༄༅། །གསོལ་འདེབས་དྲང་སྲོང་རྒན་པོའི་ཁ་རླངས།

བི་ཌཱུར་ཞུན་མའི་ཁུ་བ་ཡིས། །ལན་བརྒྱར་བྱུགས་པའི་ལྷུན་པོ་ལ། །
ཉི་མ་བྱེ་བས་འཁྱུད་པའི་སྐུ། །ཧེ་རུ་ཀཿདཔལ་ཞབས་སེན་དང་། །
ཕྲ་རབ་རྡུལ་གྱི་གྲངས་ལས་ཀྱང་། །རྣམ་མང་སྤྲུལ་བའི་རོལ་གར་གྱིས། །
ཡིད་ཅན་རེ་སྐོང་ཏཱ་རེ་མ། །སྙིང་རྗེའི་གཏེར་བཅས་ཡུད་ཙམ་དགོངས། །
ཆེར་སྙིགས་རྒུད་པའི་དུས་ཀྱི་མཐར། །མུན་སེལ་སྒྲོན་མེའི་སྣང་བ་ཆེ། །
ནུབ་རིར་བཞུད་ཚེ་གདུང་བའི་དབྱངས། །འོ་དོད་འབོད་འདིར་ལན་ཅིག་དགོངས། །
ཀྱེ་ཧུད་ཆོས་ཀྱི་སྒྲོན་མེ་ཆེ། །འཇིགས་མེད་བསྟན་པའི་དཔལ་དབང་ཕྱུག །
འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ། །གློ་བུར་གཤེགས་འདིས་སྙིང་ཚལ་བཀས། །
དབུགས་ཀྱི་རྒྱུ་བའི་ཉག་མ་རེར། །མགོན་ཁྱོད་དྲན་པའི་གདུང་བ་ཡིས། །
ཉི་མ་འཕུལ་བའི་ངང་ཚུལ་ལ། །ཐུགས་རྗེ་ཆེན་པོས་ཅང་བཟོད་དམ། །
མི་རིང་བདག་ཅག་རྣམས་ཀྱི་མགོན། །མཁས་བཙུན་བཟང་པོའི་འཕྲིན་ལས་ཀྱིས། །
གོང་མའི་ཁྲི་འཕང་གནོན་པ་ལ། །འཁྲུལ་བྲལ་ཉི་མ་གཞོན་ནུའི་སྐུ། །
མྱུར་དུ་འཆར་བའི་དགའ་སྟོན་ལ། །སྐད་ཅིག་ཕྱི་མའང་མི་བཟོད་པས། །
ཐུགས་རྗེའི་ལྕགས་ཀྱུའི་རྣོ་དབལ་དང་། །རྫུ་འཕྲུལ་རྩལ་ཡང་སྐྱེན་པར་མཛོད། །
སྐུ་ལ་ཆོས་གོས་གསུམ་གྱིས་མཛེས། །ལྗགས་ཡངས་སྡེ་སྣོད་གསུམ་དུ་འཁྱིལ། །
ཐུགས་རྒྱུད་བསླབ་པ་གསུམ་གྱིས་གཏམས། །བསྟན་འཛིན་གཅིག་པུར་མྱུར་བྱོན་ཤོག །
འདི་སྨྲ་པོ་ཡང་སྲོག་གི་ཀ་བ་བརྟན་གྱུར་ཏེ། །སྒོ་གསུམ་དཀར་པོའི་ལས་ཀྱིས་ཡིད་ཅན་འགྲོ་བ་ཡི། །
ཕན་བདེའི་སྣང་བ་འགྱེད་ལ་ཞུམ་པ་མེད་པའི་སྒོ། །ལྷག་བསམ་དག་པའི་རྒྱལ་མཚན་སྲིད་འདིར་བསྒྲེང་གྱུར་ཅིག།།
ཅེས་བདག་ཅག་རྣམས་ཀྱི་འདྲེན་མཆོག་མཚུངས་ཟླ་མེད་པ་༧སྐྱབས་མགོན་ཁྲི་གུང་ཐང་བ་ཆེན་པོ་སྐུ་འཕྲེང་དྲུག་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཚན་བརྗོད་པར་དཀའ་བ་༸རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་ ༧༥ བཞེས་པའི་བོད་རྒྱལ་ལོ་ ༢༡༢༧ ཟླ་ ༡ ཚེས་ ༢༦ ཕྱི་ལོ་ ༢༠༠༠ ཕྱི་ཟླ་ ༣ཚེས་ ༡ ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང་། ཞིང་གཞན་གྱི་གདུལ་བྱ་ཡང་རྗེས་སུ་འཛིན་པའི་ཕྱིར་རེ་ཞིག་རགས་པའི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ན། ཨ་མཆོག་མཚན་ཉིད་དགོན་མ་ལག་དང་རི་ལྷ་སྡེ་སོགས་དམ་པ་གང་དང་ཆོས་སྲིད་ཀྱི་འབྲེལ་ཆེ་ཞིང་དད་དམ་གཙང་བ་རྣམས་ཀྱིས་སྐད་འཕྲིན་བརྒྱུད་མྱུར་བྱོན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བའི་ངོ་མ་ཟློག་པ་དང་། ལྷག་པར་ཨ་མཆོག་སྐུ་འཕྲེང་གོང་རིམ་དང་རྗེ་འདིའི་སྐུ་འཕྲེང་རིམ་བྱོན་བར་ཕན་ཚུན་ཆོས་སྲིད་ཀྱི་འབྲེལ་བ་གསེར་ཐག་ལུ་གུ་རྒྱུད་དུ་སྦྲེལ་ཞིང་། དེ་ཙམ་དུ་མ་ཟད་ཨ་མཆོག་རིན་པོ་ཆེ་སྐུ་འཕྲེང་གསུམ་པའི་ཡང་སྲིད་ངོས་འཛིན་ལ་ཐུགས་ཁུར་མཛད་པ་ནས་བཟུང་ཁོ་བོ་ཆུང་ངུ་ལོ་ན་ལྔའི་དུས་སུ་ཁྲི་འདོན་མཛད་སྒོ་དང་། དེ་ནས་ཨ་མཆོགམཚན་ཉིད་དགོན་དུ་གཏན་བཞུགས་གནང་རིང་། ཐུགས་ཀྱི་གསེང་བར་རྣམས་སུ་ཁོ་བོའི་གམ་དུ་ཆིབས་བསྒྱུར་གནང་ཞིང་ཐོན་གསར་གྱི་འཕྲུལ་ཆས་རྩེད་སྤྱད་སྣ་ཚོགས་ཀྱིས་ཚིམས་པར་མཛད།ལྷག་པར་རྒྱ་ནག་གཞུང་གིས་ཕྱི་ལོ ༡༩༨༠ལོར་ཆོས་དད་རང་མོས་ཀྱི་སྲིད་བྱུས་ཞེས་པ་གསལ་བསྒྲགས་བྱས་པ་ནས་བཟུང་སྐུ་ཚེའི་མཛད་པ་མཐའ་ཅན་དུ་མ་གྱུར་པ་དེ་སྲིད་དུ་བྱེས་སུ་སྡོད་པའི་ཁོ་བོ་ཅག་གི་ཚབ་ལྟ་བུར་ཆོས་སྡེ་ཆེན་པོ་དཔལ་ནཱ་ལེནྡྲ་གཉིས་པ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེང་གེ་གླིང་ཆེན་པོ་དགོན་མ་ལག་དང་བཅས་པ་དང་རི་ལྷ་སྡེ་དང་བཅས་པར་གཟིགས་རྟོག་མཛད་པ་སོགས་ལྕི་མོའི་བཀའ་དྲིན་གྱི་ཚད་གཞིའི་དཀའ་བ་ཁོ་ནར་གྱུར་པས་བདག་ཡིད་ནོན་པར་བྱས། སྐབས་དེར་ཕྱི་ལོ་ ༢༠༠༠ཕྱི་ཟླ་ ༢ ཚེས་ ༡༥ ནས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གི་གཙུག་ལག་ཁང་དུ་གདན་ས་ཆེན་པོ་རྣམ་པ་གསུམ་གྲྭ་ཚང་དྲུག་དང་། གསང་ཆེན་རྒྱུད་གྲྭ་སྨད་སྟོད། སྟག་ཚང་རྭ་སྟོད་གྲྭ་ཚང་། ས་རྙིང་བཀའ་གསུམ། གཡུང་དྲུང་བོན་དང་བཅས་རིས་མེད་ཆོས་བརྒྱུད་ཀྱི་སློབ་གཉེར་བ་འཛོམས་པས་དེང་རབས་ཕྱི་ལུགས་པའི་ཚན་རིག་གསན་བཞེས་ཀྱི་ཐོག་མའི་ཟབ་སྦྱོང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་ཤིང་ཁོ་བོས་དཔེ་མཛོད་ཁང་གི་དབུ་འཛིན་གྱི་ལས་ཁུར་བཀོད་སྒྲིག་བྱེད་བཞིན་པའི་སྐབས་སུ། ༧སྐྱབས་མགོན་གུང་ཐང་རིན་པོ་ཆེའི་དགོངས་རྫོགས་གདན་ས་གསུམ་དང༌། འབྲས་སྤུངས་སྒོ་མང་གྲྭ་ཚང་། བྱ་བྲལ་ཁང་ཚན། དགའ་ལྡན་སོག་པ་ཁང་ཚན་བཅས་ལ་བསྙེན་བཀུར་མང་ཇ་དང་གྲྭ་ཇ། ཚོམས་ཇ་བཅས་གུང་ཐང་བླ་བྲང་གི་སྐུ་ཚབ་བྱས་ཏེ་དགོངས་རྫོགས་མཆོད་འབུལ་གྱི་ཞབས་འདེགས་སྒྲུབ་རྒྱུ་བྱུང་བ་དང་སྒོ་བསྟུན།
སྙན་འཇེབས་སྡེབ་སྦྱོར་གྱིས་ཕོངས་ཀྱང་ལྷག་བསམ་གྱི་རྒྱབ་དཔུང་མི་དམན་པར་བྱས་ནས་གདན་ས་ཆེན་པོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། སོག་པ་འཇམ་དབྱངས་ཁང་ཚན་གྱི་རང་ཤག་འཇམ་དཔལ་རོལ་བའི་ལྡིང་ཁང་དུ། དགའ་ལྡན་ཤར་རྩེ་སོག་པ་མཁན་ཟུར་གཞུང་ལུགས་རབ་འབྱམས་སྨྲ་བ་ཨ་མཆོག་སྤྲུལ་མིང་བ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས། བསླུ་མེད་མཆོག་གསུམ་ར་མདར་བྲན་པའི་གསོལ་འདེབས་དྲང་སྲོང་རྒན་པོའི་ཁ་རླངས་ཞེས་བྱ་བ་འདི་བོད་རྒྱལ་ལོ་༢༡༢༧རབ་བྱུང༌ ༡༧ ལྕགས་འབྲུག་བོད་ཟླ་དང་པོ་ཕྱི་མའི་ཚེས་ ༢ཕྱི་ལོ་ ༢༠༠༠ ཕྱི་ཟླ་ ༣ ཚེས་ ༨ ཉིན་བྲིས་པ་ཇི་ལྟར་སྨོན་པ་ལྟར་འགྲུབ་པའི་རྒྱུར་གྱུར་ཅིག་གུ།