༄༅།།བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས།

༄༅། །རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་རྗེ་བླ་མ་ལ་བརྟེན་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ། འདིར་རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་རྗེ་ཙོང་ཁ་བ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སྒོམ་པའི་ཚུལ་ལ་གསུམ་ལས། དང་བོ་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། དངོས་གཞི་ནི། བདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་ནི། །རྣམ་པ་རྒྱལ་པ་གཉིས་པ་བློ་བཟང་གྲགས། །འཛུམ་པའི་ཉམས་ལྡན་ཕྱག་གཉིས་ཆོས་འཁོར་གྱི། །ཕྱག་རྒྱས་ཨུཏྤལ་ཟུང་གི་འདབ་མའི་སྟེང་། །ཤེས་རབ་རལ་གྲི་ཤེར་ཕྱིན་གླེགས་བམ་བསྣམས། །ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་མཛེས། །འོད་ཕུང་དབུས་སུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཐའ་སྐོར་སྲས་དང་ཡི་དམ་མཁའ་འགྲོ་སོགས། །འཁོར་ཚོགས་རྒྱ་མཚོས་བསྐོར་ནས་བཞུགས་པ་ཡི། །སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །མཚོན་བྱེད་ཡི་གེ་གསུམ་ལས་ཧཱུཾ་འོད་ཀྱིས། །བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཡི་ཚོགས། །མ་ལུས་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། །དེ་ནས་རྒྱས་པར་སྤྲོ་ན་བཟང་སྤྱོད་ནས་འབྱུང་བ་ལྟར་གྱི་ཡན་ཡག་བདུན་པ་རྒྱས་པའམ། །བསྡུས་པ་གང་རིགས་མཎྜལ་དང་བཅས་པ་ཕུལ། དོན་ཆེན་པོ་གསུམ་གྱི་སྒོས་གསོལ་བ་བཏབ། དེ་ནས་གསོལ་འདེབས་དམིགས་བརྩེ་མ་གང་མང་བཟླ། དེའི་ཚེ་བདུད་རྩིའི་བེབས་སྦྱངས་བྱེད་ཚུལ་ཁྲིད་ཡིག་སོགས་ནས་འབྱུང་བ་ལྟར་ངོ་བོ་ཡེ་ཤེས་ལ་རྣམ་པ་བདུད་རྩི། དེ་ཡང་སྡིག་སྒྲིབ་སྦྱངས་པའི་ཆེད་དུ་འོད་ཟེར་ཁ་ཏོག་དཀར་པོ། རླུང་མཁྲིས་བད་ཀན་སོགས་ཀྱི་ནད་ཞི་པའི་ཆེད་དུ་སྨན་གྱི་རང་བཞིན་དུ་སྒོམ་ཚུལ་དང་། ཚེ་བསོད་རྒྱས་བར་བྱ་བ་སོགས་ལས་རབ་འབྱམས་བསྒྲུབ་པའི་མན་ངག་སོགས་དང་། འཇམ་དབྱངས་ཆོས་སྐོར་སྐབས་སུ། མ་དག་འཁུད་ཅིང་མི་ཤེས་བསལ། སྐུ་ཡིས་ཆེ་ཞིང་གསུང་གིས་གསལ། སོགས་གསུངས་པ་ལྟར། ཆེ་གསལ་མྱུར་ཟབ་འཆད་རྩོད་རྩོམ་པ་སོགས་ཀྱི་ཤེས་རབ་སྒྲུབ་བའི་དམིགས་པ་རྩལ་དུ་བཏོན་ཏེ་ཉམས་སུ་བླངས་ལ། ཁྱོད་ནི་བླ་མ་སོགས་ཀྱིས་གསོལ་འདེབས་དང་། དབང་བཞི་བླངས་པ། མཚན་སྔགས་བཟླ་བ་སོགས་ཀྱི་རྗེས་སུ་ཐུན་མོ་དང་ཐུན་མོང་མ་ཡིན་པའི་ལམ་རྒྱུད་ལ་སྐྱེ་པའི་ཆེད་དུ་གསོལ་བ་བཏབ་ནས། དཔལ་ལྡན་རྩ་བའི་བླ་མ་སོགས་ཀྱི་ཚེ་མཐའ་སྐོར་གྱི་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་བསྡུས་ནས་ཡབ་སྲས་གསུམ་ལ་ཐིམ། རྗེ་བླ་མ་རང་གི་སྙིང་དབུས་སུ་སྤྱན་དྲངས་ཏེ་བླ་མ་དང་རང་སེམས་ངོ་བོ་དབྱེར་མེད་དུ་བཞུགས་པར་མོས་ཏེ། དེང་བརྩམས་མ་དང་། ཡང་ན། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཟློས་ཀར་ལས། །བཤེས་གཉེན་རྣམ་རོལ་སྐལ་བཟང་འགྲོ་བའི་མགོན། །འཇམ་དཔལ་དབྱངས་དངོས་ཡབ་རྗེ་བློ་བཟང་གྲགས། །ཐུགས་རྗེས་གཟིགས་ཤིག་བརྩེ་ཆེན་སྙིང་རྗེའི་མགོན། །བདེ་སྡུག་བར་མའི་གནས་སྐབས་གང་དུ་ཡང་། །སྐྱབས་དང་སྐྱོབ་པ་གཞན་དུ་མ་མཆིས་ཕྱིར། །མགོན་ཁྱོད་བསླུ་མེད་སྐྱབས་གསུམ་འདུས་པའི་སྐུར། །ཡིད་ཆེས་དང་བས་སྙིང་ནས་གསོལ་འདེབས་ན། །འབྲལ་མེད་རྗེས་བཟུང་ཚེ་རབས་ཐམ་ཅད་དུ། །མཚན་ལྡན་བཤེས་གཉེན་མཆོག་དང་མི་འབྲལ་ཞིང་། །བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་བྱས་ནས། །ལེགས་ཚོགས་རྩ་བ་ཚུགས་པར་བྱིན་གྱིས་རློབས། །དལ་འབྱོར་རྟེན་བཟང་མི་རྟག་འཆི་བ་དང་། །འཁོར་བ་འཆིང་བྱེད་ཉོན་མོངས་ཉེས་དམིགས་སུ། །རིག་ནས་སྡུག་ཀུན་འཁོར་བའི་བཙོན་ར་ལས། །ཐར་འདོད་ཤུགས་དྲག་སྐྱེ་བར་བྱིན་གྱི་རློབས། །མཐའ་མེད་མར་གྱུར་རིགས་དྲུག་འགྲོ་བ་རྣམས། །ལས་ཉོན་སྡུག་བསྔལ་ཁུར་གྱིས་མནར་པའི་ཚུལ། །བཟོད་མེད་བྱང་ཆུབ་ཐོབ་འདོད་སེམས་བསྐྱེད་ནས། །ཕྱིན་དྲུག་བསྡུ་བཞིའི་ལམ་ལ་སློབ་པར་ཤོག །ཆོས་ཀུན་སྤྲོས་བྲལ་སྐྱེ་མེད་ནམ་མཁའི་ངང་། །ཐ་སྙད་རྟེན་འབྱུང་སྒྱུ་མའི་རྣམ་རོལ་བཞིན། །འཆར་བཟོད་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས། །ཀུན་རྟོག་ལ་ཐིབ་ཆོད་བར་བྱིན་གྱི་རློབས། །དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཚེ། །མྱུར་ལམ་སྔགས་ཀྱི་འཇུག་སྒོ་སྨིན་བྱེད་དབང་། །དམ་ཚིག་སྡོམ་པ་མ་ལུས་སྲོག་བཞིན་དུ། །བསྲུང་བའི་ལམ་གྱི་སྣོད་དུ་འགྱུར་པར་ཤོག །གསལ་རྫོགས་མཚན་དཔེ་འབར་བ་ལྷ་ཡི་སྐུ། །བརྗོད་བྲལ་ཆོས་ཀྱི་དབྱིངས་སུ་མཉམ་འདྲེས་པའི། །མཚན་བཅས་མཚན་མེད་རྣལ་འབྱོར་ཏིང་འཛིན་གྱིས། །སྒྲིབ་གཉིས་དྲུངས་ཕྱུང་ཟུང་འཇུག་སྐུ་འགྲུབ་ཤོག །ནམ་ཞིག་འཆི་ཚེ་བླ་མ་མཁའ་འགྲོ་ཡིས། །མེ་ཏོག་རྒྱལ་མཚན་རོལ་མོའི་ཚོགས་བཅས་ཏེ། །ཡིད་འོང་དགའ་ལྡན་གནས་སུ་ལེགས་ཁྲིད་ནས། །རབ་སྙན་ཚངས་པའི་གསུང་གིས་དབུགས་འབྱིན་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་བསྔོ་སྨོན་ཀྱིས་མཐའ་བརྒྱན་བར་བྱའོ། །རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་རྗེ་བླ་མ་ལ་བརྟེན་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་འདི་ནི་དགེ་སློང་བློ་བཟང་ཐུབ་བསྟན་གྱི་འདོད་མོས་ལྟར། ༸དབྱངས་ཅན་བཞད་པས་བྲིས་པ་ཛ་ཡན་ཏུ།།  །།
ན་མོ་གུ་རུ། འདིར་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁར་འོད་ལྔའི་གུར་ཁྱིམ་དབུས། །སེང་ཁྲི་འདབ་སྟོང་རྒྱུ་སྐར་བདག་པོའི་སྟེང་། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་མི་ལ་རྗེ། །ཞི་འཛུམ་རབ་དཀར་དར་གྱི་ན་བཟས་ཀླུབས། །སྒོ་གསུམ་རྡོ་རྗེ་གསུམ་མཚན་འོད་ཟེར་གྱིས། །རྒྱལ་དང་རྒྱལ་སྲས་ཉན་རང་མཁའ་འགྲོའི་ཚོགས། །སྤྱན་དྲངས་དབྱེར་མེད་རོ་གཅིག་ཐིམ་པ་ལས། །སྐྱབས་གནས་མ་ལུས་འདུས་བའི་ངོ་བོར་གྱུར། །འཚམས་འདིར་ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་དང་མཎྜལ་ཕུལ་ལ། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བརྩལ་ཏུ་གསོལ། ཞེས་བདུད་རྩི་འབེབས་སྤྱངས་དང་སྦྲགས་པའི་གསོལ་འདེབས་གང་མང་བརྗོད་ནས། མགོན་ཁྱོད་མཆོག་གསུམ་འདུས་བའི་བདག་ཉིད་དུ། །ཡིད་ཆེས་མོས་གུས་སྙིང་ནས་གསོལ་འདེབས་ན། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དལ་འབྱོར་དོན་ཆེན་རྙེད་དཀའ་འཆི་བ་དང་། །ངན་འགྲོའི་སྡུག་བསྔལ་བསམ་སྟེ་སྐྱབས་འགྲོ་ཞིང་། །དཀར་ནག་ལས་འབྲས་ཕྲ་ཞིང་ཕྲ་བ་ལ། །ངེས་པ་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །དུག་སྦྲུལ་ཚང་ལྟར་སྲིད་པའི་ཕུན་ཚོགས་ལ། །སྐྱོན་དུ་མཐོང་བའི་ངེས་འབྱུང་ཤུགས་དྲག་གིས། །བསླབ་གསུམ་རྣམ་པར་དག་པའི་ཉམས་ལེན་གྱིས། །ཐར་པའི་རྒྱལ་མཚན་འཛིན་པར་བྱིན་གྱིས་རློབས། །བགྲང་ཡས་སྡུག་བསྔལ་གྱིས་མནར་ཉམ་ཐག་འགྲོ། །དགྲོལ་འདོད་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་ནས། །རླབས་ཆེན་སྤྱོད་དང་མཐའ་བྲལ་རྟེན་འབྱུང་ལམ། །ཟུང་འབྲེལ་ཉམས་སུ་ལེན་བར་བྱིན་གྱིས་རློབས། །སྣང་སྟོང་ལྷ་སྐུར་དམིགས་པའི་གསལ་སྣང་དང་། །ང་རྒྱལ་བརྟན་པོས་ཀུན་རྟོག་ལས་རླུང་རྒྱུན། །ལྷན་སྐྱེས་བདེ་སྟོང་དབྱིངས་སུ་རབ་བཅད་ནས། །དཔལ་ལྡན་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །                  །།མཇུག་ཏུ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། སོགས་ཀྱི་སྙིང་དབུས་སུ་སྤྱན་དྲངས་ཏེ། །རང་སེམས་དང་ངོ་བོ་དབྱེར་མེད་དུ་མོས་ལ་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །བླ་མའི་རྣལ་འབྱོར་འདི་ནི་བསྔགས་འོས་ཡོན་ཏན་གྱིས་མཐོ་བ་དགེ་སློང་བློ་བཟང་ཆོས་གྲུབ་གྱི་འདོད་མོས་ལྟར། ༸དབྱངས་ཅན་བཞད་པས་བྲིས་པའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།   

དཔྱད་མཆན་སྤེལ།