གསོལ་བ་འདེབས་ཚུལ་བྱིན་རླབས་གྲུ་ཆར་འཇོ་བའི་སྤྲིན་ཕུང༌ཞེས་བྱ་བ་བཞུགས་སོ།།

༄༅། །དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་༧སྐྱབས་རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ་གདུང་དབྱངས་ཀྱིས་

གསོལ་བ་འདེབས་ཚུལ་བྱིན་རླབས་གྲུ་ཆར་འཇོ་བའི་སྤྲིན་ཕུང༌ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི། རླབས་ཆེན་བྱིན་རླབས་གཟི་འོད་སྟོང་འབར་བས། །ཕན་དང་བདེ་བའི་པད་ཚལ་རྒྱས་མཛད༌པ། །བླ་མ་ཡི་དམ་མཆོག་གསུམ་སྲུང་ཚོགས་ཀྱིས། །འཕྲལ་ཡུན་ཀུན་ཏུ་དགེ་བའི་ཤིས་པ་སྩོལ། །སྐལ༷་ལྡན་འགྲོ་རྣམས་ཐར་བའི་ལམ་བཟང༷་དུ། །འཁྲིད་ལ་ཟླ་བྲལ་ཐུབ༷་པའི་གདུང་འཚོབ་མཆོག།།དགེ་ལྡན་བསྟན༷་པ་ཕྱོགས་མཐར་སྤེལ་མཛད་པ། །སྨྲ་བའི་དབང༷་ཕྱུག༷་མཆོག་ལ་གསོལ་བ་འདེབས། །སྐལ༷་བཟང༷་རྣམ་འདྲེན་གསེར་ཐུབ༷་སྤྱན་སྔ་རུ། །བསྟན༷་འགྲོའི་ལེགས་ཚོགས་སྤེལ་སླད་ཐུགས་བསྐྱེད་དེ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་པ། །དབང༷་ཕྱུག༷་བརྒྱད་ལྡན་མཆོག་ལ་གསོལ་བ་འདེབས། །གདུལ་བྱའི་སྐལ༷་བར་འཚམ་པའི་མཛད་བཟང༷་གིས། །ཐུབ༷་བསྟན༷་ཆོས་ཀྱི་སྲིད་ལ་དབང༷་འབྱོར་ཞིང༌། །སྤངས་རྟོགས་ཡོན་ཏན་མཛོད་ཀྱིས་ཉེར་ཕྱུག༷་པའི། །རྒྱལ་ཀུན་འདུས་ཞལ་མཆོག་ལ་གསོལ་བ་འདེབས། །མགོན་ཁྱོད་བགྲང་ཡས་བསྐལ་བའི་སྔོན་རོལ་ནས། །ཐབས་ཤེས་ཟུང་དུ་འབྲེལ་བའི་མཚོན་རྣོན་གྱིས། །འཆི་བདག་བདུད་ཀྱི་གཡུལ་ངོ་ཉེར་བཅོམ་སྟེ། །འཕོ་འགྱུར་བྲལ་བའི་རྡོ་རྗེའི་སྐུ་བརྙེས་ཀྱང༌། །མི་བཟད་སྙིགས་མ་ལྔ་བདོའི་དུས་ངན་འདིར། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །ཚུར་མཐོང་མོས་ངོར་གཟུགས་སྐུའི་ཟླ་ཤེལ་དབང༌། །འོད་གསལ་ཆུ་ལྷའི་བང་བར་མནལ་ཚུལ་བསྟན། །དེ་ཚེ་འཇིགས་སར་སྐྱེལ་མས་བོར་བ་བཞིན། །བདག་ཅག་མགོན་མེད་སྐྱབས་བྲལ་གྱུར་བ་ལ། །བརྩེ་བས་དགོངས་ཏེ་ཞིང་ཁམས་གར་བཞུགས་ཀྱང༌། །སྙིང་ནས་གསོལ་བ་འདེབས་འདི་ཡུད་ཙམ་དགོངས། །དྲི་བྲལ་མཁྱེན་པའི་ཀུན་གསལ་སྒེག་མོའི་ལྟོད། །བརྩེ་ཆེན་ཆུ་འཛིན་གསར་བའི་གདེངས་ཀ་ལས། །རྒྱལ་ཆེན་འཕྲིན་ལས་གྲི་ཆར་འབུམ་འཇོ་བས། །རྒུད་པའི་ཚ་གདུང་སོལ་ཅིག་ཐུགས་རྗེ་ཅན། །རྣམ་མང་འགྲོ་བའི་ཁམས་དང་བསམ་བ་བཞིན། །གང་འདུལ་ཞི་ཁྲོའི་བཀོད་པ་རབ་འབྱམས་དང༌། །ཁྱད་པར་བདག་ཅག་རྗེས་སུ་འཛིན་སླད་དུ། །སྤྲུལ་བའི་རོལ་གར་མཛོད་ཅིག་ཐུགས་རྗེ་ཅན། །སྙིགས་མའི་རང་མཚང་ནགས་ཀླུང་སྟུག་པོ་རུ། །ཆགས་སྡང་རྨོངས་པའི་ཆང་གིས་རབ་མྱོས་པས། །ལོག་པའི་ལམ་དུ་འཁྱམས་པའི་ཡིད་ཀྱི་གླང༌། །ཐུགས་རྗེའི་ལྕགས་ཀྱུས་ཐུལ་ཅིག་ཐུགས་རྗེ་ཅན། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་ནད་རིམས་དང༌། །རྒྱལ་འགོང་དམ་སྲི་འདུད་བགེགས་གཅན་གཟན་འཚེ། །རྒྱལ་བོའི་ཆད་པ་འབྱུང་བཞིའི་གནོད་པ་སོགས། །ཉེར་འཚེ་ཀུན་ལས་སྐྱོབས་ཤིག་ཐུགས་རྗེ་ཅན། །དུས་ངན་སྐྱེ་བོའི་བསམ་སྦྱོར་ངན་པ་ཡིས། །དུག་མཚོན་གཡུལ་ཤོམ་ཁ་སྨྲས་གླེང་གྱོད་དང༌། །མི་ཁ་དབྱེན་དང་མི་འདོད་རྐྱེན་ངན་ཀུན། །མྱུར་དུ་ཞི་བར་མཛོད་ཅིག་ཐུགས་རྗེ་ཅན། །བློ་ཕུག་གཏད་ན་རྣམ་ཀུན་བསླ་བྱེད་པའི། །དམ་མིན་བཤེས་དང་སྡིག་གྲོགས་དབང་སོང་ནས། །དབང་མེད་ལོག་པའི་ལམ་དུ་ཞུགས་གྱུར་ན། །བློ་ཁ་ཆོས་ལ་སྒྱུར་ཅིག་ཐུགས་རྗེ་ཅན། །སྐྱབས་རྗེ་མཆོག་གི་སྐུ་ལ་བསྔོ་བ་དང༌། །གསུང་བཅག་ཐུག་དཀྲུག་བརྙས་སྨོད་བགྱིས་པ་སོགས། །སྐུ་གསུང་ཐུགས་དང་འགལ་བའི་ཉེས་པ་རྣམས། །ལྷག་མེད་བྱང་བར་མཛོད་ཅིག་ཐུགས་རྗེ་ཅན། །མགོན་ཁྱོད་བསྙེན་དང་མཆོད་དང་བཀུར་བ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་དང༌། །ཅི་གསུང་བཀའ་བཞིན་བསྒྲུབ་པར་བགྱིས་པའི་མཐུས། །རྣམ་ཀུན་རྗེས་སུ་ཟུངས་ཤིག་ཐུགས་རྗེ་ཅན། །ཉོན་མོངས་དུག་གསུམ་དྲག་པོའི་དབང་གྱུར་བས། །བཟོད་དཀའ་ངན་འགྲོའི་གནས་སུ་འཁྲིད་བྱེད་པའི། །སྒོ་གསུམ་མི་དགེའི་ལས་ངན་ཅི་བགྱིས་པ། །གཏན་ཏུ་བྱང་བར་མཛོད་ཅིག་ཐུགས་རྗེ་ཅན། །བདག་དང་བདག་ལ་རེ་ཞིང་ལྟོས་པ་ཡིས། །ཕ་མ་ཉེ་འབྲེལ་མཛའ་བཤེས་འཁོར་གཡོག་སོགས། །འབྲེལ་ཐོགས་སྐྱེ་བོ་ཇི་སྙེད་མཆིས་པ་ཀུན། །རྣམ་ཀུན་རྗེས་སུ་ཟུངས་ཤིག་ཐུགས་རྗེ་ཅན། །ནམ་ཞིག་འཆི་བདག་བདུད་ཀྱི་ཕོ་ཉ་ཡིས། །ལུས་སྲོག་སོ་སོར་འབྲལ་ཚེ་ཆགས་སྡང་དང༌། །འཇིགས་སྐྲགས་འཁྲུལ་བའི་སྣང་བ་ཅི་ཤར་ཡང༌། །འཕྲལ་དུ་ཞི་བར་མཛོད་ཅིག་ཐུགས་རྗེ་ཅན། །རྒྱུས་མེད་བར་དོའི་སྲིད་པར་འཁྱམས་པ་ན། །འཇིགས་རུང་གཤིན་རྗེའི་དམག་གིས་ཡོངས་བསྐོར་ཏེ། །རང་ཉིད་ཅི་བྱ་གཏོལ་མེད་གྱུར་བའི་ཚེ། །བདེ་བའི་དབུགས་འབྱིན་མཛོད་ཅིག་ཐུགས་རྗེ་ཅན། །སྔོན་ཆད་བསགས་པའི་ལས་དབང་དྲག་པོ་ཡིས། །ངན་སོང་གསུམ་སོགས་རིགས་དྲུག་སྐྱེ་གནས་སུ། །བཟོད་དཀའི་སྡུག་བསྔལ་དྲག་པོས་གཟིར་པའི་ཚེ། །ཐར་བའི་ས་མཁན་མཛོད་ཅིག་ཐུགས་རྗེ་ཅན། །ཁྱོད་ནི་སྲིད་ཞིའི་འཇིགས་སྒྲོལ་བླ་མ་དང༌། །དངོས་གྲུབ་སྩོལ་མཛད་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་སྲུང་མའི་ངོ་བོར་གསོལ་འདེབས་ན། །འཕྲལ་ཡུན་ཀུན་ཏུ་སྐྱོབས་ཤིག་ཐུགས་རྗེ་ཅན། །མདོར་ན་འདི་ཕྱི་བར་དོ་ཐམས་ཅད་དུ། །རེ་ས་གཞན་ན་མེད་པའི་དུས་བབས་ན། །རྣམ་ཀུན་བརྩེ་བའི་སྤྱན་གྱིས་གཟིགས་པ་དང༌། །འབྲལ་མེད་ཕྱག་གིས་ཟུངས་ཤིག་ཐུགས་རྗེ་ཅན། །བདེ་ལེགས་རྩ་བ་ལམ་སྟོན་བཤེས་གཉེན་མཆོག །མོས་གུས་དང་བས་ཚུལ་བཞིན་ལེགས་བསྟེན་ནས། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཉེར་གདམས་པ། །ཐོས་བསམ་སྒོམ་པས་ཉམས་སུ་ལེན་པར་ཤོག།།འཁོར་བའི་སྐྱོན་མཚང་རིག་པའི་ངེས་འབྱུང་དང༌། །གཞན་དོན་ཁུར་དུ་འཁྱེར་བའི་བྱང་ཆུབ་སེམས། །གནས་ལུགས་རྗེན་པར་གཟིགས་པའི་ཡེ་ཤེས་རྣམས། །གེགས་མེད་མྱུར་དུ་རྒྱུད་ལ་སྐྱེ་བར་ཤོག། །དབང་བཞིས་རྒྱུད་སྨིན་དམ་སྡོམ་ཚུལ་བཞིན་བསྲུང༌། །རིམ་གཉིས་ལམ་གྱིས་སྒྲིབ་གཉིས་དྲུང་ཕྱུང་སྟེ། །ཡན་ལག་བདུན་ལྡན་སྐུ་མཆོག་མྱུར་ཐོབ་ནས། །འགྲོ་ཀུན་སྲིད་ཞིའི་འཇིགས་ལས་སྒྲོལ་གྱུར་ཅིག།།ཅེས་དུས་གསུམ་རྒྱལ་བ་ཀུན་གྱི་ཞབ་སྐྱིན་སྲིད་ཞིའི་རྣམ་འདྲེན་དམ་བ་༧སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ་ལ་གདུང་དབྱངངས་ཀྱིས་གསོལ་བ་འདེབས་ཚུལ་བྱིན་རླབས་གྲི་ཆར་འཇོ་བའི་སྤྲིན་ཕུང་ཞེས་བྱ་བ་འདི་ནི། དམ་པ་གང་ཉིད་ཞི་བར་གཤེགས་པའི་ཚུལ་བསྟན་སྐབས། གང་གི་གམ་བཅར་གསོལ་དཔོན་ཆེན་མོ་བློ་བཟང་བརྩོན་འགྲུས་དང༌། དེའི་མཆེད་པོ་བསྔགས་འོས་ཀྱི་ཡོན་ཏན་ཅན་བཟོད་པ་རྣམ་གཉིས་ཀྱིས་ནན་ཏན་ཆེན་པོས་བསྐུལ་མ་ཡང་ཡང་གནང་བ་ན། རང་ཉིད་ཀྱིས་ཀྱང་དད་གུས་ཀྱིས་མཚམས་སྦྱར་ཏེ། ཚིག་རྒྱན་དང་མངོན་བརྗོད་སོགས་ཀྱིས་ཆེར་མ་བཅིངས་པར་འབོལ་རྩོམ་གྱི་ཚུལ་དུ།༸སྐྱབས་རྗེ་མཆོག་གི་བཀའ་འབངས་ཀྱི་ཐ་ཤལ་བ་༸དབྱངས་ཅན་བཞད་པས་བྲིས་པ་འདི་ཡང་རྣམ་ཀུན་ཡབ་རྗེ་མཆོག་གིས་རྗེས་སུ་འཛིན་པའི་གྱུར་ཅིག།  །པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།