༄༅།།གསོལ་འདེབས་ཚན་པ་ལྔ། འབྱུང་འདུལ་བླ་མའི་རྣལ་འབྱོར། འཇམ་དབྱངས་དཀར་པོའི་མངོན་རྟོགས། སྟོབས་བཞིའི་བཤགས་སྡོམ། འདོད་གསོལ་འགའ་ཞིག་བཅས་བཞུགས་སོ།།

༄༅། །དཀོན་མཆོག་གསུམ་དངོས་བློ་གཏེར་འཇམ་དཔལ་དབྱངས། །སྐལ་བཟང་འགྲོ་རྣམས་ཀུན་མཁྱེན་གོ་འཕང་ལ། །འགོད་ཕྱིར་ཚུལ་ཁྲིམས་གསུམ་སོགས་ལུང་རྟོགས་ཀྱི། །རབ་འབྱམས་ཡོན་ཏན་སྤྲིན་གྱི་སྒྲ་དབྱངས་ཅན། །བསམ་ཡས་མཛད་པས་ཐུབ་བསྟན་རྒྱ་མཚོ་ཆེ། །འཕེལ་མཛད་དངུར་སྨྲིག་འཆང་བའི་གར་བསྒྱུར་ཞིང༌། །དབང་ཕྱུག་བརྒྱད་ཀྱི་གོ་འཕང་མཆོག་བརྙེས་པའི། །བཀའ་དྲིན་མཚུངས་མེད་བཞི་ལ་གསོལ་བ་འདེབས། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །ཆགས་སྡང་རྨོངས་པའི་ཉོན་མོངས་དབང་གྱུར་ནས། །སྡོམ་གསུམ་བཅས་པའི་མཚམས་ལས་འདས་པ་སོགས། །བཅས་རང་ཉེས་བའི་ཚོགས་ཀུན་སྙིང་ནས་བཤགས། །དེང་ནས་བཟུང་སྟེ་བླ་མེད་བྱང་ཆུབ་པར། །འདྲེན་མཆོག་དམ་པ་རྣམས་ཀྱིས་རྗེས་བཟུང་སྟེ། །ས་ལམ་བགྲོད་པ་གེགས་མེད་མཐར་ཕྱིན་ནས། །མཁའ་མཉམ་འགྲོ་བའི་མགོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་གསོལ་དཔོན་གྲགས་པས་བསྐུལ་བ་ལྟར། །དབྱངས་ཅན་བཞད་པས་བྲིས་པའོ།། །།
ཉིན་བྱེད་ཀྱིས་འཁྱུད་མ་རྒད་ལྷུན་པོའི་མདངས། །ཕམ་བྱེད་མཚན་དཔེའི་གཟི་བྱིན་འབར་བའི་སྐུ། །དྲན་པ་ཙམ་གྱིས་མཆོག་ཐུན་དངོས་གྲུབ་ཀུན། །སྩོལ་མཛད་འཕགས་མས་དགེ་ལེགས་ཆར་དུ་བསྙིལ། །འཇ༷མ་དཔལ་དབྱང༷ས་དངོས་ཡབ་གཅིག་ཙོང་ཁ་བའི། །འཁྲུལ་བྲལ་རིང་ལུགས་པདྨ་དཀར་པོའི་ཚལ། །མཁྱེན་ར༷བ་ཚ་ཟེར་སྟོང་གིས་འབྱེད་མཁས་པ། །སྐལ་བཟང་རྒྱ༷་མཚོ໅འི་མགོན་ལ་གསོལ་བ་འདེབས། །སྐྱེ་དགུ་ཡོངས་ཀྱི་ཕན་བདེའི་གཞི་དང་རྟེན། །ཐུབ་བསྟན་སྤེལ་བའི་ཐུགས་བསྐྱེད་དམ་བཅའི་ཁུར། །ནམ་ཡང་མི་ལྷོད་ཞབས་ཟུང་བསྐལ་བརྒྱའི་བར། །ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་ཤོག །བདག་སོགས་འགྲོ་བ་དེང་ནས་བྱང་ཆུབ་བར། །བླ་མ་མཆོག་དང་མི་འབྲལ་རྗེས་འཛིན་ཅིང༌། །བྱིན་རླབས་ཐུར་མ་བརྒྱ་བའི་གྲིབ་བསིལ་གྱིས། །ཉོན་མོངས་ཚ་གདུང་ཀུན་ལས་སྐྱོབ་པར་མཛོད། །གནས་སྐབས་ནད་རིམས་གདོན་བགེགས་བར་ཆད་ཞི། །ཚེ་བསོད་སྟོབས་འབྱོར་སྙན་གྲགས་རླུང་རྟ་དར། །གང་བརྩམས་ལས་བཞི་ལྷུན་གྱིས་འགྲུབ་པ་དང༌། །མཐར་ཐུག་རྣམ་ཀུན་མཁྱེན་པའི་དཔལ་ཐོབ་ཤོག །ཅེས་པ་འདི་ནི་རབ་དཀར་བསོ་ནམས་དཔུང་གིས་ཡངས་པ་རིས་ཆེན་པོ་ལ་དབང་བསྒྱུར་བའི་མི་དབང་དམ་པ་ང་རོ་དབང་ཆེན་གྱིས་བཀྲ་ཤིས་རྟགས་མཚན་གྱི་རི་མོས་སྤྲས་པའི་དཀར་ཡོལ་འབྲས་དཀར་གྱིས་བཀང་བ་དང༌། ལྷ་གོས་བཅས་བསྐུལ་མ་གནང་བ་བཞིན། ྋ །དབྱངས་ཅན་བཞད་པས་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
རྒྱལ་ཀུན་ཡེ་ཤེས་རང་གཟུགས་འཇ༷མ་དཔལ་དབྱང༷ས། །ངུར་སྨྲིག་གར་མཛད་མཁྱེ໅ན་ར༷བ་འོད་སྣང་གིས། །ཐུབ་བསྟན་པད་ཚལ་རྒྱས་མཛད་ཆོས་ཀྱི་རྗེ། །མོས་ལྡན་རྒྱ༷་མཚོ໅འི་མགོན་ལ་གསོལ་བ་འདེབས། །མགོན་ཁྱོད་ཞབས་ཟུང་བསྐལ་བརྒྱར་རྟག་བརྟན་ཅིང༌། །བདག་ཅག་བརྩེ་ཆེན་ཐུགས་རྗེས་ཉེར་བཟུང་སྟེ། །སྨོན་གྲོལ་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །བླ་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །འདི་ཡང་དད་ལྡན་འགའ་ཞིག་གིས་འདོད་མོས་ལྟར། ྋ དབྱངས་ཅན་བཞད་མིང་པས་བྲིས།། །།
ཨོཾ་སྭ་སྟི་སིདྡྷི།། ལེགས་བྱས་རྒྱ་མཚོའི་དཔལ་གྱིས་བསྐྲུན་པའི་སྐུ། །ལེ໅གས་བཤད་གཏམ་ལ་དབང་འབྱོར་སྙན་བའི་གསུང༌། །ལེགས་ཉེས་བླང་དོར་མ་འདྲེས་གཟིགས་པའི་ཐུགས། །ལེགས་ཚོགས་སྩོལ་མཛད་འཕགས་མས་ཤིས་པ་སྩོལ། །འཇ༷མ་དཔལ་དབྱང༷ས་དངོས་མཉམ་མེད་ཙོང་ཁ་པའི། །རིང་ལུགས་འཁྲུལ་བྲལ་མདོ་སྔགས་བསྟ໅ན་པའི་གནད། །འཛི໅ན་སྐྱོང་སྤེལ་ལ་མཚུངས་ཟླ་མ་མཆིས་པ། །གདུལ་བྱ་རྒྱ༷་མཚོའི་མགོན་ལ་གསོལ་བ་འདེབས། །འཇ༷མ་དབྱང༷ས་བླ་མའི་ཆོས་ཚུལ་མ་དྷུ་ར། །ཐུབ་བསྟན་སྦྲང་འཛི໅ན་སྙིང་པོར་སྨིན་སླད་དུ། །ཞབས་ཟུང་བསྐལ་བ་རྒྱ༷་མཚོར་རྟག་བརྟན་ཅིང༌། །མཛད་འཕྲིན་འོད་སྟོང་ཕྱོགས་བརྒྱར་སྤྲོ་བར་ཤོག །བདག་སོགས་ལྟོས་བཅས་གདུལ་དཀའི་གཉིས་འཐུང་རྣམས། །བརྩེ་ཆེན་ལྕགས་ཀྱུས་རྣམ་ཀུན་ཉེར་བཟུང་ནས། །ཕྱིན་ཅི་ལོག་གི་གཡས་སར་མི་ལྟང་བར། །ཡང་དག་ལམ་དུ་བཀྲི་བར་བྱིན་གྱིས་རློབས། །ཡུ༷ལ་ཕྱོགས་འདིས་མཚོན་ཡངས་པའི་ཡུ༷ལ་ཀུན་ཏུ། །མི་མཐུན་རྒུད་པས་ནམ་ཡང་མི་བརྫི་བར། །ཆོས་སྡེ་འདིར་ཡང་བཤད་སྒྲུབ་ཆོས་སྤྱོད་འཕེལ། །དགེ་ལེགས་རྒྱ་མཚོས་རྣམ་ཀུན་དགེ໅་གྱུར་ཅིག །ཅེས་བསྟན་པའི་གསལ་བྱེད་དམ་པར་གྱུར་བ་རྗེ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོའི་བརྟན་བཞུགས་གསོལ་འདེབས་འདི་ཡང་གསོ་རིག་སྨྲ་བ་དགེ་སློང་དཀོན་མཆོག་བཟང་བོ་སོགས་སྐྱ་མགོའི་ཚོགས་འདུ་རྣམས་ནས་ལྷ་རྫས་བཅས་བསྐུར་བ་ལྟར། ྋ དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ། །
བློ໅་བཟ༷ང་རྒྱལ་ཀུན་ཡེ༷་ཤེས༷་སྒྱུ་འཕྲུལ་གར། །བསྟ໅ན་པ༷འི་སྙིང་པོ་སྤེལ་བའི་སྙིང་སྟོབས་ཅན། །རྒྱ༷ལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་པ། །མཚན་ལྡན་བཤེས་གཉེན་དམ་པར་གསོལ་བ་འདེབས། །སྤང་རྟོགས་དཀྱིལ་འཁོར་རྫོགས་པའི་བཤེས་གཉེན་ཁྱོད། །དག་དང་མ་དག་ཞིང་ཁམས་གར་བཞུགས་ཀྱང༌། །ཉམ་ཐག་བདག་སོགས་བྱམས་བརྩེས་མི་འདོར་བར། །དུས་རྣམ་ཀུན་ཏུ་གཟིགས་ཤིག་ཐུགས་རྗེ་ཅན། །དེང་བཟུང་བླ་མེད་བྱང་ཆུབ་ལ་རེག་པར། །ཐུགས་རྗེའི་ཕྱག་གིས་འབྲལ་མེད་རྗེས་བཟུང་སྟེ། །རང་སེམས་ཕྱིན་ཅི་ལོག་ཏུ་མི་འཕྱན་པར། །ཉིན་མཚན་ཀུན་ཏུ་ཆོས་ལ་བརྩོན་གྱུར་ཅིག །ནམ་ཞིག་འདི་སྣང་འགག་ཚེ་དགའ་ལྡན་དུ། །ཁྱོད་ཞལ་མིག་གི་བདུད་རྩིར་ལེགས་སྨིན་ནས། །གདམས་དང་རྗེས་བསྟན་གསུང་གི་དགའ་སྟོན་ལ། །ཐོས་བསམ་སྒོམ་པས་ངོམས་མེད་སྤྱོད་གྱུར་ཅིག །ཐེག་ཆེན་གཞུང་ཤིང་བྱང་ཆུབ་སེམས་མཆོག་དང༌། །མཐའ་བྲལ་ཟབ་མོ་དབུ་མའི་ལྟ་བ་གཉིས། །ཟུང་འབྲེལ་ཉམས་སུ་བསླང་ནས་བདུད་བཞིའི་དཔུང༌། །བཅོམ་སྟེ་བླ་མེད་སྐུ་བཞིའི་དཔལ་ཐོབ་ཤོག །ཅེས་པ་འདི་ནི་ཞྭ་སེར་བསྟན་པའི་མཛེས་རྒྱན་ཁྲི་ཟུར་སྐུ་ཞང་སྤྲུལ་བའི་སྐུ་འཇམ་དབྱངས་ཆོས་གྲགས་རྒྱ་མཚོ་དང༌། གང་གི་གམ་བཅར་དད་ལྡན་དགེ་སློང་ཤེས་རབ་བཟང་བོ་གཉིས་ཀྱིས་ལྷ་རྫས་བཅས་ནན་ཏན་བསྐུལ་བའི་ངོ་མ་ཟློག་བར།། ྋ དབྱངས་ཅན་བཞད་པས་མཚམས་ཀྱི་ཐུན་མཚམས་སུ་བྲིས་པ་ཛ་ཡནྟུ།།    །།

ན་མོ་གུ་རུ་གུ་ཧྱ་པ་ཏི་བཛྲ་པཱ་ཎི་བྷཱུ་ཏ་དཎྜཱ་ཡ། འདིར་རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་བའི་རང་གཟུགས་གསང་བདག་ཕྱག་ན་རྡོ་རྗེ་འབྱུང་བོ་འདུལ་བྱེད་གྱི་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། །སྐྱབས་སེམས་ཚད་མེད་བཞི་བསྒོམས་པ་སྔོན་དུ་བཏང༌། །དངོས་གཞི་ནི། འགྱུར་མེད་སྤྲོས་བྲལ་ཆོས་དབྱངས་ངང་ཉིད་ལས། །མདུན་གྱི་ནམ་མཁར་པད་ཟླ་ཉི་མའི་སྟེང༌། །ཟླ་མེད་བླ་མ་མཆོག་དང་དབྱེར་མེད་པའི། །གསང་བདག་འབྱུང་པོ་འདུལ་བྱེད་སྐུ་མདོག་སྔོ། །ཕྱག་བཞིའི་གཡས་ཀྱི་དང་པོས་རྡོ་རྗེ་འཕྱར། །གཡོན་གྱི་དང་པོ་ཞགས་པ་དང་བཅས་བའི། །སྡིགས་མཛུབ་མཛད་ཅིང་ཐ་མའི་ཕྱག་གཉིས་ཀྱིས། །འབྱུང་པོ་འདུལ་བར་བྱེད་པའི་ཕྱག་རྒྱ་མཛད། །དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་བགྲད། །ཁྲོ་གཉེར་བསྡུས་ཤིང་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་སྨ་ར་དམར་སེར་མེ་ལྟར་འབར། །དར་སྔོན་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་གསོལ། །ཀླུ་ཆེན་བརྒྱད་དང་རུས་པའི་རྒྱན་གྱིས་སྤྲས། །འབྱུང་པོ་གཞན་གྱིས་མི་ཐུབ་བསྐྱེལ་བའི་ཁྲོད། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་འགྱིང་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ་པ་ལས། །
སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་གྱུར། །མོས་གུས་དད་པས་སྒོ་གསུམ་གུས་ཕྱག་འཚལ། །ནམ་ཡང་མཛད་མེད་ཀུན་བཟང་མཆོད་སྤྲིན་འབུལ། །བཅས་རང་ཉེས་པའི་ཚོགས་རྣམས་སྙིང་ནས་འཆགས། །རང་གཞན་དུས་གསུམ་དགེ་ལ་རྗེས་ཡི་རང༌། །བསྟན་འགྲོའི་མགོན་དུ་སྲིད་མཐར་རྟག་བཞུགས་ནས། །གང་འཚམ་ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། །ལེགས་བྱས་དགེ་རྣམས་བླ་མ་ལྷ་མཆོག་གིས། །རྣམ་ཀུན་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །མཎྜལ་རྒྱས་བསྡུས་གང་རིགས་འབུལ། རབ་འབྱམས་རྒྱལ་ཀུན་མཐུ་སྟོབས་ནུས་བའི་དཔལ། །མ་ལུས་གཅིག་བསྡུས་ཁྲོ་པོའི་གར་མཛད་པ། །བླ་མ་མཆོག་དང་དབྱེར་མེད་གསང་བདག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་ལན་མང་དུ་གསོལ་བ་ཤུགས་དྲག་ཏུ་བཏབ། །དེ་ནས་བླ་མའི་མཚན་སྔགས་དང༌། ཧཱུཾ་བཛྲ་ཕཊ། ཅི་འགྲུབ་བཟླ། ཡོན་ཏན་གཞིར་གྱུར་མ་ལྟ་བུས་ལམ་རྫོགས་རྒྱུད་ལ་སྐྱེ་བའི་གསོལ་བ་གདབ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །སོགས་ཀྱིས་བླ་མ་སྙིང་དབུས་སུ་བཞུགས་སུ་གསོལ་བ་དུས་ཐམས་ཅད་དུ་བླ་མ་ལྷའི་སྣང་བ་དང་མི་འབྲལ་བར་བྱ། རྣམ་དག་བསམ་པས་ཚུལ་འདི་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བར་བླ་མ་གསང་བདག་གིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་སོགས་ཀྱིས་བསྔོ་སྨོན་བྱའོ། །ཅེས་བླ་མེད་ལུགས་ཀྱི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བླ་མའི་རྣལ་འབྱོར་བསྡུས་པ་འདི་ནི། གཞུང་ལུགས་སྨྲ་བ་སྤྲུལ་བའི་སྐུ་བློ་བཟང་ཡེ་ཤེས་རྒྱ་མཚོ་ནས་ལྷ་རྫས་བཅས་ལན་སྔ་ཕྱིར་ནན་གྱིས་བསྐུལ་བ་ལྟར། ྋ དབྱངས་ཅན་བཞད་པས་བཅད་རྒྱའི་ཐུན་མཚམས་སུ་ཐོལ་བྱུང་དུ་སྦྱར་བ་དགེ་ལེགས་འཕེལ།།   །།
ན་མོ་མཉྫ་ཤྲཱི་ཡེ། ཆོས་དབྱིངས་ངང་ལས་པད་ཟླར་ཨ་དཀར་ལས། །རང་ཉིད་འཇམ་དཔལ་དཀར་པོ་ཕྱག་གཉིས་ཀྱིས། །མཆོག་སྦྱིན་ཆོས་འཆད་ཕྱག་རྒྱས་ཨུཏྤལ། །བསྣམས་པའི་འདབ་སྟེང་གླེགས་བམ་རལ་གྲིས་མཚན། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །སྐྱིལ་ཀྲུང་གིས་བཞུགས་ཐུགས་ཀའི་ཧཱུཾ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་ཐིམ་ཞིང་དབང་གི་ལྷས། །དབང་བསྐུར་མི་བསྐྱོད་མགོན་པོས་དབུ་བརྒྱན་གྱུར། །ཨོཾ་ཨཱརྱ་མ་ཉྫུ་ཤྲཱི་ཨ຋ᨗ་སོགས་ཀྱིས་མཆོད། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང༌། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་ལྡན་ཅན། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་བསྲེག་མཁས་འཇམ་པའི་དབྱངས་ལ་རབ་ཏུ་འདུད། །ཅེས་བསྟོད།རང་གི་སྙིང་ཁའི་སྔགས་འཁོར་འོད་ཟེར་གྱིས། །རྨོངས་མུན་བསལ་ནས་ཤེས་རབ་རྒྱས་པར་གྱུར། །ཨོཾ་ཝཱ་ཀྱཻ་དཾ་ནམཿ དགེ་བ་འདི་ཡིས་སོགས་བརྗོད། ཅེས་པ་འདི་ཡང་དགེ་སློང་ཆོས་འཕགས་ཀྱིས་བསྐུལ་ངོར།ྋདབྱངས་ཅན་བཞད་པས་བྲིས་པའོ།། །།
བྱིན་རླབས་གཏེར་ཆེན་རྩ་བརྒྱུད་བླ་མ་དང༌། །རང་གཞན་དོན་གཉིས་མཐར་སོན་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་འགོག་ལམ་དམ་པའི་ཆོས། །ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཁྱད་པར་རྣམ་འདྲེན་ཟས་གཙང་སྲས་པོ་སོགས། །སྐལ་བ་བཟང་བོའི་སངས་རྒྱས་སྟོང་ཕྲག་དང༌། །སངས་རྒྱས་སོ་ལྔ་བདེ་གཤེགས་བརྒྱད་ལ་སོགས། །དུས་གསུམ་བདེ་གཤེགས་རྣམས་ལ་སྐྱབས་སུ་མཆི། །ཉེ་བའི་སྲས་ཆེན་བརྒྱད་སོགས་སེམས་དཔའི་ཚོགས། །ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྲུང་སོགས། །ཕྱག་འོས་རྣམས་ལ་གུས་པས་སྐྱབས་གསོལ་ན། །བརྩེ་ཆེན་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་གིས་ཚེ་རབས་འཁོར་བ་ཐོག་མེད་ནས། །ད་ལྟའི་བར་དུ་དུག་གསུམ་དབང་གྱུར་ཏེ། །མི་དགེའི་ལུས་ལས་གསུམ་དང་ངག་ལས་བཞི། །ཡིད་ལས་རྣམ་གསུམ་བགྱིས་པ་མཐོལ་ལོ་བཤགས། །མཚམས་མེད་ལྔ་དང་ཉེ་བའི་མཚམས་མེད་ལྔ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཡི། །བཅས་མཚམས་རལ་ཞིང་བླ་མ་མཁན་སློབ་དང༌། །ཚངས་སྤྱོད་གྲོགས་དང་འགལ་བགྱིས་མཐོལ་ལོ་བཤགས། །བླ་མ་དཀོན་མཆོག་གསུམ་ལ་གནོད་པ་དང༌། །དམ་ཆོས་སྤངས་ཤིང་འཕགས་པའི་དགེ་འདུན་ལ། །བརྙས་སྨོད་བགྱིས་ཤིང་ཚེ་འདིའི་ཕ་མའི་མཚོན། །འགྲོ་ལ་གནོད་འཚེ་བགྱིས་རྣམས་མཐོལ་ལོ་བཤགས། །ཉེས་པའི་ཚོགས་ཀུན་རང་གིས་བགྱིས་བ་དང༌། །སྐྱེ་བོ་གཞན་ལ་བགྱིད་དུ་བཅུག་པ་དང༌། །གཞན་གྱིས་བགྱིས་ལ་རྗེས་སུ་ཡི་རང་སོགས། །བཅས༌དང་ཉེས་པའི་ཚོགས་ཀུན་མཐོལ་ལོ་བཤགས། །མདོར་ན་མཐོ་རིས་ཐར་བའི་གེགས་གྱུར་ཅིང༌། །འཁོར་བ་སྤྱི་དང་ངན་འགྲོའི་རྒྱུར་འགྱུར་བའི། །ཉེས་ལྟུང་མཐའ་དག་འགྱོད་པས་རབ་བཤགས་ནས། །ཕྱིན་ཆད་ནམ་ཡང་མི་བགྱིད་སྡོམ་པར་ནོད། །དེང་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་རུ། །དལ་འབྱོར་རྟེན་ཐོབ་དམ་པའི་མགོན་དང་མཇལ། །ཟབ་རྒྱས་ཆོས་ཀྱིས་ཡིད་རབ་ཚིམ་བྱས་ནས། །ཐེག་མཆོག་ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །ངེས་འབྱུར་བྱང་སེམས་ཡང་དག་ལྟ་བ་དང༌། །གསང་ཆེན་རིམ་གཉིས་རྣལ་འབྱོར་བསྒོམས་པའི་མཐུས། །སྒྲིབ་གཉིས་བདུད་ཀྱི་གཡུལ་ངོ་ལས་རྒྱལ་ཏེ། །རྣམ་ཀུན་སྒྲིབ་བྲལ་ཡེ་ཤེས་མཆོག་ཐོབ་ཤོག །ཅེས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་མདོར་བསྡུས་འདི་ཡང་བྱམས་ཆོས་སྡེ་ལྔ་དང་ལམ་རིམ་འཇམ་དཔལ་ཞལ་ལུང་སོགས་སྐྱོར་སྦྱངས་ལ་བརྩོམ་པའི་རིགས་སྨྲ་དཔལ་ལྡན་རྒྱ་མཚོས་ཕྲེད་བརྒྱན་ལྡན་བཅས་བསྐུལ་བའི་ངོར། ྋདབྱངས་ཅན་བཞད་པས་བྲིས་པའོ།། །།
དགེ་འདུན་གྱི་སྡེ་འཕེལ་བའི་ཆེད་ཡིན་ན། འཇམ་མགོན་བླ་མ་ཡབ་སྲས་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། ཕྱོགས་བཅུའི་མང་ཐོས་ཁྲིམས་ལྡན་བློ་གསལ་སྐྱེ་བོའི་ཚོགས་རྣམས་དབང་དུ་བསྡུས་ནས། སྡེ་འདིར་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་སོགས་གོང་དུ་འཕེལ་ཏེ། འཇམ་མགོན་བླ་མའི་རིང་ལུགས་འདི་ཉིད་མཐའ་དབུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་བར་བསམས་ལ། གསོལ་འདེབས་དང་མཆོད་འབུལ༌གྲངས་བསགས། འདོད་གསོལ་སྐབས། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། །སྐྱོབ་བའི་ནུས་མཐུ་མངའ་བ་ལགས་པས། ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང༌། རྣམ་པར་དཀར་པའི་མཛད་འཕྲིན་འཕེལ་བ་དང༌། ཁྱད་པར་ཆོས་སྡེ་ཆེན་པོ་འདིར་ནད་རིམས་འཁྲུག་རྩོད་གདོན་བགེགས་སོགས་ཉེར་འཚེ་ཐམས་ཅད་ཞི་ཞིང༌། ཚེ་བསོད་སྟོབས་འབྱོར་མངའ་ཐང་མདོ་སྔགས་བཤད་སྒྲུབ་སོགས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ་དང༌། སྡེ་འདིར་ཕྱོགས་ཐམས་ཅད་ནས་མཁས་བཙུན་བཟང་བོའི་ཡོན་ཏན་ཅན་གྱི་དགེ་སློང་གི་དགེ་འདུན་གྱི་ཚོགས་བརྒྱ་སྟོང་ཕྲག་མང་པོ་རྟག་ཏུ་འདུ་ཞིང༌།ཟས་ནོར་ལོངས་སྤྱོད་བསྟན་པའི་སྦྱིན་བདག །རྒྱལ་བློན་མི་ཆེན་སོགས་ཁམས་གསུམ་གྱི་དྲེགས་ལྡན་ཆེ་དགུ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ།། འདི་ཡང་རྗེ་ཉིད་ཀྱི་གསུངས་ཡིན་ནོ།། སྐྱབས་གསུམ་འདུས་པའི་བདག་ཉིད་བླ་མ་རྡོ་རྗེ་འཆང་ཆེན་པོས་བདག་ལ་སྙན་གསན་ཅིང་དགོངས་སུ་གསོལ། བདག་གིས་ཆོས་སྡེ་ཆེན་པོའི་བསྟན་སྲིད་ཀྱི་ལས་དོན་སྒྲུབ་པ་ལ་འགལ་རྐྱེན་བར་ཆད་བདུད་བགེགས་མི་ཁ་བྲ་མཆུ་སོགས་བཀྲ་མི་ཤིས་པའི་དངོས་པོ་དང༌། ཕ་རོལ་ཀྱི་བསམ་སྦྱོར་ངན་པ་མཐའ་དག་ཉེ་བར་ཞི་ནས། དཔོན་སློབ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང༌། སྡེ་འདིར་ཕྱོགས་བཅུའི་བློ་གསལ་སྐྱེ་བོའི་ཚོགས་རྣམས་ངང་གིས་འདུས་ཏེ་སྡེ་འདིར་ཡུན་རིང་སྡོད་པའི་བསམ་པས་ཆོས་ལ་བརྩོན་པ་དང༌། འབྱོར་ལྡན་སྦྱིན་བདག་རྣམས་ཀྱི་བསྙེན་བཀུར་ཆར་ལྟར་འབབས་ཤིང༌། བདག་གིས་ཇི་ལྟར་བསྒོས་པའི་ངག་ལ་ཀུན་གྱིས་ཉན་ཏེ། དཔལ་འབྱོར་སྙན་གྲགས་རླུང་རྟ་སོགས་ཡར་ཟླ་ལྟར་རྒྱས་ཤིང་ཅི་བྱས་ཐམས་ཅད་ལམ་དུ་འགྲོ་བ་དང༌། མདོར་ན་བླ་མ་གོང་མའི་ཐུགས་ཀྱི་དགོངས་བཞེད་ཇི་ལྟ་བ་བཞིན་དང༌། བདག་གིས་ཀྱང་ཡིད་ལ་ཇི་ལྟར་རེ་བའི་དོན་རྣམས་གེགས་མེད་ལྷུན་གྱིས་འགྲུབ་པའི་སྐྱབས་འཇུག་བརྩེ་ཆེན་ཐུགས་ཀྱི་ཀློང་ནས་འདོར་མེད་གནང་བ་མཁྱེན་མཁྱེན་ལགས།། རྒྱལ་བསྟན་སྲུང་མའི་དབང་པོ་མཐུ་རྩལ་ཅན་སྤྱི་དང༌། ཁྱད་པར་འཇིག་རྟེན་མིག་གཅིག་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོར་མཛེས་བའི་གནོད་སྦྱིན་ཆེན་པོ་བསྭེའི་ཁྲབ་ཅན་འཁོར་དང་བཅས་པ་རྣམས་བདག་ལ་སྙན་གསན་ཅིང་དགོངས་སུ་གསོལ། བདག་གིས་ཆོས་སྡེ་ཆེན་པོའི༌྾྾྾྾གེགས་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་གཡེལ་བ་མེད་པར་མཛོད་ཅིག། །།བླ་མ་མཆོག་དང་རྒྱལ་བ་སྲས་བཅས་དང༌། །འཕགས་ཚོགས་འདུས་པའི་ཚོགས་རྣམས་བདག་ལ་དགོངས། །ཐོག་མེད་ནས་བསགས་བཅས་རང་ཉེས་པའི་ཚོགས། །ཁྱད་པར་དུག་གསུམ་ང་རྒྱལ་དབང་གྱུར་ནས། །ཆོས་ཀྱི་སྡེ་འདིར་འཁོད་པའི་གྲྭ་ཚོགས་ལ། །ལུས་ཀྱིས་བརྡེགས་བརྡུང་ངག་ནས་ཚིག་རྩུབ་སྨྲས། །ཡིད་ཀྱིས་བསམ་ངན་བགྱིས་སོགས་ཉེས་པ་ཀུན། །འགྱོད་པ་དྲག་པོས་སྙིང་ནས་བཤགས་བགྱིད་ན། །བྱང་ཞིང་དག་ནས་ནམ་ཡང་མི་བསྒྲིབ་ཅིང༌། །བླ་མ་མཆོག་དང་དགེ་འདུན་འདུས་པའི་སྡེའི། །བསྟན་པའི་བྱ་བ་གེགས་མེད་འགྲུབ་གྱུར་ཅིག། །།ཅེས་སྐྱབས་འཇུག་འཕྲིན་བཅོལ་བཤགས་སྡོམ་བྱ་ཚུལ་འདི་རྣམས་དགེ་བསྐོས་བློ་བཟང་འཇམ་དབྱངས་ཀྱིས་ནན་ཏན་བསྐུལ་བའི་ཚེ། །དབྱངས་ཅན་བཞད་པས་བྲིས། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།  །།

དཔྱད་མཆན་སྤེལ།