༄༅། །ཨོཾ་སྭ་སྟི། འགྱུར་མེད་བདེ་བས་ལས་རླུང་བེམ་པོའི་རྒྱུན། །ཉེར་བཅོམ་བདེ་སྟོང་ཡེ་ཤེས་རོལ་བའི་རྩལ། །སྟོང་གཟུགས་སྐུ་ཡི་རི་མོར་ཡོངས་སྨིན་པ། །བླ་མ༌དང་པོའི་མགོན་པོར་གསོལ་བ་འདེབས། །ས་གཞི་པདྨའི་དབྱིབས་ལྡན་ཡུལ་ལྗོངས་སུ། །མང་བཀུར་རྒྱལ་ཕྲན་བྱེ་བའི་ཟུར་ཕུད་རྩེར། །ཞབས་སེན་དགེ་མཚན་སྟོང་འབར་ཆོས་རྒྱལ་དང༌། །རིགས་ལྡན་ཆེན་པོ་རྣམས་ལ་གསོལ་བ་འདེབས། །བཞི་ལྡན་དཔུང་གི་འཕྲིན་ལས་གཟི་འོད་ཀྱིས། །ལྟ་ངན་ཀླ་ཀློ་མཚན་མོར་རྒྱུ་བའི་དཔུང༌། །འཇོམས་མཛད་རིགས་ལྡན་དྲག་པོ་ཉིན་བྱེད་དབང༌། །མི་ཕྱེད་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །མགོན་ཁྱོད་ནམ་ཞིག་འཁོར་བསྒྱུར་ཟློས་གར་གྱིས། །བཅུ་གཉིས་གྲངས་ལྡན་ཡངས་པའི་ས་ཆེན་ཁྱོན། །དབང་བསྒྱུར་རྫོགས་ལྡན་དགའ་སྟོན་གསར་ངོམས་ཚེ། །བདག་སོགས་འཁོར་གྱི་ཐོག་མར་རྗེས་སུ་ཟུངས། །དེ་ཚེ་ཁྱོད་གསུང་བདུད་རྩིས་རྒྱུད་སྨིན་ནས། །ཀུན་རྟོག་གཡོ་བའི་ལས་རླུང་སྒྲིབ་བའི་དཔུང༌། །གཉིས་སྤངས་རྡོ་རྗེའི་ལམ་དུ་རབ་བཅོམ་སྟེ། །ཡན་ལག་བདུན་ལྡན་སྐུ་མཆོག་མྱུར་ཐོབ་ཤོག །ཅེས་པ་འདི་ནི་བསྔགས་འོས་ཡོན་ཏན་དུ་མས་མངོན་པར་མཐོ་བ་བླ་མ་དཀོན་མཆོག་རྒྱལ་མཚན་དང༌། དགེ་རྒན་བློ་བཟང་བཟོད་པ་གཉིས་ནས་ལྷ་རྫས་བཅས་བསྐུལ་ཞིང༌། ཅི་མངའི་དགེ་ཚུལ་འཇམ་དབྱངས་ཤེས་རབ་ཀྱིས་ཀྱང་ནན་ཏན་གྱིས་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་རྡོ་རྗེས་བྲིས་པའོ།། །།
ཟབ་ལམ་རྣལ་འབྱོར་བསྒོམས་དང་བཟླས་སོགས་ལ། །འབད་པའི་དགེ་འདིས་ཚེ་རབས་ཕྲེང་བ་རུ། །མཚན་ལྡན་ཐེག་མཆོག་བཤེས་ཀྱིས་རྗེས་བཟུང་ནས། །འཁོར་བའི་དུག་བཞིན་མཐོང་བའི་སྐྱོ་ཤེས་དང༌། །བཅོས་མིན་བྱང་ཆུབ་སེམས་ཀྱི་རྒྱུད་བསྐུལ་ནས། །ཟབ་གསར་རྡོ་རྗེའི་ཐེག་པའི་སྣོད་གྱུར་ཚེ། །རྣམ་དག་དབང་གིས་བདག་རྒྱུད་ལེགས་སྨིན་ཏེ། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བར་ཤོག །མ་དག་སྐྱེ་ཤི་བར་དོའི་ལྕགས་ཀྱི་ཁམས། །སྐུ་གསུམ་གསེར་དུ་བསྒྱུར་བའི་ཐབས་མཁས་མཆོག །དྭངས་གསལ་བསྐྱེད་རིམ་ཐུན་བཞིར་བསྒོམས་པ་ཡིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །ཟླ་ཉིར་རྒྱུ་བའི་ཀུན་རྟོག་རླུང་གི་རྒྱུན། །ལྷན་སྐྱེས་བདེ་ཆེན་སྟོབས་ཀྱིས་མྱུར་བཅོམ་ནས། །དྷཱུ་ཏཱིར་ཞུགས་ནས་འོད་གསལ་ཉིན་བྱེད་གཟིས། །སྒྲིབ་གཉིས་མུན་པ་དྲུངས་ནས་འབྱིན་པར་ཤོག །མཚན་དཔེ་རྣམ་བཀྲ་སྒྱུ་མའི་ཟློས་གར་མཁན། །ཁ་སྦྱོར་བདུན་ལྡན་གོ་འཕང་མྱུར་ཐོབ་ནས། །མར་གྱུར་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །བླ་མེད་སྐུ་བཞིའི་དཔལ་ལ་འགོད་པར་ཤོག །དཔལ་རྡོ་རྗེའི་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྨོན་ལམ་འདི་ཡང་དད་ལྡན་དགེ་ཚུལ་བློ་བཟང་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་ ྋ དབྱངས་ཅན་བཞད་པས་བྲིས་པའོ།། །།
བདག་ཉིད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང༌། །ཕྱག་གཉིས་ཐལ་སྦྱར་དབུས་ཀྱི་ནོར་བུ་ལས། །བདེ་སྟོང་སྒྱུ་མའི་རྣམ་རོལ་མཆོད་སྤྲིན་གྱིས། །རབ་འབྱམས་རྒྱལ་བའི་ཞིང་ཁམས་བཀང་སྟེ་འབུལ། །མཚམས་འདིར་མཆོད་པའི་སྤྲིན་གཟུངས་བརྗོད། བླ་མ་མཆོག་གསུམ་སྐྱབས་གནས་ཐམས་ཅད་ལ། །བཀོད་ལེགས་ཡིད་འོང་མཆོད་སྤྲིན་རྒྱ་མཚོའི་ཚོགས། །འཁོར་གསུམ་དམིགས་མེད་ལྟ་བའི་རྒྱས་བཏབ་བའི། །བདེ་ཆེན་ཀུན་བཟང་མཆོད་པ་ཕུལ་བའི་མཐུས། །ཟླ་བྲལ་བཤེས་གཉེན་དམ་པའི་ཞབས་བརྟན་ཅིང༌། །དགེ་འདུན་སྡེ་འཕེལ་མང་ཐོས་སྒྲུབ་ལ་བརྩོན། །ཞྭ་སེར་ལུགས་བཟང་ཕྱོགས་མཐར་རྒྱས་པ་དང༌། །སྐྱེ་ཀུན་དལ་འབྱོར་ཚང་བའི་རྟེན་རྙེད་ཤོག །བཤེས་གཉེན་དམ་པའི་མགོན་གྱིས་རྗེས་བཟུང་སྟེ། །སྲིད་བདེར་ཞེན་ལོག་སེམས་བསྐྱེད་ལྟ་བ་དང༌། །རིམ་གཉིས་ལམ་གྱིས་སྒྲིབ་གཉིས་དྲུངས་ཕྱུང་ནས། །རྣམ་འདྲེན་སྐུ་གསུམ་ས་ལ་རེག་གྱུར་ཅིག །གནས་སྐབས་སུ་ཡང་སྟེང་འོག་བར་གསུམ་གྱི། །གདོན་བགེགས་གནོད་བྱེད་ལོག་པར་འཁུ་བའི་དགྲ །དུས་གསུམ་གྱིས་བསྐྱེད་རླུང་མཁྲིས་པད་ཀན་ནད། །ཕ་རོལ་མནན་གཏད་བྱད་ཕུར་ཉེར་འཚེའི་རིགས། །ལྷག་མེད་ཉེར་ཞི་ཚེ་བསོད་སྟོབས་འབྱོར་དང༌། །སྙན་གྲགས་ཀླུང་རྟ་ནོར་ཕྱུགས་མཚོ་ལྟར་རྒྱས། །འཕྲལ་ཡུན་འདོད་དགུའི་རེ་འབྲས་ཡིད་བཞིན་དུ། །འགྲུབ་པའི་དགེ་མཚན་ཤིས་པ་འབར་གྱུར་ཅིག །ཅེས་པ་འདི་ཡང་དཔོན་བླ་ཁོའི་འདོད་མོས་ལྟར། ྋ དབྱངས་ཅན་བཞད་པས་བྲིས་པའོ།། །།
སྤྱི་བོར་གསེར་གྱི་འཁོར་ལོ་རྩིབས་སྟོང་དབུས། །སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་དང༌། །དབྱེར་མེད་ཐུབ་དབང་ས་གནོན་མཉམ་གཞག་མཛད། །ཕྱོགས་མཚམས་རྩིབས་སྟེང་རྣམ་འདྲེན་སྟོང་ཕྲག་བཞུགས། །དེ་འོག་ཟངས་ཀྱི་འཁོར་ལོར་ཕག་མོ་དམར། །དེ་འོག་ལྕགས་ཀྱི་འཁོར་ལོའི་རྩིབས་རྣམས་སུ། །རྡོ་རྗེ་ཕག་མོ་ཨིནྟྲ་ནཱི་ལའི་མདོག །རུས་པའི་རྒྱན་སྤྲས་མེ་དཔུང་དབུས་ན་བཞུགས། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་གཙོ་པོ་དེ་ལ་ཕྱག་འཚལ་ལོ། །མཐུན་བའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། །སྤྱད་བ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ཉིད། །བགྲང་ཡས་དུ་མར་རོལ་བའི་མཁའ་འགྲོ་མར། །ཕྱག་བྱས་སྡེ་བརྒྱད་འབྱུང་པོའི་ཆོ་འཕྲུལ་ལས། །ཐོག་སར་ཤྭ་འོད་འཇིགས་ལས་སྲུང་དུ་གསོལ། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱཧཱ། དང༌། ནི་ན་གྷཱ་ཛ་མུ་ན་ཏི་ཨཿ གང་མང་བཟླ། འདི་ཡང་ྋདབྱངས་ཅན་བཞད་པས་རྡོ་རྗེས་བྲིས།། །། རྒྱལ་ཀུན་མཁྱེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། །འཆད་རྩོད་འཕྲིན་ལས་ག་བུར་གཟེགས་མ་ཡིས། །ཐུབ་བསྟན་ཀུན་གསལ་མཁས་གྲུབ་རལ་བའི་རྩེར། །དབང་བསྒྱུར་འཇམ་དཔལ་སྙིང་པོས་འགྲོ་འདི་སྐྱོངས། །རྣམ་འདྲེན་ཐུགས་བཅུད་ཡན་ལག་བརྒྱད་ལྡན་ཆབ། །ཁྱོད་ཐུགས་ཛ་ཧུ་ན་ཡིས་ལྷག་མེད་དུ། །འཐུང་གང་སླར་ཡང་སྐྱུག་ལས་དབུ་སེམས་ཀྱི། །བཞེད་དགོངས་གསལ་བྱེད་ལེགས་བཤད་བདུད་རྩིའི་གཏེར། །མི་དམན་བསོད་ནམས་མཐུ་ཡིས་ཉེར་ཐོབ་ཏེ། །ཐོས་དང་སྦྱངས་བའི་རྣམ་དཀར་དགེ་བའི་མཐུས། །སྐྱེ་ཀུན་དལ་འབྱོར་ཚང་བའི་རྟེན་རྙེད་ཅིང༌། །བཤེས་གཉེས་དམ་པས་རྗེས་སུ་འཛིན་གྱུར་ཅིག །གཏད་མེད་འདི་སྣང་སྒྱུ་མའི་རོལ་རྩེད་དང༌། །སྡུག་ཀུན་ཉེས་དམིགས་རིག་ལས་སྐྱོ་བའི་སེམས། །དྲན་ཤེས་བག་ཡོད་བརྟན་པོས་ཉེར་བསྐུལ་ཏེ། །ཚངས་སྤྱོད་ཚུལ་ཁྲིམས་རྒྱན་གྱིས་མཛེས་གྱུར་ཅིག །མཐའ་ཡས་འགྲོ་བ་བརྒྱ་ཕྲག་སྡུག་བསྔལ་གྱིས། །མནར་བའི་ངང་ཚུལ་བཟོད་མེད་སེམས་བསྐྱེད་ནས། །ཕྱིན་དྲུག་བསྡུ་བཞིའི་རྒྱལ་སྲས་སྤྱོད་པའི་ཁུར། །ལེགས་བཟུང་འགྲོ་བའི་འདྲེན་པར་བདག་གྱུར་ཅིག །འཕྲལ་ཡུན་ཕུང་བྱེད་བདག་འཛིན་ལྷན་སྐྱེས་སུ། །མཐོང་ནས་རྫུན་ཕུག་རིག་ཤེས་གྱིས་བཤིག་སྟེ། །ཐབས་ཤེས་ཟུང་འབྲེལ་ཉམས་སུ་བླངས་པའི་མཐུས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པ་འདི་ཡང་རིགས་སྨྲ་བསོད་ནམས་གྲགས་པས་དྲང་ངེས་ལེགས་བཤད་སྙིང་པོ་སྐྱོར་སྦྱངས་བྱས་བའི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་པའི་ངོར་ ྋ དབྱངས་ཅན་བཞད་པས་བྲིས་པའོ།། །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།