རྩོམ་བསྐུལ་གསལ་བརྡ།

༄༅།། ནང་བསྟན་གཞུང་ལུགས་རྒྱ་མཚོའི་ཉིང་བཅུད་རྣམ་དཔྱོད་ཚུལ་གསུམ་རིགས་པའི་ལམ་ནས་ཧུབ་ཀྱིས་འདྲེན་པའི་རིས་མེད་མཁས་དབང་རིགས་པ་སྨྲ་བའི་སློབ་གཉེར་བ་རྣམས་ཀྱི་མདུན་སར་ཆེད་ཞུ། འདི་ག་འཕགས་ཡུལ་དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན་གྱི་ཆོས་རའི་ནང་གི་དྷཱིཿསྐད་རྩོམ་སྒྲིག་ཚོགས་པས་ཕྱི་ལོ་༢༠༠༡ ནས་བཟུང་ད་བར་གདན་ས་གསུམ་གྱིས་གཙོས་བོད་ཕྱི་ནང་གཉིས་ཀྱི་མཁས་དབང་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་བརྩམས་པའི་གཞུང་ཆེན་ཁག་གི་དོགས་དཔྱོད། དཔྱད་རྩོམ་བཞི་བརྒྱ་ལྷག་ཅིག་དྷཱིཿསྐད་འདོན་ཐེངས་དང་པོ་ནས་ཉེར་བདུན་པའི་བར་འགྲེམས་སྤེལ་བྱས་ཟིན་པ་ལ་དོན་གཉེར་ཅན་དང་མཁས་དབང་མང་པོས་དགའ་བསུ་དང་དོ་སྣང་བྱེད་བཞིན་ཡོད་པ་ལྟར། ལོ་འདིར་ཡང་འཇང་དགུན་ཆོས་ཆེན་མོ་དང་སྟབས་བསྟུན་ཏེ་ཆོས་རའི་ནང་གི་དྷཱིཿསྐད་འདོན་ཐེངས་ཉེར་བརྒྱད་པ་འགྲེམས་སྤེལ་བྱ་འཆར་ལགས་ན། བོད་ཕྱི་ནང་གི་རིས་མེད་མཁས་དབང་རྣམས་དང་གཞུང་ཆེན་སློབ་གཉེར་བ་རྣམ་པས་གཞུང་ཆེན་པོའི་དགོངས་དོན་ཁོ་ན་ལས་འཕྲོས་པའི་དཔྱད་རྩོམ། དོགས་དཔྱོད། དོགས་འདྲི་སོགས་གང་ཡོད་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་༩ པའི་ཕྱི་ཚེས་༡ ལས་མི་འགྱང་བར་འདི་ག་དགའ་ཤར་སོག་པ་དྷཱིཿསྐད་རྩོམ་སྒྲིག་ཁང་དུ་གཤམ་གྱི་ཁ་བྱང་ཐོག་སྐུར་གནང་ཡོང་བར་དགོངས་འཇགས་ཞུ་ཞུ་ཞུ།