༄༅། །རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་ཐོར་བུ་སྣ་ཚོགས་ཀྱི་ལེ་ཚན་བཞུགས་སོ།།
༄༅། །ན་མོ་གུ་རུ་བྷྱཿ འདིར་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། །སྐྱབས་སེམས་སྔོན་དུ་བཏང༌། ཆོས་དབྱིངས་ངང་ལས་མདུན་གྱི་མཁའ་དབྱིངས་སུ། །སེང་ཁྲི་པདྨ་ཟླ་བའི་གདན་སྟེང་དུ། །བླ་མ་མཆོག་གསུམ་ཡི་དམ་ཞི་ཁྲོ་དང༌། །རྒྱལ་དང་རྒྱལ་སྲས་དཔའ་བོ་མཁའ་འགྲོ་དང༌། །རང་རྒྱལ་ཉན་ཐོས་ཆོས་སྐྱོང་སྲུང་ཚོགས་བཅས། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །རིགས་གསུམ་སྒྱུ་འཕྲུལ་འཇམ་མགོན་བློ་བཟང་གྲགས། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང༌། །ཕྱག་གཉིས་ཆོས་འཁོར་ཕྱག་རྒྱས་ཨུཏྤལ། །བསྣམས་པའི་འདབ་སྟེང་གླེགས་བམ་རལ་གྲིས་མཚན། །ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་མཛེས། །མཚན་དཔེའི་དཔལ་འབར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །འཛུམ་པའི་ཉམས་ལྡན་དགྱེས་བའི་སྤྱན་གྱིས་གཟིགས། །གནས་གསུམ་ཨོཾ་ཨཱཿ ཧཱུཾ་གི་ཡི་གེས་མཚན། །ཧཱུཾ་ལས་འོད་འཕྲོས་རབ་འབྱམས་ཞིང་ཁམས་ནས། །སྐྱབས་གནས་མ་ལུས་སྤྱན་དྲངས་གཉིས་མེད་ཐིམ། །མི་ཕྱེད་དད་པས་སྒོ་གསུམ་གུས་ཕྱག་འཚལ། །ནམ་ཡང་ཟད་མེད་མཆོད་སྤྲིན་རྒྱ་མཚོས་མཆོད། །བཅས་རང་ཉེས་བའི་ཚོགས་ཀུན་སྙིང་ནས་འཆད། །རང་གཞན་ལེགས་བྱས་དགེ་ལ་རྗེས་ཡི་རང༌། །གཟུགས་སྐུ་གཡོ་མེད་སྲིད་མཐར་བཞུགས་གསོལ་འདེབས། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར། །བསགས་དང་བསགས་འགྱུར་རྣམ་དཀར་དགེ་པའི་ཚོགས། །བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །མཎྜལ་ཕུལ་ཏེ། དམིགས་བརྩེ་མ་གང་མང་དང༌། དུས་གསུམ་སྐྱབས་གནས་ཀུན་གྱི་ངོ་བོ་ཉིད། །འཇམ་དཔལ་ཞི་ཁྲོ་མི་ཡི་གར་བསྒྱུར་བ། །མཚུངས་མེད་སྐྱབས་གཅིག་བློ་བཟང་གྲགས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པའང་གང་མང་དང་། དེ་ནས། ཁྱོད་ནི་བླ་མ་སོགས་ལན་གསུམ་དང་། དེ་ལྟར་ལན་གསུམ་གསོལ་བ་བཏབ་པའི་མཐུས། །ཞེས་པ་ནས། དགྱེས་བཞིན་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། །སྤྲོ་ན་རྗེ་བླ་མའི་མཚན་སྔགས་བཟླ། །དེ་ནས་ཡོན་ཏན་གཞིར་གྱུར་མས་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་གསོལ་བ་གདབ། །དེ་ནས། དཔལ་ལྡན་རྩ་བའི་བླ་མ་སོགས་བརྗོད་དེ་བླ་མ་སྙིང་དབུས་སུ་བཞུགས་སུ་གསོལ། །སྤྲོ་ན་དེང་བརྩམས་མས་སྨོན་ལམ་གདབ་པར་བྱའོ། །ཞེས་པ་འདི་ཡང་བསྟན་པའི་གསལ་བྱེད་ཤིང་ཟ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའོ།།
ན་མོ་གུ་རུ་ཨཱརྱ་མཻ་དྲི་ནཱ་ཐཱ་ཡ། །འདིར་རྗེ་བཙུན་བྱམས་པ་མགོན་པོ་ལ་བརྟེན་ནས་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས། །སྐྱབས་སེམས་སྔོན་དུ་འགྲོ་བས་འདི་ལྟར། མདུན་དུ་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས། །མི་འཇིགས་གདོང་ལྔས་བཏེགས་པའི་ནོར་བུའི་ཁྲིར། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང༌། །ཟླ་མེད་བླ་མ་མཆོག་དང་དབྱེར་མེད་པའི། །རྗེ་བཙུན་བྱམས་པ་མགོན་པོ་གསེར་གྱི་མདོག།།ཕྱག་གཉིས་ཐུགས་ཀར་ཆོས་འཁོར་ཕྱག་རྒྱ་མཛད། །གུར་ཀུམ་མདངས་ལྡན་ཆོས་གོས་རྣམ་གསུམ་གསོལ། །མཚན་དཔེའི་དཔལ་འབར་བཟང་པོའི་བཞུགས་སྟངས་ཅན། །བལྟ་བས་མི་ངོམས་མཛེས་པའི་སྐུ་མཆོག་གསལ། །འགག་མེད་གསུང་གིས་ཆོས་སྒྲ་ལྷང་ལྷང་སྒྲོགས། །ཟབ་ཡང་མཁྱེན་བརྩེ་ནུས་པའི་གཏེར་དུ་གྱུར། །རྒྱལ་སྲས་དཔའ་བོ་བྱེ་བས་ཀུན་ནས་བསྐོར། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་འོད་ཀྱིས། །དག་པའི་ཞིང་མཆོག་ཡིད་དགའ་ཆོས་འཛིན་ནས། །མི་ཕམ་མགོན་དང་རྒྱལ་སྲས་རྒྱ་མཚོར་བཅས། །འདིར་གཤེགས་དམ་ཚིག་པ་དང་གཉིས་མེད་གྱུར། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོར་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་སྲིད་མཐར་བཞུགས་གསོལ་འདེབས། །དུས་གསུམ་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ། །མཎྜལ་རྒྱས་བསྡུས་ཅི་རིགས་འབུལ། དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་པ་བྱམས་པ་མགོན་པོ་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་གང་མང་དང༌། སྟོབས་བཅུའི་དབང་ཕྱུག་གསང་གསུམ་ཡོན་ཏན་རྫོགས། །བྱམས་བརྩེའི་གཏེར་གྱུར་མི་ཕམ་ཆོས་ཀྱི་རྗེ། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །འདི་འང་ལན་གང་མང་བརྗོད། །དེ་ནས་ཤེས་ཤིང་སྤྲོ་ན་བྱམས་པའི་དམ་བཅའ་བའི་གཟུངས་དང༌། ཨོཾ་ཨཱཿ ཀུ་རུ་མཻ་ཏྲི་ཧཱུཾ་སྭཱཧཱ། འདི་གཉིས་བཟླ། དེ་ནས། དཔལ་ལྡན་རྩ་བའི་བླ་མ་སོགས་ཀྱིས་བླ་མ་སྙིང་དབུས་སུ་བཞུགས་སུ་གསོལ། །སྨོན་ལམ་ནི། འདི་ལྟར་བགྱིས་པས་བདག་དང་ལྟོས་བཅས་ཀུན། །འཆི་བདག་བདུད་ཀྱི་ཕོ་ཉས་ལུས་སེམས་གཉིས། །སོ་སོར་བྲལ་ཚེ་ངན་འགྲོར་མི་ལྟུང་བར། །དགའ་ལྡན་གནས་སུ་རྫུས་ཏེ་སྐྱེ་བར་ཤོག། དེའི་ཚེ་མགོན་དེའི་ཞལ་བཟང་མཐོང་བ་དང༌། །གསུང་གི་བདུད་རྩི་ངོམས་མེད་རྟག་སྤྱོད་དེ། །རྣམ་དག་བསླབ་གསུམ་རྒྱན་གྱིས་མཛེས་པ་ཡི། འདུལ་བ་འཛིན་པའི་མཆོག་ཏུ་འགྱུར་བར་ཤོག།།ནམ་ཞིག་མགོན་པོ་ཁྱེད་ཀྱིས་འཛམ་གླིང་དུ། །དཔག་ཡས་མཛད་པས་འགྲོ་རྣམས་སྒྲོལ་བའི་ཚེ། །སྲས་ཀྱི་ཐུ་བོ་ཉིད་དུ་བདག་གྱུར་ཏེ།།སྐྱེ་དགུའི་འདྲེན་པ་མཆོག་ཏུ་འགྱུར་བར་ཤོག།
དེ་ལྟར་དགའ་ལྡན་དུ་སྐྱེ་བའི་གཙོ་བོ་རྗེ་བཙུན་བྱམས་བའི་སྐུ་ཡིད་ལ་བྱས་ཏེ་གསོལ་བ་འདེབས་པ་དང༌། །མཚན་བརྗོད་པ་དང༌། །བྱམས་པའི་དམ་བཅའ་བའི་གཟུངས་ཁ་དོན་བྱ་བ་དང༌། །དེར་སྐྱེ་བའི་སྨོན་ལམ་ཤུགས་དྲག་འདེབས་པ་བཞི་གསུངས་སོ། །དེས་ན་འདིར་དེ་བཞི་ཀ་ཚང་བར་བྱས་པ་ཡིན་བས། །དེ་ལྟར་འབད་ན་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བས་དེར་ངེས་བར་སྐྱེ་བར་གདོན་མི་ཟའོ། །ཞེས་པ་འདི་ནི་རྣམ་དགའ་འགེལ་བདུན་པ་འདུ་ཁང་ཆེན་མོའི་སྒོ་གཉེར་བློ་བཟང་ཆོས་འཛིན་གྱིས་བཀྲ་ཤིས་པའི་ལྷ་རྫས་དང་དེབ་ཐུམ་བཞི་བཅས་ལན་གྲངས་དུ་མར་བསྐུལ་བའི་ངོར། །དབྱངས་ཅན་བཞད་པས་སྦྱར་བ་ཛ་ཡནྟུ།། རང་མདུན་ནམ་མཁར་རྨ་བྱས་བཏེག་པའི་ཁྲིར། །པད་ཟླའི་གདན་ལ་རྩ་བའི་བླ་མ་དང༌། །ངོ་བོ་དབྱེར་མེད་བདེ་གཤེགས་སྣང་མཐའ་ཡས། །དམར་གསལ་མཉམ་གཞག་ཕྱག་རྒྱས་ལྷུང་བཟེད་བསྣམས། །ཆོས་གོས་གསུམ་གསོལ་མཚན་དཔེའི་གཟི་འོད་འབར། །ཐུགས་ཀའི་འོད་ཀྱིས་བདེ་ལྡན་ཞིང་ཁམས་ནས། །བླ་མ་འོད་དཔག་མེད་མགོན་འཁོར་ཚོགས་བཅས། །སྤྱན་དྲངས་ཐིམ་པས་སྐྱབས་གནས་ཀུན་འདུས་གྱུར། །དེ་ནས་ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་དང༌། །མཎྜལ་ཕུལ། །འོད་དཔག་མེད་ཀྱི་མཚན་གང་མང༌། །གསོལ་འདེབས་ཀྱང་གང་མང་བྱ། །དེ་ནས༌། དེང་ནས་སྐྱེ་ཀུན་འོད་དཔག་མེད་མགོན་དང༌། །ནམ་ཡང་མི་འབྲལ་བརྩེ་བས་རྗེས་འཛིན་ཅིང༌། །ཁྱད་པར་འཆི་བདག་ཕོ་ཉེས་ཟིན་པའི་ཚེ། །གནད་གཅོད་སྡུག་བསྔལ་བར་དོའི་འཇིགས་སྐྲགས་སོགས། །ཉེར་ཞི་མི་ཁོམས་གནས་སུ་མི་སྐྱེ་བར། །བདེ་ལྡན་ཞིང་དུ་པདྨོར་རྫུས་སྐྱེས་ཏེ། །འོད་དཔག་མེད་ཀྱི་ཞལ་མཐོང་གསུང་ཐོས་ནས། །རིང་མིན་གཏན་བདེའི་དཔལ་ལ་རེག་གྱུར་ཅིག།།ཅེས་པ་འདི་ནི་སྔགས་འཆང་འཕྲིན་ལས་རྒྱ་མཚོས་ལྷ་རྫས་བསྐུལ་ངོར་ ༧དབྱངས་ཅན་བཞད་པས་བྲིས་པའོ།། །།
ན་མོ་བྷུ་རོ་དྷཱ་ཧུ་ཤྲཱི་མཱ་྾྾རུ་ཏྟ་མཱ་ནཱ་དཱ་ཡ་མཧཱ་ཤྲ་དྡྷེ་ན། དེ་ཡང་རིམ་ལ་ཕྱག་མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །ཞེས་དང༌། འཇམ་དཔལ་ལུང་ལས། །ང་ནི་འདི་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པའི་ན། །ཞེས་གསུང་བ་ལྟར། །ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཚུལ་བཞིན་དུ་བསྟེན་པ་ལ་རག་ལས་པ་དང༌། །སངས་རྒྱས་ཐམས་ཅད་མཆོད་པ་བས། །བླ་མ་མཆོད་པ་བསོད་ནམས་ཆེ་བ་དང༌།རྒྱལ་བ་ཐམས་ཅད་བླ་མའི་ལུས་ལ་ཞུགས་སྟེ་སློབ་མའི་མཆོད་པ་བཞེས་པ་སོགས་དགོས་པ་དང༌། །ཕན་ཡོན་མཐའ་ཡས་པ་གསུངས་པ་དེའི་ཕྱིར། །བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་སྟེ། དངོས་གཞི་ནི། ཆོས་དབྱིངས་ངང་ལས་མདུན་གྱི་ནམ་མཁའ་རུ། །སེང་ཁྲི་པདྨ་ཟླ་བའི་དཀྱིལ་འཁོར་སྟེང༌། །རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མ་མཆོག།།སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང༌། །ཞལ་གཅིག་ཕྱག་གཉིས་གཡས་པས་ཆོས་འཆད་ཀྱི། །ཕྱག་རྒྱས་ཨུཏྤལ་འདབ་སྟེང་རལ་གྲི་དང༌། །ཕྱག་གཡོན་མཉམ་གཞག་ཕྱག་རྒྱས་གླེགས་བམ་བསྣམས། །ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་མཛེས། །གསལ་རྫོགས་མཚན་དཔེའི་རི་མོ་མངོན་པར་བཀྲ། །འོད་ཕུང་དབུས་ན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དགྱེས་འཛུམ་ཉམས་དང་ཞི་བའི་སྤྱན་གྱིས་གཟིགས། །གནས་གསུམ་རྡོ་རྗེ་གསུམ་གྱི་ཡིག་འབྲུས་མཚན། །ས་བོན་འོད་ཀྱིས་རང་བཞིན་གནས་མཆོག་ནས། །བླ་མ་མཆོག་གསུམ་ཡི་དམ་ཆོས་སྲུང་བཅས། །སྤྱན་དྲངས་ཐིམ་བས་དབྱེར་མེད་གཅིག་གྱུར་ཏེ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །དེ་ནས་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བལྟས་ལ་ཡན་ལག་བདུན་པ་བྱ་བ་ནི། རྒྱས་པར་སྤྲོ་ན་བཟང་སྤྱོད་ནས་འབྱུང་བ་ལྟར་རམ། བསྡུས་ན། དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །སྲིད་ཞིའི་འཇིགས་སྐྱོབ་ཐར་པའི་ས་མཁན་ཆེ། །བདེ་ལེགས་རྩ་བ་དྲིན་ཅན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་བ་ཡིས། །ཟག་མེད་བདེ་སྟེར་མཆོད་ཚོགས་ཀུན་འབུལ་ཞིང༌། །བཅས་རང་ཉེས་པའི་ཚོགས་དང་ཁྱད་པར་དུ། །བླ་མ་ལ་བསྟེན་ཉེས་ཀུན་སྙིང་ནས་བཤགས། །དགེ་ཚོགས་སྤྱི་དང་བླ་མའི་གསང་གསུམ་གྱི། །རྣམ་ཐར་བཟང་པོར་རྗེས་སུ་ཡི་རང་ཞིང༌། །གདུལ་བྱའི་སྐལ་བར་འཚམ་པའི་ཟབ་རྒྱས་ཀྱི། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་བར་བསྐུལ། །བསྟན་དང་འགྲོ་བའི་ཕན་བདེའི་སྨན་ཡོན་དུ། །གཟུགས་སྐུ་སྲིད་མཐའ་གཡོ་མེད་རྟག་བརྟན་ཅིང༌། །དུས་གསུམ་བསགས་པའི་རྣམ་དཀར་དགེ་བའི་ཚོགས། །དཔལ་ལྡན་བླ་མའི་རྗེས་འཛིན་རྒྱུ་རུ་བསྔོ། །དེ་ནས་མཎྜལ་རྒྱས་བསྡུས་གང་རིགས་འབུལ། བླ་མ་གསོལ་འདེབས་གང་མང་དང༌། ཁྱོད་ནི་བླ་མ་སོགས་གང་མང་དེ་ལྟར་ལན་གསུམ་སོགས་ཀྱིས་ཏིང་ངེ་འཛིན་གྱི་དབང་བཞི་བླངས། བླ་མའི་མཚན་སྔགས་ཅི་འགྲུབ་བཟླས་མཐར། སྤྲོ་ན་ཡོན་ཏན་གཞིར་གྱུར་མས་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་གསོལ་བ་བཏབ། བསྡུ་ན། དེ་ལྟར་སྐྱབས་གསུམ་འདུས་སྐུར་ལེགས་བལྟས་ཏེ། མི་ཤིགས་ཐིག་ལེར་ཕྲ་བའི་རླུང་སེམས་དང༌། །དབྱེར་མེད་རྩེ་གཅིག་གུས་བས་གསོལ་འདེབས་ན། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྙེད་དཀའ་དམ་ཆོས་སྒྲུབ་པའི་རྟེན་བཟང་འདི། །མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ཏེ། །ངན་འགྲོའི་འཇིགས་ལས་སྐྱོབས་ཕྱིར་སྐྱབས་འགྲོ་དང༌། །སྡིག་སྤོང་དགེ་ཚོགས་སྒྲུབ་པར་བྱིན་གྱིས་རློབས། །འཁོར་བའི་ཕུན་ཚོགས་འབར་བའི་མེ་འོབས་ལྟར། །མཐོང་བའི་བཅོས་མིན་ངེས་འབྱུང་ཤུགས་དྲག་གིས། །རྣམ་དག་བསླབ་གསུམ་སྒྲུབ་པའི་ཉམས་ལན་གྱིས། །ཐར་པའི་བཙན་ས་ཟིན་པར་བྱིན་གྱིས་རློབས། །མར་གྱུར་འགྲོ་རྣམས་སྡུག་བསྔལ་གྱིས་གཟིར་བའི། །ངང་ཚུལ་བཟོད་མེད་རླབས་ཆེན་སེམས་བསྐྱེད་དང༌། །སྤྲོས་བྲལ་སྒྱུ་མའི་རྣམ་རོལ་རྟེན་འབྱུང་ལམ། །ཟུང་འབྲེལ་ཉམས་སུ་ལེན་པར་བྱིན་གྱིས་རློབས། །སྣང་སྟོང་ལྷ་སྐུར་གསལ་པའི་རྣལ་འབྱོར་དང༌། །བདེ་ཆེན་ཡེ་ཤེས་ཉིན་བྱེད་སྣང་བའི་གཟིས། །ཀུན་རྟོག་གཡོ་བའི་ལས་རླུང་མུན་པའི་སྨག །ཉེར་བཅོམ་སྐུ་བཞིའི་གོ་འཕང་མཆོག་ཐོབ་ཤོག །དེ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་ཀྱིས་བླ་མ་སྙིང་དབུས་སུ་བཞུགས་སུ་གསོལ། དེ་ནས། དེ་ལྟར་བསྐྲུན་པའི་རྣམ་དཀར་ཞེས་སོགས་ཀྱིས་དགེ་བ་བསྔོ་བར་བྱའོ། །ཞེས་བླ་མའི་རྣལ་འབྱོར་འདི་ཡང་དད་ལྡན་འགའ་ཞིག་གིས་བསྐུལ་བ་ལྟར། །དབྱངས་ཅན་བཞད་པས་བྲིས།། ན་མོ་གུ་རུ་ཝེ། །འདིར་བླ་མའི་རྣལ་འབྱོར་བསྒོམ་བར་འདོད་པས། སྐྱབས་སེམས་སྔོན་དུ་བཏང༌། རང་མདུན་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། །རྩ་བའི་བླ་མ་དགྱེས་བའི་འཛུམ་དཀར་ཅན། །ཕྱག་གཡས་ཆོས་འཆད་གཡོན་པ་མཉམ་གཞག་སྟེང༌། །གླེགས་བམ་བསྣམས་ཤིང་མཚན་དཔེའི་གཟི་འོད་འབར། །ཆོས་གོས་གསུམ་གསོལ་པཎ་ཞྭས་དབུ་ལ་མཛེས། །སྐྱིལ་ཀྲུང་གིས་བཞུགས་ཐུགས་ཀའི་ཧཱུཾ་འོད་ཀྱིས། །སྐྱབས་གནས་མ་ལུས་སྤྱན་དྲངས་ཉེར་ཐིམ་པས། །སྐྱབས་ཡུལ་མཐའ་དག་འདུས་པའི་བདག་ཉིད་གྱུར། །ཡན་ལག་བདུན་པ་མཎྜལ་བཅས་རྒྱས་བསྡུས་གང་རིགས་དང༌། གསོལ་འདེབས་གང་མང༌། སྤྲོ་ན་ཕུར་ཚུགས་གསོལ་འདེབས། ཏིང་ངེ་འཛིན་གྱི་དབང་བཞི་བླངས། མཚན་སྔགས་ཀྱང་བཟླ། ཡོན་ཏན་གཞིར་གྱུར་མ་དང༌། དཔལ་ལྡན་རྩ་བའི་སོགས་ཀྱིས་བླ་མ་སྙིང་དབུས་སུ་སྤྱན་འདྲེན། དེ་ལྟར་བསྐྲུན་པའི་སོགས་ཀྱིས་དགེ་རྩ་ཚེ་རབས་རྗེས་འཛིན་གྱི་རྒྱུར་བསྔོ་བར་བྱའོ།། ཞེས་པ་འདི་ནི་དགེ་སློང་དམ་ཆོས་རྒྱ་མཚོས་བསྐུལ་བ་དང༌། གཞན་འགའ་ཞིག་གིས་བསྐུལ་བའི་ངོར་༧དབྱངས་ཅན་བཞད་པས་བྲིས་པའོ།། །།
འཇམ༷་དབྱངས༷་བླ་མའི་ལུགས་བཟང་གསེར་གྱི་རྔ། །མཁྱེན༷་དཔྱོད་རིན་ཆེན་དབྱུག་གུས་རབ༷་བསྣན་ཏེ། །ཞིང་ཁམས་རྒྱ༷་མཚོ༷་ལེགས་བཤད་སྒྲ་དབྱངས་ཀྱིས། །ཁྱབ་མཛད་བླ་མ་མཆོག་ལ་གསོལ་བ་འདེབས། །དེང་ནས་བྱང་ཆེན་ས་ལ་མ་རེག་པར། །བརྩེ་ཆེན་ཐུགས་རྗེས་འབྲལ་མེད་རྗེས་བཟུང་སྟེ། །མི་ཁོམ་གནས་སུ་ནམ་ཡང་མི་སྐྱེ་ཞིང༌། །རྣམ་སྨིན་བརྒྱད་ལྡན་རྟེན་བཟང་ཐོབ་གྱུར་ཅིག །ཟབ་རྒྱས་གསུང་གི་བདུད་རྩིས་རྒྱུན་སྨིན་ནས། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་རིམ་གཉིས་ཀྱིས། །ཀུན་རྟོག་འཁྲུལ་བའི་དྲི་མ་དྲུང་བྱུང་སྟེ། །རྣམ་གྲོལ་ཐར་པའི་གོ་འཕང་མཆོག་ཐོབ་ཤོག།།ཅེས་པ་འདི་ནི་ལུང་རྟོགས་ཡོན་ཏན་བྱེ་བའི་མཛོད་འཛིན་གཤི་ཆེན་མ་འདས་མཆོག་སྤྲུལ་རིན་པོ་ཆེས་བཀའ་གནང་བཞིན། ། ༧དབྱངས་ཅན་བཞད་པས་བྲིས་པའོ།། །།
ཨོཾ་སྭ་སྟི། འཇམ༷་དབྱངས༷་བླ་མའི་རིང་ལུགས་འཁོར་ལོ་ཡིས། །མཁྱེན༷་དང་བརྩེ་བའི་མཁའ་ལ་རབ༷་འཕགས་ཏེ། །ཐུབ་བསྟན་གླིང་བཞིའི་དཔལ་ལ་དབང་བསྒྱུར་བ། །སྐལ་བཟང་རྒྱ༷་མཚོའི༷་མགོན་ལ་གསོལ་བ་འདེབས། །དེང་ནས་བཟུང་སྟེ་ཚེ་རབས་ཨུཏྤལ་ཕྲེང༌། །ཚད་མེད་ཐུགས་རྗེའི་ཕྱག་གིས་ཉེར་བཟུང༌ནས། །མི་ཁོམ་གནས་སུ་ནམ་ཡང་མི་འཕྱན་པར། །མཐོ་རིས་ཡོན་ཏན་བདུན་ལྡན་རྟེན་ཐོབ་ཤོག།།དེའི་ཚེ་རྒྱུ་འབྲས་ཐེག་པའི་ཆོས་ཚུལ་གྱིས། །བདག་རྒྱུད་སྨིན་ནས་ཐུན་མོང་ལམ་བཟང་དང༌། །ཟབ་གསང་སྔགས་ཀྱི་མྱུར་ལམ་ལ་བརྟེན་ཏེ། །ཡན་ལག་བདུན་ལྡན་ཟུང་འཇུག་སྐུ་ཐོབ་ཤོག།།ཅེས་པ་འདི་ནི་ལུང་རྟོགས་ཡོན་ཏན་གྱིས་མཐོ་བ་ཨརྒ་སྤྲུལ་བའི་སྐུའི་གཙོའི་སོ་ཐར་གྱི་སྡོམ་པ་སྦྱིན་ཡུལ་གྱི་བསྒྲུབ་བྱ་ཉི་ཤུའི་ལྷག་གིས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའོ།། །།
རྒྱལ་ཀུན་ཡེ་ཤེས་རང་གཟུགས་འཇམ༷་དཔལ་དབྱངས༷།། ངུར་སྨིག་གར་མཛད་མཁྱེན༷་རབ༷་འོད་སྣང་བས། །ཐུབ་བསྟན་པད་ཚལ་རྒྱས་མཛད་ཆོས་ཀྱི་རྗེ། །མོས་ལྡན་རྒྱ༷་མཚོའི༷་མགོན་ལ་གསོལ་བ་འདེབས། །མགོན་ཁྱོད་ཞབས་ཟུང་སྐལ་བརྒྱར་རྟག་བརྟན་ཅིང༌། །བདག་ཅག་བརྩེ་ཆེན་ཐུགས་རྗེས་ཉེར་བཟུང་སྟེ། །སྨིན་གྲོལ་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །བླ་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག།།འདི་ཡང་དད་ལྡན་འགའ་ཞིག་གི་མོས་ངོར་ ༧ དབྱངས་ཅན་བཞད་མིང་བས་བྲིས།། །།
འཇམ༷་དབྱངས༷་བླ་མའི་ལུགས་བཟང་ཀུན་དའི་ཚལ། །མཁྱེན༷་རབ༷་ཟླ་ཤིལ་སྣང་བའི་འོད་ཕྲེང་གིས། །རྒྱས་མཛད་མང་ཐོས་རྒྱ༷་མཚོའི༷་ཟུར་ཕུད་རྩེར། །དབང་བསྒྱུར་བཤེས་གཉེན་དམ་པར་གསོལ་བ་འདེབས་། །དེང་བཟུང་བྱང་ཆུབ་བར་དུ་མགོན་ཁྱོད་ཀྱིས། །འབྲལ་བ་མེད་པ་རྗེས་སུ་འཛིན་པ་དང༌། །ཆོས་དང་སྲིད་ཀྱི་བྱ་བ་གང་བརྩམ་ཀུན། །གེགས་མེད་ལྷུན་གྱིས་འགྲུབ་པར་ཕྱིན་གྱིས་རློབས། །ཞེས་བ་འདི་ཡང་ཕྱུག་འཇམ་དབྱངས་ཀྱིས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའོ།། །།
མཐའ་གླས་རྒྱལ་བའི་རླབས་ཆེན་འཕྲིན་ལས་རྣམས། །མ་ལུས་གཅིག་བསྡུས་རྒྱལ་ཀུན་སྐྱེད་བའི་ཡུམ། །སྲིད་ཞིའི་འཇིགས་སྐྱོབ་རྗེ་བཙུན་འཕགས་མ་ཡིས། །འཕྲལ་ཡུན་ཀུན་ཏུ་དགེ་པའི་དཔལ་སྩོལ་ཅིག།།སྐལ༷་ལྡན་འགྲོ་ལ་ཐར་པའི་ལམ་བཟང༷་མཆོག།།སྟོན་ལ་ཟླ་བྲལ་ཐུབ་བསྟན༷་སྤེལ་བའི་གཉེན། །འཆད་རྩོད་རྩོམ་པའི་འོད་སྟོང་སྤྲོ་མཛད་པ༷། །གདུལ་བྱ་རྒྱ༷་མཚོའི༷་མགོན་ལ་གསོལ་བ་འདེབས། །རིང་ནས་གཞོམ་བྲལ་རྡོ་རྗེའི་སྐུ་བརྙེས་ཀྱང༌། །བདག་ཅག་མོས་ངོར་གཟུགས་སྐུའི་ཟ་མ་ཏོག།།ལུང་རྟོགས་ཡོན་ཏན་ནོར་བུས་ཡོངས་གཏམས་ཏེ། །སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།།རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་བྱིན་རླབས་དང༌། །ཆོས་དབྱིངས་གཤིས་དང་གདུལ་བྱའི་དད་མོས་མཐུས། །ཡིད་ལ་སྨོན་པའི་རེ་བའི་འབྲས་བུ་རྣམས། །ཡིད་བཞིན་ནོར་ལྟར་ལྷུན་གྱིས་འགྲུབ་གྱུར་ཅིག།།ཅེས་དགེ་ལྡན་བསྟན་པའི་གསལ་བྱེད་དམ་པར་གྱུར་བ་༧རྗེ་སྐལ་བཟང་བསྟན་པ་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་དང་བཅས་བ་འདི་ནི། དད་ལྡན་དགེ་སློང་དགེ་འདུན་བཟང་པོ་དང༌། དགེ་སློང་བརྩོན་འགྲུས་རྒྱལ་མཚན་གཉིས་ཀྱིས་ནན་ཏན་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་འཕྲལ་དུ་བྲིས་པ་དགེ་ལེགས་འཕེལ། །
གང་ལ་བརྟེན་ན་གཏན་གྱི་བདེ་སྟེར་ཞིང༌། །དུས་མིན་འཆི་བའི་གཡུལ་ངོ་འཇོམས་མཛད་པ། །འཆི་མེད་དཔལ་སྟེར་ལྷག་པའི་ལྷ་རྣམས་ཀྱིས། །ཚེ་དཔལ་པདྨོ་རྒྱས་པའི་དགེ་ལེགས་སྩོལ། །དཀོན༷་མཆོག༷་ཀུན་འདུས་འཇམ༷་དཔལ༷་དབྱངས་ཀྱི་གར། །རླབས་ཆེན་ཡོན༷་ཏན༷་ཆུ་འཛིན་སྒྲ་དབྱངས་ཀྱིས། །ཡིད་ཅན༷་མདོངས་མཐའི་ལྷག་བསམ༷་འཕེལ༷་མཛད་པ། །སྨྲ་བའི་དབང༷་ཕྱུག༷་དམ་པར་གསོལ་བ་འདེབས། །ལུས་ཅན་ཕན་བདེའི་རྒྱ་མཚོ་འཕེལ་བ་དང༌། །ཐུབ་བསྟན་ཀུན་དའི་དགའ་ཚལ་བཞད་པའི་ཕྱིར། །བཀྲ་ཤིས་དཔལ་མཛེས་ཞབས་ཟུང་ཟླ་ཤེལ་དབང༌། །སྐལ་བཟང་བདེ་འབྱུང་གཙུག་ཏུ་རྟག་བརྟན་ཏེ། །ཆོས་སྡེ་འདིར་ཡང་མི་འདོད་ཉེར་འཚེའི་སྨག།།མཐུ་བྱིན་རྟ་ལྗང་འོད་ཀྱིས་མཐར་བསྐྲད་ནས། །དལ་འབྱོར་པད་དཀར་བཞད་པའི་དགའ་ཚལ་དུ། །ལུང་རྟོགས་སྦྲང་རྩིའི་དགའ་སྟོན་རྒྱས་གྱུར་ཅིག།།དེང་བཟུང་བྱང་ཆུབ་བར་དུ་མགོན་ཁྱོད་ཀྱིས། །རྗེས་བཟུང་གསུང་གི་བདུད་རྩིས་དབུགས་དབྱུང་སྟེ། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །དོན་གཉིར་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག།།བླ་མ་མཆོག་གསུམ་སྲུང་མའི་མཐུ་བྱིན་དང༌། །སྤྲོས་བྲལ་ཆོས་དབྱིངས་འགྱུར་མེད་བདེན་པ་དང༌། །བདག་ཅག་དད་མོས་ལྷན་ཅིག་ཚོགས་པའི་མཐུས། །ཡིད་ལ་སྨོན་པའི་རེ་འབྲས་ལྷུན་གྲུབ་ཤོག།།ཅེས་མཚན་སྒྲོགས་མཁན་ཆེན་གྱི་བརྟན་བཞུགས་གསོལ་འདེབས་འདི་ནི། སྡོམ་གསུམ་རྒྱན་གྱིས་མཛེས་པའི་དགེ་སློང་དཀོན་མཆོག་སྦྱིན་པས་བཀྲ་ཤིས་བའི་ལྷ་རྫས་བཅས་དགེ་ལྡན་ལུང་རྟོགས་ཆོས་སྡེའི་གླིང་གི་ཚོགས་འདོན་དུ་ཚུགས་རྒྱུར་འདི་འདྲ་ཞིག་དགོས་ཞེས་ནན་ཏན་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་སྦྱར་བ་དགེ་ལེགས་འཕེལ། །
ཐོས་བས༷མ་སྒོམ་པའི་ཆུ་བོའི་འཁྲི་ཤིང་གཡོ། །གཏན༷་བདེའི་ལམ་བཟང་རིན་ཆེན་མཛོད་ཀྱིས་གཏམས། །སྐལ་བཟང་ཀླུ་དབང་ཡོངས་ཀྱི་ཉེར་འཚོའི་གཞི། །བཤེས་གཉེན་རྒྱ༷་མཚོ༷་ཆེ་ལ་གསོལ་བ་འདེབས། །རྣམ་དག་ལྷག་བས༷མ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བདག་སོགས་གཏན༷་དུ་འབྲལ་མེད་རྗེས་བཟུང་སྟེ། །རྒྱལ་སྲས་སྤྱོད་པ་རྒྱ༷་མཚོ༷་མཐར་ཕྱིན་ནས། །སྐུ་བཞིའི་རིན་ཆེན་མཛོད་ལ་དབང་འབྱོར་ཤོག།།ཅེས་དགེ་བའི་བཤེས་གཉེན་ཆེན་པོ་བསམ་གཏན་རྒྱ་མཚོ་ལ་མི་བྱེད་པའི་དད་པ་ཅན་བཀྲ་ཤིས་འཁྱིལ་གྱི་གྲྭ་རིགས་ཞིག་གིས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའོ། ། གང་ལ་བརྟེན་ན་བསླུ་མེད་སྐྱབས་ཀྱི་ཕུལ། །བླ་མ་མཆོག་གསུམ་ཡི་དམ་ཞི་ཁྲོ་དང༌། །དཔའ་བོ་མཁའ་འགྲོ་མཐུ་ལྡན་སྲུང་ཚོགས་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །བདག་གིས་བྱ་བ་གང་དང་གང་བརྩམས་པར། །ཡིད་ལ་སྨོན་བཞིན་གེགས་མེད་འགྲུབ་པ་དང༌། །དུས་མིན་འཆི་དང་ནད་རིམས་གདོན་བགེགས་དགྲ། །བྱད་ཕུར་ལ་སོགས་ཉེར་འཚེ་ཞི་བར་མཛོད། །ཚེ་བསོད་སྟོབས་འབྱོར་སྙན་གྲགས་ཀླུང་རྟ་སོགས། །ཡར་ཟླ་ལྟར་འཕེལ་སྐྱེ་དགུ་དབང་དུ་འདུ། །ནག་ཕྱོགས་དགྲ་སྡེ་རྡུལ་དུ་བརླག་པ་སོགས། །ལས་བཞི་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག།།ཅེས་པ་འདི་ནི་སྐལ་བཟང་རྒྱ་མཚོས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའོ།། སྐུ་བཞིའི་བདག་ཉིད་བླ་མ་རྡོ་རྗེ་འཆང༌། །དངོས་གྲུབ་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ། །བསྟེན་ཅིང་མཆོད་པའི་ཆོས་སྐྱོང་སྲུང་མ་རྣམས། །དབྱེར་མེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ནད་རིམས་གདོན་བགེགས་བྱད་ཕུར་རྦོད་གཏོང་དགྲ། །ཁ་སྨྲས་གླིང་གྱོད་མི་འདོད་ཀུན་ཞི་ཞིང༌། །ཚེ་བསོད་སྟོབས་འབྱོར་སྙན་གྲགས་རླུང་རྟ་རྣམས། །ཡར་ཟླའི་དཔལ་བཞིན་རྒྱས་པའི་འཕྲིན་ལས་མཛོད། །ཅེས་བ་འདི་ནི་སོག་ཚང་དགེ་སློང་བློ་བཟང་རྒྱ་མཚོས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་སྦྱར་བའོ། ། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་ལྷ། །སྐྱབས་གནས་བསླུ་བ་མེད་པའི་བྱིན་མཐུ་ཡིས། །བདག་ཅག་དཔོན་སློབ་བསྲུང་བྱ་མཐའ་དག་ལ། །གནོད་པའི་བསེ་རག་བྱུར་འགོང་ཟ་འདྲེ་དང༌། །ཤི་གཤེད་རྒྱལ་བསེན་ཆེ་ཆུང་བར་མའི་སྲི། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ཕྱིར་བཟློག་ནས། །བདག་སོགས་གཞོམ་བྲལ་སྲུང་བའི་གུར་ཁང་ལས། །ནམ་ཡང་མི་འདའ་སྲུང་ཞིང་སྐྱོང་བར་མཛོད། །དུས་མིན་འཆི་རྐྱེན་སྨག་རུམ་ཉེར་ཞི་ནས། །འཆི་མེད་ཚེ་དཔལ་པད་ཚལ་རྒྱས་པ་སོགས། །རབ་འབྱམས་ལས་བཞིའི་འཕྲིན་ལས་མ་ལུས་པ། །ཡིད་ལ་སྨོན་བཞིན་གེགས་མེད་ལྷུན་གྲུབ་ཤོག །ཅེས་པ་འདི་ནི་འགའ་ཞིག་གིས་བསྐུལ་ངོར་ ༸དབྱངས་ཅན་བཞད་པས་བྲིས་པའོ། ། །།
རབ་འབྱམས་རྒྱལ་ཀུན་མཁྱེན་པའི་ཕུང་བོ་ཉིད། །ཡིད་འཕྲོག་མཛེས་སྡུག་ལྷ་མོའི་སྐུར་ཤར་བ། །བློ་གྲོས་སྩོལ་མཛད་བླ་མ་དབྱངས་ཅན་མར། །གསོལ་བ་འདེབས་སོ་ཤེས་རབ་སྣང་བ་སྩོལ། །ལྷ་ཁྱོད་བསྙེན་ཅིང་གསོལ་བ་བཏབ་པའི་མཐུས། །རྨོངས་མུན་བསལ་ནས་གཞུང་མང་འཛིན་པ་དང༌། །འཆད་རྩོད་རྩོམ་པའི་བློ་གྲོས་རབ་རྒྱས་ཏེ། །རིང་མིན་མཁས་པའི་གོ་འཕང་ཐོབ་གྱུར་ཅིག།།འདི་འང་ཆོས་མཛད་ཤེས་རབ་བཟང་པོའི་འདོད་མོས་བཞིན་ ༧ དབྱངས་ཅན་བཞད་པས་བྲིས། །
རྨད་བྱུང་ཐུགས་བསྐྱེད་དྲི་བཞོན་གྱིས་བསྐྱོད་པའི། །མཐུ་སྟོབས་ནུས་པའི་རབ་འབར་མེ་དཔུང་གིས། །ནག་ཕྱོགས་བདུད་སྡེའི་ཚང་ཚིང་བསྲེགས་མཛད་པ། །བླ་མ་གསང་བའི་བདག་པོར་གསོལ་བ་འདེབས། །གང་སྐུ་བསྒོམ་དང་མཆོད་བསྟོད་བཟླས་བརྗོད་ལ། །འབད་པའི་དགེ་འདིས་སྐྱེས་པའི་ཕྲེང་བ་རུ། །མི་ཁོམ་གནས་སྤངས་རྟེན་བཟང་ལེགས་ཐོབ་ནས། །མགོན་པོ་མཆོག་གིས་འབྲལ་མེད་རྗེས་འཛིན་ཤོག།།སྲིད་ལ་རྒྱབ་ཀྱིས་ཕྱོགས་པའི་ངེས་འབྱུང་དང༌། །རང་དོན་ཡལ་བར་འདོར་བའི་བྱང་ཆུབ་སེམས། །སྲིད་རྩ་དྲུང་འབྱིན་དབུ་མའི་ལྟ་བ་རྣམ། །མ་ཚང་མེད་པར་ཉམས་སུ་ལེན་པར་ཤོག། །ལྷ་ཡི་རྣལ་འབྱོར་ཟབ་མོའི་འོད་སྟོང་གིས། །ཐ་མལ་སྣང་ཞེན་སྨག་རུམ་མཐར་བྱས་ནས། །སྒྱུ་འོད་ཟུང་འཇུག་འདབ་བརྒྱའི་ཁ་ཕྱེས་ཏེ། །སྐུ་བཞིའི་འབྲས་བཟང་མྱུར་དུ་སྨིན་གྱུར་ཅིག།།ཅེས་པ་འདི་ནི་སྤྲུལ་བའི་སྐུ་བློ་བཟང་ཡེ་ཤེས་རྒྱ་མཚོས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས། །
རྒྱལ་ཀུན་བྱ་སྒྲུབ་ཡེ་ཤེས་ཆ་ཤས་ཀུན། །རབ་རྫོགས་འཕྲིན་ལས་འོད་དཀར་འབུམ་ཕྲག་གིས། །ལེགས་ཚོགས་ཀུན་དའི་དགའ་ཚལ་རྒྱས་མཛད་པ། །རྒྱལ་ཡུམ་འཕགས་མས་དགེ་ལེགས་ཤིས་པ་སྩོལ། །རྣམ་སྨིན་བརྒྱད་ལྡན་རྟེན་བཟང་ལྗོན་པ་ལ། །ཚེ་བསོད་སྟོབས་འབྱོར་ཡལ་ཀ་རྒྱས་པའི་རྩེར། །ལུང་རྟོགས་ཡོན་ཏན་འབྲས་བཟང་གཡུལ་ཟ་བའི། །ཀླུང་རྟའི་དགེ་མཚན་མཚོ་ལྟར་རྒྱས་པར་མཛོད། །བསྟན་འགྲོར་སྨན་པའི་ལྷག་བསམ་མཁའ་དབྱིངས་སུ། །འཁོར་ལོ་གསུམ་གྱི་མཛད་བཟང་ཆུ་འཛིན་ལས། །རླབས་ཆེན་འཕྲིན་ལས་གྲུ་ཆར་འབུམ་འཇོ་བའི། །ཀླུང་རྟའི་དགེ་མཚན་མཚོ་ལྟར་རྒྱས་པར་མཛོད། །སྒོ་གསུམ་སྤྱོད་པའི་སྤངས་ལྗོང་ཉམས་དགའ་བར། །ལུགས་གཉིས་བྱ་བ་འདབ་བརྒྱའི་ལྟོ་བ་རུ། །ཕུན་ཚོགས་སྡེ་བཞིའི་སྦྲང་རྩིས་ཡོངས་གང་བའི། །ཀླུང་རྟའི་དགེ་མཚན་མཚོ་ལྟར་རྒྱས་པར་མཛོད། །མཐུ་ལྡན་སྲུང་མའི་འཕྲིན་ལས་སྤྲིན་སྔོན་ལས། །མཐུ་སྟོབས་དྲག་སྦྱོར་རྡོ་རྗེའི་མེ་ཆར་གྱིས། །ནག་ཕྱོགས་དགྲ་སྡེའི་བྲག་རི་ཕྱེར་འཐག་པའི། །ཀླུང་རྟའི་དགེ་མཚན་མཚོ་ལྟར་རྒྱས་པར་མཛོད། །བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང༌། །རྒྱལ་ཡུམ་འཕགས་མ་སྒྲོལ་མའི་ཐུགས་རྗེ་དང༌། །འགྱུར་མེད་ཆོས་དབྱིངས་བསླུ་བ་མེད་པའི་མཐུས། །ཀླུང་རྟའི་དགེ་མཚན་མཚོ་ལྟར་རྒྱས་པར་མཛོད། །ཅེས་པ་འདི་ནི་བྱ་མེ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའོ།། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་ངོ་བོ་ཡབ་རྗེ་ཙོང་ཁ་བ་ཡབ་སྲས་བརྒྱུད་པར་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །གངས་ལྗོངས་བསྟན་པའི་མངའ་བདག་སྣང་པ་མཐའ་ཡས་མིའི་གར་མཛད་པཎ་ཆེན་རིན་པོ་ཆེ། །སྤྱན་རས་གཟིགས་དབང་སྤྲུལ་པའི་ཟློས་གར་ ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། །བསྟན་པའི་འབྱུང་གནས་གདན་ས་ཆེན་པོ་བཞི་དང༌། །
གསང་ཆེན་རྒྱུད་གྲྭ་ཆེན་པོ་རྣམ་གཉིས་སོགས་དང༌། །སྐྱབས་གནས་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་ཇོ་ཤཱཀ་རྣམ་གསུམ་ལ་ཕྱག་འཚལ་ལོ། །བསླུ་བ་མེད་པའི་སྐྱབས་གནས་དམ་པ་ཁྱེད་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། །བདག་དང་ཕ་མ་འབྲེལ་ཐོགས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་སྔོན་མ་ནས་བསགས་པའི་ལས་ངན་པའི་སྡིག་སྒྲིབ་བག་ཆགས་དང་བཅས་བ་ཐམས་ཅད་བྱང་ཞིང་དག་ནས། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང༌། །ཕྱི་མར་དལ་འབྱོར་ཚང་བའི་རྟེན་ཐོབ་ཅིང༌། །ཡབ་རྗེའི་བསྟན་པ་རིན་པོ་ཆེ་དང་མཇལ་ནས་ས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཁང་སར་དཔོན་མོའི་འདོད་མོས་ལྟར་དུ་ཐོལ་བྱུང་དུ་བྲིས། །རླབས་ཆེན་ཐུགས་བསྐྱེད་མཐུ་དཔལ་ལས་བསྐྲུན་པའི། །སྨན་གྱི་བཀའ་སྲུང་གནོད་སྦྱིན་ཞིང་བློན་ཆེ། །འཁོར་ཚོགས་རྒྱ་མཚོ་དང་བཅས་མྱུར་བྱོན་ལ། །རབ་ཏུ་དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་ཉེར་བསྐྱེད་པའི། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས་སྤྱི་དང༌། །ཟད་མེད་མཆོད་གཏོར་ནམ་མཁའི་ཁམས་འགེངས་བ། །གུས་པས་འབུལ་ལོ་དགྱེས་པའི་ཚུལ་གྱིས་བཞེས། །རྒྱལ་བསྟན་དར་ཞིང་བསྟན་འཛིན་སྐུ་ཚེ་བརྟན། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བྱ་བ་འཕེལ། །འགྲོ་ཀུན་དགའ་བདེའི་དཔལ་གྱིས་འཚོ་བ་སོགས། །སྡེ་བཞིའི་འབྱོར་བ་ཟླ་ལྟར་རྒྱས་བར་མཛོད། །ཅེས་པ་འདི་ནི་གསོ་རིག་སྨྲ་བ་བློ་བཟང་དམ་ཆོས་ཀྱིས་ནན་ཆེན་བསྐུལ་ངོར་ ༧ དབྱངས་ཅན་བཞད་པས་སྨ་ཀླུང་དལ་གྱིས་འབབ་པའི་འགྲམ་ཏུ་སྦྱར་བ་ཛ་ཡནྟུ།། །།ན་མོ་གུ་རུ་བྷྱཿ འདིར་སྨན་བྱིན་རླབས་མདོར་བསྡུས་བྱ་ཚུལ་ནི། སྐྱབས་སེམས་སྔོན་དུ་བཏང༌། རང་ཉིད་སངས་རྒྱས་སྨན་གྱི་རྒྱལ་བོའི་སྐུར་གྱུར། །སྨན་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། །རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང༌། །ཁྱད་པར་སྨན་བླ་དྲང་སྲོང་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན། །འཇིག་རྟེན་ཁམས་ཀྱི་སྨན་དང་རྩི་བཅུད། །འབྱུང་བཞིའི་དྭངས་མའི་ཡོན་ཏན་སོགས་འོད་དང་འོད་ཟེར་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། །དེ་ལས་བདུད་རྩིའི་རྒྱུན་བབས་པ་སྨན་ལ་ཐིམ་པས། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་འཆི་མེད་གྲུབ་པའི་བཅུད་ལེན་ཀྱི་ནུས་ལྡན་དུ་གྱུར། བར་བསམ་ལ། སྨན་བླའི་གཟུངས༌ཀྱིས་བྱིན་བརླབས་མཐར་ཡིག་བརྒྱ་བརྗོད། མཆོག་གསུམ་ཁྱད་པར་སངས་རྒྱས་སྨན་གྱི་བླ། །དྲང་སྲོང་གྲུབ་པ་རྣམས་ཀྱི་བྱིན་རླབས་དང༌། །བདེ་པས་སྨན་འདི་ནད་རྣམ་ཀུན་སེལ་བའི། །འཆི་མེད་བདུད་རྩིའི་མཆོག་ཏུ་འགྱུར་བར་ཤོག།
ཟླ་གདན་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་བ་འོད་དུ་ཞུ་ནས་སྨན་ལ་ཐིམ་པས་བདུད་རྩིའི་རང་བཞིན་ཅན་གྱི་ཕུང་བོར་གྱུར། །ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱར། །ཞེས་བ་འདི་ནི་གསོ་བ་རིག་པའི་གནས་ལ་རྣམ་དཔྱོད་ཡངས་པ་དར་རྒྱས་རྒྱ་མཚོས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའོ།། །།
དམིགས་མེད་དབྱིངས་ལས་ཀླུ་གཉན་བསྒྱེལ་བའི་སྟེང༌། །ཕཻ་ལས་ནཱ་ག་རཀྴ་སྐུ་མདོག་ནག།།སྲིན་པོའི་གཟུགས་ཅན་ཞལ་དགུ་སྦྲུལ་མགོས་བརྒྱན། །གཡས་བརྒྱད་གྲི་གུག་གཡོན་བརྒྱད་སྦྲུལ་ཞགས་འཛིན། །སྦྲུལ་མཇུག་རི་རབ་རྒྱབ་བརྟེན་ཀླུ་གདོན་ཀུན། །ཚར་གཅོད་མེ་དཔུང་ཀློང་བཞུགས་གནས་གསུམ་དུ། །རྡོ་རྗེ་གསུམ་མཚན་ཡེ་ཤེས་སྤྱན་དྲངས་བསྟམ། །དབང་ལྷས་དབང་བསྐུར་མི་བསྐྱོད་དབུ་བརྒྱན་བཞུགས། །ཨོཾ་ཕཻ་ལཾ་ཧཱུཾ། དགེ་བ་འདི་ཡིས་སོགས་བརྗོད།། པད་ཉི་ཟླ་བ་སྒྲ་གཅན་གན་རྒྱལ་སྟེང༌། །ཁྲོ་ལས་དུག་ལྔ་རྣམ་དག་ག་རུ་ཊ། །ཕྱག་གཡས་སྐྱབས་སྦྱིན་གཡོན་པས་སྡིག་མཛུབ་མཛད། །རྣོ་ངར་མཆུ་སྡེར་ཀླུ་གཉན་ཚར་གཅོད་སྐུ། །མགྲིན་པར་ཁྱུང་ལྔ་ཐུགས་ཀར་ས་བོན་སྔ། །རྡོ་རྗེ་གསུམ་མཚན་ཧཱུཾ་གིས་ཡེ་ཤེས་པ། །སྤྱན་དྲངས་དམ་ཡེ་དབྱེར་མེད་དབང་ལྷས་དབང༌། བསྐུར་ཏེ་རྡོ་རྗེ་སེམས་དཔའ་དབུ་རྒྱན་བར་གྱུར། ཨོཾ་བགྵི་སྭཱཧཱ། དགེ་བ་འདི་ཡི༌྾སོགས་བརྗོད། །ཅེས་བའི་མངོན་རྟོགས་མདོར་བསྡུས་འདི་གཉིས་ ༧ དབྱངས་ཅན་བཞད་པས་བྲིས།། །།
ན་མོ་གུ་རུ་ཨཱ་རྱཏཱ་རེ་ཡེ། འདིར་མཁས་ཤིང་གྲུབ་པའི་དབང་ཕྱུག་སྟག་ཕུ་གར་གྱི་དབང་པོའི་གཟིགས་སྣང་སྒྲོལ་མའི་རྒྱུན་ཁྱེར་མདོར་བསྡུས་བྱ་བར་འདོད་པས། སྐྱབས་སེམས་སྔོན་དུ་བཏང༌། སྤྱི་བོར་པད་ཟླར་རྗེ་བཙུན་སྒྲོལ་མ་དང༌། །དབྱེར་མེད་བླ་མ་ངུར་སྨིག་འཆང་བའི་ཚུལ། །ཕྱག་གཉིས་རྡོ་དྲིལ་དང་བཅས་པད་དཀར་བསྣམས། །སྐྱིལ་ཀྲུང་གིས་བཞུགས་སེམས་དཔའ་སུམ་བརྩེགས་ཀྱི། །བདག་ཉིད་ཅན་གྱུར་གནས་ལྔ་འབྲུ་ལྔས་མཚན། །སྐྱབས་གནས་མ་ལུས་སྤྱན་དྲངས་ཐིམ་པར་གྱུར། །ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་འབུལ། མཚན་སྔགས་དང་ཏཱ་རེ་བཟླ། བླ་མའི་སྐུ་གསུང་ཐུགས་དང་གནས་ལྔ་ལས། །བདུད་རྩི་བབས་པས་སྒྲིབ་སྦྱངས་དབང་བཞི་ཐོབ། །སྐུ་བཞིའི་ས་བོན་བཞག་ནས་བླ་མ་ཡང༌། །རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། །དངོས་གཞི་ནི། ཆོས་ཀུན་མི་དམིགས་སྟོང་བའི་ངང་ཉིད་ལས། །ཡེ་ཤེས་རང་སྦྱང་ལས་གྲུབ་གཞལ་མེད་དབུས། །པད་ཟླའི་གདན་ལ་ས་བོན་ཕྱག་མཚན་ལས། །རང་ཉིད་རྒྱལ་ཡུམ་སྒྲོལ་མ་སྐུ་མདོག་ལྗང༌། །ཕྱག་གཡས་མཆོག་སྦྱིན་ཕྱག་གཡོན་སྐྱབས་སྦྱིན་ཀྱི། །ཕྱག་རྒྱས་ཨུཏྤལ་བསྣམས་ཤིང་ནུ་འབུར་རྒྱས། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །གཡས་བསྐྱངས་གཡོན་བསྐུམ་ཟླ་བའི་རྒྱབ་ཡོལ་ཅན། །གནས་གསུམ་ཡི་གེ་གསུམ་མཚན་ས་བོན་ལས། །འོད་འཕྲོས་བླ་མ་རྗེ་བཙུན་སྒྲོལ་མ་ལ། །ཉེར་གཅིག་འཁོར་གྱིས་བསྐོར་བ་སྤྱན་དྲངས་གྱུར། །ཡན་ལག་བདུན་པ་དང༌། ཕྱག་འཚལ་ཉེར་གཅིག་གང་འགྲུབ་དང༌། མཎྜལ་རྒྱས་བསྡུས་གང་རིགས་འབུལ། དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་མས། །བདག་གི་སྡིག་སྒྲིབ་སྦྱང་དུ་གསོལ། །ཀྱེ་མ་ཨཱ་རྱ་ཏཱ་རེ་མ། །ཕྱག་གཡོན་སྲིན་མཛུབ་ལས་བྱུང་འོད་དཀར་བོའི། །ནང་བརྒྱུད་བདུད་རྩིའི་རྒྱུན་གྱིས་ལུས་ཀུན་གང་། །སྡིག་སྒྲིབ་དག་ཅིང་མདུན་གྱི་གཙོ་འཁོར་རྣམས། །རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། །དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག།།བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། །མཆོད་བསྟོད་བྱ། རང་གི་གནས་ལྔའི་རྩ་དབུས་རྩ་འདབ་ལ། །རིགས་ལྔའི་སྒྲོལ་མ་རང་འདྲའི་འདབ་གྲངས་ཀྱིས། །བསྐོར་ཞིང་སྙིང་ཁའི་སྒྲོལ་མའི་ཐུགས་ཀ་རུ། །ཏཱཾ་ཡིག་ཏཱཾ་མཚན་སྔགས་ཀྱིས་བསྐོར་བར་གྱུར། །གནས་ལྔའི་སྒྲོལ་མས་རང་འདྲ་དཔག་མེད་ཀྱིས། །འགྲོ་ཀུན་དུག་ལྔ་སྦྱངས་ཤིང་ཡེ་ཤེས་ལྔར། །བཀོད་ནས་རིགས་ལྔའི་གོ་འཕང་མངོན་དུ་བྱས། །དེ་རྣམས་སྒྲོལ་མ་སོ་སོའི་སྐུར་གྱུར་ཏེ། །ཀུན་གྱི་ཞལ་ནས་སྔགས་སྒྲ་སྒྲོགས་པར་གྱུར། །དེ་ནས་ཏཱ་རེ་ཅི་འགྲུབ་བཟླས་མཐར་ཡིག་བརྒྱ་བརྗོད། ཉེར་བསྡུ་ནི། སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཡང་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་འཕགས་མའི་སྐུར་བཞེངས་སྟེ། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །སྨོན་ཤིས་བྱའོ། འདིའི་ཚོགས་མཆོད་མདོར་བསྡུས་བྱ་བར་འདོད་ན། ཚོགས་རྫས་རྣམས་འདུ་བྱས། བདག་བསྐྱེད་རྒྱས་བསྡུས་གང་རིགས་སྔོན་དུ་བཏང་ནས། བདེ་སྟོང་ངང་ལས་མ་དག་སྣོད་བཅུད་སྦྱངས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་རབ་གསལ་ཞིང་། །ཚོགས་ཀྱི་རྫས་རྣམས་སྦྱངས་རྟོགས་སྦར་བྱས་ནས། །ཟག་མེད་བདེ་སྟེར་བདུད་རྩིའི་རྒྱ་མཚོར་གྱུར། །སྤྱན་འདྲེན་ནི། ཆོས་ཉིད་སྤྲོས་བྲལ་འགག་མེད་དཀྱིལ་འཁོར་ནས། །བླ་མ་ཡི་དམ་ཨཱ་རྱ་ཏཱ་རེ་མ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །དགྱེས་བཞིན་ཚོགས་ཀྱི་མགྲོན་དུ་གཤེགས་སུ་གསོལ། །རྨད་བྱུང་བདེ་ཆེན་དཔལ་སྟེར་ཚོགས་མཆོད་འདི། །བླ་མ་ཡི་དམ་རྗེ་བཙུན་སྒྲོལ་མ་དང་། །མཁའ་འགྲོ་སྲུང་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། །དགྱེས་བཞིན་བཞེས་ནས་དངོས་གྲུབ་མ་ལུས་སྩོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་བཱུ་ཛ་ཁཱ་ཧི། །ཞེས་པས་འབུལ། ཚོགས་རོལ། ལྷག་མ་འབྲུ་གསུམ་གྱི་བྱིན་གྱི་བརླབས། ལྷག་ལ་དབང་བའི་མགྲོན་རྣམས་འདིར་བྱོན་ནས། །
ལྷག་གཏོར་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ། །རྣལ་འབྱོར་འགལ་རྐྱེན་བར་ཆད་ཉེར་བསལ་ནས། །ལས་བཞི་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག །ཨོཾ་ཨུ་ཙིཥྚ་བྷ་ཀྵ་སི་སྭཱཧཱ། ཞེས་པས་བསྔོ། ཚོགས་མགྲོན་གཤེགས་གསོལ་དང་སྨོན་ཤིས་བྱའོ། །ཞེས་པ་འདི་ནི་སེམས་ཉིད་སྤྲུལ་བའི་སྐུ་དང་། རིགས་རུས་སྟོབས་འབྱོར་དཔལ་གྱིས་མཐོ་པའི་གོང་མའི་དཔོན་མོ་རྣམ་གཉིས་ཀྱིས་རྒྱང་རིང་བོ་ནས་འཕྲིན་ཡིག་གི་ལམ་ནས་བསྐུལ་མ་ནན་ཏན་བྱུང་པའི་ཚེ། དབྱངས་ཅན་བཞད་པས་བྲིས་པའོ།། །།ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། འདིར་བསྟན་པ་རིན་པོ་ཆེའི་འཇུག་སྒོ་སྐྱབས་འགྲོ་ཉམས་སུ་ལེན་པར་འདོད་པས། སྐྱབས་ཡུལ་གསལ་འདེབས་པ་ནི། རང་མདུན་སེང་ཁྲི་པད་ཟླ་ཉི་མའི་སྟེང་། །བླ་མ་མཆོག་དང་དབྱེར་མེད་ཤཱཀྱའི་གཙོ། །གསེར་མདོག་ཕྱག་གཉིས་ས་གནོན་མཉམ་གཞག་མཛད། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །བླ་མ་ཐུབ་པའི་དབང་བོའི་ཕྱོགས་བཞི་རུ། །བརྒྱུད་པ་གསུམ་དང་དངོས་བརྒྱུད་བླ་མའི་ཚོགས། །རྒྱུད་སྡེ་རྣམ་བཞིའི་ཡི་དམ་དཀྱིལ་འཁོར་ལྷ། །སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །འགོག་ལམ་རང་བཞིན་གསུང་རབ་གླེགས་བམ་བཅས། །དཔག་ཡས་སྤྲུལ་པའི་བཀོད་པ་སྤྲོ་བཞིན་པར། །བདག་ལ་དགྱེས་པའི་ཉམས་ཀྱིས་བཞུགས་པར་གྱུར། །བདག་སོགས་འགྲོ་རྣམས་སྲིད་མཚོར་སྡུག་བསྔལ་བརྒྱས། །མནར་ཞིང་ད་དུང་གཏིང་མཐའ་མི་མངོན་པའི། །དེ་ལས་སྐྱོབ་ངེས་བླ་མ་དཀོན་མཆོག་ལ། །གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བར་བྱ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་྾྾྾ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །གང་མང་བརྗོད་པའི་མཐར། སྐྱབས་ཡུལ་རྣམས་ལས་བདུད་རྩིའི་རྒྱུན་བབས་པ། །བདག་སོགས་ཀུན་གྱི་སྤྱི་བོ་ནས་ཞུགས་པས། །དེ་དག་ལ་བརྟེན་ཉེས་པའི་ཚོགས་བྱང་ཞིང༌། །བྱིན་རླབས་མ་ལུས་རྒྱུད་ལ་ཞུགས་པར་གྱུར། །ཅེས་ལན་གཅིག།ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་དམིགས་རྣམ་གསལ་བཏབ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །྾྾྾འགྲུབ་པར་ཤོག།།ཅེས་གང་མང་བརྗོད། མདུན་གྱི་བླ་མ་ཐུབ་པའི་དབང་པོ་ལས། །རང་འདྲ་ཆད་དེ་ཐིམ་པས་རང་ཉིད་ནི། །ཐུབ་དབང་སྐུར་གྱུར་དེ་ཡི་འོད་ཟེར་གྱིས། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་པར་གྱུར། །ཅེས་སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམ། །སྤྲོ་ན་རྡོ་རྗེ་ཕུར་གྱི་རྒྱུད་ནས་གསུངས་བའི་རྒྱུན་བཤགས་བྱ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། དེ་ནས་སྤྲོ་ན་ཟབ་རྒྱས་ཀྱི་ལམ་དང་འབྲེལ་བའི་དད་པས་ཀུན་ནས་བསྲེངས་ཏེ། གང་གིས་རྟེན་ཅིང་སོགས་འདོན། མཇུག་ཏུ། ནམ་མཁའི་དབྱིངས་སུ་སྤྲིན་ཕུང་ཞུ་བ་བཞིན། །ཚོགས་ཞིང་མཐའ་དག་ཐུབ་པའི་དབང་བོ་ལ། །བསྡུས་ཏེ་དེ་ཡང་རང་གི་སྨིན་མཚམས་ནས། །ཐིམ་པས་བྱིན་རླབས་མ་ལུས་ཐོབ་པར་གྱུར། །ཅེས་ཚོགས་ཞིང་བསྡུས་ཏེ། འཇམ་དཔལ་དཔའ་བོ་སོགས་ཀྱིས་བསྔོ་སྨོན་བྱའོ། །ཅེས་བ་འདི་ནི་བསྙེན་ཆེན་གྱི་སྔོན་འགྲོ་ལ་སྡོད་མཁན་འགའ་ཞིག་གི་མོས་ངོར་ ༧ དབྱངས་ཅན་བཞད་པས་སྦྱར་བའོ།། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །