༄༅། །ན་མོ་གུ་རུ་བཛྲ་དྷཱརཱ་ཡ།འདིར་དཔལ་གསང་བ་འདུས་པའི་བསྙེན་སྒྲུབ་སྦྲགས་མའི་འདོན་འགྲིགས་ཙམ་འགོད་པ་ནི། བདག་སྐྱེད་ཉེར་བསྡུ་བཅས་རྫོགས་རྗེས་བསྒྲུབ་གཞི་བསངས་སྦྱངས།སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི།྾྾ཐུན་མོང་མ་ཡིན་པའི་གདན་དང་བཅས་པའི་སྟེང་དུ་ཧཱུཾ་ལ་སོགས་པའི་ས་བོན་སོ་གཉིས་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སོ་གཉིས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་རང་དང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ། ཤར་དུ་རྣམ་སྣང་དཀར་པོ།྾བྱང་ཤར་དུ་སྒྲོལ་མ་ལྗང་གུ།རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ།྾྾བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ ཤར་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན་དུ་བྱམས་པ་དང་ས་སྙིང་དཀར་པོ།྾ཀུན་བཟང་ལྗང་གུ། ཤར་སྒོར་གཤིན་རྗེའི་གཤད་ནག་པོ།྾འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ་ཐམས་ཅད་ཀྱང་ཞལ་གསུམ། ཞེས་པ་ནས། ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཞེས་པའི་བར་བུམ་ཆོག་བསྡུས་པ་ལྟར་བྱ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པ་དྱཾ། ཨཉྩ་མ་ཎཾ།྾྾སྤརྴ་བཱུ་ཛ་མེ་གྷ།྾ཧཱུཾ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཡབ་ཡུམ་གྱིས་ལྷ་སོ་སོ་ལ་དབང་བསྐུར་པར་གྱུར། མཆོད་བ་བྱིན་རླབས་བྱས་ཏེ། ཨོཾ་ཨཱཿཧྲཱཾཿཔྲ་ལྦ་སད་ཀཱ་རཾ་ཨརྒྷཾ། སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྦེ། སོགས་དང་། མ་ཧ་སྟརཏྣ། སོགས་དང་། ཨོཾ་ཤྲཱི་གུ་ཧྱ།སོགས་ཀྱིས་ནང་མཆོད་ཕུལ།མི་བསྐྱོད་རྡོ་རྗེ་མ་ཡོངས་རྫོགས་སམ་ཤོ་ལོ་ཀ་དང་པོས་བསྟོད། གཏོར་མ་བྱིན་རླབས་བསྡུས་པ་བྱ། ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ།྾གྱུར། ཆུ་བཞི་ཕུལ། ཨོཾ་ཨཱཿབཛྲ་དྷྲཾཀ་ཧཱུཾ། ནས། སུམྡྷ་རྭ་ཛ་ཧཱུཾ། སརྦ་དུཋྚཾ། ྾ཀུ་རུ་སྭཱ་ཧཱ།ཆུ་གཉིས་ཕུལ། བཛྲ་ཏཾ་བུ་ལ་ཡེ། དང་། ཉེར་སྦྱོད་ནང་མཆོད། བསྟོད་པ། རང་དང་མདུན་བསྐྱེད་གཉིས་ཀྱི་ཐུགས་ཀར་ཟླ་ཉིའི་གདན་སོ་སོར་ཏིང་ངེ་འཛིན་སེམས་དཔའི་མཐར་བཟླས་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་མེ་ལྟར་འབར་བར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་འཕྲོས། རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་འཕྲོས་ལྟེ་བ་ནས་ཐོན། རང་གི་ལྟེ་བར་ཞུགས། སྙིང་ཁའི་སྔགས་ཕྲེང་ལ་ཐིམ་ཞིང་འགལ་མེའི་འཁོར་ལོ་ལྟར་འཁོར་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨཱཿབཛྲདྷྲྀཀ་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ། འཁོར་གྱི་སྔགས་མ་བཟླས་ཀྱང་ཆད་སྐྱོན་མེད་བར་གསུངས་པས་བཟླས་པའི་མཐར། ཡིག་བརྒྱ་དང་གཏོར་འབུལ་མདུན་བསྐྱེད་བསྡུས་པ་འདས་མ་འདས་ཀྱི་གཏོར་མ་ཕུལ་ཏེ་བསྟོད་པ་དང་སྨོན་ཤིས་རྣམས་བྱ། མཚམས་མ་གྲོལ་བར་དུ་མདུན་བསྐྱེད་ཉེར་བསྡུ་མི་བྱ། འདི་ནི་ཆོ་ག་བསྡུས་པའི་དབང་དུ་བྱས་པ་ཡིན་གྱི། རྒྱས་བར་འདོད་ན་གཞལ་ཡས་ཁང་དང་ལྷ་བསྐྱེད་ནས་སྒྲུབ་ཐབས་དང་མདུན་བསྐྱེད་ལྟར་མཆོད་ཕྲེང་དང་བསྟོད་པ་གཏོར་འབུལ་རྣམས་ཀྱིས་བར་བྱ། འཁོར་གྱི་སྔགས་མ་བཟླས་ཀྱང་ཆད་སྐྱོན་མེད་པ། གྲུབ་ཆེན་ས་ར་ཧས། འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར།། ཐ་དད་པར་ནི་བཟླས་མི་བྱ།། སྤྲོ་ན་འཁོར་སྔགས་དང་འབྲུ་གསུམ་ལ་གྲངས་འཛིན་བར་གསུངས་པ་ཡོད། དེ་ལྟར་བསྙེན་སྒྲུབ་སྒྲགས་མ་གྲུབ་ནས་དངོས་གྲུབ་ལེན་ཚུལ། རྫས་སྟ་གོན་བྱས་ནས་རང་གི་ཉེ་ལོགས་སུ་སྟེགས་ཀྱི་ཁར་མཆོད་པས་བསྐོར་ཏེ་བཞག་ནས་བཟླས་པའི་སྐབས་ལག་ཏུ་མ་བཟུང་ཀྱང་ཆོག་པར་རྗེ་བློ་བཟང་ལུང་རིགས་རྒྱ་མཚོས་གསུངས། བགེགས་བསྐྲད་སོགས་སྤྱི་འགྲོ་ལྟར་བྱ།ཆོ་ག་ཡང་བསྙེན་སྒྲུབ་བསྒྲགས་མ་ཇི་ལྟ་བ་བཞིན་ཡིན་པ། བཟླས་པའི་མགོར་སླེབ་པ་ན། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་མི་སྐྱོད་པའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་སྐུ་གཟུགས་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་གྱུར། ཨོཾ་ཨཱཿབཛྲ་དྷྲིཀ་མནྡྲ་སདྡྷི་མ་མེ་དེ་ཧི་ཧཱུཾ་ཧཱུཾ། གྲོལ་རན་བ་ན་མཆོད་གཏོར་ཕུལ་ནས། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ།། ཞེས་པ་ནས། ཡང་དག་ཉིད་དུ་ད་ནི་གནས་པར་བགྱི།། ཞེས་བདུན་རྣམ་དག་བྱའོ།། རལ་གྲི་དང་། ས་འོག་དང་། མིག་སྨན་དང་། རོ་ལངས་དང་། གསེར་འགྱུར་དང་། བཅུད་ཀྱི་ལེན་པའམ། མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ལྷས་ཁྱོད་ཀྱི་རལ་གྲི་དང་། རིལ་ལུ་དང་། མིག་སྨན་སོགས་དངོས་གྲུབ་གང་འདོད་པ་ཐོབ་པར་གྱུར་ཅིག།གསུངས་པར་མོས་ལ། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་དགྱིས་བཞིན་དུ་རང་གི་ཐུགས་ཀར་ཐིམ་པས།རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སངས་ཀྱིས་དག་ནས། རང་གི་སྒོ་གསུམ་དང་བླ་མ་མི་བསྐྱོད་རྡོ་རྗེའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། དངོས་གྲུབ་ལེན་ཆོག་རྫས་སྟ་གོན་བྱ་ཚུལ་དུས་ཚད། རྫས་ལ་ལོངས་སྤྱོད་ཚུལ་སོགས་བསྙེན་ཆེན་སྤྱི་འགྲོ་ལྟར་ཡིན་ནོ།། ༈།དེ་ནས་མེ་ལྷའི་བསྙེན་པ་བྱ་ཚུལ། མཆོད་གཏོར་བཅའ་གཤོམ་སྤྱི་ལྟར་ལ། བདག་བསྐྱེད་ཉེར་བསྡུ་བཅས་རྫོགས་རྗེས་སུ་མདུན་དུ་མེ་ལྷ་བསྐྱེད་པ་ནི། བསངས་སྦྱངས།སྟོང་པའི་ངང་ལས་མདུན་དུ་བཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བགྲང་ཕྲེང་། དེ་ཡོངས་སུ་གྱུར་བ་ལས་མེ་ལྷ་སྐུ་མདོག་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་པ་གཉུག་མར་གནས་པའི་རང་འོད་ཀྱི་རིགས་མ་དང་གཉིས་སུ་མེད་སྐུ། ཕྱག་དང་པོ་གཉིས་ཀྱིས་རང་གི་རིགས་མ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་མི་འཇིགས་པའི་ཕྱག་རྒྱ་དང་བགྲང་ཕྲེང་། གཡོན་གཉིས་དབྱུག་གུ་དང་རིལ་པ་འཛིན་པ་རྣམ་སྣང་གི་དབུ་རྒྱན་ཅན། སྨིན་མ་དང་རལ་བའི་ཚོགས་འབར་ཞིང་ལྟོ་བ་འཕྱང་བ། སྦོམ་ཞིང་ཐུང་ལ་གཟི་བརྗིད་ཆེ་བ། གཡོན་བརྐྱང་གིས་བཞུགས་པའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པར་གྱུར། དམ་ཚིག་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམ་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲངས། པར་བསམ་ལ་ལག་པ་གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱའི་མཐེ་བོང་གཡབ་ཅིང་། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སོང་བྲམ་ཟེ་མཆོག།།མཆོད་ཚོགས་གཏོར་མ་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊཀྐི་ཧཱུཾ་ཛཿཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུཾ། ཕྱི་འབྲང་གི་བགེགས་བསྐྲད། ཛཿ ཧཱུཾ་བཾ་ཧོཿགསང་འདུས་ཆོ་གའི་གཞུང་ལྟར་མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས། ཨོཾ་ཨཱཿཧྲཱིཿཔྲ་ཝར་སད་ཀ་རཾ་པྲོཀྟ་ཎི་པྲ་ཏཱཾ་ཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ། ཨཱཉྩ་མ་ཎཾ། ཞེས་ཞལ་བསིལ་དང་། ཨརྒྷཾ། ཞེས་སྦྱར་བས་མཆོད་ཡོན་དང་། བཱ་དྱཾ། ཞེས་པས་ཞབས་བསིལ་བཅས་སོ་སོར་སྦྱར་ནས་ཆུ་བཞི་ཕུལ། ཨོཾ་ཨགྣ་ཡེ་ཨཱ་དཾ་བྱཱ། ྾བཛྲ་བུཥྦེ། ནས། ཤསྟའི་བར་གྱིས་མཆོད། ཨོཾ་ཨགྣ་ཡེ། ྾ཨོཾ་ཨཱཿཧཱུཾ། ནང་མཆོད་ཕུལ། འཇིག་རྟེན་དབང་ཕྱག་ཚངས་དབང་། །ཞེས་པ་ནས། དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། མདུན་གྱི་མེ་ལྷའི་ཐུགས་ཀར་རཾ་ཡིག་དམར་བོས་མཚན་བར་གྱུར། རང་མི་བསྐྱོད་རྡོ་རྗེར་གསལ་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་བྱུང་ཞལ་ནས་ཐོན། མེ་ལྷའི་ཞལ་དུ་ཞུགས།ཐུགས་ཀར་རཾ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པ་ལས་ལྷར་ཡང་སྔགས་ཀྱི་ཕྲེང་བ་མེ་ལྷའི་ལྟེ་བ་ནས་ཐོན། རང་གི་ལྟེ་བར་ཞུགས། འགལ་མེའི་འཁོར་ལོ་ལྟར་འཁོར་ཞིང་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་བས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་མེ་ལྷ་བཅུ་གཉིས་ལ་སོགས་པའི་སྐུའི་རྣམ་འགྱུར་མི་འདྲ་པ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་སྤྱན་དྲངས། སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པར་གྱུར། རྒྱུད་རིག་བ་མཆོག་ལས་གསུངས་པའི་མེ་ལྷ་ཐབ་ཏུ་འགུགས་པའི་སྔགས་ནི། ན་མོ་བཛྲ་བཱ་ཎི་སྱེ།ཨོཾ་ཨགྣ་ཡི་དེ་ཝ་ཏཱ་ཡ་དྷུ་བ་ཏེ་ཡ་ཛྭ་ལི་ནི་སྭཱ་ཧཱ། ཞེས་བརྟགས་མ་བྱུང་གི་བར་བཟླ་བར་བྱའོ། །ཐུན་འཇོག་ཁར་ཡིག་བརྒྱ་བརྗོད། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། མེ་ལྷའི་སྔགས་ལ། ཨ་ཀཱ་རོ་྾བཏགས་པ་ལན་གསུམ་དུ་ཕུལ། ཉེར་སྦྱོད་ལྔས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་སོགས་ཀྱིས་འཕྲིན་ལས་བཅོལ། བསྙེན་བ་མ་རྫོགས་པར་དུ་ཡེ་ཤེས་པ་གཤེགས་གསོལ་མི་བྱ་བ་གསུངས་པས་ཐུན་ཕྱི་མ་རྣམས་ལ་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བྱ། བསྙེན་བརྫོགས་བྱས་གཏོར་འབུལ་གྱི་འཕྲོར་མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། དེ་ལྟར་མེ་ལྷའི་བསྙེན་བ་བྱ། དེ་གྲུབ་ནས་དེའི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་ནི། རྫས་དང་ཐབ་ཀྱི་རྣམ་བཞག་དབང་གི་ལས་ཐམས་ཅད་པའི་སྦྱིན་སྲེག་སྤྱི་འགྲོ་ལྟར་ལ། འདོན་ཆའི་ཁྱད་པར།བསང་ཆུ་དང་ཆུ་བཞི་བསྒྲུབ་ནས། རྡོ་དྲིལ་བྱིན་རླབས་ནས་ཀུ་ཤ་བཀྲམ་བའི་བར་སྤྱི་ལྟར།དེ་ནས་ཐབ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་དམར་བོ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དམར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པ། མུ་རན་ལ་གེ་སར་དང་བཅས་པའི་ཟེའུ་འབྲུ་དང་། ཁ་ཁྱེར་ལ་པདྨའི་འདབ་མའི་རྣམ་པ་ཅན་ལ་ཕྱོགས་མཚམས་རྣམས་སུ་རྡོ་རྗེས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་ནང་དུ་རྡོ་རྗེའི་ཕྲེང་བས་བསྐོར་བའི་པད་འདབ་ལ་གནས་པའི་འདབ་མའི་ཚད་ཀྱི་དེ་བཞིན་གཤེགས་པ་བཞིའི་མཚན་མའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པས་མཚན་པ། དྭངས་ཤིང་ཐོགས་པ་མེད་པར་གྱུར་བའི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་པའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་ལྟེ་བར་རཾ་ལས་བགྲང་ཕྲེང་། དེ་ཡོངས་སུ་གྱུར་བ་ལས་མེ་ལྷ་སྐུ་མདོག་དམར་པོ། ཞེས་པ་ནས།འཁོར་གྱིས་བསྐོར་བ་སྤྱན་དྲངས། །ཞེས་པའི་བར་གོང་ལྟར་དང་། ཨོཾ་ཚུལ་བྱོན་྾ལྷ་ཡི་྾སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་྾མཛོད། །ཨོཾ་ཊཀྐི་ཧཱུཾ་ཛཿཐབ་ཀྱི་མེ་མཚམས་྾བཞུགས་བར་གྱུར། ཕྱི་འབྲང་གི་འགེགས་བསྐྲད། ཆུ་བཞི་ཕུལ། ཛཿཧཱུཾ་བོ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཆུ་བཞི། ཉེར་སྤྱོད། ནང་མཆོད་བསྟོད་པ་དམ་བསྒྲགས་རྣམས་བྱ། མེ་ལྷའི་ལྗགས་རྡོ་རྗོའི་རྣམ་པ་ཅན་དམར་པོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་ཧཱུཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར། ན་མོ་བཛྲ་པྔ་ཎི་སྱེ།྾ལན་བདུན། རྒྱལ་བ་སྲས་བཅས་྾ཀུ་རུ་ཧོཿདེ་ནས་ཡམ་ཤིང་ནས་གྲོའི་བར་རྫས་ཐམས་ཅད་སྔགས་དེ་ཉིད་ཀྱི་འབུལ་ཤིང་ཁྱད་པར་བ་འབྲས་ཆན་དང་མེ་ཏོག་སོགས་ལ་གྲངས་གསོག་པར་བྱའོ། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རང་དང་མེ་ལྷའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་མེ་ལྷ་ཐམས་ཅད་འོད་དམར་པོའི་ནང་དུ་བཏུམས་ཏེ་རང་ལ་ཆགས་ཤིང་འདུན་པའི་སེམས་ཀྱིས་གནས་པ་ལ། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་གཤིན་རྗེའི་གཤེད་དམར་པོ་མདའ་གཞུ་འགེངས་པ་མང་བོ་སྤྲོས་ཏེ་མེ་ལྷ་རྣམས་ཀྱི་ཐུགས་ཀར་ཨུཏྤལ་དམར་པོའི་མདའ་བསྣུན་པས་རང་དབང་མེད་པར་དབང་དུ་འདུས་ནས་ཇི་ལྟར་བསྒོས་པའི་ལས་རབ་འབྱམས་བསྒྲུབ་པར་ཞལ་གྱིས་བཞེས་པར་གྱུར། གོང་ལྟར་སྔགས་ཀྱིས་མར་ཁུ་བདུན། ཉེར་སྤྱོད་ནང་མཆོད། ཆུ་གཉིས། སོ་རྩི། གོས་ཟུང་། བསྟོད་པ། ཆུ་གཉིས། གཏོར་འབུལ། འཕྲིན་བཅོལ། མཆོད་ཡོན། བཟོད་གསོལ། མེ་ལྷ་གཤེགས་གསོལ་གྱི་སྔགས་སོགས་སྤྱི་དང་འདྲའོ། །དེ་ནས་བཅུ་ཆའི་སྦྱིན་སྲེག་གི་འདོན་ཆའི་གོ་རིམ་རགས་པ་ཙམ་ནི། ཐབ་བཅའ་བ་ནས་མེ་ལྷའི་ཁྱད་པར་བའི་རྫས་འབུལ་བའི་བར་མེ་ལྷའི་སྦྱིན་སྲེག་ལྟར་ལ།དེ་ནས་ཆུ་གཉིས་ཕུལ།མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་པའི་དབུས་སུ་བྷྲུཾ་ལས་གཞལ་ཡས། ྾྾ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཅེས་པའི་བར་བསྙེན་སྒྲུབ་སྤྲགས་མ་ལྟར་རམ།རྒྱས་པར་སྤྲོ་ན་སྒྲུབ་ཐབས་ལྟར་བྱ། རང་གི་ཐུགས་ཀའི་ཧཱུཾ། ཞེས་པ་ནས། ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། ཅེས་པའི་བར་ཀྱང་བསྙེན་སྒྲུབ་སྤྲགས་མ་ལྟར་བྱ། དེ་ནས་ཆུ་བཞི་ཉེར་སྤྱོད་འདོད་ཡོན་ནང་མཆོད་བསྟོད་པ་རྣམས་རྒྱས་བསྡུས་གང་རིགས་བྱ། ལྷ་རྣམས་གྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་དམར་པོ་ལ་ཧཱུཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར། ཨོཾ་ཨཱཿབཛྲ་དྷྲིཀ་སིདྡྷི་མ་མེ་དེ་ཧི་ཧཱུཾ་ཧཱུཾ་སྭཱ་ཧཱ། ཡང་སྔགས་འདི་ལ་ཧཱུཾ་གསུམ་དང་། ཕཊ་གཉིས་ཡོད་པ་ཞིག་ཀྱང་སྣང་བས་གང་ཡིན་ཀྱང་ཁྱད་མེད་པས། ལན་བདུན་གྱིས་མར་ཁུ་ཕུལ། རྒྱལ་བ་སྲས་བཅས། ྾ཀུ་རུ་ཧོཿཡམ་ཤིང་སོགས་རྫས་ཐམས་ཅད། སྔགས་འདིས་ཕུལ། གཞི་བསྙེན་གྱི་བཅུ་ཆའམ། བསྙེན་སྒྲུབ་སྒྲགས་མའི་སྐབས་ཀྱིས་བཅུ་ཆའི་གྲངས་ཀྱི་མེ་ཏོག་དམར་པོ་ལ་གྲངས་གསོལ། དེ་ལྟར་རྫས་རྣམས་ཕུལ་ནས། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དམར་པོ་བདུད་རྩིས་གང་བ་ཐོགས་ནས་བདུད་རྩི་དམར་པོས་དབང་བསྐུར་བས་བསྒྲུབ་བྱ་རང་ཉིད་ཟླ་བའི་དཀྱིལ་འཁོར་དམར་པོ་ལ་གནས་པའི་ལུས་ཐམས་ཅད་གང་བས་རང་ཉིད་ཞི་རྒྱས་དབང་དྲག་སོགས་ལས་རབ་འབྱམས་དངོས་གྲུབ་མྱུར་དུ་སྒྲུབ་ནུས་པའི་སྔགས་ཀྱི་དངོས་གྲུབ་མ་ལུས་པ་ཐོགས་མེད་དུ་བསྒྲུབ་པའི་ནུས་པ་ཐོབ་པར་གྱུར། གཙོ་བོའི་སྔགས་ཀྱིས་མར་ཁུ་དགང་བླུགས་བདུན་ཕུལ། དེ་ནས་ཆུ་གསུམ། གོས་ཟུང་། སོ་རྩི། ཉེར་སྤྱོད། ནང་མཆོད། བསྟོད་པ། མཚམས་འདིར་སྤྲོ་ན་འདས་ལྷའི་གཏོར་མ་འབུལ། མ་ཕུལ་ཀྱང་ཆད་སྐྱོན་མེད། ཨོཾ་པྲན་མ་མིའི་ཕྱག་བྱ། མཆོད་ཡོན། བཟོད་གསོལ། བླ་མ་དང་བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཐུགས་དགྱེས་པ་ཆེན་བོས་བདག་ལ་ཆགས་པར་མཛད་དུ་གསོལ། བདག་ལ་ཐུགས་ཉེ་བར་མཛད་དུ་གསོལ། བདག་གིས་ལྷ་ཁྱོད་ལ་དབང་གི་སྦྱིན་སྲེག་ཕུལ་བ་ལ་བརྟེན་ནས་ལྷག་པའི་ལྷ་ཁྱོད་བདག་གིས་རང་དབང་མེད་པར་དབང་དུ་འདུ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གིས་ལྷ་ཁྱོད་ལ་དབང་གི་སྦྱིན་སྲེག་ཕུལ་བ་ལ་བརྟེན་ནས་ཞི་སོགས་ལས་རབ་འབྱམས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་བ་སྲས་བཅས།྾ཡིག་བརྒྱ། ཨོཾ་ཁྱེད་ཀྱིས་྾མཛད་དུ་གསོལ། བཛྲ་མུཿཡེ་ཤེས་པ་དམ་ཚིག་པ་དང་བཅས་པ་རང་ཉིད་ལ་ཐིམ་པར་གྱུར། འཇིག་རྟེན་པའི་མེ་ལྷ་སླར་ཡང་མཆོད་པ་ནི། ཉེར་སྤྱོད་ནས་བཟོད་གསོལ་བར་སྤྱི་དང་འདྲ། དེ་ནས། མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་སྦྱིན་སྲེག་གི་མཆོད་པ་ཕུལ་བ་ལ་བརྟེན་ནས། ཞི་སོགས་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། ཡིག་བརྒྱ་དང་། གཤགས་གསོལ། འོ་ཐུག་སྒྲུབ་པ་སོགས་མཇུག་ཆོག་སྤྱི་དང་མཐུན་པར་བྱའོ། །ཞེས་པ་འདི་ནི་དགེ་སློང་བློ་བཟང་བསྟན་པ་དང་། དགེ་སློང་བློ་བཟང་ཚུལ་ཁྲིམས་གཉིས་ཀྱིས་ནན་ཆེར་བསྐུལ་བ་ལྟར། ༸དབྱངས་ཅན་བཞད་པས་གསེར་ཁང་རྡོ་རྗེ་འཆང་གི་གསུང་ལ་ཚིག་བསྒྱུར་ཕྲན་ཙམ་བྱས་ཏེ། འདོན་ཆའི་གོ་རིམ་ཙམ་བགོད་པ་ཡིན་གྱི་གོ་དོན་ཕྱག་ལེན་རྣམས་གཞན་ལས་ཤེས་པར་བྱའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།མངྒ་ལཾ།།
༄༅། །དཔལ་གསང་བ་འདུས་པའི་བསྙེན་སྒྲུབ་སྦྲགས་མ་སོགས་བསྙེན་ཆེན་སྐོར་འགའ་ཞིག་བཞུགས་སོ།།
- Post author:GasharSockpa
- Post published:2021-08-22
- Post category:རིགས་གཞན། / སྐུ་ཕྲེང་གསུམ་པའི་གསུང་རྩོམ།