༄༅།།ལྷ་མོ་དབྱངས་ཅན་མ་ལ་རྟེན་པའི་བླ་མའི་རྣལ་འབྱོར་སོགས་བླ་མའི་རྣལ་འབྱོར་འགའ་ཞིག་བཞུགས་སོ།།
༄༅། །ན་མོ་གུ་རུ་བྷྱཿ འདིར་ལྷ་མོ་དབྱངས་ཅན་མ་ལ་རྟེན་པའི་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ནས། དངོས་གཞི་འཇུགས་པ་བདེ་ཕྱིར། མདུན་གྱི་ནམ་མཁར་འོད་ལྔའི་གུར་ཁྱིམ་དབུས། །རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མ་དང་། །དབྱེར་མེད་སྒྲ་དབྱངས་ལྷ་མོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་བི་ལྦཾ་རྒྱུད་མང་བསྒྲེངས། །ཙོག་བུའི་ཚུལ་གྱིས་པད་ཟླའི་གདན་ལ་བཞུགས། །གཞལ་མེད་རིན་ཆེན་རྒྱན་ལྡན་དར་གྱིས་ཀླུབས། །སྒོ་གསུམ་རྡོ་རྗེ་གསུམ་མཚན་ཧཱུཾ་འོད་ཀྱིས། །རྒྱལ་བ་སྲས་བཅས་སྤྱན་དྲངས་དབྱེར་མེད་གྱུར། །ཡན་ལག་བདུན་པ་མཎྜལ་དང་བཅས་བ་ཕུལ། དེ་ནས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་གསོལ་བ་འདེབས་སོ། །རྒྱུད་བྱིན་གྱིས་རླབས་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ཞེས་གང་མང་བརྗོད། ཤུགས་དྲག་གསོལ་བ་བཏབ་པས་བླ་མ་ལྷ། །དགྱེས་བཞིན་ཐིམ་པས་རང་དང་དབྱེར་མེད་གྱུར། །དེ་ནས། རང་བིི་ཝང་ལྷ་མོར་གསལ་བའི་སྙིང་གའི་ཤེས་རབ་གྱི་འཁོར་ལོའི་འོད་ཀྱིས་མི་ཤེས་པའི་མུན་པ་བསལ། བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར་བར་མོས། ཡང་ཧྲཱིཾཿ ཡིག་གི་ནཱ་ད་ལས་ཧྲཱིཾ་ཡིག་གཉིས་པ་ཆད། ཞལ་ནས་ཐོན་ལྟེ་བར་ཞུགས་ཧྲཱིཾཿ ལ་ཐིམ་པར་གྱུར་བར་བསམ་ལ་ཧྲཱིཾཿ བཟླ་བ་དང་། ཡང་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབ་བསྡུས་ཏེ་ཧྲཱིཾཿ ལ་ཐིམ་པར་གྱུར་པར་བསམ་ལ་བཟླས་བ་ཅི་མང་བྱ། མཐར་ཡིག་བརྒྱ་དང་མཆོད་བསྟོད་བྱས་རྗེས། དགེ་པ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱིས་བསྔོ་སྨོན་བྱའོ། །བླ་མའི་རྣལ་འབྱོར་འདི་ཡང་དཔྱོད་ལྡན་དགེ་སློང་བློ་བཟང་བསྟན་སྐྱོང་གིས་བསྐུལ་ངོར། །དབྱངས་ཅན་བཞད་པའི་བྲིས་པ་དགེ་ལེགས་འཕེལ། །།
ན་མོ་གུ་རུ་བཛྲ་དྷ་རཱ་ཡཱ། འདིར་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། དངོས་གཞི་ནི། སྤྲོས་བྲལ་གདོང་ནས་དག་པའི་མཁའ་དབྱིངས་དབུས། །འདབ་སྟོང་ཆུ་སྐྱེས་གེ་སར་བཞད་པའི་རྩེར། །ཐབས་དང་ཤེས་རབ་རང་བཞིན་ཟླ་ཉིའི་སྟེང་། །རྒྱལ་བ་ཀུན་དངོས་རྩ་བའི་བླ་མ་དང་། །དབྱེར་མེད་རྗེ་བཙན་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། །གཡས་བསྐྱངས་གཡོན་བསྐུམས་རྒྱུ་སྐར་བདག་པོའི་དཀྱིལ་འཁོར་རྒྱས་པའི་སྟེང་། །འཇིགས་བྱེད་དུས་མཚན་མནན། །རུས་པའི་རྒྱན་སྤྲས་གནས། འཕགས་མ་སྒྲོལ་མ་ནི། །སྐུ་མདོག་ལྗང་སྔོན་ཕྱག་གཡས་མཆོག་སྦྱིན་དང་། །ཕྱག་གཡོན་མི་འཇིགས་ཕྱག་རྒྱས་ཨུཏྤལ་བསྣམས། །ཞབས་གཉིས་ཕྱེད་དཀྱིལ་དར་གྱི་ན་བཟས་ཀླུབས། །གསུམ་ཡི་གེས་མཚན། །རིན་ཆེན་ས་བོན་འོད་ཀྱིས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་ཐིམ་པས་གཉིས་མེད་རོ་གཅིག་གྱུར། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །མཁའ་ཁྱབ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་སྟོང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས། །དགེ་ཚོགས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། མཎྜལ་ཕུལ་ལ། ཁྱོད་ནི་བླ་མ་སོགས་ཀྱིས་གསོལ་འདེབས་ལན་གསུམ་དང་། ཏིང་ངེ་འཛིན་གྱི་དབང་བཞི་བླངས་མཐར། བླ་མ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ཉིད་ལ་ཐིམ་པས་བླ་མ་ལྷའི་སྐུར་གྱུར་པར་མོས་ལ་མཚན་སྔགས་དང་ལྷའི་སྔགས་དང་ཡི་གེ་གསུམ་གང་འགྲུབ་བཟླ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ལྷ་ཚོག་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད། མདུན་གྱི་བླ་མ་ལྷ་དགྱེས་བཞིན་རང་གི་སྤྱི་བོ་ནས་དབུ་མའི་ལམ་བརྒྱུད་དེ་ཤིན་ཏུ་ཕྲ་པའི་རླུང་སེམས་དང་དབྱེར་མེད་དུ་གྱུར་བའི་མོས་པ་བྱའོ། །ཞེས་རྣལ་འབྱོར་མ་དང་འཕགས་མ་སྒྲོལ་མ་གཉིས་ཀ་ལ་སྦྱར་ཆོག་པའི་བླ་མའི་རྣལ་འབྱོར་འདི་ནི། དགེ་ཚུལ་དཀོན་མཆོག་ཚུལ་ཁྲིམས་ཀྱིས་བསྐུལ་བ་ལྟར། ༸དབྱངས་ཅན་བཞད་པས་བྲིས་པའོ།། །།
ཨོཾ་ཨཱཿ གུ་རུ་སུམ་ཏི་བྲཛྙ་ས་མུ་དྲ་སིདྡྷི་ཧཱུཾ་ཧཱུཾ། ཨོཾ་ཨཱཿ གུ་རུ་མཉྫུ་གྷོ་ཥ་ བྲཛྙ་ས་མུ་དྲ་སིདྡྷི་ཏཱུཾ་ཧཱུཾ། ༑ །ན་མོ་གུ་རུ་བཛྲ་པཱཎི་ཡ། འདིར་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། །སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། དངོས་གཞི། མདུན་གྱི་ནམ་མཁར་པད་ཟླ་ཉི་མའི་སྟེང། །གསང་བདག་མཐིང་ནག་ཕྱག་གཡས་རྡོ་རྗེར་འཕྱར། །ཕྱག་གཡོན་སྡིག་མཛུབ་ཕྱག་རྒྱས་སྟེང་གདོན་འཇོམས། །ཁྲོ་ཆས་ཉམས་རྫོགས་བརྐྱངས་བསྐུམས་སྟབས་ཀྱིས་བཞུགས། སྤྱི་བོར་རྟ་ཞལ་ལྗང་ཞུར་རྟ་སྐད་ཀྱིས། །བར་གདོན་རྒྱལ་བཙན་མ་ལུས་བརྒྱལ་བར་བྱེད། །རྟ་མགོའི་སྤྱི་བོར་བྱ་ཁྱུང་དཀར་པོ་ཡིས། །འོག་གདོན་ཀླུ་དང་ས་བདག་འདུལ་པར་མཛད། །ཡན་ལག་སྦྲུལ་རིགས་ལྔ་ཡིས་རབ་བརྒྱན་པའི། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་འོད་ཀྱིས། །ཡི་གེས་སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་སོགས་ཡན་ལག་བདུན་བ་མཎྜལ་ཕུལ། གཉེན་པོ་ལྷ་གསུམ་གཅིག་ཏུ་འདུས་པའི་ངོ་བོ་གསང་བའི་བདག་པོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་རླབ་དུ་གསོལ། །ཞེས་གསོལ་འདེབས་མང་དུ་བརྗོད་མཐར། ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གསང་བའི་བདག་པོར་གསལ་བའི་སྙིང་ཁའི་སྔགས་འཕྲེང་ལས་འོད་ཟེར་སྤྲོ་བསྡུས་དམིགས་པ་དང་བཅས། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲི་ལྦ་ག་རུ་ཎ་ཧཱུཾ་ཕཊ། ཅེས་བཟླ། རབ་འབྱམས་རྒྱལ་ཀུན་གསུང་གི་གསང་བའི་གནད། །འཛིན་མཛད་གསང་བདག་བསྒོམ་བཟླས་ལ་བརྩོན་པས། །དུག་གསུམ་རང་མདངས་གདོན་གསུམ་མཐར་བྱས་ནས། །སྨིན་གྲོལ་ལམ་བཟང་བགྲོ་པ་མཐར་ཕྱིན་ཤོག །ཅེས་བླ་མ་གསང་བདག་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ཡང་ཞྭ་སེར་བསྟན་པའི་གསལ་བྱེད་ཕ་མཐའ་བླ་མ་བློ་བཟང་ཆོས་རྒྱན་ཀྱི་བཀའ་སྩལ་ལྟར། ༸དབྱངས་ཅན་བཞད་པས་སྦྱར་པའོ།། །།
ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འདིར་རྒྱལ་བ་ཀུན་གྱི་བརྩེ་ཆེན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སྒོམ་བར་འདོད་པས་ཐོག་མར་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། མདུན་གྱི་ནམ་མཁར་འདབ་སྟོང་ཟླ་དཀྱིལ་སྟེང་། །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །རྣམ་པ་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞིའི་དང་པོ་ཐལ་སྦྱར་དང་། །ཐ་མའི་ཕྱག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་ཀླུབས། །གནས་གསུམ་རྡོ་རྗེ་གསུམ་མཚན་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་མ་ལུས་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བ་བསྐུལ། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །མཎྜལ་ཕུལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་སྦྱན་རས་གཟིགས་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པའི་རྐྱེན་གྱིས། མདུན་གྱི་བླ་མ་ལྷག་པའི་ལྷ་རང་ལ་ཐིམ། རང་ཉིད་བླ་མ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཧྲཱིཾཿ ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ཏེ་གཟུངས་རང་དང་ཡིག་དྲུག་ཅི་འགྲུབ་བཟླ། དེ་ནས། དགེ་བ་འདི་ཡིས་སོགས་བརྗོད། བླ་མའི་རྣལ་འབྱོར་མདོར་བསྡུས་འདི་ནི་དད་ལྡན་འགལ་ཞིག་གིས་བསྐུལ་བའི་ངོར། འདུ་གསུམ་པ་དབྱངས་ཅན་བཞད་པས་བྲིས།།
ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ། འདིར་བརྩེ་ཆེན་སྙིང་རྗེའི་རང་གཟུགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པ་ན། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སྤྲོས་བྲལ་གདེང་ནས་དག་པའི་མདུན་གྱི་མཁར། །འདབ་སྟེང་པད་ཟླར་རྩ་བའི་བླ་མ་དང་། །དབྱེར་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །གངས་ཀྱི་རྡུལ་བརྩེགས་རི་ཡི་དབང་བོ་བཞིན། །གཟི་འབར་མཚན་དཔེའི་དཔལ་ཀྱིས་མཛེས་པའི་སྐུ། །ཕྱག་བཞིའི་དང་པོས་ཐལ་སྦྱར་དེ་འོག་གཉིས། །ཤེལ་ཕྲེང་པད་དཀར་རྒྱན་དང་ན་བཟས་ཀླུབས། །སྐྱིལ་ཀྲུང་གིས་བཞུགས་གནས་གསུམ་ཡིག་འབྲུས་མཚན། །ས་བོན་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ། །སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་གྱུར། །ཡན་ལག་བདུན་པ་མཎྜལ་དང་བཅས་བརྒྱས་བསྡུས་ཅི་རིགས་ཕུལཏེ། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གང་མང་བརྗོད། དེ་ལྟར་གསོལ་བ་བཏབ་པས་བླ་མ་ལྷའི། །སྐུ་ལས་བདུད་རྩིའི་རྒྱུན་བབས་ལུས་ཀུན་གང་། །ཐོག་མེད་ནས་བསགས་སྡིག་སྒྲུབ་ཀུན་བྱང་སྟེ། །མཆོག་ཐུན་འདོད་དགུའི་དངོས་གྲུབ་ཐོབ་པར་གྱུར། །བླ་མ་སྤྱན་རས་གཟིགས་དབང་རང་ལ་ཐིམ། །རང་ཉིད་ལྷར་གསལ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་འཕྲོས་འཕགས་མཆོད་རིགས་དྲུག་སོ་སོ་ཡི། །སྡུག་བསྔལ་རྒྱུ་བཅས་མ་ལུས་བྱང་བར་གྱུར། །ཡིག་དྲུག་ཅི་མང་བཟླ། མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །
སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག །
ཅེས་སོགས་སྨོན་ལམ་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་དགེ་སློང་དག་རབ་དང་།ལུང་རྟོགས་གཉིས་ཀྱིས་བསྐུལ་བ་ལྟར། ༸དབྱངས་ཅན་བཞད་པས་བྲིས་པའོ།། །པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།