༄༅། །ན་མོ་གུ་རུ་ཨཱ་ཡུ་རྡ་ཤི་ཏ་དེ་བོ་ཏྟ་ར་བི་ཏྲ་ཡ་བྷིཿ སིདྡྷི་ལ་ཀྵྨཱི་ཡཙྪནྟུ། རྣམ་འདྲེན་རྒྱལ་བ་ཀུན་གྱི་གསང་བ་གསུམ། །གཅིག་བསྡུས་མཚན་དཔེའི་རི་མོར་ཡོངས་སྨིན་པ། །བླ་མ་ཚེ་ཡི་ལྷ་མཆོག་རྣམ་གསུམ་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་དང་འདིར་སྩོལ། །གང་གི་བྱིན་རླབས་བདུན་རྩིའི་གཟེགས་མ་ཡིས། །དུས་མིན་འཆི་བདག་གཡུལ་ངོ་གཏན་བཅོམ་ནས། །རླབས་ཆེན་ཚེ་བསོད་ནམ་མཁའ་མཛོད་ཀྱི་སྒོ། །འབྱེད་པའི་ཐབས་མཆོག་ཆོ་ག་བྲི་བར་བྱ། །དེ་ལ་འདིར་འཆི་མེད་དཔལ་སྟེར་ལྷག་པའི་ལྷ་མཆོག་རྣམ་གསུམ་ལ་སྟོང་མཆོད་ཕུལ་ཏེ། ཚེའི་དངོས་གྲུབ་ཞུ་བའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྒྲུབ་པ་བོ་རྣམས་དགེ་ཚུལ་སློང་གི་སྡོམ་པ་དང་ལྡན་པས་ལྷག་པའི་ལྷ་འདི་རྣམས་ཀྱི་དབང་དང་རྗེས་གནང་སོགས་ལེགས་པར་མནོས་ཞིང་། དམ་ཚིག་བསྲུང་བ་ལ་བརྩོན་པ་དག་གིས། གཟའ་སྐར་ཕུན་སུམ་ཚོགས་པར་གནས་ཁང་བྱི་དོར་བྱས་ཏེ། ཉམས་དགའ་བའི་གནས་སུ་སྟེགས་མཐོན་པོའི་ཁར་པདྨ་འདབ་བརྒྱད་བྲིས་བའི་བུམ་གདན་གྱི་སྟེང་དུ་བུམ་པ་ཚད་ལྡན་གྱི་ནང་དུ་བྱ་རྒྱུད་ཀྱི་བུམ་རྫས་ཉེར་ལྔ་དང༌། ཚེ་རིལ་བཏབ་པའི་ཆུ་གཙང་མས་སུམ་གཉིས་བཀང་བའི་སྟེང་གི་ཆར། ཚེ་ལྷ་རྣམ་གསུམ་གྱི༌སྐུ་རབ་གནས་ཅན་དང༌། གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ་པའི་སྟེང་དུ་བླ་བྲེ། གདུགས། རྒྱལ་མཚན། བ་དན། མེ་ཏོག་གི་ཕྲེང་བ་སོགས་ཀྱིས་མཛེས་པར་བརྒྱན། དེ་ཡང་རྗེ་བཙུན་ཆོས་ཀྱི་ཉི་མས། སྟོང་མཆོད་ཀྱི་གོ་དོན། མཆོད་གཏོར་གཟུངས་སྔགས་ཕྱག་བསྐོར་རྣམས་རེ་རེ་ནས་སྟོང་གི་གྲངས་ལྡན་བྱེད་པ་ལ་ཟེར་བ་ཡིན། ཞེས་གསུངས་བ་ལྟར། འབྱོར་ན་ཆུ་གཉིས་ཉེར་སྤྱོད་རྣམས་སྟོང་རེ་ཚང་བ་བྱུང་ན་ལེགས། གལ་ཏེ་མ་འབྱོར་ན་ཆུ་གཉིས་ཉེར་སྤྱོད་ཚར་གང་ལྕོགས་དང༌། མར་མེ་དང༌། ལྷ་བཤོས་སྟོང་རེ། མ་མཐའ་ཡང་ཚེའི་རྟེན་འབྲེལ་ཡིན་པས་ལྷ་བཤོས་སྟོང་ཚང་བར་བྱ་གསུངས། དེ་བཞིན་དུ། ཅི་འདྲ་བ་ཡི་ལས་བྱས་པར། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན། ཞིང་ཁྱད་པར་ཅན་ལ་དངོས་པོ་གང་ཕུལ་ཡང་རྟེན་འབྲེལ་གྱིས་དེ་ཉིད་དངོས་གྲུབ་ཀྱི་ཐོག་མར་འབྱུང་བར་གསུང་པས། འདིར་ཡང་ཚེའི་རྫས་ཕུལ་ན་ཚེའི་དངོས་གྲུབ་འབྱུང་བའི་གནད་ཁྱད་པར་ཅན་ཡོད་པས། སྨན་གཞུང་ལྟར། ཅོང་ཞི། བྲག་ཞུན། རམ་ཉེ། དབང་ལག །བུ་རམ། སྦྲང་རྩི་སོགས་བཅུད་ལེན་གྱི་རྫས་དང༌། མེ་ཏོག་སྣ་ཚོགས་ཀྱི་ཕྱེ་མ། སྙིང་བོ་ལྔ་དང༌། བཟང་དྲུག་སོགས་བསྲེས་བའི་རིལ་བུ་སྟོང་ཡང་ཚང་ངེས་བྱ།ཤར་དུ་མདུན་བསྐྱེད་ཀྱི་ལྷ་ལ་འབུལ་རྒྱུའི་གཏོར་མ་བྱ་རྒྱུད་བུམ་རྫས་དང༌། སྙིང་པོ་ལྔ། དཀར་གསུམ་མངར་གསུམ་སོགས་བསྲེས་བའི་ཟླུམ་གཏོར་པད་འདབ་བཞི་ཅན་རིལ་བུས་བསྐོར་བ་དང༌། ལྷོར་ཡི་དྭགས་ཀྱི་གཏོར་མ་མ་གཏོགས་པའི་ཆ་གསུམ་བཤམས། སྐབས་འདིར་ཡི་དྭགས་ཀྱི་གཏོར་མ་མི་གཏོང་བའི་རྒྱུ་མཚན་ནི། ཡི་དྭགས་ནི་བསོད་ནམས་ཤིན་ཏུ་དམན་པས། རྟེན་འབྲེལ་ཁྱད་པར་ཅན་གྱི་ཚེ་དངོས་གྲུབ་སྒྲུབ་པའི་རྟེན་འབྲེལ་ལ་ཅུང་ཟད་འཛེམ་ཏེ། སྐབས་འདིར་དེའི་གཏོར་མ་མཇུག་ཏུ་མི་སྦྱོར་བ་ཕྱག་ལེན་ཡིན་གསུངས། གཞན་ཞིག་ཏུ་གཏོར་རིལ་སྟོང་དང་དེ་བཤམས་པའི་སྣོད། ཐུན་རྗེས་མའི་ཁྲུས་གསོལ་གྱི་སྐབས་སུ་དགོས་པའི་ཡོ་བྱད་སྒྲུབ་པ་བོ་རྣམས་ཀྱི་མདུན་དུ་འཐོར་འབྲུ། ཏིང་ཤག་དང་རོལ་མོ་སོགས་ལེགས་པར་བཤམས། མཆོད་གཏོར་རྣམས་གཙང་སྦྲ་དང་ལྡན་པའི་སྒོ་ནས་མཐོང་བ་རྒྱུད་ཀྱི་ཕྱག་ལེན་ལྟར་བཟོ་བཤམས་གང་ལེགས་བྱ། ཤ་ཆང་སྒོག་རིགས་ཏིལ་མར་ལ་ཕུག་ཐ་མ་ཁ་སོགས་སྤངས་ཤིང༌། ཁྲུས་དང་གཙང་སྤྲ་ལ་གནས་པས། རབ་བྱུང་ན་ཐོ་རངས་དུས་ལས་མ་ཡོལ་པར་ཐེག་ཆེན་གསོ་སྦྱོང་བླངས་ནས་ཟས་གདན་གཅིག་བྱས་ན་ཤིན་ཏུ་ལེགས་སོ། །གཉིས་བ་དངོས་གཞི་ལ། བདག་སྐྱེད་ལ་བརྟེན་ནས་བཟླས་པ་བྱ་བ་དང༌། མདུན་བསྐྱེད་སྟོང་མཆོད་ཀྱི་ཚུལ་དུ་ཚེའི་དངོས་གྲུབ་ཞུ་བའི་རིམ་པ་གཉིས་ལས། དང་པོ་ལ། སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་གསུམ་མམ་བདུན་གྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱི་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། སེམས་བསྐྱེད་ནི།
སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེའི་ལྷ་མཆོག་རྣམ་པ་གསུམ་གྱི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ་བརྗོད། སྤྲོ་ན་མཚམས་འདིར་བླ་བརྒྱུད་གསོལ་འདེབས༌བྱ། དེ་ནས་ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས། བདེ་བ་ཅན་དང་གཡུ་ལོ་བཀོད་པ་སོགས་དང༌། རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་ཚེའི་ལྷ་རྣམ་པ་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿ ཨཱཡུར་དེ་ཝ་བི་ཏྲ་ཡ་ས་པ་རི་ཝཱ་ར་བྷྱཿ ཞེས་བས་ཕྱག་བྱ། ཨོཾ་གུ་རུ་ཨཱ་ཡུར་དེ་ཝ་བི་ཏྲ་ཡ་ས་པ་རི་ཝཱ་ར་ཨᨗ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཐོག་མཐའི་སྔགས་འདྲ་ལ༌པཱདྱཾ་ནས་ཤཔྟའི་པར་བཅུག་པས་མཆོད། བླ་མ་མཆོག་གསུམ་ཐམས་ཅད་དང༌། །བཅོམ་ལྡན་ཚེ་ལྷ་རྣམ་གསུམ་ལ། །བྱང་ཆུབ་སྙིང་པོའི་བར་དུ་ཡང༌། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །བདག་གིས་བགྱིས་དང་བགྱིད་འགྱུར་གྱི། །སྡིག་ལྟུང་ཐམས་ཅད་སོ་སོར་བཤགས། །སྐྱེ་འཕགས་ཀུན་གྱིས་དུས་གསུམ་དུ། །བསགས་པའི་དགེ་ལ་རྗེས་ཡི་རང༌། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་བའི་དོན་ཕྱིར་སྲིད་མཐའི་བར། །མྱ་ངན་མི་འདའ་རྟག་བཞུགས་གསོལ། །དགེ་བ་སེམས་ཅན་ཀུན་དོན་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་པས་ཡན་ལག་བདུན་པ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཡོ་གའི་རྒྱུད་ནས་གསུངས་པ་འདིས་ཚད་མེད་བཞི་བསྒོམ། ཚོགས་ཞིང་རྣམས་རང་ལ་ཐིམ༌པས་བྱིན་གྱིས་བརླབས་པར་གྱུར་བར་བསམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷ་རྨ་སྭ་བྷཱ་ཝ་ཤུདྡྷོ་ཉ་ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿ དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་ཚེའི་བར་ཆད་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་བྱུ་རུའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པ་ལྟར་དམར་ཞིང་གསལ་བ། ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་ཞིང༌། ལང་ཚོ་དར་ལ་བབས་པ། གནག་ལ་སྣུན་པའི་དབུ་སྐྲ་རལ་བའི་ཐོར་ཚུགས་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། རླུང་གི་རྒྱལ་མཚན་ལྟར་བཀྲ་བའི་ལྷ་རྫས་ཀྱི་གོས་ཀྱི་སྟོད་གཡོགས་དང༌། དར་དམར་བོའི་ཤམ་ཐབས་མནབས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སོ་མོ་དོ་ལ་སོགས་པའི་རྒྱན་ཐམས་ཅད་གྱིས་བརྒྱན་ཅིང༌། མཚན་དཔེས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་བའི་ཐུགས་ཀ་ནས་བྷྲཱུཾ་ཡིག་གཅིག་ཆད་དེ་གཡས་ཕྱོགས་སུ་པདྨ་དང་ཟླ་བའི་གདན༌ལ་བབས་པ་ལས། གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་སྟོན་གའི་ཟླ་བ་ལྟར་དཀར་བ། ཞལ་གསུམ་ཕྱག་བརྒྱད་མ། རྩ་བའི་ཞལ་དཀར། གཡས་སེར། གཡོན་སྔོ་ཞིང་ཅུང་ཟད་ཁྲོས་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀརའཛིན་པ། གཉིས་པས་པད་དཀར་གྱི་སྟེང་ན་འོད་དཔག་མེད། གསུམ་པས་མདའ། བཞི་བས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་སྡིགས་མཛུབ་དང་བཅས་པས་རྡོ་རྗེའི་ཞགས་པ། གཉིས་པས་གཞུ། གསུམ་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ།བཞི་བས་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་འཛིན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དཀར་པོའི་ཕྲེང་བས་བསྐོར་པའོ། །ཡང་གཙོ་བོའི་ཐུགས་ཀ་ནས་ཏཱཾ་ཡིག་གཅིག་ཆད་དེ་གཡོན་ཕྱོགས་སུ་པདྨ་དང་ཟླ་བའི་གདན་ལ་བབས་པ་ལས། འཕགས་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་གསལ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་ཕྱེ་བ། གཡས་འབྲས་བུ། གཡོན་གང་བུའི་རྣམ་པར་ཡོད་པ། དབུ་སྐྲ་མཐོན་མཐིང་རལ་བའི་ཟུར་ཕུད་ལྟག་པར་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། ནུ་འབུར་རྒྱས་ཤིང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། དར་དམར་པོའི་ཤམ་ཐབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ། ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན་ནོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་དང་ཧྲཱཾཿ བྷྲཱུཾ་ཏཱཾ་ཡིག་རྣམས་ཀྱིས་མཚན་པ། དེ་དག་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་དང༌། བདེ་ལྡན་ཞིང་དང༌། གཡུ་ལོ་བཀོད་པའི་ཞིང་སོགས་ནས་ཚེའི་ལྷ་མཆོག་རྣམ་པ་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཞེས་བས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་ཚེ་དཔག་མེད་རེ་རེས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསེལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨᨗ་སྭཱཧཱ། ཞེས་པ་ནས། ཤཔྟ་སྭཱ་ཧཱའི་བར་ཀྱིས་བྱ་རྒྱུད་ལྟར་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ཨོཾ་གུ་རུ་ཨཱ་ཡུར་དེ་ཝ་བི་ཏྲ་ཡ་ས་པ་རི་ཝཱ་ར་ཨᨗ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱའི་བར་གྱིས་མཆོད། མེ་ལོང་གཅིག་ལ་རབ་འབྱམས་གཟུགས་སྣང་བཞིན། །རྒྱལ་ཀུན་ཐུགས་རྗེ་བྱིན་རླབས་གཅིག་བསྡུས་ནས། །ཚེ་ཡི་ལྷ་མཆོག་གསུམ་གྱི་རྣམ་རོལ་བའི། །ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། ། ཞེས་པས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ་ཅི་ཙམ་གནས་ཀྱི་བར་མཉམ་པར་བཞག །དེ་ནས། ལྷ་རང་རང་གི་ཐུགས་ཀའི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་དང་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་ལྷ་དང་དྲང་སྲོང་རྣམས་ཀྱི་ཐུགས་ཀ་ནས་འཆི་མེད་ཚེའི་དངོས་གྲུབ་དང་འཇིག་རྟེན་ཁམས་ཀྱི་རྩི་བཅུད་དང་བཀྲག་མདངས་མཐའ་དག་བསྡུས་པ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་བས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་བསམ་ལ། བཟླ་བྱའི་སྔགས་ནི། ཚེ་དཔག་མེད་ལ་སྙིང་པོ་དང་གཟུངས་རིང༌། རྣམ་རྒྱལ་མ་ལ་གཟུངས་རིང་། སྒྲོལ་མ་ལ་སྤེལ་ཚིག་སྦྱར་བ་དང་མ་སྦྱར་བའི་ཡི་གེ་བཅུ་བ་སྟེ། འདི་རྣམས་ཅི་ནུས་རེ་བཟླའོ། །རྒྱས་པར་སྦྲོ་ན། ཚེ་དཔག་མེད་ལ་གྲུབ་རྒྱལ་ཚེ་སྒྲུབ་ལས་འབྱུང་བ་ལྟར། ཡར་བ་འགུགས་པ། ཉམས་པ་གསོ་བ། ཚེ་བསྟིམ་པ་རྣམས་བྱ། རྣམ་རྒྱལ་མ་ལ་སྟོང་མཆོད་ཀྱི་ཆོ་ག་ནས་འབྱུང་བ་ལྟར་གྱི་སྔགས་ཕྲེང་འགོད་པ་དང༌། སྒྲོལ་མ་ལ་འཁོར་ལོ་མུ་ཁྱུད་སུམ་རིམ་དང༌། གུར་ཁྱིམ་དྲུག་སྦྲགས་སོགས་གཞན་ནས་འབྱུང་བ་ལྟར་བསྒོམ་ནས་ཡི་གེ་བཅུ་བའི་རྗེས་སུ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་བཟླ། གང་ལྟར་ཡང་བཟླ་བའི་མཐར་ཡིག་བརྒྱ་དང༌། མཆོད་བསྟོད་གོང་བཞིན་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་ཡི་ལྷ་མཆོག་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་བསྔོ་སྨོན་བྱའོ། །གཉིས་བ་མདུན་བསྐྱེད་སྟོང་མཆོད་ལ་བརྟེན་ནས་ཚེའི་དངོས་གྲུབ་ཞུ་བ་ནི། མདུན་ཀྱི་བུམ་པ་སྟེང་གི་ལྷ་དང་བཅས་པ་ལ་དམིགས་ཏེ། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱཾཿ ཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་ཚེའི་བར་ཆད་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བ་ནས། ཚེའི་ལྷ་མཆོག་རྣམ་པ་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཞེས་བའི་བར་བདག་བསྐྱེད་ཀྱི་སྐབས་བཞིན་བྱས་ལ། ཏིང་ཤག་བརྡུང་ཞིང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ། ཞེས་སོགས་ཤོ་ལོ་ཀ་གསུམ་གྱི་མཐར། ཨོཾ་གུ་རུ་ཨ་ཡུར་དེ་ཝ་བི་ཏྲ་ཡ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ༌྾ཨཱཿ ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཚེ་དཔག་མེད་རེ་རེས་དབུ་བརྒྱན་པར་གྱུར། མཆོད་པ་གོང་བཞིན་བྱིན་གྱིས་བརླབ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་ཝ་བི་ཏྲ་ཡ་ས་པ་རི་ཝཱ་ར་ཨᨗ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། དེ་བཞིན་དུ། ཞབས་བསིལ་སོགས་ལ་ཚིགས་བཅད་དང་སྔགས་འདོན་པ་བསྒྱུར་ཏེ། ཤཔྟའི་བར་གྱིས་སྔགས་དང༌། བྱ་རྒྱུད་ལྟར་གྱི་ཕྱག་རྒྱ་དང་བཅས་ཏེ་འབུལ། སྣོད་བཅུད་འཇིག་རྟེན་སྙིང་པོའི་བཅུད་བསྡུས་པ། །འཆི་མེད་བདུད་རྩི་སྨན་དང་བཅུད་ལེན་རྫས། །ལེགས་པར་སྦྱར་བའི་ཟས་མཆོག་འདི་འབུལ་གྱི། །ཚེ་དཔལ་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་སརྦ་བིད་པཱ་ར་པཱ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྤ་ར་ཎ་ཁཾ། ཞེས་བཅུད་ལེན་གྱི་རིལ་བུ་འབུལ། འདི་སྟོང་མཆོད་དངོས་ཀྱི་སྐབས་སུ་འབུལ་ཐུབ་ན་ཕུན་སུམ་ཚོགས་པར་འགྱུར་རོ། །བསྟོད་པ་རྒྱས་པར་སྤྲོ་ན་ཚེ་དཔག་མེད་ལ་ཉི་གཞོན་འཆར་ཁ་མ་དང༌། རྣམ་རྒྱལ་མ་ལ་ས་གསུམ་འགྲོ་བའི་རེ་སྐོངས་མའམ་བསྟོད་པ་གཞན་གང་རིགས་དང༌། སྒྲོལ་དཀར་ལ་འཁོར་བ་ལས་སྒྲོལ་མ་ཡོངས་རྫོགས་ཀྱིས་བསྟོད་པ་བྱ། བསྡུ་ན། མེ་ལོང་གཅིག་ལ་རབ་འབྱམས་གཟུགས་སྣང་བཞིན། །ཞེས་སོགས་ཀྱིས་བསྟོད། དེ་ནས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། བདག་ཅག་དཔོན་སློབ་ཡོན་མཆོད་དང་བཅས་བའི་ཚེ་ཡར་བ། འཐོར་བ། ཉམས་ཆགས་སུ་གྱུར་བ། འབྱུང་བོ་མི་མ་ཡིན་གྱིས་འཕྲོག་བ། བརྐུས་པ། ཁྱེར་བ། གཞན་གྱིས་རྫས་སྔགས་ཀྱི་ནུས་པས་སྦས་པ། བཅིངས་པ། མནན་པ་ལ་སོགས་པ་ཐམས་ཅད་བུམ་པ་བདུད་རྩིས་གང་བའི་རྣམ་པ་དང༌། འབྱུང་བ་ལྔའི་བཅུད་རྣམས་འོད་དང་བདུད་རྩི་ཁ་དོགས་ཚོགས་པའི་རྣམ་པ་དང༌། འཇིག་རྟེན་ཆེ་དགུ་སོགས་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་བསོད་ལེགས་ཚོགས་གང་མཆིས་རྣམས་བཀྲ་ཤིས་རྫས་རྟགས་ཀྱི་རྣམ་པ་དང༌། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་རྣམས་ལ་ཐིམ། དེ་དག་ལས་བདུད་རྩིའི་རྒྱུན་བབས་པས། སྐུ་ལུས་ཀྱི་ནང་ཐམས་ཅད་དང༌། འོག་གི་བུམ་པ་ཡོངས་སུ་གང༌། བདུད་རྩིའི་གཟེགས་མས་རང་དང་བསྒྲུབ་བྱ་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང་བས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་བར་བསམ། དེ་ནས་ལྷ་ཚོགས་རྣམས་ཡིད་ངོར་འཆར་བར་བྱས་ཏེ། ཐལ་མོ་སྦྱར། མགོ་དུད་པ་དང་བཅས་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་ར་མེ་ཏ་྾྾྾མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦྦ་ཏྲཻ་ལོ་ཀྱ༌྾྾྾ཨཱ་ཡུ་རྡ་ཏེ་སྭཱཧཱ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ལ་སྐབས་བབས་ཀྱི་སྤེལ་ཚིག་སྦྱར་བའི་གཟུངས་གསུམ་ཀ་སྤེལ་ནས། བསྐོར་བ་རེ་དང་སྦྲགས་ཏེ་རྟེན་གྱི་མདུན་ངོས་སུ་སླེབས་པ་དང༌།ཨོཾ་གུ་རུ་ཨཱ་ཡུར་དེ་ཝ་བི་ཏྲ་ཡ་ས་པ་རི་ཝཱ་ར་ཨᨗ་སོགས་ཀྱིས་མཆོད་པ་འབུལ། སྣོད་བཅུད་འཇིག་རྟེན་སོགས་ཀྱིས་བཅུད་ལེན་གྱི་རིལ་བུ་འབུལ། དེ་ནས་ཕྱག་འཚལ་བཞིན། མེ་ལོང་གཅིག་ལ་ཞེས་སོགས་གྱིས་བསྟོད།དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །དཔག་ཡས་ཚེ་དང་ཡེ་ཤེས་མཆོག་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་བས་འདོད་དོན་ལ་གསོལ་བ་བཏབ་སླར་ཡང་གཟུངས་དང་བསྐོར་བ་མཆོད་བསྟོད་ཕྱག་དང་འདོད་གསོལ་རྣམས་སྔར་བཞིན་བྱས་ཏེ་སྟོང་གི་གྲངས་འགྲོ་ངེས་བྱ།ཕྱག་དང་བསྐོར་བ་སྒྲུབ་པ་བོ་རྣམས་ཀྱིས་མ་ལྕོག་ན་གཞན་ལ་བྱེད་དུ་བཅུག་ཀྱང་རུང་བར་ཐུའུ་བཀྭན་རིན་པོ་ཆེས་གསུངས་སོ། །ཐུན་གྲོལ་ཁའི་གཟུངས་ཐ་མའི་མཇུག་ཏུ་ཕྱག་འཚལ་ཏེ་གདན་ལ་འཁོད་ནས་མཆོད་བསྟོད་དང༌། འོག་ནས་འབྱུང་བ་ལྟར་འདོད་དོན་ལ་གསོལ་བ་བཏབ་ནས་ཐུན་མཚམས་ལ་འཇུག་གོ །
ཆོ་ག་ཐུན་བཞིར་བྱེད་དགོས་པས། ཐུན་ཕྱི་མ་རྣམས་ལ་མདུན་བསྐྱེད་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བསྐྱེད་པ་ནི། བསངས་སྦྱངས་སོགས་མི་བྱེད་བར། རང་གི་མདུན་དུ་པདྨ་དང་ཟླ་བའི་སྟེང་དུ་རིན་པོ་ཆེའི་བུམ་པ་ཡངས་ཤིང་ཞེས་པ་ནས། བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་པ་ནས། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡས་ཕྱོགས་སུ་པདྨ་དང་ཟླ་བའི་གདན་ལ་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་པ་ནས། འོད་ཟེར་དཀར་བོའི་འཕྲེང་བས་བསྐོར་བའོ། །གཡོན་ཕྱོགས་སུ་པདྨ་དང་ཟླ་བའི་གདན་ལ་འཕགས་མ་ཡིད་བཞིན་འཁོར་ལོ་ཞེས་པ་ནས། ཐུན་མཚམས་ལ་འཇུག་པའི་བར་སྔར་བཞིན་ནོ། །ཐུན་ཐ་མའི་དབང་བསྐུར་རྒྱས་གདབ་ཀྱི་མཇུག་ཏུ། སྐུ་ཁྲུས་གསོལ་བར་ཞུ། ཞེས་པ་ནས། སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །ཅེས་པའི་བར་དང༌། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་མཆོད་པ་དང་རིལ་བུ་ཆོ་གའི་དཀྱུས་བཞིན་འབུལ། མཇུག་དུ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་སོགས་བྱ་ཞིང༌། མཎྜལ་སོ་བདུན་མ་དབུལ། བསྟོད་པ་མན་ཆད་སྔར་བཞིན་ནོ། །
ཐུན་ཐ་མའི་མཇུག་དུ་སྣོད་གཙང་མ་བཅུད་རིལ་བུ་བཅུ་བཅུ་ཆུ་དང་སྦྱར། ཨ་མྲི་ཏས་བསངས། སྭ་བྷཱ་ཝཱས་སྦྱངས།
སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ། མགྲོན་སྤྱན་འདྲེན་ནི། དུས་གསུམ་ཕྱོགས་བཅུར་བཞུགས་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །
གཏོར་མགྲོན་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གྱི། །འདིར་གཤེགས་འདོད་པའི་གདན་ལ་བཞུགས། །ཕྱག་བྱར་འོས་བ་ཐམས་ཅད་ལ། །ཞེས་སོགས་ཀྱིས་ཕྱག་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨᨗ་སོགས་ཀྱིས་མཆོད། ཨོཾ་ཨ་ཀཱ་རོ་སྟོང་གིས་བསྔོ། སྔགས་བཅུའམ་བརྒྱའི་མཚམས་སུ་ཏིང་ཤག་བརྡུང་ཞིང༌། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་ཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་ཁྱེར་བ་དང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བརྗོད། གཏོར་མ་ལྔ་ཚར་བཅུ་གཤེགས་ལ་སླར་ཡང་བཅུ་ཚར་བཤམས་པ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ་མགྲོན་སྤྱན་འདྲེན་མི་དགོས་པས། ཕྱག་བྱར་འོས་པ་མན་ཆད་ཀྱིས་སྔར་བཞིན་བསྔོ། ཡང་ན་གཏོར་སྤུངས་བྱས་ཏེ་བྱིན་རླབས་ཚར་གཅིག་དང་ཨ་ཀཱ་རོ་སྟོང་གིས་བསྔོས་ཀྱང་རུང་ངོ༌། །
གང་ལྟར་ཡང་སྒྲུབ་པ་བོའི་གྲངས་ཀྱིས་སྟོང་འགྲོ་ངེས་བྱ། དེ་ནས་ལྷ་ལ་གཏོར་མ་འབུལ་བ་ནི་གོང་ལྟར་བྱིན་གྱིས་བརླབ། བླ་མ་དང་མདུན་བསྐྱེད་ཀྱི་ལྷ་རྣམས་དབྱེར་མེད་པའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་བར་བསམ་ལ། ཨོཾ་གུ་རུ་ཨཱ་ཡུར་དེ་ཝ་བི་ཏྲ་ཡ་ས་པ་རི་ཝཱ་ར་ཨ་ཀཱ་རོ་ཞེས་སོགས་ལན་བདུན་གྱིས་ཕུལ། སྔར་བཞིན་མཆོད་བསྟོད་བྱ། བླ་མ་དང་ལྷག་པའི་ལྷ་མཆོག་རྣམས་པ་གསུམ་གྱིས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་དུས་མ་ཡིན་པའི་འཆི་བ་བརྒྱད་སོགས་ཀྱི་འཇིགས་པ་ལས་བསྐྱབས་ཏེ་འཆི་མེད་ཚེའི་རིག་འཛིན་ཐོབ་ཅིང༌། དེ་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་སོགས་རྣམ་དཀར་གྱི་འདོད་དོན་མཐའ་དག་ཡིད་ཀྱིས་སྨོན་བ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་འདེབ། དེ་ནས་གཞི་བདག་གཏོར་མ་དང༌། ཆ་གསུམ་སྤྱི་འགྲོ་ལྟར་བཏང་ལ། ཁྱད་པར་དུ་འང་བཅོམ་ལྡན་འདས་ཚེའི་ལྷ་མཆོག་རྣམ་པ་གསུམ་གྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྣལ་འབྱོར་བ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་བའི་བགེགས་ཀྱི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མའི་མགྲོན་ཏུ་མཆིས་པར་གྱུར། ཅེས་ཚིག་བསྒྱུར། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་པའི་མཚམས་སུ་བཞག་གོ །
གསུམ་པ་རྗེས་ཀྱི་རིམ་པ་ནི། གཏང་རག་གི་མཆོད་པ་བྱིན་གྱིས་བརླབ། ཚིགས་བཅད་སྔགས་དང་བཅས་པའམ་སྔགས་རྐྱང་བས་མཆོད། བསྟོད་པ་རྒྱས་བསྡུས་གང་རིག་གིས་བསྟོད། བཅོམ་ལྡན་ལྷག་པའི་ལྷ་རྣམས་ལ། །མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་རྣམས་དང་ཡོན་བདག་ལ། །འཆི་མེད་དངོས་གྲུབ་སྩལ་ཏུ་གསོལ། །ས་འོག་ས་སྟེང་ས་བླའི་གདོན། །ནད་རིམས་དུས་མིན་འཆི་བ་སོགས། །སྔོན་ལས་འཕྲལ་རྐྱེན་ཀུན་ཞི་ཞིང༌། །འཆི་མེད་དངོས་གྲུབ་སྩལ་ཏུ་གསོལ། །སྲིད་དང་ཞི་བའི་ཡོན་ཏན་ཀུན། །ལེགས་ཐོབ་མི་ཉམས་གོང་དུ་འཕེལ། །ཁྱད་པར་ཚེ་ལ་དབང་འབྱོར་བའི། །འཆི་མེད་དངོས་གྲུབ་སྩལ་ཏུ་གསོལ། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །ལྷ་མཆོག་རྣམས་ཀྱིས་རྗེས་བཟུང་སྟེ། །འཆི་བདག་གཡུལ་ལས་རབ་རྒྱལ་བའི། །འཆི་མེད་དངོས་གྲུབ་སྩལ་ཏུ་གསོལ། །དཔག་བསམ་ཤིང་དང་བུམ་པ་བཟང༌། །ཡིད་བཞིན་ནོར་འདྲའི་ལྷ་རྣམས་ཀྱིས། །ཐུགས་རྗེའི་འཆི་མེད་བདུད་རྩི་ཡིས། །སྙིང་གི་བུམ་བཟང་གང་བར་མཛོད། ། ཅེས་འདོད་དོན་ཞུ། དེ་ནས་བསྔོ་སྨོན་གྱི་རྒྱས་འདེབས། ཡིག་བརྒྱ་ལན་གསུམ་བརྗོད། གང་ཡང་བདག་བློ༌྾མ་རྙེད་ཡོངས་སུ༌྾ལྷག་པ་དང་ནི༌྾བདག་ལ་དངོས་གྲུབ༌྾རྟེན་ཡོད་ན།འདིར་ནི་གཟུགས་དང༌྾སྩལ་ཏུ་གསོལ། །ཨོཾ་སུ་པྲ་ཏི་ཥྛ་བཛྲ་སྭཱ་ཧཱས་བརྟན་བཞུགས་དང༌། རྟེན་མེད་ན་གཤེགས་གསོལ་བྱའོ། །བདག་བསྐྱེད་ཉེར་བསྡུ་ནི། རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས། དེ་རྣམས་འོད་དུ་ཞུ་ནས་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀའི་ས་བོན་ལ་ཐིམ། དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར་པར་བསམས། ཤིས་པར་བརྗོད་པའི་མེ་ཏོག་གི་ཆར་དབབས་ཅིང༌། བུམ་པའི་ཆུས་རང་གཞན་ལ་ཕན་གདགས་པར་བྱའོ། །དེ་ལྟར་ལྷག་པའི་ལྷ་མཆོག་རྣམ་གསུམ་གྱི་ཐུགས་རྗེ་བསྐུལ་ཏེ་གསོལ་འདེབས་ཕྱག་མཆོད་བཟླས་བསྒོམས་འབད་ན་ཚེའི་དངོས་གྲུབ་སྩོལ་བ་གདོན་མི་ཟ་བར་གསུངས་སོ། །དེ་ལྟར་ནའང༌། འཇམ་མགོན་གུང་ཐང་བ་ཆེན་པོས།གསང་སྔགས་ཏེ་ཡང་འཕྲལ་གྱི་རྐྱེན་སེལ་ལམ། །ཚེ་དང་ནོར་གྲུབ་དབང་སྡུད་མངོན་སྤྱོད་སོགས། །ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི། །ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས། །ཆོས་ཀྱིས་ངན་སོང་བསྒྲུབས་པར་མ་བྱེད་ཨང༌། །ཞེས་གསུངས་པ་ལྟར། ཚེ་འདིའི་ལག་ཆར་མ་སོང་བ་ཀུན་སློང་རྣམ་པར་དག་པ་ཞིག་གལ་ཆེ་སྟེ། སྲིད་རྩེའི་ཚེ་ཚད་སོགས་ལ་དཔག་ན་དེ་དག་ནི་རང་དགར་ཚེ་རིང་བ་ཙམ་ཡིན་པས། དེ་འདྲ་ལ་དགོས་པ་མ་མཆིས་པས། དེ་ལྟར་མ་ཡིན་པར་དམ་པའི་ཆོས་བསྒྲུབ་པའི་ཕྱིར་དུ་ཚེའི་བར་ཆད་སེལ་བ་དང༌། ལུས་རྟེན་ཡུན་རིང་དུ་འཚོ་བའི་ཐབས་ལ་འབད་དགོས་པ་ནི། ཐུབ་ཆེན་རྒྱལ་བའི་བཀའ་དྲིན་གཟོ་བ་དང༌། །
རྣམ་མང་རང་གཞན་དོན་ཆེན་སྒྲུབ་པ་དང༌། །སྣ་ཚོགས་དགེ་བའི་ཕུང་བོ་སྤེལ་བའི་སླད། །རྟེན་འདི་ཡུན་རིང་འཚོ་བར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་ཡིན་ལ།སྤྱིར་ལུས་ལ་སྙིང་བོ་མེད་ཅིང་སྒོ་དུ་མ་ནས་སྡུག་བསྔལ་བསྐྱེད་པའི་དགྲ་བཞིན་དུ་གསུངས་མོད་ཀྱང༌། རྣམ་གྲོལ་བསྒྲུབ་པའི་ཐབས་སུ་ཆུ་པོ་ཆེན་བོ་ལས་སྒྲོལ་བའི་གྲུ་གཟིངས་ལྟར་གཅེས་སྤྲས་བྱེད་དགོས་ཏེ། །
སློབ་དཔོན་ཨཱརྱ་དེ་ཝས། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟར་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །
དེ་ལས་བསོད་ནམས་དཔག་མེད་འབྱུང༌། །ཞེས་གསུངས་པ་ལྟར་རོ། །དེས་ན་དལ་འབྱོར་གྱི་རྟེན་ཡུན་རིང་དུ་གནས་པ་དང༌། ཆོས་བསྒྲུབ་འདོད་ཀྱི་འདུན་པ་རྐྱེན་གང་གིས་བསྒྱུར་ཏུ་མེད་པ་རྒྱུན་ཆགས་སུ་འབྱུང་བ་ཞིག་བྱུང་ན། ཚེ་སྒྲུབ་བྱས་པ་དོན་ལྡན་དང༌། །ཚེ་རིང་བའི་དགོས་པ་གྲུབ་ཅིང་གཏན་གྱི་འདུན་མའི་རྩ་བ་ཚུགས་པ་ཡིན་ཏེ། མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །
འདུན་པའི་རྩ་བ་རབ་ཏུ་གནས། །ཞེས་གསུང་སོ། ། སྨྲས་པ། འདིར་འབད་དགེ་ཚོགས་དུང་དད་ཀུན་ད་དང༌། །ཟླ་ལྟར་དཀར་བ་གང་ཞིག་བསགས་པའི་མཐུས། །ཚེ་རབས་ཕྲེང་བར་ལྷ་མཆོག་རྣམ་གསུམ་གྱིས། །འབྲལ་མེད་རྗེས་བཟུང་དོན་གཉིས་ལྷུན་གྲུབ་ཤོག །ཅེས་ལྷག་པའི་ལྷ་མཆོག་ཚེའི་ལྷ་རྣམ་པ་གསུམ་གྱི་སྟོང་མཆོད་ཀྱི་ཆོ་ག་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་འདི་ནི། བླ་མ་དཀོན་མཆོག་སྨོན་ལམ་དང༌། གྲྭ་ཚང་དབུ་མཛད་ཤེས་རབ་དར་རྒྱས་རྣམ་གཉིས་ཀྱིས་ཚེ་ལྷ་རྣམ་གསུམ་སྦྲགས་པའི་སྟོང་མཆོད་འདི་འདྲ་ཞིག་དགོས་ཞེས་བཀྲ་ཤིས་པའི་ལྷ་རྫས་བཅས་ཡང་ཡང་བསྐུལ་བ་རིམ་འགྱངས་སུ་སོང་བ་ལས། ཉེ་ཆར་ཉེ་གནས་མདོ་བ་བློ་བཟང་ཆོས་འབྱོར་དང༌། ཁང་ཚན་དགེ་རྒན་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་ནན་ཆེར་བསྐུལ་བའི་ཚེ། ཡབ་རྗེ་བསྟན་བའི་སྒྲོན་མེས། ལྷ་གཞན་ལ་སྟོང་མཆོད་ཀྱི་རིགས་བ་སྦྱར་ན་ཚོགས་རྒྱ་ཆེན་པོ་བསོག་པའི་རྐྱེན་དུ་འགྲོ་བ་ལས་དགག་བྱ་ཡོད་དོན་མི་འདུག །ཅེས་གསུངས་པ་ཡིད་ལ་བཞག་ནས་ྋདབྱངས་ཅན་བཞད་པས་སྦྱར་བའི་ཡི་གེ་བ་ནི་ན༷་ག་ཛུ་ནས་བགྱིས་པ་ཛ་ཡནྟུ།། །།ཚེ༷་ལྷ་གསུམ་གྱི་མཆོད་ཆོག་བྲིས་པས་མཐུས། །ཚེ༷་བསོད་སྟོབས་འབྱོར་ཡེ་ཤེས་གོང་འཕེལ་ཞིང༌།།ཚེ༷་ལྷག་དོན་ལྡན་ཆོས་ཀྱིས་འདའ་བ་དང་། ཚེ༷་རབས་གཏན་གྱི་འདུན་མ་མྱུར་འགྲུབ་ཤོག ། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།