༄༅། །གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་སྐོར་བཞུགས་སོ།།

༄༅། །ན་མོ་གུ་རུ་ཨཱརྱ་ལོ་ཀ་ཤྭ་རཱ་ཡ། དེ་ལ་འདིར་གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་གྱི་བཅུ་བའི་སྔོན་དུ་ཉེར་སྡོགས་ཀྱི་བསྙེན་སྒྲུབ་སྦྲགས་མ་བྱ་ཚུལ་ནི། མདུན་བསྐྱེད་ཀྱི་རྟེན་དང་མཆོད་གཏོར་བཤམས་ཚུལ་སོགས་བསྙེན་ཆེན་སྤྱི་འགྲོ་ལྟར་བྱས་རྗེས། བདག་བསྐྱེད་བཟླས་པ་ཡིག་བརྒྱ་མཆོད་བསྟོད་ཉེར་བསྡུ་དང་བཅས་པ་གྲུབ་པར་བྱ། དེ་ནས་སྒྲུབ་གཞི་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་ཞེས་པ་ནས། འོད་ཟེར་ཐམས་ཅད་ཚུར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ཅེས་པ་ནས། ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཅེས་པའི་བར་གྱིས་སེམས་དཔའ་སུམ་བརྩེགས་སུ་གསལ་བཏབ། དེའི་སྤྱི་བོར་ཨོཾ་དཀར་པོ། ནས་ཐུགས་རྗེ་ཆེན་བོའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་པ་ནས། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་ཟག་མེད་ཀྱི་བདེ་བ་ཆེན་པོ་མྱོང༌། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ཏེ། རྒྱལ་བ་རྒྱ་མཚོ་མའི་ཚིགས་བཅད་སྔགས་དང་བཅས་པའམ། བསྡུ་ན་སྔགས་ཙམ་གྱིས་འབུལ། ནང་མཆོད་ཀྱང་འབུལ། སྐྱོན་གྱིས་མ་གོས་མས་བསྟོད། གཏོར་མ་བྱིན་གྱིས་བརླབས་ལ། མདུན་བསྐྱེད་ཀྱི་ལྷའི་ལྗགས༌྾ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཨི་དཾ་བ་ལིཾ་ཏ་ཞེས་སོགས་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། མཆོད་བསྟོད་བྱ། དེ་ནས། རང་དང་མདུན་བསྐྱེད་གཉིས་ཀའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་བཟླས་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བ། འོད་ཟེར་མེ་ལྟར་འབར་བར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་འཕྲོས། རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། ཡང་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་འཕྲོས། ལྟེ་བ་ནས་ཐོན། རང་གི་ལྟེ་བར་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ། འགལ་མེའི་འཁོར་ལོ་ལྟར་འཁོར་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུཾ་ཨ་ག་ཙྪ་ཧཱུཾ་ཛཿསྭཱཧཱ། ཞེས་རྟགས་མ་བྱུང་གི་བར་དུ་བཟླ་བར་བྱའོ། །ཐུན་འཇོག་ཁར་ཡིག་བརྒྱ་བརྗོད། མཆོད་བསྟོད་མདོར་བསྡུས་བྱ། གཏོར་མ་བྱིན་གྱིས་བརླབས་ཏེ་གོང་ལྟར་ཕུལ། མཚམས་མ་གྲོལ་བར་དུ་མདུན་བསྐྱེད་ཉེར་བསྡུ་མི་བྱེད། མཚམས་གྲོལ་ཁར་མཆོད་བསྟོད། ཡིག་བརྒྱ་ལན་གསུམ། རྣོངས་པ་བཟོད་པར་གསོལ་ཏེ། བཛྲ་མུཿཡེ་ཤེས་པ་བདག་ཉིད་ལ་ཐིམ་ཞིང༌། དམ་ཚིག་པ་བྲིས་འབུར་གྱི་སྐུའི་རྣམ་པར་གྱུར་པར་བསམས་ལ་ཤིས་བརྗོད་བྱའོ།། །།དེ་ལྟར་བསྙེན་སྒྲུབ་སྤྲགས་མ་རྫོགས་ནས་དངོས་གྲུབ་ཀྱི་རྫས་སྒྲུབ་ཚུལ་ནི། དངོས་གྲུབ་ཀྱི་རྫས་སྟེགས་ཀྱི་ཁར་བཞག་བའི་མཐའ་མཆོད་བས་བསྐོར། གླིང་ལ་གྲུབ་སོ་བབས་དུས་བགེགས་གཏེར་བསྔོས་ཏེ་བསྲུང་འཁོར་བསྒོམས། བདག་མདུན་གྱི་ཆོ་ག་བསྙེན་སྒྲུབ་སྦྲགས་མའི་སྐབས་ལྟར་བྱས་ནས་བཟླས་པ་ལ་སླེབས་པའི་ཚེ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ། སྐུ་གཟུགས་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་གྱུར་པར་བསམས་ལ། ཡིག་དྲུག་ལ་མནྡྲ་སི་ངྔྷི་མ་མེ་དེ་ཧི་སྭཱཧཱ། ཞེས་བཏགས་པ་མཚན་ཐོག་ཐག་ཏུ་བཟླ། ནམ་ལངས་ནས་ཐུན་འཇོག་ཁར་ཡིག་བརྒྱ་ལན་གསུམ་བཟླ། དེ་ནས་ལྷས་ཁྱོད་ཀྱིས་དངོས་གྲུབ་ཅི་འདོད་གསུངས་པར་མོས་ལ་ཕྱག་གསུམ་འཚལ་ལ། བླ་མ་སྤྱན་རས་གཟིགས་དབང་འཁོར་བཅས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། །ཞེས་པ་ནས། ནམ་མཁའ་ཇི་སྲིད་འབངས་སུ་བཟུང་དུ་གསོལ། །ཞེས་པའི་བར་བླ་མ་མཆོད་པ་ལྟར་བྱ། མཎྜལ་རྒྱས་པར་འབུལ། དེ་ནས། བླ་མ་དང་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། བདག་ལ་རལ་གྲི་དང༌། རིལ་བུ་དང༌། ས་འོག་དང༌། མིག་སྨན་དང༌། རོ་དང༌། བཅུད་ཀྱིས་ལེན་པ་སོགས་ཐུན་མོང་གི་དངོས་གྲུབ་རྣམས་དང༌། ཁྱད་པར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩལ་དུ་གསོལ། གལ་ཏེ་བདག་བསོད་ནམས་དམན་པས་ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་པའི་སྐལ་བ་མེད་ན། བདག་གིས་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་བར་མ་ཆད་དུ་ཐོབ་ཅིང༌། ཚེ་རབས་ཐམས་ཅད་དུ་བླ་མ་ལྷག་པའི་ལྷ་མཆོག་ཁྱེད་ཀྱིས་འབྲལ་བ་མེད་པར་རྗེས་སུ་བཟུང་སྟེ། རྒྱལ་བའི་བསྟན་པ་སྤྱི་དང༌། ཁྱད་པར་ཡབ་རྗེ་འཇམ་མགོན་བླ་མའི་བསྟན་པའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་དང༌། བླ་མེད་རྡོ་རྗེའི་ཐེག་པ་ཟུང་དུ་འབྲེལ་བའི་ལམ་བཟང་རྣམ་པར་དག་པ་འདི་ཉིད་ལ་ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བགྱིས་ཏེ། ཐུན་མོང་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་རྡོ་རྗེའི་ཐེག་པའི་རིམ་གཉིས་ཀྱི་རྟོགས་པ་མཐའ་དག་མངོན་དུ་གྱུར་ནས།ས་ལམ་གྱི་བགྲོད་པ་མ་ལུས་པ་ཡོངས་སུ་རྫོགས་ཏེ། བླ་མ་ལྷ་མཆོག་ཁྱེད་ཀྱི་གོ་འཕང་ཐོབ་པ་ཞིག་འདོད་པས། བདག་ལ་དེ་ལྟ་བུའི་དངོས་གྲུབ་སྩལ་ཏུ་གསོལ།བླ་མ་དང་ལྷག་པའི་ལྷ་ལ་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་གིས་འདི་ལྟར་བསྙེན་སྒྲུབ་བགྱིས་ན་ཡིད་ལ་གང་འདོད་པའི་དངོས་གྲུབ་ཐམས་ཅད་གདོན་མི་ཟ་བར་འགྲུབ་པར་རྒྱལ་བ་རྡོ་རྗེ་འཆང་རང་ཉིད་ཀྱིས་བཀའ་མི་འགྱུར་བས་ཞལ་གྱིས་བཞེས་པའི་བདེན་པ་དེ་ད་ལྟ་ཉིད་དུ་བདག་ལ་མངོན་སུམ་དུ་བསྟན་ཏུ་གསོལ། ཞེས་བརྗོད་ལ། ལྷས་ཀྱང་དངོས་གྲུབ་གང་འདོད་པ་ཐམས་ཅད་ཐོབ་པར་གྱུར་ཅིག།ཅེས་གསུངས་ཤིང་ལྷ་རང་གི་ཐུགས་ཀར་ཐིམ་པར་མོས་ལ། ལག་པ་གཡོན་པས་དངོས་གྲུབ་རྫས་བླངས་ནས་ཆ་ལྔར་བྱས་ལ། དང་པོ་བླ་མ། གཉིས་པ་ཡི་དམ། གསུམ་པ་རང༌། བཞི་པ་སྒྲུབ་གྲོགས་སོགས་ལ་ཅུང་ཟད་སྦྱིན། ལྔ་པ་མར་ཁུས་གསོས་ནས་རང་གིས་ལོངས་སྤྱད་པར་གསུངས་སོ།། །།དེ་ནས་མེ་ལྷའི་བསྙེན་པ་བྱ་ཚུལ་ནི། བདག་བསྐྱེད་དང་མེ་ལྷ་ལ་འབུལ་རྒྱུའི་མཆོད་གཏོར་རྣམས་འདུ་བྱས་ནས། བདག་བསྐྱེད་བཟླས་པ་གཏོར་འབུལ་དང་བཅས་པ་གྲུབ་རྗེས། མེ་ལྷ་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་སྣ་ཚོགས་པདྨ་དང་ཉི་མའི་ལྟེ་བར་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་སྐུ་མདོག་དམར་པོ་ཆགས་པའི་ཉམས་དང་ལྡན་པ། ཨག་ཚོམ་ཅན་རྭ་སྐྱེས་ཁམས་པ་ལ་ཞོན་པ། ཞལ་གཅིག་ཕྱག་བཞིའི་གཡས་གཉིས་མི་འཇིགས་པའི་ཕྱག་རྒྱ་དང་བགྲང་ཕྲེང༌། གཡོན་གཉིས་དབྱུག་པ་དང་སྤྱི་བླུག་འཛིན་པ། དེའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་པའི་སྣ་ལ་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམ་པ་འདྲ་བའི་མེ་ལྷ་ཡེ་ཤེས་པ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ལག་པ་གཡས་མི་འཇིགས་བའི་ཕྱག་རྒྱས་མཐེ་བོང་གཡོབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག།།མཆོད་ཚོགས་གཏོར་མ་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊ་ཀྐི་ཧཱུཾ་ཛ་ཨ་མྲྀ་ཏས་ཕྱེ་འབྲང་གི་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མཆོད་པ་བྱིན་གྱིས་བརླབས། ཨོཾ་ཨཱཿཧྲཱིཿཔྲ་ཝ༌྾ ཨགྷཾ་དང་པཱདྱཾ་གིས་ཆུ་གཉིས་དང༌། ཨོཾ་ཨགྣ་ཡེ༌྾྾བཱ་ཧཱ་ན་ཡ། བཛྲ་བུཥྤེ་ནས་ཤབྟའི་བར་གྱིས་མཆོད། དེ་ལ་ཨོཾ་ཨཱཿཧཱུཾ་བཏགས་པས་ནང་མཆོད་ཕུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །ཞེས་པ་ནས། དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །མདུན་གྱི་མེ་ལྷའི་ཐུགས་ཀར་རཾ་གྱིས་མཚན་པར་གྱུར། རང་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་བྱུང་། ཞལ་ནས་ཐོན་མེ་ལྷའི་ཞལ་དུ་ཞུགས། ཐུགས་ཀར་རཾ་ཡིག་གི་མཐར་གཡས་བསྐོར་དུ་འཁོད་པ་ལས། སླར་ཡང་སྔགས་ཀྱི་ཕྲེང་བ་མེ་ལྷའི་ཐུགས་ཀ་ནས་ཐོན། རང་གི་སྙིང་ཀར་ཞུགས། མགལ་མེའི་འཁོར་ལོ་ལྟར་འཁོར་ཞིང་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ཁམས་ན་བཞུགས་པའི་མེ་ལྷ་བཅུ་གཉིས་ལ་སོགས་པའི་སྐུའི་རྣམ་པ་མི་འདྲ་བ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་སྤྱན་དྲངས། སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པར་གྱུར་པར་བསམས་ལ། ན་མོ་བཛྲ་པཱ་ཎི་སྱ།ཨོཾ་ཨགྣིཡེད་བ་ཏཱ་ཡ་ངྷུ་ཝ་ཏ་ཡ་ཛྭ་ལི་ནི་སྭཱཧཱ།ཞེས་པའི་བསྙེན་པ་བྱའོ། །ཐུན་མཐར་ཡིག་བརྒྱ་དང་གཏོར་མ་ཕུལ། བུཥྤེ་སོགས་ཀྱིས་མཆོད། མེ་སྟེ་བསྲེག་བྱ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སོགས་ཀྱིས་འཕྲིན་ལས་བཅོལ། མཆོད་བསྟོད་བཟོད་གསོལ་བྱས་ཏེ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། ཅེས་པ་ནི་མེ་ལྷའི་བསྙེན་པ་བྱེད་ཚུལ་ལོ།། །།དེའི་བཅུ་ཆའི་དབང་གི་སྦྱིན་སྲེག་བྱ་ཚུལ་ནི། ཐབ་དང་མཆོད་རྫས་སོགས་སྔོན་འགྲོའི་རིམ་པ་རྣམས་ལྷ་དབང་དུ་བྱེད་པའི་བཅུ་ཆའི་སྦྱིན་སྲེག་གཞན་ནས་འབྱུང་བ་ལྟར་བྱ། དངོས་གཞི་ངག་འདོན་གྱི་རིམ་པ་ནི། ཐུགས་རྗེ་ཆེན་པོའི་བདག་བསྐྱེད་བཟླས་པ་གཏོར་འབུལ་དང་བཅས་པ་སོང་རྗེས། བསང་ཆུ་དང་ཆུ་བཞི་བསྒྲུབས། རྡོ་དྲིལ་བྱིན་རླབས་བསང་བ་དྲུག་སྐོར་མཆོད་པ་བྱིན་རླབས་ནས། ཀུ་ཤ་བཀྲམས་པའི་བར་གཞན་ནས་འབྱུང་བ་ལྟར་ལ། མེ་གསོ་མར་ཁུ་ལས་སྔགས་ཀྱིས་འབུལ། དེ་ནས་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་བྷཱུཾ་ལས་ཡེ་ཤེས་ཀྱི་ཐབ་ཁ་དོག་དམར་ཞིང་དབྱིབས་ཟླུམ་པ་མུ་རན་ཁ་ཁྱེར་དང་བཅས་པ། མུ་རན་ལ་གེ་སར་དང་བཅས་བའི་ཟེའུ་འབྲུ་དང༌། ཁ་ཁྱེར་ལ་པདྨའི་འདབ་མའི་རྣམ་པ་ཅན་ལ་ཕྱོགས་མཚམས་སུ་རྡོ་རྗེས་བསྐོར་ཞིང༌། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་ནང་དུ་རྡོ་རྗེའི་ཕྲེང་བས་བསྐོར་བའི་པད་འདབ་ལ་གནས་པའི་འདབ་མའི་ཚད་ཀྱི་དེ་བཞིན་གཤེགས་པ་བཞིའི་མཚན་མས་མཛེས་པའི་པདྨ་དམར་པོ་འདབ་མ་བརྒྱད་པས་མཚན་པ་དྭངས་ཤིང་ཐོགས་པ་མེད་པའི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་གྱི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་ལྟེ་བར་རཾ་ལས་བགྲང་ཕྲེང༌། དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་སྐུ་མདོག་ཅེས་པ་ནས། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་ཚུར་བྱོན༌྾ལྷ་ཡི་བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི༌྾྾ཀུ་ཤའི་གདན་ལ་བཞུགས་བར་གྱུར། ཨ་མྲྀ་ཏས་བགེགས་བསྐྲད། བསང་གཏོར། ཞལ་བསིལ། མཆོད་ཡོན། ཞབས་བསིལ་རྣམས་འབུལ། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཆུ་བཞི་ཚུར་བཞིན་ཕུལ། ཨགྣེ་ཡེ་སོགས་ཀྱི་ཕྱི་ནང་གི་མཆོད་པས་མཆོད། འཇིག་རྟེན་དབང་ཕྱུག་མ་ཡོངས་རྫོགས་ཀྱིས་བསྟོད། ཨོཾ་བཛྲ་ཨ་ན་ལ་ཞེས་སོགས་ལན་གསུམ། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དམར་པོ་ལ་རཾ་ཡིག་དང་དགང་བླུགས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཨགྣེ་ཡ་དེ་བ་ཏཱ་ཡ་ངྷུ་ཝ་ཏ་ཡ་ཛྭ་ལི་ནི་མནྡྲ་སིངྔྷི་མ་མེ་དེ་ཧི་སྭཱཧཱ། ལན་བདུན།ཡམ་ཤིང་རྣམས༌྾ཡམ་ཤིང་ནས་བཟུང་སྟེ་རྫས་ཐམས་ཅད་སྔགས་དེ་ཉིད་ཀྱིས་འབུལ་ཞིང་ཁྱད་པར་བའི་རྫས་མེ་ཏོག་དམར་པོའམ་འབྲས་ཆེན་དམར་པོ་ལ་གྲངས་བསོགས་ཏེ་རྒྱལ་བ་སྲས་བཅས་མའི་སྤེལ་ཚིག་རྫས་ཀུན་ལ་བྱའོ། །དེ་ནས།མེ་ལྷའི་རྒྱལ་བོ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པའི་སྡོང་གྲོགས་མཛད་དུ་གསོལ། རང་དང་མེ་ལྷའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་མེ་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུར། དེ་རྣམས་འོད་དམར་པོའི་ནང་དུ་བཏུམ་ཏེ་མདུན་དུ་བཀུག་པས་རང་དབང་མེད་པར་དབང་དུ་འདུས་ནས་ཇི་ལྟར་བསྐོས་པའི་ལས་རབ་འབྱམས་སྒྲུབ་པར་ཞལ་གྱིས་བཞེས་པར་གྱུར། གོང་གི་སྔགས་ཀྱིས་མར་ཁུ་དགང་བླུགས་བདུན་ཕུལ། ཨོཾ་ཨགྣེ་ཡེ་སོགས་ཀྱིས་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་པས་མཆོད། བསང་གཏོར་དང་ཞལ་བསིལ་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང༌། བཛྲ་ཝ་ས་སྱས་གོས་ཟུང་འབུལ། ཞལ་བསིལ་དང་བསང་གཏོར་འབུལ། གཏོར་མ་བྱིན་གྱིས་བརླབས་ཏེ། མེ་ལྷའི་སྔགས་ལ་ཨ་ཀཱ་རོ་བཏགས་པ་གསུམ་གྱིས་འབུལ། སྔགས་དེ་ལ་བུཥྤེ་སོགས་བཏགས་པས་མཆོད། མེ་སྟེ་བསྲེག་བྱ་ཞེས་པ་ནས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། ཅེས་པའི་བར་གཞན་ལས་འབྱུང་བ་ལྟར་དང༌། མཇུག་ཆོག་སྤྱི་ལྟར་བྱའོ།། །།གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་གྱི་བཅུ་ཆའི་སྦྱིན་བསྲེག་བྱ་ཚུལ་ནི། ལས་ཐམས་ཅད་པའི་དབང་གི་ཐབ་དང༌། ཡམ་ཤིང་སོགས་རྫས་སྤྱི་དང༌། ཁྱད་པར་བའི་རྫས་རྣམས་དང་མཆོད་རྫས་སོགས་མཐོང་རྒྱུད་ཀྱི་ཕྱག་བཞེས་ལྟར་ཚོགས་པ་བྱ། དེ་ནས་བདག་བསྐྱེད་བཟླས་པ་གཏོར་འབུལ་དང་བཅས་པ་རྫོགས་རྗེས། ཨ་མྲྀ་ཏས་བསངས་ཆུ་དང༌། དེ་ལ་ཛཿབཏགས་པས་ཆུ་བཞི་བསྒྲུབས། དེ་ནས་རྡོ་དྲིལ་བྱིན་རླབས་ནས་བཟུང་སྟེ། མེ་ལྷའི་རྫས་ཁྱད་པར་བ་འབུལ་བའི་བར་མེ་ལྷའི་བཅུ་ཆའི་སྦྱིན་སྲེག་ཇི་ལྟ་བ་བཞིན་ཡིན་ནོ། །དེ་ནས་ཞལ་བསིལ་དང༌། བསང་གཏོར་འབུལ། དེ་ནས། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་བཾ་ལས་པདྨ་དཀར་བོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་ཞེས་པ་ནས། འོད་ཟེར་ཚུར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ཅེས་པ་ནས། ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བའི་བསྐོར་བར་གྱུར། ཅེས་པའི་བར་གྱིས་སེམས་དཔའ་སུམ་བརྩེགས་སུ་གསལ་བཏབ། དེའི་སྤྱི་བོར་ཨོཾ་དཀར་བོ། ནས། ཐུགས་རྗེ་ཆེན་པོའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ནས་སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་ཟག་མེད་ཀྱི་བདེ་བ་ཆེན་པོ་མྱོང༌། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང༌། ལྷའི་སྐུ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོ་བར་གྱུར། དེ་ནས། དག་ཅིང་དྲི་མེད་སོགས་དང༌། ལྷ་ཡི་མེ་ཏོག་སོགས་དང༌། རིན་ཆེན་དབང་གི་རྒྱལ་པོ་སོགས་ཀྱིས་ཆུ་བཞི་ཉེར་སྤྱོད་འདོད་ཡོན་དང་བཅས་པ་ཕུལ། བསྡུ་ན་སྔགས་ཙམ་གྱིས་རུང༌། ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དམར་པོ་ལ་རཾ་ཡིག་གིས་མཚན་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུཾ་མནྡ་སིད་དྷི་མ་མེ་དེ་ཉི་སྭཱཧཱ། ཞེས་མར་ཁུ་དགང་བླགས་བདུན་ཕུལ། རྒྱལ་བ་སྲས་བཅས་ཉན་ཐོས་རང་རྒྱལ། །སོགས་ཀྱིས་གསོལ་བ་བཏབ། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཨོཾ་མ་ཎི༌྾རེ་ཧི་སྭཱ་ཧཱ། ཞེས་པས་ཡམ་ཤིང་ནས་གྲོའི་བར་ཅི་འགྲུབ་རེ་འབུལ། དེ་ནས་མེ་ཏོག་དམར་པོ་ལ་གྲངས་བསགས་ཏེ་བཅུ་ཆའི་གྲངས་འགྲོ་བར་བྱ། སྤེལ་ཚིག་ཀྱང་མཚམས་མཚམས་སུ་སྦྱར་བར་བྱའོ། །དེ་ནས།ལྷའི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དམར་པོ་བདུད་རྩི་དམར་པོས་བཀང་བ་ཐོག་ནས་བསྒྲུབ་བྱ་རང་ཉིད་ཟླ་བའི་དཀྱིལ་འཁོར་དམར་པོ་ལ་གནས་པ་ལ་དབང་བསྐུར་བས་ལུས་ཐམས་ཅད་གང་བས་ཞི་རྒྱས་དབང་དྲག་སོགས་ལས་རབ་འབྱམས་ཀྱི་སྒོ་ནས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཐོགས་མེད་དུ་སྒྲུབ་ནུས་པའི་སྔགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པར་བསམ་མོ། །རང་དང་ཐབ་ཀྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་ཁྱབ་པར་འཕྲོས་པས་ཕྱོགས་བཅུའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཡེ་ཤེས་ཀྱི་འཁོར་ལོ་དང་བཅས་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས་ཏེ་རང་ལ་ཐིམ་པ་དང༌། ཐབ་ཀྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དང་བདུད་རྩི་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ། རང་ལ་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་པར་བསམས། སླར་ཡང་ཡིག་དྲུག་གིས་མར་ཁུ་དགང་བླུགས་བདུན་འབུལ། མཆོད་ཡོན་དང༌། བསང་གཏོར་དང༌། ཞལ་བསིལ་རྣམས་འབུལ། ཝ་ས་སྱས་གོས་ཟུང་དང༌། ཏམྦུ་ལས་སོ་རྩི་འབུལ། ཉེར་སྤྱོད་འདོད་ཡོན་ནང་མཆོད་རྣམས་ཕུལ་ཏེ་གོང་ལྟར་བསྟོད། འདས་ལྷའི་གཏོར་མ་བྱིན་གྱིས་བརླབས་ཏེ། ལྷའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་ཨཱརྱ་ལོ་ཀེ༌྾ཁཱ་ཧི། ལན་གསུམ། གོང་ལྟར་མཆོད་བསྟོད་བྱ། ཨོཾ་པྲན་མ་མིས་ཕྱག་བྱ། མཆོད་ཡོན་ཕུལ། གང་ཡང་བདག་བློ༌྾མ་རྙེད་ཡོངས་སུ༌྾བཟོད་མཛད་རིགས། །ཞེས་བཟོད་པར་གསོལ།བླ་མ་དང་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཐུགས་དགྱེས་པ་ཆེན་པོས་བདག་ལ་ཐུགས་ཆགས་པར་མཛད་དུ་གསོལ། བདག་ལ་ཐུགས་དགྱེས་པར་མཛད་དུ་གསོལ། བདག་ལ་ཐུགས་མྱུར་བར་མཛད་དུ་གསོལ། བདག་གིས་ཁྱོད་ལ་དབང་གི་སྦྱིན་སྲེག་ཕུལ་བ་ལ་བརྟེན་ནས་ལྷག་བའི་ལྷ་ཁྱོད་བདག་གིས་རང་དབང་མེད་པར་དབང་དུ་འདུ་ཞིང༌། ཞི་སོགས་ཀྱི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་ནུས་པའི་སྔགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་བླ་མ་ཡི་དམ་དཀོན་མཆོག་གིས་ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་འཛིན་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་མཐའ་དག་རྒྱུད་ལ་སྐྱེས་ནས་མྱུར་བ་མྱུར་བར་འཕགས་པ་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་བ་སྲས་བཅས༌྾྾྾མཛོད་ཅིག།ཅེས་འདོད་གསོལ་བྱ། ལྷག་ཆད་ཀྱི་ཉེས་པ་ཞི་ཕྱིར། ཨོཾ་བཛྲ་སཏྭ་ཨཱཿལན་བདུན་དང༌། ཡིག་བརྒྱ་བརྗོད། བཛྲ་མུཿཡེ་ཤེས་པ་དམ་ཚིག་པ་དང་བཅས་པ་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ལ། སླར་ཡང་མེ་ལྷ་ལ། ཨོཾ་ཨསྣེ་ཡེ༌྾སོགས་ཀྱིས་ཉེར་སྦྱོད་རོལ་མོ་ནང་མཆོད་དང་བཅས་པ་དང༌། བསང་གཏོར་ཞལ་བསིལ་སོ་རྩི། གོས་ཟུང་རྣམས་དང༌། རྫས་ལྷག་རྣམས་འབུལ། འཇིག་རྟེན་དབང་ཕྱུག་མས་བསྟོད། ཞལ་བསིལ་དང་བསང་གཏོར་ཕུལ། མེ་ལྷ་ལ་སྔར་བཞིན་ཕྱི་ནང་གིས་མཆོད། གཏོར་མ་བྱིན་གྱིས་བརླབས་ཏེ། ཨོཾ་ཨགྣེ་ཡེ༌྾྾བཱ་ཧཱ་ན་ཡ། ཨ་ཀཱ་རོ༌྾ཕཊ་སྭཱ་ཧཱ། ལན་གསུམ། ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།མཆོད་ཡོན་ཕུལ། གང་ཡང་བདག་བློ༌྾མ་རྙེད་ཡོངས་སུ༌྾མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་སྦྱིན་སྲེག་གི་མཆོད་པ་ཕུལ་བ་ལ་བརྟེན་ནས་ཞི་སོགས་ཀྱི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། རྒྱལ་བ་སྲས་བཅས་སོགས་ཀྱིས་འདོད་གསོལ་ཞུ། ཨོཾ་བཛྲ་ས་ཏྭ་ཨཱཿརང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིང༌། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨཱཿབཛྲ་མུཿམེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དེ་ནས་འོ་ཐུག་སྒྲུབ་པ་སོགས་མཇུག་ཆོག་སྤྱི་དང་མཐུན་པར་བྱའོ། །ཞེས་པ་འདི་རྣམས་དགེ་སློང་ཆོས་གྲགས་དར་རྒྱས་འདིའི་བསྙེན་ཆེན་ལ་སྡོད་སྐབས་ལྷ་རྫས་བཅས་ཡང་ཡང་བསྐུལ་བ་ལྟར་ྋདབྱངས་ཅན་བཞད་པས་བྲིས་པའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།