་རྟོགས་བརྗོད་བཅུ་ཕྲག་སུམ་ཅུ་རྩ་དྲུག་ལྷག་གི་ཞལ་ཐང་བཅོ་ལྔ་ཉམས་དོད་ཕུན་སུམ་ཚོགས་པ་བལྟ་བའི་ཆོག་ཤེས་མེད་པ་བུར་ཐོག་དབང་བོ་ངག་དབང་བློ་ལྡན་དང་ཡོངས་འཛིན་སྦྱིན་པ་གཉིས་ཀྱི་མ་ཕྱི་དང་གྲགས་པ་དང་ཚུལ་རྒྱམ་གཉིས་ལ་ཐུགས་བཀོད་གནང་སྟེ་བྲིས། རྗེས་ནས་ཡང་རིམ་བཞིན་ཨ་མཆོག་མདོ་བ། སེ་འཛོ། མཐའ་བ་རྭ་མདོ། ཨ་ཁམས་སོགས་སུ་ཕེབས་ཏེ་དགོས་ཆོས་མང་དུ་བསྩལ་བའི་བསྐལ་བཟང་སྐྱེ་འགྲོ་རྣམས་སྨིན་ཅིང་གྲོལ་པའི་ལམ་ལ་བཀོད་ནས་འཁོར་བ་མཐའ་ཅན་ཏུ་བྱས་སོ།། དགུང་ལོ་བཅུ་གསུམ་པར་གསེར་འཕྱང་ཞེས་པ་མེ་མོ་བྱ་ཡི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་ཀིརྟི་དགེ་བཤེས་བློ་བཟང་བྱམས་པ་ནས་བརྒྱུད་པའི་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱས་པ་དང་རྗེ་སྐལ་བཟང་བསྟན་པ་རྒྱ་མཚོ་ནས་བརྒྱུད་པའི་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་དགེ་ལྡན་བསྟན་འབར་མའི་ལུང་སོགས་བཀའ་ཆོས་མང་བོ་གནང༌། བཀའ་ཆོས་གྲོལ་འཕྲལ་དུ། བརྩན་ཁང་ནས་ཆོས་སྐྱོང་བསེ་ཁྲབ་ཅན་ལ་གསོལ་མཆོད་རྒྱས་པ་ཕུལ་སྐབས་སུ་ཆོས་སྐྱོང་གི་ཞལ་མདངས་དཀར་བོར་གྱུར། རེ་ཞིག་ནས་སེར་བོ་དང་དེ་ནས་དམར་བོ་སྔོན་པོ་སོགས་སུ་བསྟུད་མར་བསྒྱུར་ནས་ལས་བཞིའི་འཕྲིན་ལས་བསྒྲུབ་པའི་རྟགས་མཚན་གསལ་བར་བསྟན། ཚེས་བཅོ་ལྔའི་དགོང་མོ་དམ་བཅའི་ཐོག་ཏུ་ཁོང་རང་སྟོབས་ཀྱིས་དངོས་བོ་དང་འགལ་བ་དང་མི་འགལ་བའི་སྤྱིའི་བྱེ་བྲག་དང་རྟགས་དང་འགལ་བ་དང་མི་འགལ་བའི་སྤྱིའི་བྱེ་བྲག་གཉིས་ལ་ཡིན་མིནགྱི་མི་བཞི་ཡོད་པའི་ཕྱིར་ཞེས་པའི་རྟགས་གསལ་ཐོག་མ་འཕངས་པའི་དགེ་བཤེས་རྣམས་ཀྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་མཛད་དོ།། སྨྲས་པ།
རྒྱལ་བ་ཀུན་འདུས་རྗེ་བཙུན་འཇམ་དཔལ་དབྱངས།། ཟློས་གར་མཁྱེན་རབ་རྒྱ་མཚོའི་སྒྱུ་འཕྲུལ་མཆོག།། བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོའི་སྡེས།། ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་དུ་གསོལ།། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ཉིད་ཀྱི་ཐུགས་དགོངས་ལ་ད་ཡང་དབུས་སུ་ཕེབས་ཏེ་སྐུ་གོང་མ་རྣམས་ཀྱི་མཛད་འཕྲིན་སྐྱོང་དགོས་དགོངས་ནས་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་རྭ་མདོ་དང་ནག་ཟླའི་ཉེར་བརྒྱད་ནས་ཨ་མཆོག་ཁག་གསུམ་ལུང་ཟི་སོགས་སུ་ཕེབས་བཞུགས་གནང་། དེ་ནས་ཚ་རུ་མ་མདོ་བ་དགོན་གྲོང་དང་བྲག་དཀར་དང་འབྲོག་ཕྱོགས་ཚོ་བ་ལྔ། མཁར་དགུ་སང་དང་སྐྱ་འགོ་དགོན། སྒར་གསར་མ། ཟངས་དཀར་སྟོད་སྨད་བར་གསུམ། ཧུ་ར་མ། སྨན་པ་རུ་བ། སྨར་ཐང་ཨ་འབོས། ཝ་ཤུལ་གཤའ་སང་། ར་ནག མགོ་ལོག་ཨ་སྐྱོང་ཁང་གསར་མ། དགོན་རུ་མ། དམེ་རུ་མ། སོགས་ཀྱི་ཕྱོགས་སོ་སོའི་ལྷ་སྡེ་ཀུན་ལ་ཁྱིམ་ཕེབས་མཛད་ནས་དགོས་ཆོས་ཀྱི་སྦྱིན་པ་མཐའ་ཀླས་པ་གནང༌། དེ་ནས་རང་དགོན་འཇམ་དབྱངས་སྨྲ་བའི་སེངྒེའི་གླིང་ནས་གསན་སྦྱང་ཆུ་བོའི་རྒྱུན་ལྟར་བསྟེན་ཏེ་མདོ་སྔགས་ཆོས་ཀྱི་རྒྱ་མཚོར་བསྐྲུན་པའི་མཚན་སྙན་གངས་རིའི་ཁོངས་སུ་གྲགས་པར་གྱུར། ཟླ་བརྒྱད་པའི་ཚེས་བཅུའི་ཉིན་གྲྭ་ཚང་ལ་ཐུགས་རྗེ་ཆེན་བོའི་དབང་དང་ཚེ་དབང་སོགས་བསྩལ། མཐར་གསུང་བཀོད་བསླབ་བྱ་མང་བོ་གནང་ཏེ་ཕྱག་དབང་ཚེ་མདུད་སོགས་བསྩལ། ཁྲི་ལས་ཐོག་པ་ཁྱོམ་ཚ་སྤྲུལ་པའི་སྐུས་མཎྜལ་བཤད་པ་སྙན་ངག་གི་ལམ་ནས་དྲངས།བཅུ་དགུའི་ཉིན་ཨ་ཕྱི་ཆོས་སྒྲོན་གྱི་མདུན་དུ་བུམ་གཏེར་སྤས་པའི་དགེ་སློང་ཆོས་དར་ཞེས་པའི་ས་འོག་ནས་དུང་དཀར་ཞིག་རྙེད་དེ་སྐྱབས་རྗེ་ལ་ཕུལ་པའི་ཐུགས་དགྱེས་བ་ཆེན་པོས་བཞེས་ནས་རྟེན་འབྲེལ་གྱི་གསུང་མོལ་མཐའ་ཡས་པ་གནང་ངོ༌།། སྨྲས་པ།
དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ།། མདོ་སྔགས་དམ་ཆོས་བསྒྲུབ་དང་ཉམས་ལེན་དང༌།། བྱམས་བརྩེའི་བསྟན་འགྲོ་བསྐྱངས་སོགས་མཛད་ཆེན་རྣམས།། ཞལ་བཞེས་དམ་བཅའ་ལྷོད་མེད་ཁྱེད་ལ་འདུད།། དུང་གི་རང་མདངས་དཀར་འཇམ་རྣམ་དག་གིས།། ལུང་རྟོག་ཡོན་ཏན་རང་མདངས་ཕྱི་རུ་མངོན།། མཚན་སྙན་སྐྱེ་བ་ལྔ་བའི་སྒྲ་དབྱངས་ཀྱིས།། སྲིད་གསུམ་ཁྱབ་པའི་རྟེན་འབྲེལ་ཨེ་མ་རྨད།། བློ་བཟང་རྒྱལ་བསྟན་སྐྱེ་བ་ལྔ་པའི་དུང༌།། ཐོས་བསམ་སྒོམ་པའི་དབུགས་ཀྱིས་རབ་བསྐུལ་ཚེ།། འཆད་རྩོད་རྩོམ་པའི་སྒྲ་དབྱངས་ཕྱོགས་བཅུ་རུ། སྒྲོག་མཁས་འདི་གོ་རྟེན་འབྱུང་གཤིས་སུ་གྲུབ།། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ཁྲིམས་སྟོད་ཟླ་བའི་དམར་ཕྱོགས་སྟོང་བ་གཉིས་པའི་གཟའ་ཕུར་བུ་རྒྱུ་སྐར་རྒྱལ་གྱི་དུས་ཚོད་ཕུན་སུམ་ཚོགས་པ་དེར་གྲྭ་ཚང་ནས་དར་འབོད་བྱས་སྐབས་ཆིབས་བསྒྱུར་ལན་གསུམ་གནང་ནས་གྲོང་ཁྲལ་གསེར་ཐང་དུ་སེར་སྐྱ་གདུལ་བྱ་མང་བོས་ཆིབས་སྐྱེལ་མཛད། ཉིད་ཀྱི་སྐུ་འཁོར་ཡབ་ཡུམ་སོགས་རླངས་འཁོར་བདུན་དུ་ཞུགས་ཏེ་དབུས་གཙང་ཆོས་ཀྱི་འབྱུང་གནས་སུ་དམ་ཆོས་ཀྱི་བགོ་བསྐལ་བཞེས་པར་ཕེབས་སྐབས་གླིང་འདིར་མྱུར་བྱོན་གྱི་ཐུགས་སྨོན་རྒྱ་ཆེ་བ་གནང་ནས་ཕེབས་སོ།།
དེ་ལྟར་ཡིན་ཏེ། སྐྱབས་མགོན་གོང་མའི་གསང་རྣམ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་མཛད་པ་ལས།། སླར་ཡང་བརྩེ་ཆེན་གསེར་གྱི་ཤིང་རྟ་ཡིས།། ལེགས་དྲངས་སྤྲུལ་པའི་རོལ་གར་ནོར་བུའི་འཕྲེང་།། སྐལ་བཟང་ཡོངས་ཀྱི་ཟུར་ཕུད་མཛེས་རྒྱན་དུ།། སྲིད་མཐའི་བར་དུ་ནམ་ཡང་ཆད་མེད་མཛོད།། ཅེས་པ་ལྟར་རོ།། འཕགས་པའི་ཡུལ་དུ་ལྔ་རིག་མཁྱེན་པའི་བློ་ལྡན་དུ་མའི་ཀྱང༌།། སྙན་དངགས་རྒྱན་ཆའི་དོན་གྱི་སྲུད་དེ་མཆོད་པར་རབ་བྱེད་ན།། གང་དེའི་མཛད་བཟང་འཕྲིན་ལས་ཉིན་བྱེད་གཟི་ལས་རབ་འཕགས་པས།། གངས་ལྗོངས་པདྨའི་ཚོགས་ཀྱིས་སྤྲོ་དགའི་འབོད་པ་སྨོས་ཅི་འཚལ།། ཐུགས་རྗེ་ཀུན་ལ་སྙོམས་པའི་འོད་དཀར་གྱིས།། ས་འཛིན་གངས་རིའི་ཕྲེང་བའི་འཛིན་མ་ལ།། ཕན་བདེ་སྣང་བ་སྤེལ་བའི་ཆ་ཤས་གཏེར།། བསྐལ་བརྒྱའི་མཐར་ཡང་ཉམས་མེད་སྲིད་པའི་རྒྱན།། གང་དེའི་མཚན་དཔེའི་ཆུ་ཤེལ་དཀྱིལ་འཁོར་ལས།། སྤྲོས་པའི་འཕྲིན་ལས་ག་བུར་ཞུན་མའི་ཆར།། འདོད་པ་འཇོ་བའི་རྒྱལ་བསྟན་ས་མོའི་ཚལ།། དུས་མཐའི་སྐྱེས་དགུའི་རྒྱན་ཏུ་ཅིར་ཡང་བཞད།། ལེགས་བྱས་རིག་པའི་འཕྲུལ་གྱི་འདི་འགོད་ལས།། གསུང་གསང་རིས་སུ་འཕོས་བའི་གངྒཱ་མ།། འདྲེན་བྱེད་ཛཱ་ཧཱའི་ལྟོ་བར་བབས་པའི་དཔྱིད། གཟུར་གནས་མཁས་དགུའི་གཟིགས་མོར་སྤྲོས་པའི་དགེ། དཔལ་ལྡན་བླ་མའི་གསང་གསུམ་རྣམ་ཐར་བར་ལ།། མི་ཕྱེད་དང་བའི་ལན་བརྒྱར་གསོལ་འདེབས་དང༌།། ཚེ་རབས་ཕྲེང་བ་ཐེག་མཆོག་བཤེས་གཉེན་གྱིས།། འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།། རྒྱལ་ཀུན་བགྲོད་ལམ་བདེ་སྟོང་འོད་གསལ་ཆོས་སྐུ་སྤྱོད་པའི་རྒྱལ་ཐབས་ཟིན་གྱུར་ཅིང༌།། དུག་ལྔའི་རབ་གཟེར་སྙིགས་མའི་སེམས་ཅན་མགོན་མེད་གྱུར་རྣམས་སྙིང་རྗེའི་རབ་དགོངས་ནས།། འཕགས་བོད་མཁས་གྲུབ་དུ་མའི་གར་ལ་ངོ་མཚར་དཔལ་གྱི་ཕྲེང་བ་ནི།། རིམ་དང་གཅིག་ཅར་བཀོད་པའི་ཐ་མ་མཆོག་ཁྱོད་གཙུག་ན་རྒྱལ་གྱུར་ཅིག།། གང་ཞིག་མཆོག་ཁྱོད་མཛད་རྣམ་ཉིན་མོའི་མགོན།། ནག་ནོག་དྲི་བྲལ་པད་ཚལ་བཞད་པའི་གཉེན།། ཕྱི་རབས་དད་ལྡན་དགྱེས་པའི་གན་མཛོད་དུ།། འབུལ་བའི་དགེ་འདི་བྱང་ཆུབ་རྒྱུ་རུ་བསྔོ།། མཛད་འཕྲིན་ཆ་ཤས་རོབ་ཙམ་གླེང་བ་འདིས།། མང་ཐོས་མཁས་རྣམས་དགྱེས་བར་མི་འགྱུར་ཡང་།། དོན་བརྗོད་ལེགས་ཆ་ཟུར་རེ་ཡོད་སྲིད་ན།། མོས་མཐུན་སྐལ་ལྡན་ཡོངས་ལ་ཕན་ནུས་ཤོག།། སྔོན་བྱོན་མཁས་པའི་གསུངས་ལས་འོངས་པ་ཡི།། རྒྱས་བསྡུས་རྟོགས་བརྗོད་ལེགས་བཤད་ཆེས་མང་བ།། དེ་དག་ཀུན་ལས་མཁོ་རྣམས་ལེགས་བསྒྲིགས་ཏེ།། གཟུར་གནས་མཁས་པའི་སྤྱན་སྔར་གནོང་བཞིན་འཐོར།།
དེ་ཡང་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་བདུན་ལོའི་ཁྲིམས་སྟོད་ཟླ་བའི་ཚེས་ཉེར་བཞིའི་ཉིན་ནས་ཡབ་ཡུམ་སྐུ་འཁོར་དང་བཅས་ལྷ་ལྡན་ཕྱོགས་སུ་བསྐྱོད་ནས་ཟླ་བཅུ་བའི་ཚེས་སུམ་བཅུ་ཉིན་ལྷ་ལྡན་དུ་འབྱོར་ཞིང་ནོར་བུ་གླིང་ག་ནས་རྒྱལ་དབང་བསྟན་འཛིན་རྒྱ་མཚོར་མཇལ་ནས་སྒྲོལ་དཀར་གྱི་ཚེ་དབང་ཞུས། རྒྱལ་དབང་གིས་དམ་པ་འདི་ཉིད་རིགས་རུས་རྣམ་པར་དག་ཅིང་ཕན་བདེའི་འབྱུང་གནས་སུ་མཁྱེན་ནས་ཐུགས་དགྱེས་པ་ཆེན་པོས་ཚེ་དབང་བསྩལ། ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གཟའ་སྐར་འཕྲོད་སྦྱོར་རྣམ་པར་དག་པ་དང༌། ལྷག་པར་དུ་ཁོང་གི་བླ་གཟའ་དར་བའི་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཆེན་པོར་ཞུགས་ཞེས་གསུངས་པ་ལྟར་ཚེས་བཅུའི་ཉིན་གྲྭ་སར་ཞུགས་དེ་བཅུ་གཅིག་ཉིན་ནས་རིམ་པ་ལྟར་ཉིན་འགའི་རིང་ལ་མིང་ཇ་གྲྭ་ཇ་ཚོམ་ཇ་སྐུ་འགྱེད་བཅས་བསྟུད་མར་ཕུལ། སྐལ་བ་དང་ལྡན་པའི་གདུལ་བྱ་མཐའ་ཡས་པ་རྗེས་སུ་འཛིན་པའི་སླད་དུ་གཞུང་ལུགས་ལ་སློབ་གཉེར་རྣལ་མ་མཛད། དམ་པ་མང་བོའི་ཞབས་པད་གཙུག་གི་བརྒྱན་དུ་བསྟེན་དེ་མདོ་རྒྱུད་རིག་གནས་དབང་ལུང་ཁྲིད་མན་ངག་སོགས་སྐུ་ཡོན་གྱི་བདུད་རྩི་ངོམས་པ་མེད་པར་བཞེས། དེ་བཞིན་ཉིན་མཚན་བར་མ་ཆད་པ་དགུང་ལོ་བཅོ་ལྔའི་བར་དུ་ཐུགས་བརྩོན་རྒྱ་ཆེར་མཛད་ནས་དམ་པའི་རྣམ་ཐར་རྨད་དུ་བྱུང་བ་བདག་གིར་བཞེས་བའི་ཐུགས་མོས་ཆེ་ཡང༌། རབ་རྒྱལ་ས་ཕག་ལོར་འཕགས་ཡུལ་དུ་བྱོལ་དགོས་པ་བྱུང༌། འཕགས་ཡུལ་རྒྱ་གར་ཤར་ཕྱོགས་བྷག་ས་) ནས་སེར་འབྲས་དགེ་གསུམ་གྱི་དགེ་འདུན་པ་སྟོང་དང་ལྔ་བརྒྱས་མཉམ་དུ་ཐུགས་གཉེར་མཛད་དེ་རྒྱལ་དབང་ཕྱག་ན་པད་མོའི་བཀའ་དང་དགེ་བའི་བཤེས་གཉེན་ཆེན་མོ་དཀོན་མཆོག་རྒྱ་མཚོ་སོགས་ཀྱི་ཞབས་པད་བསམ་སྤྱོར་གཉིས་ཀྱིས་བསྟེན་དེ་ལོ་དགུ་ཙམ་ནས་ལྷོ་ཕྱོགས་མེ་སོར་དུ་གནས་སྤོར་མཛད་དེ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་རྒྱལ་དབང་ཉིད་ཀྱིས་ཅི་གསུང་བཀའ་བཞིན་བསྒྲུབ་ཏེ་སྤྱི་ལོའི་ཟླ་ཚེས་ལ་གདན་ས་གསུམ་གྱི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ལྷ་རམས་ཕུལ་སྐབས་ཕྱོགས་ཀྱི་གླང་བོ་དང་ཆོས་གྲགས་ཟུང་གིས་མུ་སྟེགས་ཀྱི་རྒོལ་བ་འཇོམས་ཕྱིར་ཞུགས་པ་བཞིན་དུ་དྲི་མ་མེད་པའི་ལུང་དང་རིག་པའི་ཕྱོགས་བརྒྱའི་གཟུར་གནས་ཐམས་ཅད་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་ཏེ་མཚན་སྙན་ཀྱི་དབྱར་སྐྱེས་རྔ་གསང་འཛིན་མའི་ཁྱོན་ལ་ཁྱབ་པར་གྱུར་ཅིང་ལྷ་རམས་ཨང་དང་བོའི་མཚན་རྟག་ཐོབ་པའི་སྐབས་དེར་སྟོན་པའི་ཞལ་ཐང་ཞིག་ལས་མཛོད་དར་ཞིག་རླུང་གིས་བསྐྱོད་དེ་ཁོང་གི་མགྲིན་པར་བབས་པ་ནི་བསྟན་པའི་བདག་པོ་སྟོན་པ་ཡང་ཐུགས་དགྱེས་སོང་ཞེས་ཀུན་གྱིས་བསྔགས་བརྗོད་ཀྱི་མཆོད་ཡོན་ཕུལ། མུ་མཐུད་དུ་རྒྱལ་བའི་བཀའ་བཞིན་བསྒྲུབ་པ་ལ་ལུས་སྲོག་ཐད་དུ་འབོར་བ་ཡང་སྣང་མེད་དུ་མཛད་ནས་གཞུང་བཀའ་པོད་ལྔའི་ཕྱོགས་ལ་ཐུགས་བརྩོན་རྨད་བྱུང་མཛད་པའི་སེར་འབྲས་དགེ་གསུམ་གྱི་མཁས་པའི་གཙུག་གི་རྒྱན་དུ་མངོན་པར་འཕགས་ཤིང་(ཨ་མི་རི་ག་དང་རྒྱ་གར་འཇར་པན་དབྱིན་ཇི་སོགས་)རྒྱལ་ཁབ་མང་བོར་ཕེབས་བཞུགས་དང་སྐད་རིགས་ཐམས་ཅད་ལ་བསླབ་པའི་གཞུང་འགའ་རེ་དབྱིན་སྐད་ལ་བསྒྱུར་བའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོའི་མཚན་སྙན་འཛམ་གླིང་ཡོངས་ལ་གྲགས་པར་གྱུར། རླབས་ཆེན་འཕྲིན་ལས་གསེར་གྱི་ཤིང་རྟའི་བསྟན་འགྲོའི་ཕན་བདེའི་འབྱོར་ཚོགས་ལ་གང་འདོད་དུ་རྒྱུ་བའི་ཉིན་བྱེད་ཀྱི་དགེ་མཚན་མངོན་པར་རྒྱས། སྤྱི་ལོ་༡༩༨༨ ལོར་རང་རེའི་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་འོག་དུ་མེས་རྒྱལ་དུ་ཕེབས་ཏེ་ཟླ་བ་ཁ་ཤེས་ལ་འགྲོ་དོན་མཛད། ༡༩༨༦ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཨེར་ཏི་ནི་ཆོས་ཀྱིས་རྒྱལ་མཚན་དང་ཁྲི་ཆེན་གུང་ཐང་བ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་རྣམ་གཉིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཊི་རུ་ཕེབས་པ་གསན་པའི་རྒྱ་གར་དྷ་རམས་ས་ལ་ནས་བསམ་བཞིན་མཇལ་ཕྱིར་བྱོན་སྐབས་པཎ་ཆེན་རིན་པོ་ཆེས་མེས་རྒྱལ་གྱི་ནང་བསྟན་མཐོ་རིམ་སློབ་གྲྭ་ཞིག་འཛུགས་འདོད་ཡོད་པས། སྐུ་ཉིད་རང་ཡུལ་དུ་ཕེབས་ནས་སློབ་གྲྭར་དཔེ་ཁྲིད་གནང་དགོས་ཞེས་བཀས་བསྐུལ། ༡༩༨༡ ལོར་སྣང་བ་མཐའ་ཡས་ཀྱི་བཀའ་བཞིན་པེ་ཅིང་ནང་བསྟན་མཐོ་རིམ་སློབ་གླིང་དུ་ལོ་གཅིག་ཙམ་ལ་སློབ་མ་སོ་སོའི་འདོད་པ་ལྟར་དཔེ་ཁྲིད་མཛད། དེའི་དབྱར་ཐོག་རྔ་ཡུལ་སྤྲོ་ཚིགས་དགོན་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱས་པ་བསྩལ་ཞིང་སེམས་བསྐྱེད་མཆོད་པའི་སྐབས་གསང་རྣམ་ཀྱི་མཛད་པ་དང་རྟེན་འབྲེལ་ཡང་མང་བོ་འགྲིགས། ༡༩༨༨ ལོར་རྒྱ་གར་གྱི་བོད་གཞུང་སྨན་རྩིས་ཁང་གི་གཙོ་འཛིན་ལ་བསྐོ་བཞགས་མཛད་ནས་སེམས་ཅན་རྣམས་དུས་མིན་ནད་རིགས་ལས་སྐྱོབས་པའི་སྨན་པའི་རྒྱལ་པོར་གྱུར། ༡༩༩༠ ལོར་རྒྱལ་ཁབ་༡༨ ལྷག་གིས་གདན་འདྲེན་གནང་བ་ལྟར་ཕེབས་ཏེ་གདུལ་བྱ་བགྲང་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་བཀོད། ལོ་དེར་རྒྱལ་དབང་ཕྱག་ན་པདྨོའི་སྐུ་དྲག་དུ་འདམས་ཐོན་བྱུང་ཡང་། ཉིད་ཀྱིས་སྲིད་ཀྱི་འགན་ཁུར་བདག་གི་མི་འོས་ཞེས་དགོངས་པ་ཞུས། དོན་དངོས་སུ་སྲིད་ལ་གཟིགས་ན་ཆོས་དོན་མཐའ་འཁྱོལ་མི་ཐུབ་པའི་རྒྱུ་མཚན་གྱིས་སོ།། མདོར་ན་རྒྱལ་བ་འདིས་འཕྲིན་ལས་ཀྱི་མཛད་པའི་ཆ་ཤེས་ཙམ་ཡང་ཉི་འོག་གི་ཡིད་ལྡན་འགྲོ་བ་ཀུན་གྱི་བརྗོད་བ་དང་བྲལ་བ་མཐོང་ཐོས་སུ་གསལ་བ་འདི་བཞིན་ལགས་ལ། ལྷག་པར་དུ་ཆོས་ཕྱོགས་ནས་ཚན་རིག་དང༌མཐུན་མིན་སྐོར་ལ་ཞིབ་འཇུག་མཛད་པའི་གྲུབ་འབྲས་སྐྱེ་འཕགས་ཀུན་གྱི་ཐོས་འཛིན་ལམ་དུ་མི་ཤོང་བའི་རྒྱལ་ཁབ་སོ་སོའི་དཔྱོད་ལྡན་གཟུར་གནས་ཀུན་གྱི་ཡིད་དབང་འཕྲོག་ཏེ་བསྟོད་སྔགས་ཀྱི་རླབས་ཕྲེང་འདི་ལྟར་གཡོ་བཞིན་པའི་སྐབས་སོ།། དེ་ལྟར་ཉིད་ཀྱི་མཛད་རྣམ་རག་བསྡུས་འདིའི་སྨད་ཆ་ཉིད་ཀྱི་ཉིན་ཐོ་ལྟར་རྗེས་ནས་བསྐངས་འདོད་ཡོད་པའི་འདིར་མཐོང་ཐོས་ཀྱི་ཆ་རྐྱེན་དང་ཤེས་དཔྱོད་ཀྱི་རྒྱུ་མེད་སྟབས་བཀོད་མ་ཐུབ་པའི་རྒྱ་ཆེའི་ཀློག་པ་བོའི་ཐུགས་ཐོག་ན་གསལ་པ་ལྟར་གདུལ་བྱ་འདི་ལྟར་རྒྱས་པའི་སྐྱེས་བུ་འདི་ཡི་རྣམ་ཐར་བསམ་དྲན་མོས་གསུམ་གྱི་མི་ལོང་བ་ཤེས་པ་ལྟ་བུ་ལགས་སོ།།
མཁྱེན་བརྩེའི་ཡོན་ཏན་མཆོག་གི་སྐུ། །སྲིད་གསུམ་འགྲོ་བའི་མགོན་གཅིག་བུ། །མཚུངས་མེད་གྲགས་སྙན་འབར་བ་ཡི། །ཡབ་རྗེ་གང་གི་ཞབས་ལ་འདུད། །གསང་གསུམ་ཡོན་ཏན་འཕྲིན་ལས་ཀྱི། །ཆ་ཤེས་བརྗོད་པར་མི་ནུས་ཡང་། །མཐོང་ཐོས་མོས་གུས་བསྐྱེད་པའི་ཕྱིར། །མཛད་སྤྱོད་རྣམ་ཐར་རྒྱུ་འདི་བསྒྲིགས། །རྒྱལ་ཀུན་ཐུགས་རྗེའི་རོལ་གར་ལས། །ཡིད་འོང་མཚན་དཔེའི་རྒྱན་རྫོགས་པ། །ཆུ་ཡི་སྣོད་དུ་ཟླ་གཟུགས་བཞིན། །ཡོངས་ཤར་ཨ་མཆོག་སྐུ་ཕྲེང་རྣམས། །འཕགས་བོད་འཛིན་མའི་དོ་ར་རུ། །སྣ་ཚོགས་རྒྱུ་འཕྲུལ་གར་སྟབས་ཀྱིས། །བསྟན་འགྲོའི་ཕན་བདེ་བསྐྱང་བ་དང༌། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་བསྐྲུན། །དེ་ལྟའི་སྐུ་ཕྲེང་མུ་ཏིག་བརྒྱན། །རང་མཉམ་དང་བོའི་ལས་ལ་འབུལ། །གཞན་དུ་སོ་སོའི་མཛད་རྣམས་ཀྱི། །ནོར་བུའི་ཕྲེང་བ་སྤུངས་ལ་གཟིགས། །འདི་དག་ལུགས་བརྒྱའི་ཆུ་ཀླུང་འབུམ། །རིང་དུ་འཁྱིལ་བའི་གང་གཱ་མ། །བློ་ཆུང་ངང་བའི་གཞལ་འདོད་ཚུལ། །མཁས་བའི་ཐོས་འཕྲལ་ཁོང་འཛུམ་འཆོར། །སྐྱེས་སྦྱངས་ནོར་གྱི་ཡོངས་གཏམས་པའི། །ཡོངས་འཛིན་དམ་པའི་ལྗགས་རྩེ་ལས། །འཕྲོས་བའི་ལོ་རྒྱུས་ཟླ་ཤེལ་འདི། །ཀུན་དའི་རྒྱན་དུ་ལྷམ་མེར་ཤར། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྤྲོས་བྲལ་བསླུ་མེད་དོན་དམ་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་ཀུན་ལྡན་དགེ་འདུན་སྡེ། །སྐྱབས་གསུམ་ངོ་བོར་དུས་གསུམ་སྤྱི་བོས་མཆོད། །དུས་གསུམ་བདེ་གཤེགས་ཀུན་གྱི་ཞལ་སྐྱིན་དངོས། །ཐུབ་བསྟན་འཛིན་སྐྱོངས་སྤེལ་ལ་ཟླ་བྲལ་བ། །སྐྱབས་གཅིག་ཨ་མཆོག་སྤྲུལ་བའི་སྐུ་ཕྲེང་དང༌། །འགྲོ་བའི་ལེགས་བྱས་ཁོར་ཡུག་གངས་རིའི་ངོར། །མི་འཇིགས་སྤོབས་པའི་གད་རྒྱང་ཆེར་སྒྲོགས་པ། །མཁན་རྒྱུད་གདོང་ལྔའི་ཚོགས་རྣམས་དུས་ཀུན་རྒྱལ།། །།