༄༅། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང༌། །མཁྱེན་པའི་རང་གཟུགས་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྙན་བརྒྱུད་མཛོད་འཛིན་འཇམ་དཔལ་རྒྱ་མཚོ་དང༌། །ཐུབ་བསྟན་གསལ་མཛད་བ་སོ་ཆོས་རྒྱལ་མཚན། །གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྡོ་རྗེ་ལ། །གསོལ་བ༌྾། །རྣལ་འབྱོར་དབང་ཕྱུག་བློ་བཟང་དོན་གྲུབ་དང༌། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་ཡེ་ཤེས་ཞབས། །རྗེ་བཙུན་བློ་བཟང་ཆོས་གྱི་རྒྱལ་མཚན་ལ། །གསོལ་བ༌྾། །མཚུངས་མེད་འདྲེན་མཆོག་སུ་དྷིའི་མཚན་ཅན་གཉིས། །ཐར་ལམ་གསལ་མཛད་བྱང་ཆུབ་དབང་རྒྱལ་སོགས། །སྤྱི་སྒོས་སྨོན་གྲོལ་བརྒྱུད་པའི་བླ་མ་ལ། །གསོལ་བ༌྾། །ཁྱབ་བདག་རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །ཨ་བྷ་ཡ་དང་དར་པཎ་མི་ཏྲ་སོགས། །སྤྱི་ཡི་སྨོན་གྲོལ་བརྒྱུད་བའི་བླ་མ་ལ། །གསོལ་བ༌྾། །ཛེ་ཏཱ་རི་དང་རྡོ་རྗེ་གདན་པ་གཉིས། །བ་རི་པ་དང་ས་ཆེན་ཡབ་སྲས་སོགས། །སྒོས་ཀྱི་སྨིན་གྲོལ་བརྒྱུད་བའི་བླ་མ་ལ། །གསོལ་བ༌྾། །རྒྱལ་བའི་ཡུམ་ཆེན་རྗེ་བཙུན་སྒྲོལ་མ་དང༌། །གནས་ལྔ་རིག་བ་པཎ་ཆེན་ངག་དབང་གྲགས། །མཁས་གྲུབ་ཆེན་པོ་མཉམ་མེད་གསེར་གླིང་བར། །གསོལ་བ༌྾། །ཕུལ་བྱུང་འཕྲིན་ལས་མཛོད་ཀྱི་སྒོ་ཕྱེས་ནས། །གངས་ཅན་རྨོངས་པའི་དབུལ་བ་སེལ་མཛད་པ། །ཐུགས་རྗེའི་གཏེར་ཆེན་མར་མེ་མཛད་སོགས་ལ༌྾། །གསོལ་བ༌྾། སྣང་མཐའི་སྒྱུ་འཕྲུལ་དཔལ་ལྡན་ཡེ་ཤེས་ཞབས། །རྒྱལ་སྲས་སྐལ་བཟང་ཐུབ་བསྟན་རྒྱ་མཚོ་དང༌། །མཁས་པའི་དབང་ཕྱུག་བློ་བཟང་ཕུན་ཚོགས་ལ། གསོལ་བ༌྾། སྨིན་གྲོལ་གདམས་པའི་ཆུ་བོ་གསུམ་གྱི་རྒྱུན། །ཟབ་ཡངས་ཐུགས་ཀྱི་འཛིན་མར་ཡོངས་འཁྱིལ་བ། །རྡོ་རྗེ་འཆང་དངོས་ངག་དབང་ཆོས་འཕེལ་ལ། །གསོལ་བ་྾། །མགོན་པོ་མཆོག་དེའི་མཐུ་བྱིན་ཉི་མའི་ཟེར། །སྙིང་དབུས་འདབ་བརྒྱའི་ལྟོ་བར་ཡོངས་འཁྱིལ་བ། །རྡོ་རྗེའི་སྲས་མཆོག་མཁྱེན་རབ་རྒྱ་མཚོ་ལ། །གསོལ་བ༌྾། །བདེ་ལྡན་ཞིང་མགོན་བཅོམ་ལྡན་ཚེ་མཐའ་ཡས། །རྣམ་པར་རྒྱལ་མ་ཡིན་བཞིན་འཁོར་ལོ་སོགས། །འཆི་མེད་དཔལ་སྟེར་ལྷག་པའི་ལྷ་རྣམས་ལ། །གསོལ་བ༌྾། །དེ་ལྟར་གསོལ་བ་བཏབ་པས་འགྲོ་ཀུན་གྱིས། །ཐུན་མོང་ལམ་གྱིས་རང་རྒྱུད་ལེགས་སྦྱངས་ནས། །མཚན་བཅས་མཚན་མེད་ལམ་བཟང་རིམ་བགྲོད་དེ། །བླ་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །སྨོན་ལམ་ནི། འཆི་མེད་དཔལ་སྟེར་ལྷག་བའི་ལྷ་རྣམས་ཀྱི། །བརྟེན་དང་བརྟེན་པའི་དཀྱིལ་འཁོར་ལེགས་བསྒོམས་ཤིང༌། ། མཆོད་བསྟོད་བཟླས་སོགས་འབད་པའི་ལེགས་བྱས་མཐུས། །འགྲོ་ཀུན་རྣམ་འདྲེན་གོ་འཕང་ཐོབ་གྱུར་ཅིག །རྟག་ཏུ་དལ་འབྱོར་ཚང་བའི་རྟེན་རྙེད་ཅིང༌། །ལྷག་པའི་ལྷ་ཡིས་དགེ་བའི་བཤེས་མཛད་ནས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་སོགས། །ཐུན་མོང་ལམ་གྱིས་བདག་རྒྱུད་སྨིན་པར་ཤོག །དེ་ནས་རྡོ་རྗེ་ཐེགས་པའི་སྒོར་ཞུགས་ནས། །རྣམ་དག་དབང་གིས་བདག་རྒྱུད་ལེགས་སྨིན་ཅིང༌། །མཚན་བཅས་མཚན་མེད་ལམ་བཟང་སྣོད་གྱུར་ཏེ། །ཁས་བླང་དམ་ཚིག་ཚུལ་བཞིན་སྲུང་བར་ཤོག །སྔགས་རྒྱས་བདག་དང་གནས་སོགས་ལེགས་བསྲུངས་པའི། །རྣལ་འབྱོར་བསྒོམ་པའི་འགལ་རྐྱེན་ཀུན་སེལ་ཞིང༌། །ཚོགས་ཀྱི་ཞིང་ལ་བསོད་ནམས་ཚོགས་བསགས་པས། །མཐུན་རྐྱེན་མཐའ་དག་ཡོངས་སུ་རྫོགས་པར་ཤོག །མེ་དང་སྒྲ་ལ་གཞོལ་བའི་བསམ་གཏན་གྱིས། །
མཚན་མ་དང་བཅས་རྣལ་འབྱོར་མཐར་ཕྱིན་ཅིང༌། །མཚན་མེད་སྤྲོས་དང་བྲལ་བའི་ཤེས་རབ་ཀྱིས། །མ་རིག་འཁྲུལ་བའི་དྲ་བ་གཅོད་པར་ཤོག །རྣམ་ཞིག་འདི་སྣང་འགག་ཚེ་སྣང་མཐའ་ཡས། །འཁོར་དང་བཅས་བའི་འཛུམ་ཞལ་མངོན་གྱུར་ནས། །ས་མཁན་མཛད་ནས་བདེ་ལྡན་ཞིང་མཆོག་ཏུ། །སྐྱེས་ནས་རྒྱལ་རྣམས་མཆོད་པས་མཉེས་བྱེད་ཤོག །དེ་ནས་གདམ་དང་རྗེས་བསྟན་བདུན་རྩིའི་བཅུད། །མྱང་བས་རྒྱལ་སྲས་སྤྱོད་པ་མཐར་སོན་ཏེ། །སྐུ་གསུམ་གོ་འཕང་བརྙེས་ནས་ལུས་ཅན་ཀུན། །རང་མིན་སྲིད་ཞིའི་འཇིགས་ལས་སྒྲོལ་གྱུར་ཅིག །།ཤིས་བརྗོད་ནི། རྨད་བྱུང་མཐའ་བྲལ་ཕྱོགས་ཀྱི་འཁོར་ལོའི་ཁྱོན། །མཚམས་སྤྲིན་གསར་བའི་རྩེ་དགས་འཁྱུད་པ་བཞིན། །འཆི་མེད་བདུད་རྩིའི་ཆར་རྒྱུན་འབུམ་འཇོ་བའི། །དངོས་གྲུབ་སྩོལ་མཛད་ལྷག་བའི་ལྷ་རྣམས་ཀྱིས། །ཁ་ཅིག་ཆུ་སྐྱེས་གསར་བའི་ཆར་རྒྱུན་སྒྲེང༌། །འགའ་ཞིག་གདངས་སྙན་རོལ་མོའི་འགྱུར་ཁུག་སྒྲོགས། །ལ་ལས་ངོ་མཚར་གར་གྱི་རོལ་བ་སྟོན། །ཁྲོ་གཏུམ་རྔམ་པའི་ཁྲོ་པོའི་ཚོགས་རྣམས་ཀྱིས། །གེགས་དཔུང་འཇོམ་པའི་རྡོ་རྗེའི་ཟེགས་མ་འཕྲོ། །ཕུན་ཚོགས་མ་ཚང་མེད་པའི་དཔལ་ཡོན་གྱིས། །ཤིས་པ་བརྗོད་ལ་ཀུན་དགའ་བསྐྱེད་ཅིག་དང༌། །བཀྲ་ཤིས་གདངས་སྙན་བདག་གིས་བརྗོད་པར་བྱ། །གང་གི་མཚན་སྙན་ཆུ་འཛིན་གླལ་བའི་དབྱངས། །སྐལ་བཟང་མདོངས་མཐའི་རྣ་བར་འཕོས་བའི་མོད། །ཚེ་དང་ཡེ་ཤེས་དགའ་བ་རྒྱས་མཛད་པ། །འཆི་མེད་དཔལ་སྟེར་ལྷ་རྣམས་ལ་ཕྱག་འཚལ། །དཀྱིལ༌འཁོར་རྒྱ་མཚོའི་བདག་པོ་ནས་བཟུང་སྟེ། །རྡོ་རྗེ་འཛིན་པ་ངག་གི་དབང་པོའི་བར། །སྤྱི་དང་སྒོས་ཀྱི་སྨིན་གྲོལ་གདམས་པའི་རྒྱུན། །འཛིན་མཛད་རྩ་བ་བརྒྱུད་པའི་བླ་མ་ལ། །ལེགས་ཚོགས༌྾ཁྱེད་ཀྱི༌྾བདེ་ལེགས༌྾ཕུན་ཚོགས༌྾། རླབས་ཆེན་མཐུན་བྱིན་འོད་ཟེར་འབུམ་བགྱེད་པས། །དུས་མིན་འཆི་བའི་སྨག་རུམ་མཐར་བྱས་ནས། །ཚེ་དཔལ་པདྨོའི་དགའ་ཚལ་རྒྱས་མཛད་པ། །དངོས་གྲུབ་མཆོག་སྩོལ་ཚེ་ལྷ་རྣམས་གསུམ་ལ། །ལེགས་ཚོགས༌྾ཁྱེད་ཀྱི༌྾བདེ་ལེགས༌྾ཕུན་ཚོགས༌྾ །རྣམ་འདྲེན་ཞལ་གྱི་བུམ་བཟང་ལས་འོངས་བའི། །མཚན་བརྒྱ་པ་དང་གཟུངས་དང་རྟོགས་པ་དང༌། །མཚན་བཅས་མཚན་མེད་རྣལ་འབྱོར་ལ་སོགས་པ། །ལུང་དང་རྟོགས༌པའི་དམ་བའི་ཆོས་རྣམས་ལ། །ལེགས་ཚོགས༌྾ཁྱེད་ཀྱི༌྾བདེ་ལེགས༌྾ཕུན་ཚོགས༌྾ །མཆོག་གསུམ་བྱིན་རླབས་སྦྲང་ཆར་འབུམ་འཇོ་བས། །དྲི་མེད་བློ་གྲོས་ཞིང་ས་གཤིན་པོ་ལ། །བཤད་སྒྲུབ་སྙེ་མ་གཡུར་དུ་ཟ་བ་ཡི། །མཐའ་གླས་ཞིང་གི་དགེ་འདུན་དཀོན་མཆོག་ལ། །ལེགས་ཚོགས༌྾ཁྱེད་ཀྱི༌྾བདེ་ལེགས་྾ཕུན་ཚོགས༌྾ །ནམ་མཁའི་ཁྱོན་ལྟར་སོགས་བརྗོད། ཅེས་ཚེ་ལྷ་རྣམ་གསུམ་གྱི་སྟོང་མཆོད་ཀྱི་ཆོ་གའི་ཡན་ལག་ཏུ་བླ་རྒྱུད་སྨོན་ཤིས་དང་བཅས་པ་ལྔ་སྐྱེས་སྒྲ་དབྱངས་ཞེས་བྱ་བ་འདི་ནི། །དད་ལྡན་བླ་མ་དཀོན་མཆོག་སྨོན་ལམ་གྱི་ལན་གྲངས་དུ་མར་བསྐུལ་བའི་ངོ་མ་བཟློག་བར། ྋདབྱངས་ཅན་བཞད་བས་བྲིས༌པ་ཛ་ཡནྟུ།། །།
རྒྱ་གར་སྐད་ཏུ། ཨུ་ཥྞཱི་ཥ་བི་ཛ་ཡ་སྟོདྟྲ་ནཱ་མ། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་མ་ལ་སྟོད་པ་ཞེས་བྱ་བ། རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་ཀྱི་སྤྲུལ་བ་ལས་། །བྱུང་བའི་ལྷ་མོ་ཡེ་གེས་སྐུ། །ཚེ་དང་ཡེ་ཤེས་མངའ་བརྙེས་བའི། །རྣམ་པར་རྒྱལ་མའི་ཞབས་ལ་འདུད། །གཙོ་མོ་བཅོམ་ལྡན་འདས་མ་ནི། །པུཎྚ་རི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆ་བཅས། །རིན་ཆེན་སྣ་ཚོགས་མཛེས་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ལྗང་སྔོ། །ཁྲོ་མོའི་ཆ་ལུགས་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང༌། །པད་སྡོང་རྒྱལ་བ་འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱའོ། །གཡོན་པ་སྡིག་མཛུབ་ཞགས་པ་དང༌། །གཞུ་དང་མི་འཇིགས་ཕྱག་རྒྱ་ཅན། །བུམ་བ་དག་གིས་ལེགས་པར་བརྒྱན། །བཻ་རོ་ཙ་ནའི་དབུ་རྒྱན་ཅན། །སྟོད་གཡོགས་ལྷ་ཡི་ན་བཟའ་བྱས། །བློ་དང་ཚེ་འཕེལ་མཛད་པ་མོ། །བུ་རའི་ནང་ན་ལེགས་བཞུགས་བའི། །བཅོམ་ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱོན་མ་གོས། །གཡོན་ན་པདྨ་གཡས་པ་ན། །རྔ་ཡབ་འཛིན་ལ་ཕྱག་འཚལ་ལོ། །གཡོན་གྱི་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་ན་རྔ་ཡབ་མཛེས་བརྒྱན་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །ཁྲོ་བོའི་རྒྱལ་བོ་བཞི་བོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་མགོན། །སྔོ་སངས་ཕྱག་ན་རལ་གྲི་བསྣམས། །གཡོན་པ་སྡིག་མཛུབ་སྐྲ་བརྫེས་བ། །རིན་ཆེན་སྦྲུལ་དང་དར་གྱིས་བརྒྱན། །གཡོན་བསྐྱང་བ་ཡི་གནས་བའི་གནས། །མ་རུང་འདུལ་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་འདོད་པའི་རྒྱལ་བོ་ནི། །སྔོ་སངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུང་འདུལ་བའི་རྒྱན་ཆ་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་དབྱུགས་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་བ་ན། །དབྱུག་ཐོ་གཡོན་པ་སྡིག་མཛུབ་མཛད། །སྔོ་སངས་བདུད་འདུལ་ཁྱོད་ལ་བསྟོད། །ཁྲོ་བོ་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་ཕྱག་གཉིས་པ། །གཡོན་པ་སྡིག་མཛུབ་གཡས་གྲི་གུག །བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད། །ཀུན་ཀྱང་སྦྲུལ་དང་དར་གྱིས་བརྒྱན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །པདྨ་ཉི་མའི་གདན་ལ་བཞུགས། །བདུད་བཞི་འཇོམས་མཛད་ཕྱག་འཚལ་ལོ། །སྟེང་གི་ཕྱོགས་ན་མཛེས་པ་ནི། །གནས་གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་བརྒྱན་དང་ན་བཟའ་མཛེས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆར་འབེབས་འགྲོ་རྣམས་ཀྱི། །ཉོན་མོངས་མེ་རྣམས་ཞི་མཛད་ཅིང༌། །ཚོགས་གཉིས་མ་ལུས་རྫོགས་མཛད་པའི། །དག་པའི་སྐུ་ལ་ཕྱག་འཚལ་ལོ། །གང་ཞིག་ནངས་པར་སྔར་ལངས་ནས། །བསྟོད་པ་འདི་རྣམས་དུས་ཀུན་དུ། །འཁོར་དང་བཅས་ལ་བསྟོད་བྱས་ནས། །བློ་དང་ཚེ་རྣམས་འཕེལ་བར་འགྱུར། །གུས་པ་ཉིད་ཀྱིས་སྔར་ལངས་ཤིང༌། །རྩེ་གཅིག་སེམས་ཀྱིས་བསྟོད་བྱས་ན། །དཔལ་དང་འབྱོར་བའི་དངོས་གྲུབ་སྟེར། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་བའི་སངས་རྒྱས་མྱུར་ཐོབ་ཤོག། །།རྣམ་པར་རྒྱལ་མའི་བསྟོད་པ་སློབ་དཔོན་ཙནྡྲ་གོ་མས་མཛད་པ་རྫོགས་སོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།