༄༅། །གུ་དྲག་གི་རྒྱུན་འཁྱེར་རྣམས་བཞུགས་སོ།།

ན་མོ་གུ་རུ་མ་ཧཱ་རུ་དྲ་ཡེ། བླ་མ་དྲག་པོའི་རྣལ་འབྱོར༌སྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང༌། ཆོས་ཀུན་སྤྲོས་བྲལ་སྙིང་རྗེ་གཉིས་མེད་དང༌། །སྲུང་འཁོར་གཞལ་ཡས་ཁང་དབུས་པད་རོའི་སྟེང༌། །རང་སེམས་ཧཱུཾ་ལས་པདྨ་ཐོད་ཕྲེང་རྩལ། །དམར་དཀར་སྔོ་བའི་ཞལ་དང་ཕྱག་དྲུག་གི། །གཡས་གཡོན་དང་པོས་རྡོ་རྗེ་ཁ་ཊྭཱཾ་འཕྱར། །བར་བའི་ཕྱག་གཉིས་གྲི་ཐོད་ཐུགས་ཀར་འཛིན། །ཐ་མ་གཉིས་ཀྱིས་རལ་གྲི་ལྕགས་སྡིག་བསྣམས། །ཞབས་བཞི་བརྐྱང་བསྐུམ་དཔལ་ཆས་ཡོངས་རྫོགས་ཤིང༌། ཕག་མོ་གྲི་ཐོད་འཛིན་བར་འཁྱུད་ཅང་སྦྱར། །གཙོ་བོའི་ཐུགས་ཀར་མཆོད་རྟེན་བུམ་པའི་ནང༌། །རྡོ་རྗེ་ཁྲག་འཐུང་ཐུགས་ཀར་རྡོ་རྗེའི་དབབ། །ཧཱུཾ་དམར་སྔགས་ཕྲེང་གཡས་སུ་འཁོར་བར་བསྒོམ། །སྤྱི་བོར་པདྨ་ཐོད་ཕྱེད་ག་རུ་ཊ། །དེ་སྟེང་རིགས་བདག་སྣང་མཐའ་ཚེ་བུམ་བསྣམས། །དཔྲལ་བར་འཇམ་དཔལ་མགྲིན་པར་རྟ་མགྲིན་དབང༌། །ཐུགས་ཀར་མཆོད་རྟེན་གསང་བའི་བདག་པོ་དང༌། །ལྟེ་བར་མཁའ་འགྲོ་སྡེ་ལྔ་གསང་བ་རུ། །ཡཀྴ་མེ་དཔལ་དུར་ཁྲོད་དཔལ་ཆས་བརྒྱན། །གར་དགུའི་ཉམས་ལྡན་མེ་དཔུང་ཀློང་ན་བཞུགས། །གནས་གསུམ་ཡི་གེའི་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་དམ་ཡེ་དབྱེར་མེད་བརྟན་པར་གྱུར། །ས་མ་ཡ་ཏི་ཥྛ་ལྷན། ཨ་ཏི་པུ་ཧོ། པྲ་ཏཱི་ཙྪ་ཧོ། རཾ་ཡཾ་ཁཾ། ཨོཾ་ཨཱཿ ཧཱུཾ། གིས་སྨན་རག་མཆོད་གཏོར་སོགས་བྱིན་གྱིས་བརླབས། ཨོཾ་བཛྲ་བུཥྤེ་ནས༌ཤཔྟ་རཱུ་བ་ནས་སྤརྴ་ཨ་མྲི་ཏ་བ་ལི་ཏ་རཀྟ་མ་ཧྲཱ་སུ་ཁ་ས་རྦ་ཤ་ཏྲུཾ་མ་ར་ཡ་བཱུ་ཛ་ཧོཿ ཧཱུཾ་སྣང་སྟོང་ཟུང་འཇུག་ཆོས་སྐུའི་ངོ་བོ་ཉིད། །མ་རུངས་གདུག་ཅན་སྲིད་གསུམ་འབྱུང་བོའི་ཚོགས། །འཇོམས་མཛད་རབ་འཇིགས་དབང་དྲག་ཁྲོ་བོའི་རྒྱལ། །པདྨ་དྲག་པོའི་ལྷ་ལ་ཕྱག་འཚལ་བསྟོད། །སྤྱི་བོའི་རིགས་བདག་སྣང་བ་མཐའ་ཡས་ལ་བརྟེན་ནས་ཚེ་བསྲིང་བའི་མན་ངག་ལྟར། ཨོཾ་ཨ་མི་དེ་ཝ་ཨ་ཡུ་སིདྡྷི་ཧཱུཾ་ཧྲཱིཿ གང་མང་བཟླ། ཐུགས་ཀའི་སྔགས་ཕྲེང་འོད་ཟེར་གྱིས། །འཕགས་མཆོད་བྱིན་རླབས་རང་ལ་ཐིམ། །འགྲོ་ཀུན་སྒྲིབ་སྦྱངས་ལྷ་གྱུར་ཏེ། །སྔགས་སྒྲ་འབྲུག་ལྟར་སྒྲོགས་བར་གྱུར། །ཨོཾ་ཨཱཿ ཧཱུཾ། བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ། བཛྲ་ས་མ་ཡ་ཛ་སིདྡྷི་པ་ལ་ཧཱུཾ་ཨཱཿ ཞེས་ཉེ་བསྙེན་དང༌། ཨོཾ་ཨཱཿ ཧཱུཾ། ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཕཊ། ཨ་ཧཱུཾ་ཧཱུཾ་ཕཊ། ཅེས་བ་གང་མང་བཟླ། རྩ་སྔགས་ལ། བཛྲ་ཧཱུཾ། ཡཀྴ་ཧཱུཾ། རཀྴ་ཧཱུཾ།  ཨ་ཡ་མ་དུ་རུ་ཙ་ཤ་ནཿ གནོད་བྱེད་འབྱུང་བོ་མ་ར་ཡ་ཧཱུཾ་ཕཊ། བཏགས་པ་ཅུང་ཟད་བཟླ། མཐར་ཡིག་བརྒྱ་བརྗོད་ཅིང་། སྤྲོ་ན། ཨོཾ་བཛྲ་པདྨ་ཐོད་ཕྲེང་རྩལ་བུཥྤེ་ནས་ཤཔྟ་མཧཱ་པཉྩ་ཨ་མྲི་ཏ་རཀྟ་བ་ལིཾ་ཏ་བཱུ་ཛ་ཁཱ་ཧིས་མཆོད་ཅིང་བསྟོད། ཐུགས་ཀའི་འོད་ཀྱིས་སྣོད་བཅུད་རང་ལ་བསྡུ། །རང་ཡང་དམིགས་མེད་ཆོས་དབྱིངས་ཀློང་དུ་ཐིམ། །སླར་ཡང་ཡི་དམ་ལྷ་ཡི་སྐུ་བཞེངས་ཏེ། །སྲུང་བའི་གོ་ཆས་ལུས་ཀུན་གཏམས་པར་གྱུར། །དེ་ནས་ཤིས་བརྗོད་དང་བསྔོ་སྨོན་བྱའོ། །རཏྣའི་ལུགས་ཀྱི་གུ་རུ་དྲག་པོའི་རྒྱུན་འཁྱེར་འདི་ནི་ཚུལ་འདི་ལ་མོས་པ་འགའ་ལ་ཕན་གདགས་ཆེད་ ྋ དབྱངས་ཅན་བཞད་པས་རྨ་ཀླུང་དལ་གྱིས་འབབས་བའི་རྒྱུད་དུ་སྦྱར་བ་དགེ་ལེགས་འཕེལ།།    །།ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ཡེ། འདིར་བསྟན་སྲུང་ཡོངས་ཀྱི་གཙོ་མོ། །འཕགས་ཡུལ་རྡོ་རྗེའི་གདན་དང༌། །འབྲི་གུང་སོགས་ཀྱི་སྲུང་མ་ཨ་བྱི་ཆོས་སྒྲོན་དང༌། །བཀྲ་ཤིས་ཚེ་རིང་མཆེད་ལྔ་བསྟན་མ་བཅས་ལ་བསང་མཆོད་འབུལ་བར་འདོད་པས། རང་ལྷའི་རྣལ་འབྱོར་གྱིས་མཆོད་རྫས་བྱིན་གྱིས་བརླབས་ལ། ཀྱཻ་ལྷུན་གྲུབ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྣང་སྟོང་སྒྱུ་མའི་གར་མཛད་ཌཱ་ཀིའི་སྐུར། །ཡོངས་བཞེངས་ལྷ་མོ་ཨ་ཕྱི་ཆོས་ཀྱི་སྒྲོན། །ལས་བཞི་སྒྲུབ་མཛད་བཀའ་ཉན་འཁོར་བཅས་དང༌། །མཁའ་འགྲོའི་གཙོ་མོ་བཀྲ་ཤིས་ཚེ་རིང་མ། །མཐིང་གི་ཞལ་བཟང་མི་གཡོ་བློ་བཟང་མ། །ཅོད་པན་མགྲིན་བཟང་གཏང་དཀར་འགྲོ་བཟང་མ། །ཞིང་སྐྱོང་བསྟན་མ་དང་བཅས་གནས་འདིར་གཤེགས། །བདེ་ཆེན་ཀུན་བཟང་སྒྱུ་མའི་རྣམ་རོལ་ལས། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་རིན་ཆེན་བདུན། །བཀྲ་ཤིས་རྟགས་རྫས་རྟ་དྲེལ་གཡག་ལུག་ར། །བྱ་ཁྱི་ཅེ་སྤྱང་སྟག་སེང་ཁྱུང་ཆེན་འབྲུག །གསེར་དངུལ་གོས་དར་ནས་འབྲས་གྲོ་སྲན་ཏིལ། །རྒྱན་གོས་མཁོ་དགུའི་ལོངས་སྤྱོད་གོ་མཚོན་རིགས། །རོ་མཆོག་བརྒྱ་ལྡན་དམ་རྫས་གཏོར་མ་དང༌། །བདུད་རྩི་སྨན་རག་ཇ་ཆང་ཕུད་ཀྱི་སྐྱེམས། །ཨ་ཀར་ཙནྡན་བཟང་དྲུག་སྨན་སྣ་དང༌། །རིན་ཆེན་དར་ཟབ་བསྲེགས་པའི་མཆོད་སྤྲིན་སོགས། །འཛིན་མའི་ཁྱོན་ཀུན་འགེངས་པའི་མཐུན་རྫས་རྣམས། །བསྟན་སྐྱོང་ཆེན་མོ་རྡོ་རྗེ་ཆོས་ཀྱི་སྒྲོན། །ལས་ཀུན་སྒྲུབ་མཛད་ལྷ་མོ་གནོད་སྦྱིན་ཚོགས། །དངོས་གྲུབ་ཆར་འབེབས་ཚེ་རིང་མཆེད་ལྔ་དང༌། །བོད་སྐྱོང་བསྟན་མ་འཁོར་བཅས་མཉེས་ཕྱིར་འབུལ། །བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །པདྨ་ཐོད་ཕྲེང་བཞད་པའི་རྡོ་རྗེ་སོགས། །རྩ་བརྒྱུད་བླ་མའི་སྤྱན་སྔར་གཡར་དམ་བཞིན། །ཐུབ་བསྟན་སྤྱི་དང་འཇམ་མགོན་བསྟན་པ་མཆོག །དུས་ཀྱི་མཐའ་ཡང་མི་ཉམས་འཕེལ་ཞིང་རྒྱས། །སྐྱེ་དགུའི་བདེ་སྐྱིད་ཡར་ཟླ་ལྟར་རྒྱས་ཤིང༌། །མང་ཐོས་བསླབ་གསུམ་རྒྱན་མཛེས་འདུས་སྡེ་ཡི། །ཆོས་སྲིད་རྩིབས་སྟོང་གསེར་སྦྱངས་འཁོར་ལོ་ཆེས། །ཡངས་བའི་ས་ཆེན་ཁྱོན་ལ་དབང་བསྒྱུར་མཛོད། །ཁྱད་པར་བགྲང་ཡས་བློ་གསལ་ངང་མོའི་ཚོགས། །སྡེ་འདིའི་པད་མཚོར་ངང་གིས་འདུ་བ་དང༌། །བཀའ་བོད་རྣམ་ལྔའི་འཆད་ཉན་སྙན་པའི་དབྱངས། །སྲིད་མཐའི་བར་དུ་ཆད་མེད་སྒྲོགས་པར་མཛོད། །གཞན་ཡང་ལྗོངས་འདིར་མི་ཕྱུགས་ནད་རིམས་གདོན། །དབུལ་ཕོངས་སད་སེར་ཐན་པ་མུ་གེ་དང༌། །ཕ་རོལ་མཐའ་དམག་ཡུལ་འཁྲུག་འཐབ་རྩོད་སོགས། །དུས་ཀྱི་འཇིགས་པ་ཀུན་ལས་རྒྱལ་བར་མཛོད། །རྣལ་འབྱོར་བདག་ཅག་དཔོན་སློབ་སྡེར་བཅས་ལ། །རྒྱ་བོད་ཕྱི་ནང་ལོག་པར་འཁུ་བ་ཡི། །བསམ་ངན་སྦྱོར་རྩུབ་འཚེ་བའི་སེམས་འཆང་བའི། །དགྲ་དཔུང་སྡེར་བཅས་སྙིང་ཁྲག་ཞལ་དུ་གསོལ། །མཐུ་སྟོབས་ཐོགས་མེད་ལྷ་ཁྱོད་ཉེར་བསྟེན་ན། །ནམ་ཡང་མི་འབྲལ་བུ་ལྟར་སྐྱོངས་མཛོད་ལ། །མི་འདོད་རྐྱེན་ངན་བར་ཆད་ཀུན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་སྙན་གྲགས་རབ་རྒྱས་ཏེ། །ནང་གི་རླུང་སེམས་ཕྱི་ཡི་སྣོད་བཅུད་ལ། །དབང་བསྒྱུར་འཆི་མེད་ཚེ་ཡི་དངོས་གྲུབ་དང༌། །སྲིད་སྲུང་རིགས་རྒྱུད་མཁོ་དགུའི་ནོར་གྱི་གཏེར། །སྣང་སྲིད་མངོན་པར་གསལ་བའི་མངོན་ཤེས་དང༌། །རོ་བརྒྱའི་བཅུད་ལྡན་འཛད་མེད་ཟས་ཀྱི་དཔལ། །རྐང་བཞི་ཕྱུགས་གྱི་དངོས་གྲུབ་མ་ལུས་པ། །འབད་མེད་ཡིད་བཞིན་དབང་གི་རྒྱལ་བོ་བཞིན། །རེ་འབྲས་ལྷུན་གྱིས་འགྲུབ་བའི་དགེ་ལེགས་སྩོལ། །ཚེ་རིང་མཆེད་ལྔ་དང་བསྟན་མ་གཅིག་བུར་སྦྱར་ཚེ། ཀྱཻ་མཁའ་འགྲོའི་གཙོ་མོ་ཞེས་པ་ནས། ཨ་ཕྱི་འཁོར་བཅས་ལ་མཆོད་པ་འབུལ་ཚིག་དོར་བར་བྱའོ།། ཞེས་མཆོད་འབུལ་འཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་འདི་ནི། ༸ གོང་ས་སྐྱབས་རྗེ་རྡོ་རྗེ་འཆང་ནས་དེང་དུས་མོ་རྒྱུད་ཀྱི་སྲུང་མ་འདི་ཉིད་ཅུང་ཟད་རེ་མཆོད་ན་འཕྲིན་ལས་མྱུར་བར་གསུངས་པ་ལྟར་དང་། ༸ ཤིང་ཟ་རྡོ་རྗེ་འཆང་གིས་ཡང་ཚེ་རིང་མཆེད་ལྔའི་གསོལ་མཆོད་རེ་བྱས་ན་ལེགས་ཚུལ་གསུངས་པའི་བཀའ་ལྟར། ༸ རྨོངས་རྟུལ་དབྱངས་ཅན་བཞད་མིང་བས་དབེན་གནས་བྱམས་པ་གླིང་གི་རང་ཤོར་སྤྱིལ་བུལ་སྦྱར་བ་དགེ་ལེགས་འཕེལ། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།   །།

དཔྱད་མཆན་སྤེལ།