བླ་མའི་ཞབས་བརྟན་ལོ་གསར་གྱི་ལེགས་སྐྱེས་སུ་ཕུལ།

༄༅། །འཆི་མེད་ཟླ་ཞུན་ཐིག་ལེ་འཛུམ་པའི་སྐུ། །ཚེ་དང་ཡེ་ཤེས་མངོན་འདོད་ཡིད་བཞིན་དཔལ།།
རྩིབས་བརྒྱད་འཁོལ་ལོས་རབ་སྒེག་བཅོམ་ལྡན་མས། །འཆི་མེད་བདུད་རྩིའི་གྲུ་ཆར་དེང་འདིར་ཕོབས།།
སྣ་ཚོགས་བློ་དང་དབང་བོར་འཚམས་པ་ཡི། །ཀུན་བཟང་ཐུབ་དབང་བསྟན་པའི་རང་ལུགས་ཆེ།།
མཁྱེན་རབ་བཟང་བོས་རྒྱ་ཆེར་སྤེལ་བའི་གཉེན། །མཚོ་བྱུང་དགྱེས་པའི་དབང་པོར་གསོལ་བ་འདེབས།།
བློ་ཆེན་ཀུན་བཟང་ཐུབ་བསྟན་ཀུན་དའི་ཚལ། །མཁྱེན་རབ་འོད་དཀར་འབུམ་གྱིས་འབྱེད་པའི་གཉེན།།
རྒྱ་ཆེན་ཕན་བདེའི་རོལ་མཚོ་སྤེལ་བའི་མཆོག །མཚུངས་མེད་སྨྲ་བའི་ཟླ་བར་ཞབས་བརྟན་ཤོག།།
མཆོག་གསུམ་བསླུ་མེད་བདེན་པའི་བྱིན་མཐུ་དང་། །ཆོས་ཉིད་སྟོང་བའི་རྣམ་འགྱུར་ཆོས་ཅན་གྱི།།
སྣ་ཚོགས་དངོས་པོར་ཤར་བ་འགོག་མེད་མཐུས། །སྨོན་འབྲས་ཇི་བཞིན་གེགས་མེད་སྨིན་གྱུར་ཅིག།།
ཅེས་པ་འདི་བཞིན་༸ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་༸ཞབས་བརྟན་
སྨོན་ཚིག་ཅིག་དགོས་ཞེས་མདོ་སྨད་ཞིང་ངེའི་སྤྲུལ་མིང་ལུང་རྟོགས་རྒྱ་མཚོས་ཇི་ལྟར་བསྐུལ་བ་བཞིན་
ཤཱཀྱའི་དགེ་སྦྱོང་༸བསྟན་འཛིན་རྒྱ་མཚོས། བོད་རབ་བྱུང་བཅུ་བདུན་ལྕགས་ལུག་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ལ་སྦྱར་བ་དགེའོ།།

དཔྱད་མཆན་སྤེལ།